Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 064_མདོ་སྡེ།_ཝ

Văn bản gốc(Tây Tạng)

Trang 8 / 20 (50.000 ký tự/trang)
པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་སྟོན་ན། དེ་བས་འདི་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ནི་འདི་ལས་བྱུང་ངོ་། །རིགས་
ཀྱི་བུ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་བཀོད་པ་བས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ། འཛིན་ཏམ། འཆང་ངམ།
ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་སྟོན་ན། དེ་བས་འདི་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་འདི་ཉིད་ལ་བརྟེན་ན། ཉན་ཐོས་དང་། རང་སངས་རྒྱས་རྣམས་སྣང་བར་འགྱུར་རོ། །ཆོས་འདི་ཉིད་ལ་བརྟེན་ན་བྱང་ཆུབ་སེམས་དཔའ་རྣམས་
སྣང་བར་འགྱུར་རོ། །ཆོས་འདི་ཉིད་ལ་བརྟེན་ན་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། བཀླག་པ་དང་། སྤེལ་བ་དང་། ཁ་ཏོན་བྱས་པས་མདོ་སྡེ་ཐམས་ཅད་གཟུང་བ་དང་། བཀླག་པ་དང་། སྤེལ་བ་དང་། ཁ་ཏོན་བྱས་པར་འགྱུར་རོ། །
དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ནི་ཆོས་ཐམས་ཅད་ཀྱི་མ་མོ་སྟེ། རིགས་ཀྱི་བུ་ཆོས་ཉིད་འདི་མ་ཐོབ་པར་ཆོས་ཉིད་རྒྱ་ཆེན་པོ་འཐོབ་པར་མི་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུལ་བའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ་བླ་
གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཆོས་ཉིད་འདི་ཐོས་པས་སྐྱེ་བའི་འཁོར་བ་ཆེན་པོ་བས་པར་བགྱིས་སོ། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ས་ཕྱོགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་དང་། སྟོན་པའི་སའི་ཕྱོགས་དེ་བྱང་ཆུབ་ཀྱི་སྙིང་པོར་
གཟུང་བར་བྱའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གཟུང་བར་བྱའོ། །མཆོད་རྟེན་ཆེན་པོར་གཟུང་བར་བྱའོ། །བདག་ཅག་གི་སྟོན་པ་གནས་འདི་ན་བཞུགས་སོ་བར་གཟུང་བར་བྱའོ། །རིགས་ཀྱི་བུ་དག་དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་འདི་ནི་བྱང་ཆུབ་བོ། །ཆོས་ཉིད་འདི་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་
བསྐོར་བའོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། རིགས་ཀྱི་བུ་དག་ཆོས་མཆོད་པས་དེ་བཞིན་གཤེགས་པ་རྣམས་མཆོད་པར་འགྱུར་རོ། །ས་ཕྱོགས་གང་ན་ཆོས་སྨྲ་བ་དེ་གནས་པ་དེ་ལ་ཡང་མཆོད་རྟེན་དུ་འདུ་ཤེས་བསྐྱེད་པར་བྱ་སྟེ། ཆོས་སྨྲ་བ་དེ་ལ་ཡང་བླ་མར་འདུ་ཤེས་བསྐྱེད་པར་
བྱའོ། །དགེ་བའི་བཤེས་གཉེན་དུ་འདུ་ཤེས་བསྐྱེད་པར་བྱའོ། །ལམ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་སྨྲ་བ་དེ་མཐོང་ན་དགའ་བ་དང་། དད་པ་དང་། རངས་པ་བསྐྱེད་པར་བྱའོ། །རིམ་གྲོར་བྱས་ཏེ་སྟན་ལ་བདར་བར་བྱའོ། །ཆོས་སྨྲ་བ་དེའི་བསྔགས་པ་བརྗོད་པར་བྱའོ། །ལེགས་སོ་ཞེས་བརྗོད་པ་
མང་བར་བྱའོ། །རིགས་ཀྱི་བུ་དག་ངས་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཆོས་སྨྲ་བ་དེའི་བསྔགས་པ་བརྗོད་ཀྱང་ཆོས་སྨྲ་བ་དེ་ལ་ཅུང་ཟད་ཀྱང་ཕན་པར་བྱས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་འདི་ལྟ་སྟེ། བཀུར་སྟིར་བྱ་བ་དང་། བཙུན་པར་བྱ་བ་དང་། བསྔགས་པ་བརྗོད་པ་ནི་གྱི་ན་ཅུང་ཟད་དུ་
ཟད་དོ། །རིགས་ཀྱི་བུ་དག་གལ་ཏེ་ཆོས་འདི་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་གིས་ཆོས་སྨྲ་བ་དེ་འོང་བའི་ལམ་བདག་གི་ཁྲག་གིས་ཆག་ཆག་བྱས་ཀྱང་ཆོས་སྨྲ་བ་དེ་ལ་ཕན་པ་ཅུང་ཟད་ཀྱང་བྱས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་གཟུང་
བ་འདི་ནི་དཀའ་བའོ། །རིགས་ཀྱི་བུ་དག་ཆོས་སྨྲ་བ་དེས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དང་། བསྟན་པ་དང་། ཡང་དག་པར་སྟོན་པའི་ཚེ། འཇིགས་པ་མེད་པར་བྱའོ། །མ་ཞུམ་པ་དང་། སྤ་མ་གོང་བ་དང་། ཞེ་མ་འགྲས་པའི་སེམས་དང་། གོས་གཙང་མ་བགོས་ཏེ་དད་པ་བསྐྱེད་པར་བྱའོ། །བདག་གི་བསྔགས་

པ་བརྗོད་ཀྱང་མི་སྙེམས་པ་དང་། ང་རྒྱལ་དུ་མི་གཟུང་བར་བྱ་སྟེ། བདག་མི་སྟོད། གཞན་མི་སྨོད་ཅིང་། དེས་ཟང་ཟིང་མེད་པའི་སེམས་ཀྱིས་རི་མོར་བྱས་ཏེ་ཆོས་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོག་སའི་
ཕྱོགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་བཤད་པའམ། བསྟན་པར་འགྱུར་བའི་ས་ཕྱོགས་དེར་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་དང་། ཆོས་སྨྲ་བ་དེ་ལ་སྨན་པར་བགྱི་བའི་སླད་དུ་བདག་ཅག་དཔུང་དང་བཅས་འཁོར་དང་བཅས་ཏེ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ལེགས་སོ་
ལེགས་སོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག །ཀཽ་ཤི་ཀ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཉིད་ཡོངས་སུ་བསྲུང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ཞེས་བགྱི།
འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་དཀོན་མཆོག་སྤྲིན་ཅེས་བྱ་བར་ཟུང་ཤིག །ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཀྱི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག །ཡེ་ཤེས་སྒྲོན་མ་ཞེས་བྱ་བར་ཡང་ཟུང་ཤིག །སྒྲིབ་པ་ཐམས་
ཅད་རྣམ་པར་སེལ་བས་ཀུན་དྲིས་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཡིད་དགའ་ཞིང་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་།
འཇིག་རྟེན་སྐྱོང་བ་དང་། དབང་ཕྱུག་ཆེན་པོ་དང་། གནས་གཙང་མའི་ལྷའི་བུ་ལ་སོགས་པ། ལྷའི་བུ་བརྒྱ་སྟོང་དུ་མ་དག་དང་། དེ་མ་ཡིན་པ་གཞན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བརྒྱ་སྟོང་དག་ཀྱང་བཅོམ་ལྡན་འདས་
ཀྱིས་གསུངས་པ་ལ་མངོན་པར་དགའོ། །འཕགས་པ་དཀོན་མཆོག་སྤྲིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ལོ་ཙྪ་བ་བན་དེ་རིན་ཆེན་འཚོ་དང་། ཆོས་ཉིད་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མེ་གྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་
ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་ས་ཡ་ཕྲག་དགུ་དང་བརྒྱད་འབུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་། དགྲ་
བཅོམ་པ། ཟག་པ་ཟད་པ། དབང་དང་ལྡན་པར་གྱུར་པ། ཉོན་མོངས་པ་མེད་པ། ཅང་ཤེས་པ། གླང་པོ་ཆེན་པོ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། ཡང་དག་
པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། མངོན་པར་ཤེས་པ། མཁས་པར་མངོན་པར་ཤེས་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་
གཏན་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པ་དགེ་སློང་ས་ཡ་ཕྲག་དགུ་དང་བརྒྱད་འབུམ་པོ་དེ་དག་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་
ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་སོགས་པ་དགེ་སློང་མ་ས་ཡ་ཕྲག་དྲུག་དང་ལྔ་འབུམ་ཡང་
ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་

ཏུ་འཁོད་དོ། །ཡང་དེའི་ཚེ་སྤྲིན་ཆེན་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་གཙོ་བོ་ཆེན་པོ་ས་ཡ་ཕྲག་དྲུག་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་འོད་སྲུང་ཞེས་
བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་གློག་གི་འོད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་འབྲུག་བསྒྲགས་དབྱངས་ཞེས་བྱ་བ་དང་། སྤྲིན་ཆེན་བརྩོན་འགྲུས་སྲུང་ཞེས་བྱ་བ་དང་། སྤྲིན་ཆེན་དགའ་བྱེད་ཅན་ཞེས་བྱ་བ་དང་། སྤྲིན་ཆེན་
རབ་དགའ་ཞེས་བྱ་བ་དང་། སྤྲིན་ཆེན་བརྩེགས་ཞེས་བྱ་བ་དང་། སྤྲིན་ཆེན་རྡོ་རྗེ་དཔལ་ཞེས་བྱ་བ་དང་། སྤྲིན་ཆེན་ངེས་པར་སྒྲ་སྒྲོགས་ཞེས་བྱ་བ་དང་། སྤྲིན་ཆེན་གྲགས་ཞེས་བྱ་བ་དང་། སྤྲིན་ཆེན་གློག་གི་འོད་ཀྱི་དྲ་བ་ཅན་ཞེས་བྱ་བ་དང་། སྤྲིན་ཆེན་གློག་སྦྱིན་ཞེས་བྱ་བ་དང་། སྤྲིན་ཆེན་
དཔྱོད་པ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བ་དང་། སྤྲིན་ཆེན་རྩལ་གྱིས་འགྲོ་ཞེས་བྱ་བ་དང་། སྤྲིན་ཆེན་སེང་གེ་སྒྲ་སྒྲོགས་རྒྱལ་པོ་ཞེས་བྱ་བ་དང་། སྤྲིན་ཆེན་ཆུ་རྒྱས་བློ་གྲོས་ཞེས་བྱ་བ་དང་། སྤྲིན་ཆེན་བརྩོན་འགྲུས་ལྟོ་ཞེས་བྱ་བ་དང་། སྤྲིན་ཆེན་ལྟ་བའི་དུས་ཚོད་རྒྱལ་པོ་ཞེས་བྱ་བ་དང་། སྤྲིན་
ཆེན་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་དང་། སྤྲིན་ཆེན་མངོན་པར་འཕགས་པའི་གྲགས་པ་མཐའ་ཡས་ཞེས་བྱ་བ་དང་། སྤྲིན་ཆེན་ཡང་དག་པར་ལྟ་བ་ཞེས་བྱ་བ་དང་། སྤྲིན་ཆེན་མུ་སྟེགས་སུ་གྱུར་པའི་དབང་ཕྱུག་ཅེས་བྱ་བ་དང་། སྤྲིན་ཆེན་བསོད་ནམས་ཞིང་ཞེས་བྱ་བ་དང་། སྤྲིན་ཆེན་
བསིལ་བར་གྱུར་ཅེས་བྱ་བ་དང་། སྤྲིན་ཆེན་ཉི་མའི་སྙིང་པོ་ཞེས་བྱ་བ་དང་། སྤྲིན་ཆེན་ཟླ་བའི་གཟི་བརྗིད་ཅེས་བྱ་བ་དང་། སྤྲིན་ཆེན་རིན་ཐང་མེད་པའི་བཻ་དཱུརྱ་ཞེས་བྱ་བ་དང་། སྤྲིན་ཆེན་རྟག་ཏུ་ལྟ་བ་ཞེས་བྱ་བ་དང་། སྤྲིན་ཆེན་རྟག་པའི་རང་བཞིན་ལ་དགའ་བ་ཞེས་བྱ་བ་དང་། སྤྲིན་ཆེན་བློ་གྲོས་
རྒྱ་མཚོ་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བ་དང་། སྤྲིན་ཆེན་འོད་རྒྱས་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་རྒྱལ་བའི་ཀླུས་བྱིན་ཞེས་བྱ་བ་དང་། སྤྲིན་ཆེན་དགའ་བས་འཚོ་བའི་དཔལ་ཞེས་བྱ་བ་དང་། སྤྲིན་ཆེན་དེད་དཔོན་མིག་ཅེས་བྱ་བ་དང་། སྤྲིན་ཆེན་ཅོད་

པན་གྱིས་སྤུངས་སྐྱེས་པ་ཞེས་བྱ་བ་དང་། སྤྲིན་ཆེན་སྟོན་པར་གྱུར་པ་ཞེས་བྱ་བ་དང་། སྤྲིན་ཆེན་ས་བོན་སྲུང་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་རྒྱལ་བའི་པད་མ་དཀར་པོ་ཞེས་བྱ་བ་དང་། སྤྲིན་ཆེན་མེ་ལྟ་བུའི་ཡེ་ཤེས་ཀྱི་པད་མ་ཞེས་བྱ་བ་དང་། སྤྲིན་ཆེན་བསྒོ་བས་བསྒོས་
པའི་ཨུད་པ་ལའི་དྲི་ལྡན་ཞེས་བྱ་བ་དང་། སྤྲིན་ཆེན་སྟག་ཅེས་བྱ་བ་དང་། སྤྲིན་ཆེན་འདྲེན་སྤྱོད་ཅེས་བྱ་བ་དང་། སྤྲིན་ཆེན་མི་འཇིགས་སྒྲ་ཞེས་བྱ་བ་དང་། སྤྲིན་ཆེན་ཏ་མ་ལའི་ལོ་མ་བསིལ་བ་ཞེས་བྱ་བ་དང་། སྤྲིན་ཆེན་རིན་ཆེན་ཙན་དན་བསིལ་བའི་ལུས་ཞེས་བྱ་བ་དང་། སྤྲིན་ཆེན་དམ་པ་ཞེས་བྱ་བ་དང་
སྤྲིན་ཆེན་ཡ་མཚན་ལ་མཁས་པ་ཞེས་བྱ་བ་དང་། སྤྲིན་ཆེན་དགའ་བ་སྲེད་མེད་ཀྱི་བུ་ཞེས་བྱ་བ་དང་། སྤྲིན་ཆེན་སྙན་དངགས་མཁན་གྱི་ཁྱུ་མཆོག་ཅེས་བྱ་བ་དང་། སྤྲིན་ཆེན་སྙིང་པོ་ཕྲ་བ་ལ་འཇུག་པ་ཞེས་བྱ་བ་དང་། སྤྲིན་ཆེན་དམ་པའི་ཆོས་མཆོག་པད་མ་དཀར་པོ་རྒྱས་པའི་གདོང་ཞེས་བྱ་བ་དང་།
སྤྲིན་ཆེན་དམ་པའི་གདོང་ཞེས་བྱ་བ་དང་། སྤྲིན་ཆེན་དམ་པའི་ཆོས་ཀྱི་རྒྱུན་རྟོགས་ཞེས་བྱ་བ་དང་། སྤྲིན་ཆེན་གྲགས་པའི་བདེ་བ་ཞེས་བྱ་བ་དང་། སྤྲིན་ཆེན་གསེར་གྱི་རི་བོའི་རྒྱལ་པོའི་དཔལ་ཞེས་བྱ་བ་དང་། སྤྲིན་ཆེན་སྨན་ཀུན་སྦྱིན་ཞེས་བྱ་བ་དང་། སྤྲིན་ཆེན་སྨན་པའི་རྒྱལ་པོ་ཞེས་བྱ་བ་དང་། སྤྲིན་
ཆེན་ལུས་ཆེན་ཞེས་བྱ་བ་དང་། སྤྲིན་ཆེན་མཁའ་ལ་མངོན་པར་འཕགས་ཞེས་བྱ་བ་དང་། སྤྲིན་ཆེན་སྒྲ་ལྡན་ཞེས་བྱ་བ་དང་། སྤྲིན་ཆེན་དྲི་མ་སེལ་ཞེས་བྱ་བ་དང་། སྤྲིན་ཆེན་སྒྲོན་མ་པད་མའི་དཔལ་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་སྒྲོགས་པ་ལེན་པ་མེད་པའི་རྟོག་པ་མ་འདྲེས་པ་ཞེས་
བྱ་བ་དང་། སྤྲིན་ཆེན་མུན་སེལ་ཞེས་བྱ་བ་དང་། སྤྲིན་ཆེན་རིམ་པའི་ཐོག་ཏོག་སེལ་བ་ཞེས་བྱ་བ་དང་། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་ཡ་ཕྲག་དྲུག་དང་། བརྒྱད་འབུམ་ཡང་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་
བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་སེང་གེ་སྒྲོན་མ་ལ་སོགས་པ་ལིད་ཚ་བཱི་གཞོན་ནུ་ས་ཡ་ཕྲག་ལྔ་དང་

བརྒྱད་འབུམ་ལ་འདི་ལྟ་སྟེ། ལིད་ཚ་བཱི་གཞོན་ནུ་ཆོས་བྱིན་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་ཀླུ་མགོ་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་ཆོས་སྡེ་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་དབང་པོས་བྱིན་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་དབང་པོའི་ཏོག་ཅེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་དབང་པོའི་
རྒྱལ་མཚན་འོད་ཅེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་སེང་གེའི་སྒྲ་སྒྲོགས་བློ་གྲོས་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་རིན་ཆེན་མགྲིན་དབྱངས་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་རངས་བྱེད་དཔལ་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་ཀླུ་དཔལ་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་རྡོ་རྗེ་ཕྲེང་ལྡན་
ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་སངས་རྒྱས་འབངས་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་རྒྱལ་བའི་འབངས་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་རྒྱལ་བའི་ཟླ་བ་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་ལག་ཆེན་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་དཔལ་ཆེན་ཞེས་བྱ་བ་དང་། ལིད་ཚ་བཱི་
གཞོན་ནུ་གང་གཱས་བྱིན་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་འཇམ་དཔལ་སྙིང་པོ་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་ཀླུ་དགའ་སྟོབས་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་ཀླུས་སྐྱོང་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་ཆོས་སྐྱོང་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་འོད་གྲགས་ཞེས་བྱ་བ་དང་། ལིད་
ཚ་བཱི་གཞོན་ནུ་ནམ་མཁའ་མཛོད་ཅེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་གང་གཱས་སྐྱོང་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་སྲིན་ཕྱིས་ཀྱིས་རྣ་ཆ་གདུབ་འཁོར་ཅན་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་གློག་ཕྲེང་ཅན་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་ཁྱད་པར་དགའ་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་
ཁྱད་པར་ཅན་གྱི་རིགས་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་དྲི་མེད་འོད་གྲགས་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་གླིང་བུ་ཅན་གྱིས་བྱིན་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་སའི་དབང་ཕྱུག་ཅེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་ས་སྟེང་ཕྲེང་བ་ཅན་ཞེས་བྱ་བ་དང་། ལིད་ཚ་བཱི་གཞོན་ནུ་མཚུངས་པ་མེད་
པའི་རྡོ་རྗེའི་བྲན་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་ལིད་ཚ་བཱི་གཞོན་ནུ་ས་ཡ་ཕྲག་ལྔ་དང་བརྒྱད་འབུམ་སྟེ། ལིད་ཚ་བཱི་གཞོན་ནུ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོ་ལ་སེམས་རབ་ཏུ་དགའ་བ་ཤ་སྟག་སྟེ། ཕྱེ་མ་རེད་

ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་
ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ལྷའི་བུ་མཐོང་ན་དགའ་བའི་དྲི་ཟའི་རྒྱལ་པོ་ལ་སོགས་པ་ལྷའི་བུ་ས་ཡ་ཕྲག་བཞི་དང་བཞི་འབུམ་ལ་འདི་ལྟ་སྟེ། ལྷའི་བུ་མཐོང་ན་དགའ་བའི་དྲི་ཟའི་རྒྱལ་པོ་ཞེས་བྱ་བ་དང་། ལྷའི་བུ་དགའ་ཞིང་དང་བའི་གྲགས་པ་ཞེས་བྱ་བ་དང་། ལྷའི་བུ་ཟླ་བའི་གཙུག་
ཕུད་ཅན་ཞེས་བྱ་བ་དང་། ལྷའི་བུ་ཉི་མའི་མདོག་ཅེས་བྱ་བ་དང་། ལྷའི་བུ་རྣ་འཕྱང་རྣ་ཆ་གདུབ་ཀོར་ཅན་ཞེས་བྱ་བ་དང་། ལྷའི་བུ་རངས་བྱེད་ཀྱི་རོལ་མོའི་ས་འཛིན་ཅེས་བྱ་བ་དང་། ལྷའི་བུ་དཔལ་ཆེན་ཞེས་བྱ་བ་དང་། ལྷའི་བུ་ཟབ་མོ་ཚུལ་ཆེན་པོ་ལ་འཇུག་པ་ཞེས་བྱ་བ་དང་། ལྷའི་བུ་ནག་པོ་ཆེན་པོ་
ཞེས་བྱ་བ་དང་། ལྷའི་བུ་དཔའ་བའི་བློ་གྲོས་ཞེས་བྱ་བ་དང་། ལྷའི་བུ་ནམ་མཁའ་ལྟར་མིག་དྲི་མ་མེད་པ་ཞེས་བྱ་བ་དང་། ལྷའི་བུ་དགའ་བ་ལ་རྣམ་པར་མོས་པའི་དཔལ་ཞེས་བྱ་བ་དང་། ལྷའི་བུ་དགའ་ཕྲེང་རྒྱལ་པོ་ཞེས་བྱ་བ་དང་། ལྷའི་བུ་དགའ་བར་གྲགས་པའི་འོད་ཅེས་བྱ་བ་དང་། ལྷའི་བུ་བཞིན་
དགའ་ཞེས་བྱ་བ་དང་། ལྷའི་བུ་ཡིད་འཕྲོག་ཅེས་བྱ་བ་དང་། ལྷའི་བུ་བཻ་དཱུརྱའི་འོད་ཅེས་བྱ་བ་དང་། ལྷའི་བུ་བཻ་དཱུརྱ་ལྟར་འོད་སྣང་བ་ཞེས་བྱ་བ་དང་། ལྷའི་བུ་སྐར་མ་ལ་དགའ་བ་ཞེས་བྱ་བ་དང་། ལྷའི་བུ་འཕྲལ་བ་ཟླ་གམ་ལྟར་འདུག་པ་ཞེས་བྱ་བ་དང་། ལྷའི་བུ་ངེས་པར་སྒྲ་སྒྲོགས་ཟབ་མོ་ཞེས་
བྱ་བ་དང་། ལྷའི་བུ་ཉོན་མོངས་པ་རྣམ་པར་འཇོམས་པ་ཞེས་བྱ་བ་དང་། ལྷའི་བུ་བརྒྱ་བྱིན་དགའ་བ་ཞེས་བྱ་བ་དང་། ལྷའི་བུ་གཞོན་ནུ་ཡིད་དུ་འོང་བ་ཞེས་བྱ་བ་དང་། ལྷའི་བུ་མན་དཱར་བ་བརྩེགས་པ་ཞེས་བྱ་བ་དང་། ལྷའི་བུ་མགོ་ལ་འཁྲི་ཤིང་ཐོགས་པ་ཞེས་བྱ་བ་དང་། ལྷའི་བུ་བུར་མ་སེལ་བའི་
བློ་གྲོས་ཞེས་བྱ་བ་དང་། ལྷའི་བུ་དམ་པའི་ཆོས་འཛིན་ཅེས་བྱ་བ་དང་། དེ་དག་ལ་སོགས་པ་ལྷའི་བུ་ས་ཡ་ཕྲག་བཞི་དང་བཞི་འབུམ་སྟེ། ལྷའི་བུ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་སེམས་དད་ཅིང་རབ་ཏུ་དགའ་བ། དམ་པའི་ཆོས་བསྲུང་བར་དགའ་བ། དམ་པའི་ཆོས་རྒྱས་པར་དགའ་

བ་ཏིང་ངེ་འཛིན་ཐམས་ཅད་གཟུང་བར་དགའ་བ་ཤ་སྟག་སྟེ། སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་
ལྡན་འདས་ལ་ལན་སྟོང་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ཀླུའི་རྒྱལ་པོ་ས་ཡ་ཕྲག་གཉིས་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་པད་མ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་འཇོག་པོ་ཞེས་བྱ་བ་དང་།
ཀླུའི་རྒྱལ་པོ་རྒྱ་མཚོ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་མཐའ་ཡས་ནོར་རྒྱས་ཀྱི་བུ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་དཔལ་འབྱོར་གནས་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་བྱིས་པ་རྩེ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་མཆེ་བ་
མཆོག་ཏུ་རྣོ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་མང་ཁྱེར་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཡན་ལག་འཆར་རི་དགས་མིག་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་ཕུར་བུ་སྒྲ་རིག་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་གསེར་མདོག་གདོང་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་སྟང་ཟིལ་གཙུག་ཕུད་ཅེས་བྱ་བ་དང་། ཀླུའི་རྒྱལ་
པོ་ཆུའི་ཤུགས་འཛིན་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་ཏི་སེའི་གངས་ཐུབ་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་བྱི་རུ་བཟང་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཕྲེང་སྒྲ་སྙན་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་ལུག་གདོང་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་གནས་སྒྲོགས་མཁས་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་
གཟི་ཅན་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ས་ཡ་ཕྲག་གཉིས་དང་བརྒྱད་འབུམ་སྟེ། ཀླུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ཐོས་པར་འདོད་པ། ཐོས་ནས་ཀྱང་གཞན་དག་ལ་རྒྱས་པར་སྟོན་པར་འདོད་པ། དམ་
པའི་ཆོས་འཆད་པར་འདོད་པ། དམ་པའི་ཆོས་ཀུན་ཏུ་བསྲུང་བར་ཡོངས་སུ་འཛིན་པའི་ངང་ཚུལ་ཅན། དམ་པའི་ཆོས་བསྲུང་བའི་ཁུར་ཁྱེར་བ་ཡོངས་སུ་འཛིན་པའི་ངང་ཚུལ་ཅན་ཤ་སྟག་སྟེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་

ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ཐོས་ཀྱི་བུ་ལ་སོགས་
པ་གནོད་སྦྱིན་གྱི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་དྲུག་འབུམ་ལ་འདི་ལྟ་སྟེ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་མ་ལ་འབོད་ཅེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་མ་འཛིན་ཅེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་མ་ལ་དཔལ་དུ་འཛིན་པ་ཞེས་བྱ་བ་
དང་། གནོད་སྦྱིན་གྱི་རྒྱལ་པོ་ལག་སྒེག་ཅེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་འཇིགས་ཆེན་འཇིགས་བྱེད་ཅེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཁྲོ་གཉེར་མིག་ཟུར་ཅན་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ས་སྒུལ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཉི་མ་རེངས་བྱེད་ཞེས་
བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཤེས་ལྡན་ངང་ཚུལ་ཅན་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ནོར་བུ་བཟང་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་འོད་ཆགས་པད་མ་མཛོད་ཅེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཤིང་རྟ་གཏོང་བའི་པད་མའི་སྙིང་པོ་དཔལ་ཞེས་བྱ་བ་དང་། གནོད་
སྦྱིན་གྱི་རྒྱལ་པོ་ཐབ་མོ་ལས་རྣམ་པར་རྒྱལ་བའི་གཡུལ་གྱི་དཔལ་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ལྔས་རྩེན་ཞེས་བྱ་བ་དང་། གནོད་སྦྱིན་གྱི་རྒྱལ་པོ་ནོར་བུ་སྤྱོད་ཅེས་བྱ་བ་དང་། དེ་དག་ལ་སོགས་པ་གནོད་སྦྱིན་གྱི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་དྲུག་འབུམ་སྟེ། གནོད་སྦྱིན་གྱི་རྒྱལ་པོ་དེ་
དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེས་སུ་སློབ་པར་འདོད་པ། དམ་པའི་ཆོས་བསྲུང་བ་ཡོངས་སུ་འཛིན་པའི་ངང་ཚུལ་ཅན་ཤ་སྟག་སྟེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་
ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོ་ས་ཡ་ཕྲག་བཞི་དང་དགུ་འབུམ་ལ་འདི་

ལྟ་སྟེ། ནམ་མཁའ་ལྡིང་གི་རྒྱལ་པོ་སྤོས་ཀྱི་གླང་པོ་ཆེ་རླུང་གི་སྟོབས་དང་མཉམ་པའི་ཤུགས་ཅན་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་འུར་འུར་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་རྔ་བོ་ཆེ་དང་ཅང་ཏེའུ་ཡི་སྒྲ་ལྟར་དིར་དིར་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ཀླུའི་
སྟོབས་དང་དྲེགས་པ་འཇོམས་པ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་སང་སང་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་འོད་ཆེན་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གཤོག་ཟེགས་བཀྲམ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་བུད་རྒྱལ་གདོང་ཞེས་བྱ་བ་དང་། ནམ་
མཁའ་ལྡིང་གི་རྒྱལ་པོ་རིག་སྔགས་ཀྱི་ནོར་བུ་སིལ་སིལ་འཆང་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ནོར་རྒྱས་ཀྱི་བུའི་རིགས་གཞིག་པར་དགའ་བ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ནོར་རྒྱས་ཀྱི་བུའི་རིགས་རབ་ཏུ་འཇོམས་པར་དགའ་བ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་
པོ་ཡང་དག་པར་མཐོང་བ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་བྱམས་པ་ཆེན་པོའི་ཚིག་སྙན་པར་སྒྲོགས་པ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་ཆོས་དགའ་ཞེས་བྱ་བ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་གྱི་གཤོག་པ་སྦྱིན་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་ནམ་མཁའ་
ལྡིང་གི་རྒྱལ་པོ་ས་ཡ་ཕྲག་བཞི་དང་དགུ་འབུམ་སྟེ། ནམ་མཁའ་ལྡིང་གི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་དྲེགས་པ་དང་། ང་རྒྱལ་དང་། རྒྱགས་པ་དང་བྲལ་བ་དང་། ཐེག་པ་ཆེན་པོ་ལ་དད་པའི་སེམས་ཐོབ་པ། དམ་པའི་ཆོས་ཀུན་ཏུ་སྲུང་བར་གྱུར་པ་ཤ་སྟག་སྟེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་
རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་དྲི་ཟའི་རྒྱལ་པོ་ས་ཡ་ཕྲག་དྲུག་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། དྲི་ཟའི་རྒྱལ་པོ་དགའ་བའི་སྙིང་པོ་ཞེས་བྱ་བ་
དང་། དྲི་ཟའི་རྒྱལ་པོ་གདངས་སྙན་ཅེས་བྱ་བ་དང་། དྲི་ཟའི་རྒྱལ་པོ་སྟ་གོན་ལ་དགའ་བ་ཞེས་བྱ་བ་དང་། དྲི་ཟའི་རྒྱལ་པོ་ཁྱུ་མཆོག་ལྷ་ཞེས་བྱ་བ་དང་། དྲི་ཟའི་རྒྱལ་པོ་ཤུགས་ཀྱིས་འཁྱིག་པར་ལེན་པ་ལ་དགའ་བ་ཞེས་བྱ་བ་དང་། དྲི་ཟའི་རྒྱལ་པོ་ཤང་ཤང་ཏེའུ་ཡི་སྐད་འབྱིན་ཅེས་བྱ་བ་དང་།

དེ་དག་ལ་སོགས་པ་དྲི་ཟའི་རྒྱལ་པོ་ས་ཡ་ཕྲག་དྲུག་དང་བརྒྱད་འབུམ་སྟེ། དྲི་ཟའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་དྲེགས་པ་དང་། ང་རྒྱལ་དང་། རྒྱགས་པ་དང་བྲལ་བ། ཐེག་པ་ཆེན་པོ་ལ་དད་པའི་སེམས་ཐོབ་པ། དམ་པའི་ཆོས་ཀུན་ཏུ་སྲུང་བར་གྱུར་པ་ཤ་སྟག་སྟེ། ཕྱེ་མ་རེད་
ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་མི་འམ་ཅིའི་རྒྱལ་
པོ་ཆེན་པོ་ས་ཡ་ཕྲག་དགུ་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། མི་འམ་ཅིའི་རྒྱལ་པོ་ལེགས་མཐོང་ཡིད་འཕྲོག་ཅེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་ཀླུ་ཁྱེར་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་བུད་མེད་སེམས་འཕྲོག་ཅེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་བུད་མེད་ཀྱི་སྙིང་དུ་སྡུག་པ་ཞེས་བྱ་བ་
དང་། མི་འམ་ཅིའི་རྒྱལ་པོ་ལྷའི་བུ་མོ་ལ་འབོད་པ་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་ཉོན་མོངས་པ་རྐུ་བ་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་དགྲ་རིག་དྲེགས་འཇོམས་གསོད་ཅེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་བདུད་ཀྱི་བུ་མོ་དགའ་བ་ཞེས་བྱ་བ་
དང་། མི་འམ་ཅིའི་རྒྱལ་པོ་བདུད་ཀྱི་སྡེ་འཇོམས་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་དང་། མིའམ་རྒྱལ་པོ་ཟབ་མོའི་ཚུལ་བསྒོས་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་དྲི་མ་མེད་པར་སྣང་བའི་དཔལ་ཞེས་བྱ་བ་དང་། མི་འམ་ཅིའི་རྒྱལ་པོ་དབང་པོ་བསྲུངས་ཞེས་བྱ་བ་དང་། མི་འམ་ཅིའི་
རྒྱལ་པོ་རྒྱང་རིང་མཐོང་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་མི་འམ་ཅིའི་རྒྱལ་པོ་ས་ཡ་ཕྲག་དགུ་དང་བརྒྱད་འབུམ་སྟེ། མི་འམ་ཅིའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་དྲེགས་པ་དང་། ང་རྒྱལ་དང་། རྒྱགས་པ་དང་བྲལ་བ། ཐེག་པ་ཆེན་པོ་ལ་དད་པའི་སེམས་ཐོབ་པ། དམ་པའི་
ཆོས་ཀུན་ཏུ་སྲུང་བར་གྱུར་པ་ཤ་སྟག་སྟེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་སྲིན་པོའི་རྒྱལ་པོ་ས་

ཡ་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། སྲིན་པོའི་རྒྱལ་པོ་འཇིགས་སུ་རུང་བ་ཞེས་བྱ་བ་དང་། སྲིན་པོའི་རྒྱལ་པོ་རྩིབ་མ་སྲེག་ཅེས་བྱ་བ་དང་། སྲིན་པོའི་རྒྱལ་པོ་དྲང་སྲོང་ཟས་ལེན་སྐྲ་སེར་ཞེས་བྱ་བ་དང་། སྲིན་པོའི་རྒྱལ་པོ་སོ་རད་རོད་ཅན་ཞེས་བྱ་བ་དང་། སྲིན་པོའི་རྒྱལ་པོ་རྣ་བཅས་ཐོད་
པ་ཅན་ཞེས་བྱ་བ་དང་། སྲིན་པོའི་རྒྱལ་པོ་སེར་པོ་སྦྲང་རྩིའི་མདོག་ཅེས་བྱ་བ་དང་། སྲིན་པོའི་རྒྱལ་པོ་མགུལ་ངར་ཞེས་བྱ་བ་དང་། སྲིན་པོའི་རྒྱལ་པོ་སྒྲ་བོ་ཆེ་ཞེས་བྱ་བ་དང་། སྲིན་པོའི་རྒྱལ་པོ་མགོ་ཟེད་ཅེས་བྱ་བ་དང་། སྲིན་པོའི་རྒྱལ་པོ་གྱད་ལ་སྐུལ་ཞེས་བྱ་བ་དང་། སྲིན་པོའི་རྒྱལ་པོ་
སྐྲག་བྱེད་གཟུགས་ཅན་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་སྲིན་པོའི་རྒྱལ་པོ་ས་ཡ་དང་བརྒྱད་འབུམ་སྟེ། སྲིན་པོའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་སྲིན་པོའི་རང་བཞིན་དང་བྲལ་བ། ཐེག་པ་ཆེན་པོས་སེམས་དུལ་བར་གྱུར་པ། དམ་པའི་ཆོས་ཀུན་ཏུ་སྲུང་བར་གྱུར་པ་ཤ་སྟག་སྟེ། ཕྱེ་མ་རེད་ཀྱི་
དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་གྲུལ་བུམ་གྱི་རྒྱལ་པོ་ས་ཡ་ཕྲག་བདུན་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། གྲུལ་བུམ་གྱི་རྒྱལ་པོ་
གླང་པོ་ཆེའི་རྣ་བ་ཅན་ཞེས་བྱ་བ་དང་། གྲུལ་བུམ་གྱི་རྒྱལ་པོ་སྟག་ལྟར་དྲེགས་པ་ཞེས་བྱ་བ་དང་། གྲུལ་བུམ་གྱི་རྒྱལ་པོ་ཤིན་ཏུ་ཆེ་བ་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་གྲུལ་བུམ་གྱི་རྒྱལ་པོ་ས་ཡ་ཕྲག་བདུན་དང་བརྒྱད་འབུམ་སྟེ། གྲུལ་བུམ་གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་གྲུལ་བུམ་
གྱི་རང་བཞིན་དང་བྲལ་བ། དམ་པའི་ཆོས་ཀུན་ཏུ་སྲུང་བར་གྱུར་པ་ཤ་སྟག་སྟེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་
དེའི་ཚེ་འབྱུང་པོའི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། འབྱུང་པོའི་རྒྱལ་པོ་གླང་པོ་ཆེའི་གདོང་ཅན་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་མྱུ་གུ་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་ཁྱིམ་འབིགས་རྐུན་པོ་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་བོད་སྐད་ཅན་ཞེས་བྱ་བ་དང་།

འབྱུང་པོའི་རྒྱལ་པོ་མེ་ཏོག་གི་རྣ་ཆ་ཅན་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་སྦལ་ཕྲེང་སོར་རྡུབ་ཅན་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་བྱི་སོ་མཛེས་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་བྱི་ལ་འགྲོས་མཛེས་ཞེས་བྱ་བ་དང་། འབྱུང་པོའི་རྒྱལ་པོ་སྲེ་མོ་འགྲམ་ཞེས་
བྱ་བ་དང་། འབྱུང་པོའི་རྒྱལ་པོ་སྤྲ་བཞིན་ཟླ་བ་གདོང་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་འབྱུང་པོའི་རྒྱལ་པོ་ས་ཡ་ཕྲག་གསུམ་དང་བརྒྱད་འབུམ་སྟེ། འབྱུང་པོའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་སེམས་དད་ཅིང་རབ་ཏུ་དགའ་བ་ཤ་སྟག་སྟེ། གར་བྱེད་ཅིང་རོལ་མོའི་སྒྲ་
སྒྲོགས་ལ་སིལ་སྙན་རྣམས་རྡོབ་ཅིང་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་གཅོད་བྱེད་ཀྱི་བུའི་རྒྱལ་པོ་ས་ཡ་ཕྲག་
བརྒྱད་ལ་འདི་ལྟ་སྟེ། གཅོད་བྱེད་ཀྱི་བུའི་རྒྱལ་པོ་གློག་ཞི་བྱེད་བཙུན་ཞེས་བྱ་བ་དང་། གཅོད་བྱེད་ཀྱི་བུའི་རྒྱལ་པོ་སྣ་ཚོགས་སྔོ་བཙུན་ཞེས་བྱ་བ་དང་། གཅོད་བྱེད་ཀྱི་བུའི་རྒྱལ་པོ་བྱ་མཆུ་ཅན་ཞེས་བྱ་བ་དང་། གཅོད་བྱེད་ཀྱི་བུའི་རྒྱལ་པོ་རྒྱ་མཚོ་འཁྲུག་བྱེད་ཅེས་བྱ་བ་དང་། དེ་དག་ལ་སོགས་པ་གཅོད་བྱེད་
ཀྱི་བུའི་རྒྱལ་པོ་ས་ཡ་ཕྲག་བརྒྱད་དེ། གཅོད་བྱེད་ཀྱི་བུའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མངོན་པར་རྩེ་བ། ཐེག་པ་ཆེན་པོ་ལ་སེམས་མངོན་པར་རབ་ཏུ་དགའ་བ། ཐེག་པ་ཆེན་པོ་མངོན་པར་འདོད་པ། ཐེག་པ་ཆེན་པོས་མངོན་པར་སྐོམ་པ། ཐེག་པ་ཆེན་པོ་ལ་མངོན་
པར་སྲེད་པ། ཐེག་པ་ཆེན་པོ་ལ་དད་པ། ཐེག་པ་ཆེན་པོས་བཀྲེས་པ། དམ་པའི་ཆོས་ཀུན་ཏུ་སྲུང་བར་དམ་བཅས་པ། དམ་པའི་ཆོས་ཀུན་ཏུ་བསྲུང་བར་ཡོངས་སུ་འཛིན་པའི་ངང་ཚུལ་ཅན་ཤ་སྟག་སྟེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་
ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོ་བྱེ་བ་ཕྲག་བརྒྱད་དང་བརྒྱད་འབུམ་ལ་འདི་ལྟ་སྟེ། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་ཟངས་རིས་ཀྱི་མདུན་ན་སྒྲ་སྒྲོགས་ཞེས་བྱ་བ་དང་། ལྷ་མ་

ཡིན་གྱི་རྒྱལ་པོ་ཡུལ་གྱིས་གཡོན་སྤྱོ་བ་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་གང་གཱ་དྲི་མ་མེད་པར་འཇུག་པ་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ས་སྟེང་ཞི་བྱེད་ཅེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་བྱ་མགྲིན་ཅེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་མདུང་རྩེ་གསུམ་པ་འཆང་ཞེས་བྱ་བ་དང་།
ལྷ་མ་ཡིན་གྱི་རྒྱལ་པོ་ཐལ་བའི་གཙུག་ཕུད་ཅན་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་གཏུམ་པོ་དྲག་ཏུ་ཁྲོ་བ་ཞེས་བྱ་བ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་མེའི་གཟི་བརྗིད་ཀྱི་ཤུགས་ཅན་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་ལྷ་མ་ཡིན་གྱི་རྒྱལ་པོ་ས་ཡ་ཕྲག་བརྒྱད་དང་བརྒྱད་འབུམ་སྟེ། ལྷ་མ་ཡིན་
གྱི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ལྷ་མ་ཡིན་གྱི་རང་བཞིན་དང་བྲལ་བ། སེམས་དུལ་བ། ཡིད་རབ་ཏུ་བརྟན་པ་ཤ་སྟག་སྟེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་
ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་རིག་སྔགས་འཆང་གི་རྒྱལ་པོ་ས་ཡ་ཕྲག་དྲུག་དང་ལྔ་འབུམ་ལ་འདི་ལྟ་སྟེ། རིག་སྔགས་འཆང་གི་རྒྱལ་པོ་རིན་ཆེན་འཆང་ཞེས་བྱ་བ་དང་། རིག་སྔགས་འཆང་གི་རྒྱལ་པོ་ལོངས་སྤྱོད་མི་ཟད་འཆང་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་རིག་
སྔགས་འཆང་གི་རྒྱལ་པོ་ས་ཡ་ཕྲག་དྲུག་དང་ལྔ་འབུམ་སྟེ། རིག་སྔགས་འཆང་གི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་འཆང་བ། ཏིང་ངེ་འཛིན་འདོད་པ། ཏིང་ངེ་འཛིན་ཚོལ་བར་འདོད་པ། ཐེག་པ་ཆེན་པོའི་ཏིང་ངེ་འཛིན་གྱི་སྤྱོད་པ་སྤྱད་པར་འདོད་པ། བདག་གི་ཡིད་གཉིས་
བསལ་བར་འདོད་པ། དམ་པའི་ཆོས་ཀུན་ཏུ་བསྲུང་བར་ཡོངས་སུ་འཛིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཅན་ཤ་སྟག་སྟེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་
འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་དྲང་སྲོང་མངོན་པར་ཤེས་པ་ལྔ་ཐོབ་པ། ས་ཡ་ཕྲག་དགུ་དང་དགུ་འབུམ་ལ་འདི་ལྟ་སྟེ། དྲང་སྲོང་མིས་བྱིན་གྱི་བུ་ཞེས་བྱ་བ་དང་། དྲང་སྲོང་ཏེ་མ་བུ་ཀ་ཞེས་བྱ་བ་དང་། དྲང་སྲོང་ཤིང་ཤུན་ཅན་ཞེས་བྱ་བ་དང་། དྲང་སྲོང་དཀའ་

ཐུབ་ཅན་ཞེས་བྱ་བ་དང་། དྲང་སྲོང་ཡང་དག་སྦྱོར་ཞེས་བྱ་བ་དང་། དྲང་སྲོང་ཀུན་ཏུ་རྒྱལ་ཞེས་བྱ་བ་དང་། དྲང་སྲོང་ངན་སྤོང་ཤེས་ལྡན་ཞེས་བྱ་བ་དང་། དྲང་སྲོང་རི་བྱི་རངས་བྱེད་གཞུ་ཅན་ཞེས་བྱ་བ་དང་། དྲང་སྲོང་མ་མ་རི་དགས་ཞེས་བྱ་བ་དང་། དྲང་སྲོང་ཤ་མེད་ཟས་སྦྱིན་
ཞེས་བྱ་བ་དང་། དྲང་སྲོང་གནས་འཇོག་སེལ་བརྩོན་ཞེས་བྱ་བ་དང་། དྲང་སྲོང་སྒྲ་མི་སྙན་ལྔ་ལེན་རིལ་པ་ཅན་ཞེས་བྱ་བ་དང་། དྲང་སྲོང་འདོད་པ་ལ་རྒྱབ་ཀྱིས་ཕྱོགས་པ་ཞེས་བྱ་བ་དང་། དྲང་སྲོང་དུས་དང་པོ་ལ་དགའ་བ་ཞེས་བྱ་བ་དང་། དྲང་སྲོང་བརྒྱ་བྱིན་ལྷར་འཛིན་ཡུན་རིང་གནས་ཞེས་
བྱ་བ་དང་། དྲང་སྲོང་མཛོད་ལྡན་སྒྲ་མི་སྙན་ཅེས་བྱ་བ་དང་། དྲང་སྲོང་བྷ་ར་དྭ་ཛ་ཤིང་ཤུན་ཅན་ཞེས་བྱ་བ་དང་། དྲང་སྲོང་ཀླུའི་རིལ་པ་ཅན་ཞེས་བྱ་བ་དང་། དྲང་སྲོང་འདམ་བུས་བྱིན་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་དྲང་སྲོང་མངོན་པར་ཤེས་པ་ལྔ་ཐོབ་པ་ས་ཡ་ཕྲག་དགུ་དང་དགུ་འབུམ་
སྟེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་
གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷའི་བུའི་ཚོགས་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་
བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་འཇིག་རྟེན་སྐྱོང་བ་བཞི་ལྷའི་བུ་འབུམ་ཕྲག་དུ་མས་མདུན་གྱིས་བལྟས་ཏེ་ཡོངས་སུ་བསྐོར་ནས་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་
ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ཡུལ་མཉན་ཡོད་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རང་གི་བློན་པོ་ཆེན་པོ་ཐེག་པ་ཆེན་པོ་ལ་མངོན་པར་རྩེ་བ་དེ་དང་དེ་དག་རང་རང་གི་འཁོར་དང་

དཔུང་གི་ཚོགས་ཡན་ལག་བཞི་པ་དག་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་རབ་སྦྱིན་ལ་སོགས་
པ་ཁྱིམ་བདག་འབུམ་ཕྲག་དུ་མ་བསླབ་པའི་གཞི་ལྔ་བླངས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། དེ་དག་ཐམས་ཅད་ཆོས་འདོད་པ་དང་། ཆོས་དོན་དུ་གཉེར་བ་དང་། འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ཡང་དག་པར་བསྡུ་
བའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱི་ཕྱིར་འབྲང་བ་དེ་དག །བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ཡུལ་བན་ཙ་ནས་རྒྱལ་ཕྲན་ཟླ་བ་སྐྱོངཞེས་བྱ་བ་རང་གི་བློན་པོ་ཆེན་པོ་དང་། གྲོང་ཁྱེར་གྱི་དཔོན་པོ་སྟོང་བསླབ་པའི་གཞི་ལྔ་
བླངས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། དེ་དག་ཐམས་ཅད་ཆོས་འདོད་པ་དང་། ཆོས་དོན་དུ་གཉེར་བ་དང་། འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ཡང་དག་པར་བསྡུ་བའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱི་ཕྱིར་འབྲང་བ་
དེ་དག །བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ཡུལ་ཆེན་པོ་བཅུ་དྲུག་གི་གྲོང་ཁྱེར་དང་། ཚོང་རྡལ་དང་། ལུང་པའི་མདོ་དང་། གྲོང་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ཀྱི་མི་རྣམས་
བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བའི་ཕྱིར་ལྷགས་ཏེ། དེ་དག་ཐམས་ཅད་ཀྱང་དམ་པའི་ཆོས་ཀུན་ཏུ་སྲུང་བ། བསླབ་པའི་གཞི་ལྔ་བླངས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཤ་སྟག་སྟེ། ཆོས་འདོད་པ་དང་། ཆོས་དོན་དུ་གཉེར་བ་
དང་། འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྡུ་བའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱི་ཕྱིར་འབྲང་བ། བྱམས་པའི་སེམས་སྒོམ་པ་དེ་དག་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་

ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་བཙུན་མོ་ཕྲེང་ལྡན་མ་ལ་སོགས་པ་ཆུང་མའི་འཁོར་དང་། བཙུན་མོ་ཁྲི་དྲུག་སྟོང་དང་། གཞན་ཡང་རང་གི་བློན་པོ་ཆེན་པོའི་བཙུན་མོ་འབུམ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་
གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་དགེ་བསྙེན་མ་ས་ག་དགེ་བསྙེན་མ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་
ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ལྷའི་བུ་དབང་ཕྱུག་ཆེན་པོ་ལྷའི་བུ་རྫུ་འཕྲུལ་དང་སྣང་བ་ཆེན་
པོ་དང་ལྡན་པ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། མེ་ཏོག་
གི་ཕུར་མ་རི་རབ་ཙམ་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས་བདུག་པ་དག་གིས་ཡོངས་སུ་བདུགས་ཏེ། ཙན་དན་གྱི་ཕྱེ་མ་དག་གིས་ཡོངས་སུ་གཏོར་ནས་སིལ་སྙན་དག་བརྡུངས་ཏེ། གཞན་ཡང་ཤིང་རྟའི་འཕང་
ལོ་ཙམ་གྱི་པད་མའི་སིལ་མ་དག་གིས་ཁེབས་པར་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ཚངས་པ་རིན་ཆེན་ཕྲེང་བ་འཆང་ཞེས་བྱ་བ་དང་། ཚངས་པ་ཐོར་ཚུགས་འཆང་ཞེས་བྱ་བ་དང་། ཚངས་པ་གཞོན་ནུ་
འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རྫུ་འཕྲུལ་ཆེན་པོས་རྒྱལ་པོའི་ཁབ་དང་བཅས། བྱ་རྒོད་ཀྱི་ཕུང་པོའི་རི་དང་བཅས། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་དང་བཅས་པ་ཐམས་ཅད་མཛེས་པར་བྱས་ཏེ། ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་

བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཁོར་ཡུག་ཁེབས་པ་ཙམ་གྱི་མེ་ཏོག་སིལ་མ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ཏེ་སིལ་སྙན་རྣམས་བརྡུངས་ནས། ཙན་དན་གྱི་ཕྱེ་མ་དང་། བྱུག་པ་དག་གིས་གཏོར་ཏེ།
རྒྱལ་པོའི་ཁབ་དང་བཅས། བྱ་རྒོད་ཀྱི་ཕུང་པོའི་རི་དང་བཅས། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་དང་བཅས་པ། བསོད་ནམས་ཆེན་པོའི་ཞིང་དུ་གྱུར་པ། དཀྱིལ་འཁོར་ཆེན་པོ་མུ་སྟེགས་ཀྱི་གནས་སུ་གྱུར་པ། །ཁོ་ར་ཁོར་ཡུག་ཏུ་ལ་བ་དང་། རས་དང་། ཟབ་དར་དང་།
ཟར་མའི་རས་འཇམ་པོ་དང་། ལྷའི་གོས་ལྷའི་ཕྱེ་མས་བསྒོས་ཤིང་ཙན་དན་གྱིས་ཞེན་པར་བྱས་ནས་ལྷའི་བདུག་པས་བདུགས་པ་དག་བཏིང་སྟེ། མངོན་པར་སྤྲུལ་པ་བཞིན་དུ་བྱས་ནས་མེ་ཏོག་གི་ཆར་མངོན་པར་ཕབ་ནས་ལྷའི་རིན་པོ་ཆེ་དུ་མས་ཡོངས་སུ་མཛེས་པར་བྱས་ནས། བཅོམ་ལྡན་
འདས་ཀྱི་སེང་གེའི་ཁྲི་འབུམ་བཤམས་ཏེ་ལན་ས་ཡ་ཕྲག་གསུམ་བསྐོར་བ་བྱས་ནས་རང་རང་གི་བླ་གོས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་བདུད་ཀྱི་རིས་ཀྱི་ལྷ་མོ་མངོན་པར་
སྡུད་པ་ཞེས་བྱ་བ་བདུད་ཀྱི་རིས་ཀྱི་ལྷ་མོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་རྔ་ཡབ་དང་། རྨ་བྱའི་མདོངས་ལག་ན་ཐོགས་ཤིང་། ལྷའི་ཕེག་དང་། གླིང་བུ་དང་། བདུག་པ་ཐོགས་
ཏེ། ལྷའི་མེ་ཏོག་སིལ་མས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས་སིལ་སྙན་རྣམས་བརྡུངས་ཏེ་གར་བྱེད་ཅིང་གླུ་ལེན་ནོ། །ལྷ་མོ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་སེམས་དད་ཅིང་རབ་ཏུ་དགའ་བ། ཐེག་པ་ཆེན་པོ་ལ་དད་ཅིང་ཡིད་དགེ་བར་གྱུར་པ་ཤ་སྟག་སྟེ། བཅོམ་ལྡན་
འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ལྷའི་བུ་མོ་ཆུ་ཤིང་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལྷའི་བུ་མོ་འབུམ་ཕྲག་དུ་མ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་

ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། ལྷའི་གསེར་གྱི་ཙོང་ཙོང་དང་། ལྷའི་རིན་པོ་ཆེའི་ཕྲེང་བ་དང་། ལྷའི་མེ་ཏོག་གི་ཕྲེང་བ་དག་གིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ཏེ་སིལ་སྙན་རྣམས་བརྡུངས་ནས་ཙན་དན་གྱི་ཕྱེ་མ་དང་བྱུག་པ་དག་གིས་ཀྱང་གཏོར་ཏོ། །
ལྷའི་བུ་མོ་དེ་དག་ཐམས་ཅད་ཀྱང་བུད་མེད་ཀྱི་སེམས་ཀྱི་གཡོ་སྒྱུའི་རང་བཞིན་དང་བྲལ་བ། ཐེག་པ་ཆེན་པོ་ལ་སེམས་དད་ཅིང་རབ་ཏུ་དགའ་བ། ཐེག་པ་ཆེན་པོ་ལ་དད་ཅིང་ཡིད་དགེ་བར་གྱུར་པ་ཤ་སྟག་སྟེ། གླུ་ལེན་ཅིང་གར་བྱེད་ལ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་
ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཉིད་ཀྱི་ཚེ་ལྗོངས་ཀྱི་ཕྱོགས་དག་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་
རྒྱལ་པོའི་ཁབ་དང་། བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་འདོང་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་དོ། །དེར་ཕྱིན་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་
འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་ནམ་མཁའ་ལས་སིལ་སྙན་སྟོང་གི་གླུ་དབྱངས་ལྟ་བུ་འཐུན་པ་དང་མི་འཐུན་པའི་སྒྲ་མངོན་པར་གྲག་སྟེ། སྟང་ཟིལ་གྱི་རི་ལྟ་བུར་འདུག་
པའི་སྤྲིན་ཆེན་པོའི་ཚོགས་ལྷའི་རིན་པོ་ཆེའི་ཆུས་ཡོངས་སུ་རྒྱས་པ་དག་ཀྱང་། བཅོམ་ལྡན་འདས་སེང་གེའི་སྒྲ་ཆེན་པོ་སྒྲོགས་ཤིང་ཆོས་སྟོན་པ་མནོད་པའི་ཕྱིར་སྡོད་དོ། །ཡང་དེའི་ཚེ་རླུང་གི་རྒྱལ་པོ་ཆེན་པོ་བཞི་ལ་འདི་ལྟ་སྟེ། རླུང་གི་རྒྱལ་པོ་ཆེན་པོ་རྣམ་པར་འཐོར་རླུང་ཞེས་བྱ་བ་དང་།
རླུང་གི་རྒྱལ་པོ་ཆེན་པོ་རྣམ་པར་འཐོར་རླུང་ཆེན་པོ་ཞེས་བྱ་བ་དང་། རླུང་གི་རྒྱལ་པོ་ཆེན་པོ་ཤུགས་མ་ཉམས་པ་ཞེས་བྱ་བ་དང་། རླུང་གི་རྒྱལ་པོ་ཆེན་པོ་འཇིགས་བྱེད་ཆེན་པོ་ཞེས་བྱ་བ་རྣམས་ལྷའི་བདེ་བའི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པའི་དུས་ཚིགས་དྲུག་གི་བདེ་ཞིང་བསིལ་བའི་མེ་

ཏོག་དང་རྣམ་པར་འདྲེས་པའི་དྲི་བསུང་ཞིམ་པོའི་ངད་གཏོང་ཞིང་། རླུང་གི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་སྤྲིན་ཆེན་པོ་རབ་ཏུ་འགྱེད་དེ། བཅོམ་ལྡན་འདས་སེང་གེའི་སྒྲ་ཆེན་པོ་སྒྲོགས་ཤིང་ཆོས་སྟོན་པ་མནོད་པའི་ཕྱིར་སྟོད་དོ།། །།
འཕགས་པ་སྤྲིན་ཆེན་པོའི་མདོ། བམ་པོ་གཉིས་པ། ཡང་དེའི་ཚེ་ངང་པའི་རྒྱལ་པོ་སེང་གེ་ལྟར་དཔའ་བ་ཞེས་བྱ་བ་ངང་པ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་རང་རང་གི་འདབ་མ་
ཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སློབ་དཔོན་དང་སློབ་མས་ལེགས་པར་བསྒྲུབས་པའི་སིལ་སྙན་སྟོང་གི་གླུ་དབྱངས་ལྟ་བུར་སྐད་འཐུན་པར་འབྱིན་ཅིང་། ངང་པའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་
གསུམ་བསྐོར་བ་བྱས་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་རྨ་བྱའི་རྒྱལ་པོ་བལྟ་ན་འོད་ཆགས་ཞེས་བྱ་བ་རྨ་བྱའི་རིགས་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་
ལྷགས་ནས་རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལྷ་དང་། དྲི་ཟའི་སློབ་དཔོན་དང་སློབ་མས་ལེགས་པར་བསྒྲུབས་པའི་སིལ་སྙན་སྟོང་གི་གླུ་དབྱངས་ལྟ་བུར་མགྲིན་པ་བལྟམས་ཏེ་སྐད་སྙན་ཅིང་འཐུན་པ་འབྱིན་ཏེ།
རྨ་བྱའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་ཁུ་བྱུག་གི་རྒྱལ་པོ་སྡེ་བདག་ཅེས་བྱ་བ་ཁུ་བྱུག་གི་རྒྱལ་པོ་འབུམ་ཕྲག་དུ་མ་དང་
ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་སིལ་སྙན་སྟོང་དང་འདྲ་བའི་སྒྲ་ཕྱུང་སྟེ་ཅ་ཅོའི་སྒྲ་བཏོན་ནས།

བུང་བའི་མདོག་འདྲ་བའི་ཁུ་བྱུག་གི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་གངས་ཀྱི་རི་ལ་གནས་པའི་བྱ་ཀ་ལ་པིང་
ཀའི་རྒྱལ་པོ་པད་མའི་འདབ་མ་འདྲ་བའི་མིག་ཅེས་བྱ་བ་བྱ་ཀ་ལ་པིང་ཀའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་
འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཡིད་དུ་འོང་བའི་སྒྲ་ཕྱུང་སྟེ། ཀ་ལ་པིང་ཀའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་
བྱའི་རྒྱལ་པོ་ཤང་ཤང་ཏེའུ་ཞེས་བྱ་བ་བྱའི་རྒྱལ་པོ་ཤང་ཤང་ཏེའུ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་
མགོ་བོས་ཕྱག་འཚལ་ནས་ཡིད་དུ་འོང་བའི་སྒྲ་ཕྱུང་སྟེ། ཤང་ཤང་ཏེའུ་ཡི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་བྱའི་ཚོགས་ཐམས་ཅད་
ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་རང་རང་གི་འདབ་མ་ཐལ་མོའི་ཐབས་སུ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཡིད་དུ་འོང་བའི་སྒྲ་འབུམ་ཕྲག་དུ་མ་ཕྱུང་སྟེ། ནམ་མཁའི་དཀྱིལ་ཡོངས་སུ་
གང་བར་བྱས་ནས་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་རིའི་རྒྱལ་པོ་རི་རབ་ཀྱི་ལྷ་རི་བཏང་བཟུང་དང་བཏང་བཟུང་ཆེན་པོའི་ལྷ་འབུམ་ཕྲག་དུ་མ་དང་། ལྷའི་

བུ་འོད་ཆེན་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་
པའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་གངས་ཀྱི་རི་ལ་གནས་པའི་སྨན་གྱི་ཚོགས་ཀྱི་ལྷ་མོ་རྣམས་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་རིའི་མཆོག་བྱ་
རྒོད་ཀྱི་ཕུང་པོ་ལ་མཛེས་པར་འཁོད་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་དང་བཅས་པ་ཐམས་ཅད་སྣང་བར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཡང་དེའི་ཚེ་རྔ་དང་། རྔ་བོ་ཆེ་དང་། ཅང་ཏེའུ་དང་། དུང་དང་། ལྕགས་
ཀྱི་སིལ་ཁྲོལ་དང་། ཧི་ན་ཌི་མ་དང་། ཁར་རྔ་དང་། རྫ་རྔ་ཆེན་པོ་དང་། བལ་བི་ས་དང་། པི་བང་དང་། རྫ་རྔ་ཁ་གཅིག་པ་དང་། དྲིལ་བུ་དང་། གླིང་བུ་དང་། ཤུ་ཀ་དང་། ཤུ་ན་ལ་ལ་སོགས་པ་མ་བརྡུངས། མ་བཅོས། མ་བླངས་པར་སིལ་སྙན་གྱི་སྒྲ་དང་། ཡིད་དུ་འོང་བའི་སྒྲ་བྱུང་ངོ་། །
ཡང་དེའི་ཚེ་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་ནགས་རྣམས་དུས་མ་ཡིན་པར་མེ་ཏོག་རྒྱས་ཤིང་། དུས་མ་ཡིན་པར་འབྲས་བུ་དང་། ལྕུག་ཕྲན་དང་། དོག་པ་རྣམ་པ་སྣ་ཚོགས་རབ་ཏུ་རྒྱས་པས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ཤིན་ཏུ་བཀྲམ་མོ། །ཡང་དེའི་ཚེ་གངས་ཀྱི་རི་ལ་གནས་པའི་
སེང་གེའི་རྒྱལ་པོ་རིན་ཆེན་པད་མ་ཞེས་བྱ་བ་སེང་གེའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། གཅན་གཟན་དང་རི་
དགས་ཐམས་ཅད་ལ་བདེ་བའི་སྒྲ་སེང་གེའི་སྐད་འབྱིན་ཅིང་འཆག་ལ་ཤིན་ཏུ་རྩེ་སྟེ། བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བྱ་རྒོད་ཀྱི་ཕུང་པོའི་རིའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །ཡང་དེའི་ཚེ་སྤོས་ཀྱི་གླང་པོའི་རྒྱལ་པོ་རི་བོ་དང་སྤྲིན་ལྟ་བུ་

ཞེས་བྱ་བ་དང་། སྤོས་ཀྱི་གླང་པོའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འབྲུག་སྒྲ་ཆེན་པོ་བཞིན་
དུ་སྒྲོགས་ཤིང་སྐད་བྱུང་ནས། བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བྱ་རྒོད་ཀྱི་ཕུང་པོའི་རིའི་ཕྱོགས་གཅིག་ཏུ་གོ་བཟུང་ངོ་། །དེ་བཞིན་དུ་གཅན་གཟན་དང་རི་དགས་ཐམས་ཅད་ཀྱི་བར་དག་གིས་བྱ་རྒོད་ཀྱི་ཕུང་པོའི་རིའི་ཕྱོགས་གཅིག་ཏུ་གོ་བཟུང་
ངོ་། །ཡང་དེའི་ཚེ་ཤ་སྦྲང་དང་། སྦྲང་བུ་དང་། ཆུ་སྲིན་དང་། ཉ་དང་། རུ་སྦལ་དང་། སྡིག་པ་དང་། སྲིན་གྱི་མེ་དང་། པ་ར་སུ་མི་ཀ་དང་། ཙུ་ན་ཙུ་ཀ་དང་། ས་རི་ཀ་དང་། སྲོག་ཆགས་གདུག་པའི་རིགས་རྣམས་ཀྱིས་དུག་རྣམ་པར་སྤངས་ནས་དུག་གི་རང་བཞིན་དང་བྲལ་བར་གྱུར་ཏེ་
འཁོད་དོ། །ཡང་དེའི་ཚེ་སྦྲུལ་དང་། མྱུར་དུ་གདུག་པ་དང་། སྦྲུལ་གཟི་གུ་དང་། ཆུ་སྦྲུལ་དང་། གདུག་པ་མི་བཟད་པ་ཆེན་པོའི་རིགས་རྣམས་ཀྱིས་དུག་རྣམ་པར་སྤངས་ནས་དུག་གི་རང་བཞིན་དང་བྲལ་བར་གྱུར་ཏེ་འཁོད་དོ། །ཡང་དེའི་ཚེ་ནད་བཞི་བརྒྱ་རྩ་བཞིས་ཐེབས་པའི་སེམས་ཅན་
གང་སུའང་རུང་བ་དག་དང་། ཡི་དགས་སུ་གྱུར་པ་གང་ཡིན་པ་དག་དང་། སེམས་ཅན་དམྱལ་བའི་སྐྱེ་གནས་སུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ཟས་དང་སྐོམ་གྱིས་ཚིམ་པར་གྱུར་ཏེ། བདེ་བ་དང་བསིལ་བའི་རླུང་གིས་ཕོག་ནས་གཉིད་འོང་ཞིང་མངོན་པར་རྩེ་བར་གྱུར་ཏོ། །ཡང་དེའི་
ཚེ་ལས་མི་ཟད་པ་རྣམ་པ་བཅུ་དྲུག་གིས་འཚོ་བའི་སེམས་ཅན་རྣམས་ཀྱིས་ལས་མི་ཟད་པའི་རང་བཞིན་བཏང་ནས་དེ་དག་ཐམས་ཅད་ཀྱང་ཟས་དང་སྐོམ་གྱིས་ཚིམ་པར་གྱུར་ཏེ། བདེ་བ་དང་བསིལ་བའི་རླུང་གིས་ཕོག་ནས། གཉིད་འོང་ཞིང་མངོན་པར་རྩེ་བར་གྱུར་ཏོ། །ཤ་ཟ་ཞིང་སྲིན་པོའི་རང་བཞིན་
ལྟ་བུར་གྱུར་པའི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཤ་ཟ་བ་སྤངས་ཏེ་ཇི་སྲིད་འཚོའི་བར་དུ་ཚུལ་ཁྲིམས་བླངས་སོ། །ཡང་དེའི་ཚེ་སེམས་ཅན་གང་དག་བྱི་བོ་བྱེད་པ་དང་། རྐུ་འཕྲོག་ལ་ཞུགས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཚུལ་ཁྲིམས་བླངས་ཏེ་དུལ་བ་དང་། ཡང་

དག་པར་སྡོམ་པ་ལ་དགའ་བར་གྱུར་ཏོ། །དེ་ནས་ལས་མི་ཟད་པ་ཆེན་པོ་བཅུ་དྲུག་གིས་འཚོ་བ་དང་། ཤ་ཟ་དང་། བྱི་བོ་བྱེད་པ་དང་། མ་བྱིན་པར་ལེན་པ་ལ་ཞུགས་པའི་སེམས་ཅན་དེ་དག་གིས་རང་རང་གི་སེམས་རྗེས་སུ་དྲན་ནས་གར་བྱེད་ཅིང་གླུ་ལེན་ཏེ་སྲི་ཞུ་བྱ་བར་བརྩམས་སོ། །ཡང་
དེའི་ཚེ་དེ་དག་དང་གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། སྲིན་པོ་དང་། གྲུལ་བུམ་དང་། འབྱུང་པོ་དང་། གཅོད་བྱེད་ཀྱི་བུ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་དང་། ཚངས་
པ་དང་། ནགས་ཀྱི་ལྷ་དང་། བྱ་དང་། རིག་སྔགས་འཆང་དང་། འདོད་དགུར་བསྒྱུར་བའི་གཟུགས་ཅན་གྱི་ལྷ་མོའི་ཚོགས་དུ་མ་དག་ཀྱང་ཆོས་ཀྱི་འདུ་སྟོན་གྱི་མཆོག་གི་དཀྱིལ་འཁོར་ཆེན་པོ་ཐོས་ཏེ། རབ་ཏུ་དགའ་བར་གྱུར་ནས་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཐེག་པ་ཆེན་པོ་
རྒྱས་པར་བྱ་བར་འདོད་པ། མཚུངས་པ་མེད་པའི་མདོ་ཆེན་པོའི་བསྒྲུབ་པ་གཟུང་བར་འདོད་པ། དམ་པའི་ཆོས་ཀྱི་ཕྱོགས་སུ་གཏོགས་པའི་སེམས་ཅན་རྣམས་ཡུན་རིང་དུ་གནས་པར་འདོད་པ། མ་འོངས་པའི་སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་རྒྱ་ཆེན་པོ་
བསྐྱེད་པ་དང་། དམ་པའི་ཆོས་གནས་པར་འདོད་པ་རྣམས་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་རང་རང་གི་གནས་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འདུ་སྟོན་ལ་མཆོད་པ་བྱས་ཏེ། མཚན་མཐའ་ཡས་པས་ཡང་དག་པར་བརྒྱན་པ།
སྟོན་ཟླ་ཐ་ཆུང་གི་ཟླ་བ་ཉ་བ་ལྟ་བུའི་རྒྱལ་བ་ཟླ་བའི་ཞབས་ལ་མགོ་བོས་ཡུན་རིང་དུ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུ་བ་

ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
སྤྲིན་ཆེན་སྙིང་པོ་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས། བཅོམ་ལྡན་འདས་ལ་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་མདོ་གང་དང་ལྡན་ན་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་བ་དང་། ཏིང་ངེ་འཛིན་ཡང་དག་པར་སོགས་པར་ཡང་འགྱུར་བ་དང་། ཐོས་པའི་རྒྱ་མཚོར་ཡང་འགྱུར་བ་དང་། ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར་བ་
དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་མི་འཚལ་ཞིང་ཡིད་གཉིས་མ་མཆིས་ལ་ཐེ་ཚོམ་འཚལ་བར་ཡང་མི་འགྱུར་བ་དང་། མི་ཁོམ་པ་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། ཚེ་རབས་དྲན་པར་ཡང་འགྱུར་བ་དང་། འཁོར་བའི་ལས་ཀྱི་ཞིང་གི་རྒྱ་མཚོ་ལ་སྲེད་པར་
ཡང་འགྱུར་བ་དང་། ཚེ་རབས་ཐམས་ཅད་དུ་ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་འབྲལ་བར་ཡང་མི་འགྱུར་བ་དང་། དེ་དག་གི་དགེ་བའི་ཆོས་རྣམས་ལ་བར་ཆད་བགྱི་བའི་སླད་དུ་བདུད་སྡིག་ཅན་གླགས་ལྟ་བ་དང་། སྐབས་ཚོལ་བས་གླགས་རྙེད་པར་ཡང་མི་འགྱུར་བ་དང་། ང་
རྒྱལ་ཆོམས་པར་ཡང་འགྱུར་བ་དང་། གཟུངས་ཐོབ་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ལྡེམ་པོ་དག་དཔྱོད་པ་ལ་མཁས་པར་ཡང་འགྱུར་བ་དང་། ཆོས་ཐམས་ཅད་ཀྱི་གསང་བའི་སྒོར་འཇུག་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་གཏེར་ཡང་དག་པར་
སྟོན་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཚུལ་ལ་འཇུག་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རྒྱ་མཚོའི་ཆུ་སྲིན་དུ་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི་ནང་དུ་ཆུད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྒྱུ་འཕྲུལ་

གསང་བའི་སྲུངས་མར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་གསུང་བརྗོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་དམིགས་པ་ལ་རྣལ་འབྱོར་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཉི་མའི་འོད་ཟེར་དུ་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཟླ་བའི་
དཀྱིལ་འཁོར་གྱི་གཟིར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཏོག་གི་རྩེ་མོའི་མཆོག་ཏུ་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་མཚམས་འཛིན་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཕྲིན་ལས་ལ་བརྩོན་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་
རྩལ་གྱི་ཤུགས་སུ་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་མུ་སྟེགས་ལ་ངེས་པའི་པད་མ་དཀར་པོར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་དགྱེས་པ་ལ་དགའ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་མཛོད་ཀྱི་དཀོར་བར་ཡང་འགྱུར་བ་དང་། དེ་བཞིན་
གཤེགས་པ་ལ་རྟག་པ་ཉིད་དུ་མཐོང་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་ཉིད་ཤིན་ཏུ་གསལ་བར་མཐོང་ནས་བདག་ཉིད་བསྔགས་པ་བརྗོད་པའི་རྒྱལ་པོར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ནི་ཐེར་ཟུག་པའི་སྐུ་ཡིན་ནོ་ཞེས་ཐེར་ཟུག་
ཏུ་སྨྲ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཞི་བའི་རང་བཞིན་ལ་མངོན་པར་དགའ་བའི་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ནི་རྟག་པ། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའོ་ཞེས་རྣམ་པ་ཐམས་ཅད་དུ་ལྟ་བའི་རྒྱ་མཚོ་ཐམས་ཅད་
དུ་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་དེ་ཁོ་ན་མཐོང་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུ་ནི་མི་ཕྱེད་པའི་སྐུ་ཡིན་ནོ་ཞེས་ཡང་དག་པར་མཐོང་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྐུ་ནི་རུས་པ་མ་ཡིན་ཞིང་
ཤ་མ་ཡིན་ལ་ཁྲག་མ་ཡིན་ཏེ་རྒྱུས་པ་མ་ཡིན་ནོ་ཞེས་སྟོང་པ་ཉིད་དུ་སྨྲ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཆོས་བསྟན་པ་ནི་འབྲས་བུ་ཡོད་པ་ཡིན་ནོ་ཞེས་འབྲས་བུ་ཡོད་པར་སྨྲ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཆོས་བསྟན་པ་ལ་ནི་འབྲས་བུ་མེད་པར་འགྱུར་

བ་མེད་དོ་ཞེས་མེད་པར་སྨྲ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་ནི་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མེད་དོ་ཞེས་གསལ་བར་སྨྲ་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་བའི་སེམས་ཅན་རྣམས་ལ་ནི་ཚུལ་ཁྲིམས་
ཉམས་པ་མེད་དོ་ཞེས་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ནི་ནུབ་པར་འགྱུར་བ་མེད་དོ་ཞེས་ནུབ་པར་མི་འགྱུར་བའི་བསྔགས་པ་བརྗོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རིགས་དང་། རྒྱུད་དག་ཅིང་ཡོངས་སུ་
དག་ལ་དྲི་མ་མེད་པས་བྱང་ཆུབ་སེམས་དཔའ་ནི་ཐབས་ཀྱི་རིགས་ཀྱི་རྒྱུད་ཡིན་ནོ་ཞེས་ལྟ་བ་ཕུན་སུམ་ཚོགས་པར་ཡང་འགྱུར་བ་དང་། རྟག་ཏུ་འཁོར་བ་ལ་སྡུག་པར་སེམས་པར་ཡང་འགྱུར་བ་དང་། འཁོར་བའི་བསྔགས་པ་བརྗོད་པར་ཡང་འགྱུར་བ་དང་། འཁོར་བའི་ཆེད་དུ་
ཐོས་པའི་རྒྱ་མཚོར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རིགས་ལ་དམིགས་པར་འདོད་པར་ཡང་འགྱུར་བ་དང་། རྟག་ཏུ་ཉོན་མོངས་པ་ལ་སེམས་པར་ཡང་འགྱུར་བ་དང་། ཉོན་མོངས་པ་ལ་སྡུག་པར་སེམས་པར་ཡང་འགྱུར་བ་དང་། ཉོན་མོངས་པའི་སྒོ་རྣམ་པ་སྣ་ཚོགས་འཐོབ་
པ་ལ་དད་པ་འཐོབ་པར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ཞིང་ལ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་བ་དང་། ལས་ཐམས་ཅད་ཀྱི་རྩ་བ་ནི་ཉོན་མོངས་པ་ཡིན་ནོ་ཞེས་རྙེད་པ་ལེགས་པར་རྙེད་པར་ལྟ་བར་ཡང་འགྱུར་བ་དང་། སངས་རྒྱས་ཀྱི་རྟག་པ་ཉིད་ལ་
ཡང་སོམ་ཉི་མི་འཚལ་ཞིང་ཡིད་གཉིས་མ་མཆིས་ལ་ཐེ་ཙོམ་འཚལ་བར་ཡང་མི་འགྱུར་བ་དང་། འཁོར་བ་ལ་མངོན་པར་དགའ་བར་ཡང་འགྱུར་བ་དང་། འཁོར་བ་ལ་མོས་པར་ཡང་འགྱུར་བ་དང་། བདག་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་རྟག་ཏུ་དད་པའི་སེམས་སུ་ཡང་འགྱུར་
བ་དང་། བདག་གིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ། །བདག་གིས་སངས་རྒྱས་ཀྱི་གདུང་མི་འཆད་པར་བྱའོ་ཞེས་དམ་བཅའ་ཞིང་སྨོན་ལམ་འདེབས་ཏེ། བྱང་ཆུབ་སེམས་དཔའ་དེད་དཔོན་དུ་ཡང་འགྱུར་བ་དང་། བདུད་ཀྱི་

སྨན་པར་ཡང་འགྱུར་བ་དང་། འཁོར་བའི་ཉོན་མོངས་པའི་རྒྱ་མཚོའི་སྟོན་པ་པོར་ཡང་འགྱུར་བ་དང་། འཁོར་བའི་ཉོན་མོངས་པའི་ཚོང་རྡལ་འཐོབ་པར་ལྟ་བར་ཡང་འགྱུར་བ་དང་། འཁོར་བའི་རྒྱ་མཚོ་ཆེན་པོ་འཐོབ་པས་སྐོམ་པར་ཡང་འགྱུར་བ་དང་། འཁོར་བ་ལ་སྲེད་པར་ཡང་
འགྱུར་བ་དང་། འཁོར་བ་འཐོབ་པ་ལ་རག་ལས་པའི་སེམས་སུ་ཡང་འགྱུར་བ་དང་། འཁོར་བ་འཐོབ་པ་མི་གཏོང་བར་ཡང་འགྱུར་བ་དང་། འཁོར་བའི་ཆུ་ལ་པད་མའི་རྒྱལ་པོ་རྒྱས་པར་ཡང་འགྱུར་བ་དང་། འཁོར་བའི་ཉོན་མོངས་པའི་རྒྱ་མཚོ་བཞིར་ཡང་འགྱུར་བ་དང་། འཁོར་
བའི་ཉོན་མོངས་པ་ལ་རྟག་ཏུ་སྨོན་ལམ་འདེབས་པའི་སེམས་སུ་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་འགྲོ་བ་ལ་དགའ་བར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་འགྲོ་བ་ལ་སེམས་ཤིང་རྟག་ཏུ་བསམ་པ་གཏོང་བའི་ངང་ཚུལ་ཅན་དུ་ཡང་འགྱུར་བ་དང་། སེམས་ཅན་དམྱལ་
བའི་ཚོང་རྡལ་གྱི་ཚོང་པར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བ་འཐོབ་པ་མི་གཏོང་བར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་མེ་ལ་སེམས་རྒྱས་པར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་ཉོན་མོངས་པས་སྙོན་རྨོངས་པར་གྱུར་པ་རྣམས་ལ་བདེ་ཞིང་བསིལ་བའི་
རླུང་དུ་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་མེ་དྲག་པོ་ལ་སྤྲིན་ཆེན་པོ་ལས་ཆར་ཀུན་ཏུ་འབེབས་པར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་ཐོག་ཏོག་ཏུ་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་སྟོན་པ་པོར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་རྒྱ་མཚོའི་མཉན་
པ་ཆེན་པོར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་སྨན་དུ་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་ཟས་སུ་ཡང་འགྱུར་བ་དང་། འཁོར་བའི་སྡུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་ཀྱིས་ཟིན་པའི་མུན་པ་མུན་ནག་བསལ་བའི་ཕྱིར་སྒྲོན་མ་ལྟ་བུར་ཡང་འགྱུར་བ་དང་། སྲིད་པའི་
འགྲོ་བ་སྣང་བར་བྱ་བའི་ཕྱིར་མར་མེ་ལྟ་བུར་ཡང་འགྱུར་བ་དང་། སྲིད་པའི་འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་མྱུར་དུ་གདུག་པ་རྣམ་པ་སྣ་ཚོགས་ཀྱིས་གོས་པར་མི་འགྱུར་བའི་ཕྱིར་བར་སྣང་ལྟ་བུར་ཡང་འགྱུར་བ་དང་། སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་མི་གནས་པར་ཡང་འགྱུར་

བ་དང་། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་དང་། སྟོབས་དང་། ཡེ་ཤེས་དང་ལྡན་པའི་ཕྱིར་ཁ་བའི་ཕུང་པོ་ལྟ་བུའི་ཉོན་མོངས་པ་སེལ་བའི་ཉི་མ་ལྟ་བུར་ཡང་འགྱུར་བ་དང་། ལེགས་པར་སྨྲས་པ་ཡང་དག་པར་བླངས་པའི་ཕྱིར་གཞན་གྱི་དྲིང་
མི་འཇོག་པར་འགྱུར་བ་དང་། ཡེ་ཤེས་རྒྱ་མཚོ་དང་ལྡན་པའི་ཕྱིར་རྒྱ་མཚོ་དུག་ཅན་ལྟ་བུར་ཡང་འགྱུར་བ་དང་། དཀར་པོའི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཟླ་བ་ལྟ་བུར་ཡང་འགྱུར་བ་དང་། གཏི་མུག་གི་མུན་པ་སེལ་བའི་ཕྱིར་ཉི་མ་ལྟ་བུར་ཡང་འགྱུར་བ་དང་། ཉོན་མོངས་
པས་འཁོར་བ་ལ་མངོན་པར་འཇུག་ཅིང་འགྲོ་བའི་ཚེ་བར་སྣང་ལྟ་བུར་ཡང་འགྱུར་བ་དང་། དེ་དང་དེ་མངོན་པར་རྟོགས་པས་པད་མ་ལྟ་བུར་གོས་པ་མེད་པར་ཡང་འགྱུར་བ་དང་། སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་མི་གནས་པར་ཡང་འགྱུར་བ་དང་། ཆོས་ཐམས་ཅད་ལ་ངེས་པར་
འབིགས་པའི་ཕྱིར་རྡོ་རྗེ་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་ཐོས་ན་མི་གཡོ་བའི་ཕྱིར་རི་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རིགས་དང་རྒྱུད་ལ་ཡེ་ཤེས་རྣམ་པར་དག་པའི་ཕྱིར་བཻ་དཱུརྱ་ལྟ་
བུར་ཡང་འགྱུར་བ་དང་། ཉོན་མོངས་པའི་རྙོག་པ་སེལ་བའི་ཕྱིར་རྒྱ་མཚོ་དུག་ཅན་པའི་གསེར་གྱི་ཕ་བོང་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་བརྟན་པའི་རང་བཞིན་མཐོང་བའི་ཕྱིར་ཟླ་བ་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་
པའི་ཆོས་ལས་མི་གཡོ་བའི་ཕྱིར་རི་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་གཏན་དུ་མྱ་ངན་ལས་མི་འདའ་ཞིང་ཆོས་ནུབ་པར་མི་འགྱུར་བ་ཐོས་ན་མི་གཡོ་བའི་ཕྱིར་སྒོའི་ཐེམ་པ་ལྟ་བུར་ཡང་འགྱུར་བ་དང་། ཡང་དག་པ་མཐོང་བའི་ཕྱིར་སེམས་བརྟན་ཞིང་གནས་པར་ཡང་འགྱུར་བ་དང་།
སེམས་མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུར་ཡང་འགྱུར་བ་དང་། མངོན་སུམ་དུ་ཡོན་ཏན་མང་པོ་འཐོབ་པ་མང་བར་ཡང་འགྱུར་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ལྡན་པར་ཡང་འགྱུར་བ་དང་། མཛེས་པར་ཡང་འགྱུར་བ་དང་། བལྟ་ན་སྡུག་པར་ཡང་འགྱུར་བ་དང་། བརྐམ་པ་

མེད་པར་ཡང་འགྱུར་བ་དང་། ལུས་ཆུང་ངུར་ཡང་མི་འགྱུར་བ་དང་། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་ཡང་འགྱུར་བ་དང་། རིགས་མཐོན་པོར་སྐྱེ་བར་ཡང་འགྱུར་བ་དང་། རིགས་ཆེན་པོར་སྐྱེ་བར་ཡང་འགྱུར་བ་དང་། འཁོར་མང་བར་ཡང་འགྱུར་བ་དང་། འཁོར་
མི་ཕྱེད་པར་ཡང་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་ཉམས་པར་མི་འགྱུར་བ་དང་། ཁ་ཟས་ལ་བརྐམ་པར་ཡང་མི་འགྱུར་བ་དང་། ཤའི་ཁ་ཟས་ཀྱང་རྣམ་པར་སྤོང་བར་འགྱུར་བ་དང་། བློ་གྲོས་དང་ལྡན་པར་ཡང་འགྱུར་
བ་དང་། སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ཆེར་བཀུར་བར་ཡང་འགྱུར་བ་དང་། དྲན་པ་དང་ལྡན་པར་ཡང་འགྱུར་བ་དང་། གཟི་བྱིན་དང་ལྡན་པར་ཡང་འགྱུར་བ་དང་། ཤེས་རབ་དང་ལྡན་པར་ཡང་འགྱུར་བ་དང་། དགའ་བ་དང་ལྡན་པར་ཡང་འགྱུར་བ་དང་། འཇིག་རྟེན་
དང་འཐུན་པར་འཇུག་པར་ཡང་འགྱུར་བ་དང་། འཇིག་རྟེན་ལ་ཕན་པར་འདོད་པར་ཡང་འགྱུར་བ་དང་། འཇིག་རྟེན་ལ་བདེ་བར་ཡང་འགྱུར་བ་དང་། འཇིག་རྟེན་གྱི་ཐུ་བོར་ཡང་འགྱུར་བ་དང་། འཇིག་རྟེན་གྱི་གཙོ་བོར་ཡང་འགྱུར་བ་དང་། འཇིག་རྟེན་གྱི་མཆོག་ཏུ་ཡང་
འགྱུར་བ་དང་། འཇིག་རྟེན་གྱི་རབ་ཏུ་ཡང་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པར་ཡང་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་མཆོད་པའི་གནས་སུ