Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 064_མདོ་སྡེ།_ཝ
Văn bản gốc(Tây Tạng)
Trang 9 / 20 (50.000 ký tự/trang)
་ཡང་འགྱུར་བ་དང་། སྦྱིན་བདག་ཆེན་པོར་ཡང་འགྱུར་བ་དང་། སྟོབས་ཆེན་པོ་དང་ལྡན་པར་ཡང་འགྱུར་བ་ དང་། དཔའ་བོ་ཆེན་པོར་ཡང་འགྱུར་བ་དང་། བརྩོན་འགྲུས་ཆེན་པོ་དང་ལྡན་པར་ཡང་འགྱུར་བ་དང་། བྱམས་པའི་སེམས་དང་ལྡན་པར་ཡང་འགྱུར་བ་དང་། བདེན་པར་སྨྲ་བར་ཡང་འགྱུར་བ་དང་། བརྟུལ་ཞུགས་བརྟན་པར་ཡང་འགྱུར་བ་དང་། བརྩོན་འགྲུས་བརྩམས་པར་ཡང་འགྱུར་བ་ དང་། བྱམས་པ་ལ་གནས་པར་ཡང་འགྱུར་བ་དང་། སྙིང་རྗེ་ལ་གནས་པར་ཡང་འགྱུར་བ་དང་། དགའ་བ་ལ་གནས་པར་ཡང་འགྱུར་བ་དང་། བཏང་སྙོམས་ལ་གནས་པར་ཡང་འགྱུར་བ་དང་། སྟོང་པའི་ཆོས་རྣམས་ལ་སྟོང་པར་སྨྲ་བར་ཡང་འགྱུར་བ་དང་། སྟོང་པ་མ་ལགས་པའི་ ཆོས་རྣམས་ལ་སྟོང་པ་མ་ལགས་པར་སྨྲ་བར་ཡང་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་རྟོགས་པར་སྨྲ་བར་ཡང་འགྱུར་བ་དང་། སངས་རྒྱས་ཀྱི་དེ་ཁོ་ནའི་ཆོས་ཀྱི་ལྟ་བ་སྨྲ་བར་ཡང་འགྱུར་བ་དང་། གཙང་བར་ཡང་འགྱུར་བ་དང་། གཙང་མས་ཕྱུག་པར་ཡང་འགྱུར་ བ་དང་། ཡོན་ཏན་གྱིས་ཕྱུག་པར་ཡང་འགྱུར་བ་དང་། ཚུལ་ཁྲིམས་ཀྱིས་ཕྱུག་པར་ཡང་འགྱུར་བ་དང་། ཆོས་ཀྱིས་ཕྱུག་པར་ཡང་འགྱུར་བ་དང་། དཔྲོག་ཏུ་མ་མཆིས་པའི་རྫས་ཀྱིས་ཕྱུག་པར་ཡང་འགྱུར་བ་དང་། སྐྱེ་བོ་དབུལ་པོ་སློང་བ་ལ་སོགས་པ་ལ་གཏེར་ལྟ་བུར་ཡང་འགྱུར་ བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་སྟོན་པ་ན་མི་སྐྲག་མི་དངང་ཞིང་དངང་བར་ཡང་མི་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་བགྱི་བར་སེམས་བསྐྱེད་པ་དེ་དང་དེར་སྐྱེ་བར་ཡང་འགྱུར་བ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་ སུ་བཅད་པ་དོན་དུ་མི་གཉེར་བར་ཡང་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བ་རྣམས་བསྡུས་ནས་དམ་པའི་ཆོས་ལ་འགོད་པར་ཡང་འགྱུར་བ་དང་། ཚུལ་ཁྲིམས་འཆལ་པ་གཡོ་སྒྱུ་དང་ལྡན་པ་རྣམས་ལ་ཐོག་ཏོག་ལྟ་བུར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་བྱས་པ་མི་གཟོ་བ་རྣམས་ བྱས་པ་གཟོ་བ་ལ་ཡང་དག་པར་སྦྱོར་བར་ཡང་འགྱུར་བ་དང་། མུ་སྟེགས་ཅན་གྱི་གནས་ཐམས་ཅད་དུ་མི་འཕྲོགས་པར་ཡང་འགྱུར་ཞིང་སླར་དེ་ལ་ཐབས་དང་ལྡན་པར་ཡང་འགྱུར་བ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། མུ་སྟེགས་ཅན་ཕས་ཀྱི་རྒོལ་བ་མང་པོ་དག་གིས་ཕུག་རྡུགས་སུ་མི་ཆུད་ ཅིང་སླར་དེ་ལ་ཐབས་ཀྱིས་རྟོན་པར་ཡང་འགྱུར་བ་དང་། མུ་སྟེགས་ཅན་གྱི་གནས་ཐམས་ཅད་ཀྱི་གསང་ཚིག་རྣམས་ལ་འདུན་པར་མི་འགྱུར་ཞིང་སླར་དེ་ལ་ཐབས་ཀྱིས་འདུན་པར་བགྱིད་པར་ཡང་འགྱུར་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་གནས་ཐམས་ཅད་ལ་རྟེན་པར་མི་འགྱུར་ ཞིང་། སླར་དེ་ལ་ཐབས་ཀྱིས་ཡང་དག་པར་རྟེན་པ་ལྟ་བུར་ཡང་འགྱུར་བ་དང་། ལས་ལ་རྟོན་པར་འགྱུར་གྱི་བཀྲ་ཤིས་དང་། དགེ་མཚན་ལ་རྟོན་པར་ཡང་མི་འགྱུར་བ་དང་། སྲོག་གཅོད་པ་བགྱིད་ཀྱང་སྲོག་གཅོད་པ་སྤངས་པར་ཡང་འགྱུར་བ་དང་། མེ་ཏོག་ཕྲེང་དང་། སྤོས་དང་། བྱུག་པ་དང་། ཕྱེ་མས་གདབ་པ་དང་། ཁྱིམ་པའི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་རྣམ་པ་དུ་མ་དག་དང་། ཆུང་མ་དང་ལྷན་ཅིག་འདོད་པའི་ཡོན་ཏན་སྤྱད་ཀྱང་ཤིན་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་བ་དང་། སྲོག་གཅོད་པ་དང་། རྐུ་འཕྲོག་བགྱིད་པ་དང་། བརྫུན་གྱི་ཚིག་དང་། སྐྱེམས་འཚལ་བ་ལ་སོགས་པ་ལ་རྟེན་ཅིང་ལས་རྣམས་བགྱིད་ལ་བུ་དང་། ཆུང་མ་རྣམས་སྟེན་ཀྱང་ཤིན་ཏུ་ཚངས་པར་སྤྱོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས་རྗེད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེར་བཀུར་བར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྡུག་པར་བྱ་བའི་སྲས་སུ་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱས་པ་གཟོ་བའི་བགོ་སྐལ་ལ་སྤྱོད་པར་ཡང་འགྱུར་བ་དང་། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཕྲིན་ལས་མཚུངས་པའི་ཆོས་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡང་དག་པར་རྟོག་པ་མཚུངས་པར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་གསང་བ་རྣམ་པ་མང་པོ་ལུང་བསྟན་པའི་ཡུལ་སྤྱིས་བཙན་པའི་རྒྱལ་པོར་ཡང་འགྱུར་བ་ དང་། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་ཆོས་སྟོན་པ་རྣམ་པ་དུ་མ་བརྗོད་པར་ཡང་འགྱུར་བ་དང་སངས་རྒྱས་ཐམས་ཅད་ཀྱིས་བཞེད་པའི་ང་རྒྱལ་ལ་གནས་པའི་ཡུལ་ལ་མཁས་པར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་འདོད་ཆགས་མ་མཆིས་པ་དང་། དྲི་མ་མ་མཆིས་པ་དང་། འཇིགས་པ་མ་མཆིས་པ་གསང་བ་རྣམ་པ་མང་པོའི་ཆོས་སྟོན་པའི་རང་བཞིན་དག་ལ་རིན་པོ་ཆེ་ལྟ་བུར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་གདུལ་བའི་དབང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པའི་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་འཇུག་ པ་ཡང་དག་པར་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཡུན་རིང་པོ་བསྐལ་པ་བྱེ་བ་བགྲངས་པ་མང་པོ་ནས་རྒལ་ནས་ཉོན་མོངས་པའི་རྒྱ་མཚོ་ལས་གྲོལ་བར་མཛད་པའི་གསང་བ་ཐམས་ཅད་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་ བའི་དབང་གིས་ཉོན་མོངས་པའི་རྒྱ་མཚོར་སྐྱེ་བར་བསྟན་ཏེ། རྒལ་ནས་བསྒྲལ་བར་བྱའོ། །གྲོལ་ནས་དགྲོལ་བར་བྱའོ་སྙམ་ནས་བསྟན་པའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་དག་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུན་རིང་པོ་བསྐལ་པ་བྱེ་བ་ བགྲངས་པ་མང་པོ་འདས་པ་ནས་བདུད་བྱེ་བ་རབ་ཏུ་བཅོམ་པའི་རྣམ་པ་གསང་བའི་དེ་ཁོ་ན་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་འདུལ་བའི་དབང་གི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འདུལ་བའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་སྟོན་པ་ལྟ་བུར་བཅོས་པ་ ལེགས་པར་མཐོང་བར་ཡང་འགྱུར་བ་དང་། ཐབས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་བཅོས་པའི་དེ་ཁོ་ན་མཐོང་བར་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་རོལ་པའི་གསང་བའི་རྒྱལ་པོའི་མཆོག་ཏུ་ཡང་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མ་མཆིས་པ། དཔེ་མ་མཆིས་པ། གྲངས་མ་མཆིས་པ། དཔག་ཏུ་མ་མཆིས་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་བའི་བྱང་ཆུབ་སེམས་དཔའི་མདོ་གང་ལགས། དེ་སྐད་ཅེས་ གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ། །སྤྲིན་ཆེན་སྙིང་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སེམས་ཅན་དམུས་ལོང་དུ་གྱུར་པ་རྣམས་ལ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཀྱི་བསྔགས་པ་བརྗོད་པའི་དེ་ཁོ་ན་ཤེས་པའི་མིག་གི་རྒྱུའི་དོན་དང་། རྟག་ཏུ་མིག་མཐོང་བར་བྱ་བའི་དོན་དང་། འཁོར་བའི་ཉོན་མོངས་པའི་རྒྱ་མཚོའི་ཕ་རོལ་ཏུ་ངེས་པར་བསྒྲལ་བའི་དོན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་ དཔའི་སྤྱོད་པ་ཡོངས་སུ་ཤེས་པར་བྱ་བའི་དོན་དང་། འཁོར་བའི་རྒྱ་མཚོའི་ཉོན་མོངས་པའི་སྒོ་ངའི་སྦུབས་ཡོངས་སུ་བརྟོལ་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་ཡང་དག་པར་བསླབས་ནས་ཕྱིར་ཡང་འཁོར་བའི་རྒྱ་མཚོའི་ཉོན་མོངས་པའི་སྒོ་ངའི་སྦུབས་སུ་ཐབས་ཀྱིས་འཇུག་པར་བྱ་བའི་ དོན་དང་། མི་རྟག་པ་དང་། སྟོང་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། བདག་མེད་པའི་བསྔགས་པ་བརྗོད་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་གྱི་ བདག་ཉིད་དུ་གནས་པར་ཡོངས་སུ་བརྟན་པའི་དོན་དང་། ཆོས་ནུབ་པར་འགྱུར་བར་སྨྲ་བའི་སེམས་ཅན་རྣམས་ལ་དམ་པའི་ཆོས་བསྟན་པའི་རང་བཞིན་གྱི་མིག་རྣམ་པར་སྦྱང་བའི་དོན་དང་། ལྷའི་གནས་ཀྱི་གཟུགས་ཐམས་ཅད་ལ་ལོག་པར་ལྟ་བའི་དུག་གིས་ཕོག་པའི་སེམས་ཅན་རྣམས་ལ་ ཕྱིར་གསོ་བའི་ལས་ཆེན་པོའི་ཆོ་ག་སྐྱུག་སྨན་དང་བཀྲུ་སྨན་བཏང་བའི་དོན་དང་། དེ་བཞིན་གཤེགས་པའི་ལྡེམ་པོ་དག་ལ་སེམས་ཡོངས་སུ་རྨོངས་ཤིང་རྣམ་པར་འཁྲུལ་པའི་སེམས་ཅན་རྣམས་ལ་ཡང་དག་པའི་རིག་སྔགས་བརྗོད་ཅིང་ཆུའི་བུམ་པ་ཐོགས་པ་གསང་སྔགས་ཀྱི་སྦྱོར་བའི་ཆོ་གའི་ སྨན་གནོད་སེལ་ལ་མཁས་པའི་སྨན་པ་ཆེན་པོ་ཡོངས་སུ་གཟུང་བའི་དོན་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་ལ་སོགས་པ་འོས་མ་ཡིན་པའི་ལྷའི་གཟུགས་རྣམས་ལ་རྟག་པ་དང་། འོས་པའི་རང་བཞིན་དུ་འཛིན་པའི་དུག་གིས་ཕོག་པའི་སེམས་ཅན་རྟག་པ་དང་། འོས་པར་ སྨྲ་བ་རྣམས་ལ་དུག་ཧ་ལ་ཧ་ལའི་ཟུག་རྔུ་དབྱུང་བའི་ཕྱིར་མི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བ་མི་སྟོན་པར་བྱ་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བ་རྣམ་པར་སྦྱང་བར་བྱ་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་ མ་ཡིན་པའི་ལྟ་བས་བཅིངས་པ་ལས་དགྲོལ་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བའི་ནད་གཞི་སྐྱུག་པ་དང་བཀྲུ་བའི་དོན་དང་། མི་རྟག་པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བའི་དུག་གིས་སྐྲངས་པ་གཏར་བའི་དོན་དང་། མི་རྟག་ པ་དང་། འོས་མ་ཡིན་པ་དང་། ལྷ་མ་ཡིན་པའི་ལྟ་བའི་དུག་གིས་རྣམ་པ་འདྲེས་པའི་མིག་གི་ཤ་འཛེར་གཅད་པའི་དོན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དུས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པའི་གནས་དང་། སྤྱོད་ཡུལ་དང་། གདུང་དང་། མཚན་དང་། ཞིང་དང་། དེ་ཁོ་ན་ཉིད་མཁྱེན་པ་དང་། རོ་དང་། ཁ་ཟས་ཞིམ་པོ་དང་། བདེ་བར་བྱེད་པའི་བསྙེན་བཀུར་བ་དང་། ཆེ་བ་ལ་འོས་པའི་མལ་སྟན་བདེ་བ་དང་། བཏུང་བ་དང་། ཁྲུས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། ཕྱེ་མས་བསྒོ་བ་དང་། བདུག་པ་དང་གོས་ཀྱི་མཆོག་ཕྲ་ ཞིང་ཤིན་ཏུ་ཕྲ་བ་དང་། རབ་ཏུ་མཛེས་པ་ཡང་དག་པར་བསྟན་པའི་དོན་དང་། དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་སྐུ་ཡིན་པར་ཡང་དག་པར་བསྟན་པའི་དོན་དུ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྤྲས་པ་ནི་ཡང་ལེགས་སོ། །དེ་བཞིན་གཤེགས་པའི་སྐུ་དེ་ཡང་ཤིན་ཏུ་ཟབ་པའི་མཚན་ཏེ། མཚན་ཉིད་གཅིག་པ་ཡང་མ་ཡིན། མཚན་གྱི་གཞི་མེད་པ་ཡང་མ་ཡིན། མཚན་གྱི་གཞི་མངོན་པ་ཡང་མ་ཡིན། རྟོགས་པར་འགྱུར་བ་ཡང་མ་ཡིན། རྟོགས་པར་མི་འགྱུར་བ་ཡང་མ་ཡིན། ཚུ་རོལ་ན་ཡང་མ་ཡིན། ཕ་རོལ་ན་ཡང་མ་ཡིན། བར་ན་ཡང་མ་ཡིན། ཐོག་མ་ ཡང་མ་ཡིན། ཐོག་མ་མེད་པ་ན་ཡང་མ་ཡིན། འདི་ན་ཡང་མ་ཡིན། གཞན་ན་ཡང་མ་ཡིན། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། ཚད་མར་བྱ་བ་ཡང་མ་ཡིན། ཚད་མར་མི་བྱ་བ་ཡང་མ་ཡིན། མཚན་མོ་ཡང་མ་ཡིན། མཚན་མོ་མ་ཡིན་པ་ཡང་མ་ཡིན། ཆུང་ངུ་ ཡང་མ་ཡིན། ཆུང་ངུ་མ་ཡིན་པ་ཡང་མ་ཡིན། ཡང་བ་ཡང་མ་ཡིན། ཡང་བ་མ་ཡིན་པ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་མི་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པས་ཤེས་པར་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པས་ཤེས་པར་མི་བྱ་བ་ཡང་ མ་ཡིན། མི་གནས་པ་ཡང་མ་ཡིན། མི་གནས་པ་མ་ཡིན་པ་ཡང་མ་ཡིན། མུན་པ་ཡང་མ་ཡིན། སྣང་བ་ཡང་མ་ཡིན། མིང་ཡང་མ་ཡིན། མཚན་མ་ཡང་མ་ཡིན། མཐུ་ཆུང་བ་ཡང་མ་ཡིན། སྟོབས་དང་ལྡན་པ་ཡང་མ་ཡིན། ཡུལ་ན་གནས་པ་ཡང་མ་ཡིན། ཕྱོགས་ན་གནས་པ་ཡང་མ་ཡིན། དགེ་བ་ཡང་མ་ཡིན། མི་དགེ་བ་ཡང་མ་ཡིན། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ག་ཞིག་ན་ཡོད་དོ་ཞེས་བརྗོད་དུ་རུང་བ་ཡང་མ་ཡིན། སྦྱིན་པར་ཡང་མ་ཡིན། ལེན་པར་ཡང་མ་ཡིན། ཚིག་ཏུ་བརྗོད་དུ་རུང་བ་ ཡང་མ་ཡིན། ཚིག་ཏུ་བརྗོད་དུ་མི་རུང་བ་ཡང་མ་ཡིན། བདེན་པར་ཡང་མ་ཡིན། བརྫུན་པར་ཡང་མ་ཡིན། ཡང་དག་པ་ཉིད་དུ་ཡང་མ་ཡིན། ལྟ་བར་ཡང་མ་ཡིན། ངེས་པར་འབྱུང་བར་ཡང་མ་ཡིན། ངེས་པར་མི་འབྱུང་བར་ཡང་མ་ཡིན། ཞིང་དུ་ཡང་མ་ཡིན། ཞིང་ མ་ཡིན་པར་ཡང་མ་ཡིན། དུས་ཀྱང་མ་ཡིན། དུས་མ་ཡིན་པར་ཡང་མ་ཡིན། སྦྱང་བར་བྱ་བ་ཡང་མ་ཡིན། སྦྱང་བར་མི་བྱ་བ་ཡང་མ་ཡིན། གཙང་བ་ཡང་མ་ཡིན། མི་གཙང་བར་ཡང་མ་ཡིན། བྱས་པ་ཡང་མ་ཡིན། མ་བྱས་པ་ཡང་མ་ཡིན། སྐྱེས་པ་ཡང་མ་ཡིན། འགག་པ་ཡང་མ་ཡིན། ཞི་བ། རབ་ཏུ་ཞི་བ། ཉེ་བར་ཞི་བ་སྟེ། ཁམས་ཀྱང་མ་ཡིན། ཕུང་པོ་ཡང་མ་ཡིན། སྐྱེ་མཆེད་ཀྱང་མ་ཡིན། ཁམས་ཀྱིས་བསྐྱེད་པ་ཡང་མ་ཡིན། ཕུང་པོས་བསྐྱེད་པ་ཡང་མ་ཡིན། སྐྱེ་མཆེད་ཀྱིས་བསྐྱེད་པ་ཡང་མ་ཡིན། ཉོན་མོངས་པའི་རྒྱུ་ ལས་བྱུང་བ་ཡང་མ་ཡིན། ལས་ཀྱི་རྒྱུ་ལས་བྱུང་བ་ཡང་མ་ཡིན། བསགས་པ་ཡང་མ་ཡིན། མ་བསགས་པ་ཡང་མ་ཡིན་ལ། འཆི་འཕོ་མེད་པར་འཆི་འཕོ་བ། མུ་མེད་པ། འགྲོ་བ་མེད་པར་འགྲོ་བ། དཔུང་གཉེན་དུ་གྱུར་པ། ཕྱི་མའི་མཐའ་མེད་པ། འཕོ་བ་མེད་ པ། ད་ལྟར་གྱི་དུས་ན་མི་གནས་པའི་རང་བཞིན་ཅན། གཟུགས་མེད་པ། ཚོར་བ་མེད་པ། འདུ་ཤེས་མེད་པ། འདུ་བྱེད་མེད་པ། རྣམ་པར་ཤེས་པ་མེད་པའི་དེ་བཞིན་ཉིད་ཀྱི་རང་བཞིན་མི་ཟད་པ། ཟད་པར་བྱར་མི་རུང་བ། ཟད་པ་དང་བྲལ་བ། མི་མཉམ་པ། མི་མཉམ་ པ་དང་མཉམ་པ། རྣམ་པར་ཤེས་པ་མ་ཡིན་པ། ཁམས་བཞི་ལས་ཡང་དག་པར་འདས་པ། ཆོས་ཐམས་ཅད་ལ་མ་ཆགས་པའི་མཐར་ཕྱིན་པ། ཡང་དག་པའི་མཐའ་མཐའ་མེད་པ་དེ་བཞིན་ཉིད་དང་མཉམ་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་ཡོན་ཏན་དཔག་ཏུ་ མེད་ཅིང་གྲངས་མེད་པ་དང་ལྡན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་འབེལ་བའི་གཏམ་གྱི་མཚན་ཉིད་ནི་འདི་ལྟ་བུ་ཡིན་ཏེ། ཕྲ་བའི་ཚིག་དང་། ཤིན་ཏུ་རྟོགས་པར་དཀའ་བ་དང་། ཤིན་ཏུ་བྱང་བ་དང་། ཤིན་ཏུ་ཟབ་པ་སྟེ། ཕྱི་རོལ་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་དེ་དག་གིས་སྔོན་ཚིག་དང་ཡི་གེ་གཅིག་ཀྱང་མ་ཐོས་ཏེ་དམུས་ལོང་དུ་གྱུར་ཅིང་དུག་གི་མཛོད་དུ་གྱུར་པ་དང་། གྲུམ་པོར་གྱུར་ཅིང་རྒས་པར་གྱུར་པ། སྲིད་པའི་སྒོ་ངའི་སྦུབས་ཀྱིས་གཡོགས་པ། གྲུ་ཞིགས་པ། དུག་གིས་ཕོག་པའི་ཟུག་རྔུས་ ཡོངས་སུ་མྱོས་པར་བྱས་པ། མཁྲིས་པས་བརྒྱལ་ཞིང་སེམས་རྣམ་པར་འཁྲུལ་པར་བྱས་པའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་གསོ་བའི་ཆོ་ག་ཆེན་པོ་སྐྱུག་པ་དང་བཀྲུ་བའི་སྦྱོར་བ་དང་། གསང་སྔགས་དང་། ཡང་དག་པའི་རིག་སྔགས་ བརྗོད་ཅིང་ཆུའི་བུམ་པ་ཐོགས་ཏེ་ཧ་ལ་ཧ་ལའི་དུག་གི་ཟུག་རྔུ་དབྱུང་བའི་དོན་དང་། ཡོངས་སུ་མྱ་ངན་ལས་འདས་པའི་སྒྲའི་བད་ཀན་དང་མཁྲིས་པ་སྙིང་ལ་ཞུགས་པ་གཅད་པའི་དོན་དང་། དེ་དག་གི་ལྟོ་རྣམ་པར་སྦྱང་བའི་དོན་དང་། དེ་དག་གི་དུག་གིས་སྐྲངས་པར་གྱུར་པ་གཏར་བའི་དོན་དང་། ཕྱེ་མ་ལེབ་དང་། སྦུར་བུ་ལྟ་བུར་གྱུར་པ་དེ་དག་དུག་གིས་ཕོག་པ་དང་འཆི་བ་ཡོངས་སུ་ཤེས་པར་བྱ་བའི་དོན་དང་། དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་ཡེ་ཤེས་སྣང་བའི་མར་མེ་གསལ་བར་བྱ་བའི་དོན་དང་། དེ་བཞིན་གཤེགས་ པའི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པའི་དེ་ཁོ་ན་མཁྱེན་པའི་ཟླ་བ་དང་ཉི་མའི་འོད་བསྐྱེད་པའི་དོན་དང་། ཤེས་རབ་ཀྱི་རྟག་པའི་མིག་སྤེལ་བར་བྱ་བའི་དོན་དང་། མཚུངས་པ་མེད་པའི་ཚུལ་ཐོབ་པར་བྱ་བའི་དོན་དང་། གཟུངས་དང་། ཏིང་ངེ་འཛིན་གྱི་རྫས་ཀྱི་ལྟད་མོ་བསྟན་ པའི་དོན་དང་། དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི་འཕགས་པའི་ནོར་ཐོབ་པར་བྱ་བའི་དོན་དང་། དེ་བཞིན་གཤེགས་པའི་སྐུའི་ཡང་དག་པའི་མེ་ལོང་གི་དཀྱིལ་འཁོར་ལེགས་པར་མཐོང་བར་བྱ་བའི་དོན་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའོ་སྙམ་པའི་ མ་རིག་པའི་དྲ་བའི་སྒོ་ངའི་སྦུབས་བརྟོལ་བའི་དོན་དང་། དེ་བཞིན་གཤེགས་པའི་བསྟན་པ་ནུབ་པར་འགྱུར་རོ་སྙམ་པའི་མ་རིག་པའི་རྒྱ་མཚོ་ཆེན་པོར་གྲུ་ཞིག་པའི་སེམས་ཅན་རྣམས་ཀྱི་གྲུ་བཅོས་པའི་དོན་དང་། དེ་བཞིན་གཤེགས་པ་ནི་མི་རྟག་གོ། །ཐེར་ཟུག་མ་ཡིན་ནོ། །མི་ བརྟན་ནོ། །ཞི་བ་མ་ཡིན་ནོ་སྙམ་པའི་དུག་གིས་ཕོག་པའི་ལྟ་བའི་ཟུག་རྔུ་དབྱུང་ཞིང་གསོ་བའི་ཆོ་ག་ཆེན་པོ་ཡོངས་སུ་གཟུང་བའི་དོན་དང་། དེ་བཞིན་གཤེགས་པ་ཐེར་ཟུག་མ་ཡིན། ཞི་བ་མ་ཡིན། བརྟན་པ་མ་ཡིན། རྟག་པ་མ་ཡིན་ནོ་སྙམ་པས་སེམས་ཡོངས་སུ་རྨོངས་པར་ བྱས་ཤིང་རྣམ་པར་འཁྲུལ་བར་བྱས་པའི་མཁྲིས་པ་ཞི་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཕྱོགས་གཅིག་ཏུ་བཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབེལ་བའི་གཏམ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་གསང་བའི་ཆོས་སྟོན་པའི་ཚུལ་རྣམ་པ་སྣ་ཚོགས་ཀྱི་རྩེད་ མོས་རྣམ་པར་རོལ་ཏེ། རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས་མངོན་པར་གནས་ཤིང་ཡང་དག་པར་ཞུགས་ཏེ་འབེལ་བའི་གཏམ་མཛད་དོ། །འབེལ་བའི་གཏམ་ནི་མཚན་ཉིད་དེ་ལྟ་བུར་ཕྲ་བའི་ཚིག་དང་ཤིན་ཏུ་རྟོགས་པར་དཀའ་བ་དང་། ཤིན་ཏུ་བྱང་བ་དང་། ཤིན་ཏུ་ཟབ་པས་བརྒྱན་པ་ཡིན་ ཏེ། སྤྲིན་ཆེན་སྙིང་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་ཚིག་དང་། ཡི་གེ་གཅིག་ཀྱང་མ་ཐོས་ཤིང་ཡུལ་དུ་མ་གྱུར་པ་ཞུ་བ་ལུང་བསྟན་པའི་ཕྱིར་དམ་བཅས་ཤིང་སྨོན་ལམ་བཏབ་པ་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་བདུད་ རྩི་མི་ཟད་པའི་རིན་པོ་ཆེའི་གཏེར་དེ་བཞིན་གཤེགས་པ་ལ་དྲིས་པ་ཤིན་ཏུ་ལེགས་པ་བྱས་སོ། །སེམས་ཅན་ཐམས་ཅད་ཀྱི་བདུད་རྩི་མཚུངས་པ་མེད་པའི་མདོའི་རྒྱལ་པོའི་གཏེར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཏེར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ ཏན་གྱི་ཆེ་བ་ཉིད་ཀྱི་གཏེར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་ཡང་དག་པའི་ཡེ་ཤེས་ཀྱི་ལྟ་བ་བཟང་པོའི་གཏེར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་རྟག་པའི་རང་བཞིན་གྱི་གཏེར་བཙུགས་ཏེ་ ཤིན་ཏུ་བརྟན་པར་བྱས་པ་ཡིན་ནོ། །སྤྲིན་ཆེན་སྙིང་པོ་ཁྱོད་དང་འཚམ་ཞིང་རྐྱེན་དུ་བབ་པར་དམ་བཅས་ཤིང་སྨོན་ལམ་བཏབ་པ་ནི་ལེགས་ཏེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་རྗེས་སུ་ཡི་རང་བ་མཛད་དོ། །དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སྤྲིན་ཆེན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཞུ་བ་ལུང་བསྟན་པའི་སླད་དུ་དམ་བཅས་ཤིང་སྨོན་ལམ་བཏབ་པ་མ་ལགས་ཀྱི། བཅོམ་ལྡན་འདས་བདག་གིས་ནི་དེ་བཞིན་གཤེགས་པའི་མཐུས་སེམས་ཅན་ཐམས་ཅད་བསོད་ནམས་སོགས་པར་བགྱི་བའི་སླད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བ་ལུང་བསྟན་པའི་སླད་དུ་མཚུངས་པ་མ་མཆིས་པའི་མདོའི་རྒྱལ་པོའི་ གཏེར་དང་། སེམས་ཅན་ཐམས་ཅད་ཀྱི་མི་ཟད་པའི་གཏེར་གྱི་དམ་བཅས་ཤིང་སྨོན་ལམ་བཏབ་པ་ལགས་སོ། །དམུས་ལོང་ལྟ་བུའི་སེམས་ཅན་རྣམས་ཀྱི་ཡེ་ཤེས་ཀྱི་མིག་གི་མར་མེ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་ཤེས་རབ་ཀྱི་གཏེར་བཅོམ་ ལྡན་འདས་ཀྱིས་བཤད་དུ་གསོལ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡོན་ཏན་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། དམ་པའི་ཆོས་བརྟན་པའི་གཏེར་གནས་པར་མཛད་དུ་གསོལ།། །།འཕགས་པ་སྤྲིན་ཆེན་ པོའི་མདོ། བམ་པོ་གསུམ་པ། དེ་སྐད་ཅེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ། །སྤྲིན་ཆེན་སྙིང་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཁྱོད་དང་འཚམ་པའི་ཚིག་གི་དོན་ཕྲ་ཞིང་ཟབ་མོའི་ཚིག་དང་། ཡི་གེ་སྤེལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་མཚན་ཉིད་དང་། དམ་པའི་ཆོས་བརྟན་པའི་གཏེར་དང་། ཁྱོད་དང་འདྲ་བ་དག་གིས་མཚུངས་པ་མེད་པའི་མདོའི་རྒྱལ་པོའི་གཏེར་དང་། དམ་པའི་ཆོས་བརྟན་པའི་གཏེར་དང་། སེམས་ཅན་ཐམས་ཅད་ཀྱི་བདུད་རྩི་མི་ཟད་པའི་གཏེར་དེ་བཞིན་གཤེགས་པ་ལ་ཞུས་པ་ལེགས་ཏེ་སེམས་ཅན་ཐམས་ཅད་ཀྱི་གཏེར་བརྟན་པར་བཞག་པ་ངས་ བཤད་པར་བྱའོ། །སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡང་དག་པའི་ཡོན་ཏན་གྱི་ཆེ་བ་ཉིད་དམ་པའི་ཆོས་བརྟན་པའི་གཏེར་གྱི་ཚུལ་དེ་ལེགས་པར་རབ་ཏུ་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་། བསྟན་ པར་བྱ་སྟེ། སྤྲིན་ཆེན་སྙིང་པོ་གཞན་ཡིད་ལ་མ་སེམས་ཤིག་དང་བཤད་པར་བྱའོ། །སྤྲིན་ཆེན་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི་ཕྱིར་བརྟན་པའི་སེམས་ཀྱིས་ཟུང་ཤིག །སེམས་ཅན་ཐམས་ཅད་ངེས་པར་བསྒྲལ་བའི་སེམས་ཀྱིས་ཡིད་ལ་ཟུང་ཤིག །སྤྲིན་ ཆེན་སྙིང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཀྱི་ཆོས་བརྟན་པའི་གཏེར་གྱི་ཚུལ་གང་གིས་སངས་རྒྱས་ཀྱི་ཡོན་ཏན་གྱི་དམ་པའི་ཆོས་བརྟན་པའི་གཏེར་གྱི་ཚུལ་དང་། དེ་ཁོ་ན་ཤེས་པའི་ཆུས་ཡོངས་ སུ་སྨིན་པར་བྱས་པའི་དགེ་བའི་རྩ་བའི་བདུད་རྩིའི་རོ་ཞིམ་པོ་ཐོབ་པ་ཡོད་དེ། དགེ་བའི་རྩ་བ་དེས་བདུད་རྩིའི་རོ་ཞིམ་པོ་དེ་ཡོངས་སུ་སྤྱད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པ་ཐམས་ཅད་མཛད་དེ། དེ་ཡོངས་སུ་རྫོགས་པས་སངས་རྒྱས་ཀྱི་མཛད་པས་མངོན་པར་རོལ་ པ་བདུད་རྩིའི་རོ་ཞིམ་པོ་དེ་ཡོངས་སུ་སྤྱོད་ཅིང་སེམས་ཅན་ཐམས་ཅད་ལ་ཡང་ཡེ་ཤེས་ཆེན་པོའི་བདུད་རྩིའི་རོ་ཞིམ་པོ་བྱིན་ཅིག །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་མཚུངས་པ་མེད་པའི་མདོའི་རྒྱལ་པོ། ཆོས་ཀྱི་རྣམ་གྲངས་ཆེན་པོ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཟུང་ཤིག །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་མཚུངས་པ་མེད་པའི་མདོའི་རྒྱལ་པོའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་དེ་ བཞིན་གཤེགས་པའི་ཚུལ་དམ་པའི་ཆོས་བརྟན་པའི་གཏེར་ཤོད་ཅིག །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ཀུན་ཆུབ་པར་གྱིས་ཤིག །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོའི་གཟུངས་ཀྱི་རྒྱ་མཚོ་ཆེན་པོ་ཏིང་ངེ་འཛིན་གྱི་རྒྱ་མཚོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཡོན་ཏན་ གྱི་འབྱུང་གནས་ཀྱི་ཚོང་རྡལ་སྐྱེས་བུ་དམ་པའི་ཚོང་པའི་གནས་ཆེན་པོར་གྱུར་པ་རྒྱས་པར་གྱིས་ཤིག །སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཏིང་ངེ་འཛིན་དང་གཟུངས་ཐམས་ཅད་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་དགེ་ བའི་རྩ་བའི་འབྱུང་གནས་ཟབ་མོའི་ཚིག་གི་དོན་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་གྱི་ཕྱག་རྒྱའི་མཚན་ཉིད་བརྟན་པའི་མངོན་མཚན་གྱིས་བཏབ་པ་སྤྲིན་ཆེན་པོའི་མདོ་མཚུངས་པ་མེད་པའི་མདོའི་རྒྱལ་པོའི་ཆོས་ཀྱི་ཚུལ་ཟུང་ཤིག །སྤྲིན་ཆེན་སྙིང་པོ་ཤིན་ཏུ་ བྱང་ཞིང་ཤིན་ཏུ་རྟོགས་པར་དཀའ་བ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ཀྱི་སྤྲིན་ཆེན་པོའི་མདོ་མཚུངས་པ་མེད་པའི་མདོའི་རྒྱལ་པོ་དམ་པའི་ཆོས་བརྟན་པའི་གཏེར་ལ་ཡིད་ཆེས་པར་གྱིས་ཤིག །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་ པོའི་མདོ་སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་བརྟན་པའི་གཏེར་དང་། མུ་གེ་བྱུང་བའི་ཚེ་ལོངས་སྤྱོད་མི་ཟད་པར་བྱེད་པའི་ཏིང་ངེ་འཛིན་དང་གཟུངས་ཀྱི་གཏེར་དང་། ཆར་མི་འབབ་པའི་ཚེ་དམ་པའི་ཆོས་ཀྱི་ཏིང་ངེ་འཛིན་གྱི་གཏེར་མི་ཟད་པའི་བདུད་རྩིའི་ཆར་གྱི་ཆུས་གང་བའི་སྤྲིན་ཆེན་པོའི་ཡོན་ཏན་ གྱི་རྣམ་པར་འཕྲུལ་པ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་གྱི་ཆར་ཆེན་པོ་དམ་པའི་ཆོས་བརྟན་པའི་གཏེར་དང་། ནད་བྱུང་བའི་ཚེ་བདེ་ཞིང་བསིལ་བའི་སྨན་སྦྱར་བས་དུག་གི་མཐུ་ཐམས་ཅད་མེད་པར་བྱེད་ པ་དང་། དམ་པའི་ཆོས་ཀྱི་གཟུངས་འཐོབ་པའི་ཏིང་ངེ་འཛིན་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་རང་བཞིན་གྱི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡོན་ཏན་གྱི་ཚོགས་ལ་བསྙེན་བཀུར་བྱ་བའི་གནས་དང་། མེ་ཏོག་ཕྲེང་དང་། ཕྱེ་མའི་བསྒོ་བས་བསྒོས་པ་སྤྲིན་ཆེན་པོའི་ མདོ་ནད་མེད་པར་བརྟེན་པའི་གཏེར་ཡི་གེར་བྲིས་ཤིག །སྤྲིན་ཆེན་སྙིང་པོ་སེམས་ཡོངས་སུ་རྨོངས་ཤིང་རྣམ་པར་འཁྲུལ་པ་རྣམས་དེ་བཞིན་གཤེགས་པ་མི་རྟག་ཅིང་ཐེར་ཟུག་པ་མ་ཡིན་ལ་མི་བརྟན་ཞིང་ནུབ་པར་འགྱུར་རོ་ཞེས་ལོག་པར་སྨྲ་བ་རྣམས་མཁྲིས་པས་བརྒྱལ་ཞིང་དུག་གི་ཟུག་རྔུས་ རྣམ་པར་བསྲེགས་པའི་ལྟ་བའི་གཉིད་ཀྱི་མུན་པས་གནོད་པར་བྱས་པའི་ཁྱིམ་དུ་ཉལ་ནས་གཉིད་ལོག་སྟེ། རྨི་ལམ་མི་ཟད་པའི་ལྟ་བས་བསྲེགས་ནས་མྱོས་ཤིང་རྨིས་ཏེ་སྐྲག་པའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བ་རྒན་གྲུམ་མོ་དང་འདྲ་བའི་སེམས་ཅན་རྣམས་ལ་སངས་རྒྱས་ ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་རང་བཞིན་ཤེས་པའི་འབྲུ་མར་དང་དེ་ཁོ་ན་རིག་པའི་སྙིང་པོ་རབ་ཏུ་འབར་བར་གྱིས་ཤིག །དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རང་བཞིན་རྟག་པའི་མར་མེ་ལ་འཇུག་པ་སྤངས་ནས་ཤཱཀྱའི་རིགས་ལ་བསྔགས་པ་མ་ཡིན་པ་བརྗོད་པའི་སེམས་ཅན་མི་ཤེས་པའི་ ལྟ་བ་མང་བ་དེ་དག་ལ་དེ་ཁོ་ན་ཤེས་པའི་ཀ་ཏ་ཀའི་འབྲས་བུའི་མིག་སྨན་གྱིས་ཕྱི་བར་གྱིས་ཤིག །དེ་བཞིན་གཤེགས་པའི་རིགས་ཀྱི་ཆེ་བ་ཉིད་ཀྱི་ཡང་དག་པའི་ཡེ་ཤེས་སྤངས་ལ། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ་ཉེས་པ་རྗོད་པར་བྱེད་པ་དེ་དག་གི་ལྕེ་ཆོད་དེ་འོར་ཅིག །དེ་ བཞིན་གཤེགས་པའི་ལྡེམ་པོ་ངག་ཤེས་རབ་ཀྱིས་རྟོགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་སྟེ་སངས་རྒྱས་ཀྱི་སྲས་སུ་གྱུར་པ་དེ་དག་ལ་ལྟ་བ་ཐམས་ཅད་ལ་རྣམ་པར་འཕྲུལ་པ་འདི་གཏད་པར་གྱིས་ཤིག །སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པས་བཤད་པ་ལ་ འབྲས་བུ་མེད་དོ་ཞེས་ཟེར་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པས་བཤད་པ་ལ་འབྲས་བུ་ཡོད་པར་མངོན་པར་རྟོགས་པར་བྱ་བའི་ཕྱིར་རྣམ་པར་འཕྲུལ་པར་གྱིས་ཤིག །སྤྲིན་ཆེན་སྙིང་པོ་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་ཀྱིས་མངོན་པར་དད་པར་གྱིས་ཤིག །སྤྲིན་ཆེན་ སྙིང་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་ལྟ་བ་ཐམས་ཅད་སྐྱུག་པ་དང་། བཀྲུ་བ་དང་། སྨན་སྣར་བླུགས་པའི་ཆོ་ག་ཆེན་པོ་ཐམས་ཅད་ཀྱིས་ནད་ཆེན་པོ་རྣམས་གཞོམ་པའི་ཕྱིར་མཚུངས་པ་མེད་པའི་མདོའི་རྒྱལ་པོ་ཆེན་པོ། མདོ་ ཐམས་ཅད་ཀྱི་བདག་པོ་འཁོར་ལོ་ཐམས་ཅད་བསྐོར་བ། དམ་པའི་ཆོས་རིན་པོ་ཆེའི་མཆོག་བརྟན་པའི་གཏེར། སེམས་ཅན་ཐམས་ཅད་ཀྱི་ཡུལ་མ་ཡིན་པ། ཟབ་མོའི་ཚིག་གི་དོན་དེ་བཞིན་གཤེགས་པ་ལ་དྲིས་ལ། དམ་པའི་ཆོས་བརྟན་པའི་གཏེར་རབ་ཏུ་གནས་པར་གྱིས་ཤིག ། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ལ་ལྟོས། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་རིན་པོ་ཆེའི་མཛོད་ཀྱི་འབྱུང་ གནས་ཀྱི་ཆོས་ཀྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ཟློགས་པའི་ཡེ་ཤེས་མཐའ་ཡས་པའི་རིན་པོ་ཆེའི་འབྱུང་གནས་ལ་ མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་སུམ་ཅུ་རྩ་དྲུག་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྡེམ་པོ་ངག་གི་བཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་ཉི་ཤུ་རྩ་གསུམ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲིད་པར་སྐྱེ་བས་རྩེ་བའི་རྣམ་པ་ལ་འཇུག་ཅིང་གནས་པ་བགྲོད་པའི་གསང་ བ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་བའི་ཉོན་མོངས་པའི་ཞིང་གི་ལས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར་སེམས་ཀྱིས་ཡང་དག་པར་ལེན་པའི་རྣམ་པར་ གྲོལ་བའི་སྨོན་ལམ་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ལ་རྨོངས་པའི་སྙིང་པོ་བསམ་གྱིས་མི་ཁྱབ་པ་གཟུད་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་ བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཟབ་མོ་བརྟན་པ་འཐོབ་པ་ལ་འཇུག་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་ བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲིན་ཆེན་པོའི་སྙིང་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་སྤྲིན་ཆེན་པོའི་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་རྣམ་པའི་ལམ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲིན་ཆེན་པོའི་ཚོགས་ ནམ་མཁའ་ལས་འབྱུང་ཞིང་འདུ་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲིན་ཆེན་པོའི་གློག་གི་འོད་སྣང་བའི་སྒོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲིན་ཆེན་པོའི་གློག་འགྱུ་བ་དང་ལྡན་པ་ལ་འཇུག་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་ དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲིན་ཆེན་པོའི་གློག་གི་སྒྱུ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་འཕྲུལ་ཆེན་པོའི་སྒྲོན་མ་སྟོན་པ་ཞེས་བྱ་བའི་ཆོས་ ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ཐོག་ཏོག་གི་འབེལ་བའི་གཏམ་ལ་འཇུག་པའི་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་ མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་མཛོད་སྲུང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོངས་ སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་ལམ་གྱི་རྣམ་པ་མངོན་པར་ མཚོན་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྲ་ཞིང་ཟབ་པའི་གླེང་གཞིའི་རྣམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེང་གེའི་རྣམ་པར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ མཚམས་སྦྱོར་བ་ཚོགས་པའི་རྣམ་པ་འཇིག་རྟེན་དང་འཐུན་པར་འཇུག་པར་བྱ་བ་ལ་འཇུག་པའི་མདོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་རྩེ་བའི་རིན་པོ་ཆེའི་མཛོད་ ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནམ་མཁའ་ལྡིང་གི་རྩལ་ཆེན་པོའི་སྟོབས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་ པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲ་ཆེན་པོའི་དུས་རྣམ་པར་བསྒྲགས་པ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་མི་འཇིགས་པ་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཀྱི་རྣམ་པ་དང་བཅས་པ་ཡངས་པ་ཞེས་ བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་ རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམག་ཆེན་པོ་དཔའ་བའི་རྒྱལ་པོའི་སྟོབས་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟང་པོ་རྣམ་པའི་རྣམ་པར་འཕྲུལ་ པའི་རྒྱལ་པོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་དཔུང་ཆེ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་ དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་རྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ནོར་བསྒྲིམས་ཏེ་བསྒྲུབས་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་མཆོད་སྦྱིན་ལ་ཕན་པའི་ཆོ་ག་ བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡང་དག་པའི་ས་བོན་རབ་ཏུ་སྐྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ནའི་སྙིང་པོའི་ཚུལ་གྱིས་མངོན་པར་རྩེ་བ་ལ་དགའ་བའི་རྒྱལ་པོའི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་བཅུ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་ཡུལ་བསམ་ གྱིས་མི་ཁྱབ་པའི་རྣམ་པའི་ཡོན་ཏན་གྱིས་ཡོངས་སུ་བརྒྱན་པ་དང་། དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིན་པོ་ཆེའི་མཛོད་ཀྱི་གཏེར་ཆེན་པོའི་ཡུལ་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་བརྟན་ ཞིང་མི་ཟད་པའི་གཏེར་ལ་ལྟོས། སྤྲིན་ཆེན་སྙིང་པོ་གཞན་ཡང་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ལྟོས། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ དེ་བཞིན་གཤེགས་པའི་ཚུལ་ཞེས་བྱ་བའི་གསང་བའི་ཆོས་ཀྱི་སྒོ་དག་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཟབ་མོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་ པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་རྒྱ་མཚོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་གཞུང་ལུགས་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་བསྲུང་བ་ལ་འཇུག་པ་ཞེས་བྱ་བའི་ ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པ་ཡང་དག་པར་བརྗོད་པ་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་དམིགས་པ་གསང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ དེ་བཞིན་གཤེགས་པའི་ཉི་མ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་ སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཏོག་ཅེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཀྱི་དེ་བཞིན་གཤེགས་པའི་མཚམས་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཟབ་མོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་ པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་རྣམ་པར་གནོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་ངེས་པའི་མུ་སྟེགས་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་དགྱེས་པ་དང་ལྡན་པ་ཞེས་བྱ་བའི་ ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་མཛོད་ཅེས་བྱ་བའི་གསང་བའི་ཆོས་ཀྱི་སྒོ་ཡོད་དོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོའི་ཡུལ་དེ་བཞིན་གཤེགས་ པའི་དམ་པའི་ཆོས་ཀྱི་ཚུལ་དང་། སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་ལ་ལྟོས། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ལྟོས། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་ དཔའ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་ཡང་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་རྣམ་པ་དང་། ཏིང་ངེ་འཛིན་དང་། གཟུངས་འཐོབ་པ་བརྒྱ་སྟོང་དུ་མ་དང་། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ ཀྱི་འཇིག་རྟེན་གྱི་རྗེས་སུ་འཇུག་པའི་མཛད་པ་དུ་མ་དང་། དེ་བཞིན་གཤེགས་པའི་གསང་བ་བྱེ་བ་བརྒྱ་སྟོང་ཁྱོད་དང་འདྲ་བ་དག་གིས་ཀྱང་རྟོགས་པར་དཀའ་ཞིང་ཟབ་ལ་ཕྲ་སྟེ་བརྡ་ཕྲད་པར་དཀའ་བའི་ཚིག་གི་དོན་ཤིན་ཏུ་སྦས་པ་དང་། དེ་བཞིན་གཤེགས་པའི་ཡུལ་ཤིན་ཏུ་ཕྲ་ ཞིང་ཤིན་ཏུ་བྱང་ལ་ཟབ་པའི་ཚིག་དང་། དེ་བཞིན་གཤེགས་པའི་ལྡེམ་པོ་ངག་གི་ཚིག་ཁྱོད་ཀྱིས་ཀྱང་སྔོན་ཚིག་དང་ཡི་གེ་གཅིག་ཀྱང་མ་ཐོས་པའི་ཚིག་ཡོད་དེ་རིམ་བཞིན་དུ་ཕྱིས་བཤད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་སྟན་ལས་ ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་མིག་མཆི་མས་གང་བཞིན་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་བདག་ཅག་ལ་སོགས་ པ་རྣམས་དང་། སྦྲང་བུ་དང་། སྡིག་སྦྲུལ་དང་། བྱི་བ་དང་། ལྐུགས་པ་དང་། ལོང་བ་དང་། འོན་པ་ལྟ་བུའི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ་སྤྲིན་ཆེན་པོའི་མདོའི་ཚིག་སྨོས་ཏེ་བཀའ་སྩལ་པ་ནི་ཀྱེ་མ་བཅོམ་ལྡན་འདས་ངོ་མཚར་རྨད་དུ་བྱུང་བ་ལགས་སོ། ། དེ་བཞིན་གཤེགས་པས་སྤྲིན་ཆེན་པོའི་མདོའི་ཚིག་སྨོས་ཤིང་གསུངས་ཏེ། བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པའི་གྲོང་ཁྱེར་གྱི་སྐས་ལ་འཛེག་པར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པས་ཤིན་ཏུ་ལེགས་པར་ བཀའ་སྩལ་པ་ལགས་ན། ད་ཡང་བདག་ཅག་ལ་སོགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། གྲུམ་པོ་དང་། ལག་རྡུམ་དང་། དམུས་ལོང་དང་། ལྐུགས་པ་དང་། འོན་པ་དང་། ཡན་ལག་ཐམས་ཅད་ཉམས་པར་གྱུར་པའི་སེམས་ཅན་རྣམས་ལ་དེ་བཞིན་ གཤེགས་པས་བཟོད་པ་དང་། བྱམས་པར་དགོངས་པ་དང་། ཐུགས་རྗེ་ཞིང་ཐུགས་བརྩེ་བའི་སླད་དུ་བདག་ཅག་གིས་ཚིག་དང་ཡི་གེ་གཅིག་གི་ཐིག་ལེ་ཙམ་ཡང་སྔོན་ཆད་མ་ཐོས་པ། དེ་བཞིན་གཤེགས་པའི་ཡུལ་བསམ་གྱིས་མི་ཁྱབ་པའི་མདོ། དེ་བཞིན་གཤེགས་པའི་རྟག་ པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་གྲོང་ཁྱེར་གྱི་སྐས་དང་ཐེམ་སྐས་ཡོན་ཏན་གྱི་ཚོགས་ཀྱིས་ཡོངས་སུ་བརྒྱན་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་སྨོས་པ་ཁྱོད་ཀྱིས་ཁོང་དུ་ཆུད་དེ་ཤིན་ཏུ་ལེགས་པར་རྟོགས་པ་ལེགས་སོ། །ལེགས་སོ། །སྤྲིན་ཆེན་སྙིང་པོ་དེ་ལྟར་ན་སྤྲིན་ཆེན་པོའི་མདོ་དེ་བཞིན་གཤེགས་པའི་ཡུལ་ནི་བསམ་གྱིས་མི་ཁྱབ་བོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་ མདོའི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །སྤྲིན་ཆེན་སྙིང་པོ་ཁྱོད་ཀྱིས་སྤྲིན་ཆེན་པོའི་མདོ་དང་འཐུན་པར་དམ་བཅས་ཤིང་སྨོན་ལམ་བཏབ་པ་ནི་ཁྱོད་ཡེ་ཤེས་ཟབ་མོ་དང་ལྡན་པ་ཡིན་གྱིས་སྤྲིན་ཆེན་སྙིང་པོ་མ་སྐྲག་ཅིག །སྤྲིན་ཆེན་སྙིང་པོ་མ་འཇིགས་ཤིག ། སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་པ་དྲན་པར་གྱིས་ཤིག །བདུད་རྩིའི་ཚིག་སྤྲིན་ཆེན་པོའི་མདོའི་ཡི་གེ་འབྲུ་ལྔའམ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཟབ་པ་དང་། མཉམ་པ་ཉིད་དང་། རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་ འཆང་བའི་མདོའི་མིང་གི་དོན་ཡང་རུང་སྟེ། གང་ན་ཡང་དག་པར་གནས་པ་དེར་ནི་མེའི་ལམ་གྱི་བཞི་མདོའི་དབུས་སུ་ཡང་འགྲོ་བར་བྱའོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་མཉན་པའི་དོན་དང་། བཀུར་སྟི་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་དང་། རིམ་གྲོ་བྱ་བའི་ཕྱིར་ འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་མེས་ཤིན་ཏུ་གང་བའི་ནང་དུ་ཡང་ཞུགས་ཏེ་འགྲོ་བར་བྱའོ། །སྤྲིན་ཆེན་སྙིང་པོ་གཞན་ཡིད་ལ་མ་སེམས་ཤིག་དང་། ཁྱོད་ལ་དེ་བཞིན་གཤེགས་པ་རྣམས་རྗེས་སུ་ཡི་རང་སྟེ། བདེ་བ་དང་ལྡན་ནམ། རྙེད་པ་རབ་ཏུ་རྙེད་དོ་ཞེས་ ཀྱང་བཀའ་སྩལ་པར་འགྱུར་རོ། །ཁྱོད་ཀྱིས་ཚིག་དང་ཡི་གེ་གཅིག་གི་ཐིག་ལེ་ལྟ་བུ་དག་ཀྱང་སྔོན་མ་ཐོས་པའི་དེ་བཞིན་གཤེགས་པའི་ཡུལ་ཟབ་ཅིང་ཕྲ་ལ་དོན་བཟང་པོ་དང་། ཚིག་འབྲུ་བཟང་པོར་སྦྱར་བའི་ཚིག་དང་ལྡན་པ་དག་རིང་པོ་མི་ཐོགས་པར་ཐོབ་པར་ འགྱུར་རོ། །ཕྲ་བའི་ཚིག་དེ་དག་རྟོགས་པར་འདོད་པ་དང་། དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཀྱི་སྤྱོད་པ་དང་། དེ་ཁོ་ནའི་སྤྱོད་པ་རྟོགས་པར་འདོད་པས་ནི་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་པའི་སྤྱོད་པ་ལ་ བརྩོན་པར་བྱའོ། །དམ་པའི་ཆོས་བརྟན་པར་བྱ་བ་དང་། མཉན་པའི་ཕྱིར་དེ་བཞིན་གཤེགས་པའི་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཀྱང་གཞན་དག་ལ་རྒྱས་པར་བསྟན་པར་བརྩོན་པར་བྱའོ། །དེ་བཞིན་གཤེགས་པ་རྟག་པ་ཞེས་བྱ་བ་དང་། དེ་ བཞིན་གཤེགས་པ་གཏན་དུ་མྱ་ངན་ལས་འདའ་བ་མེད་དོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པའི་བསྟན་པ་ཡང་ནུབ་པར་མི་འགྱུར་རོ་ཞེས་བྱ་བ་ལ་བརྩོན་པར་བྱ་སྟེ། གཞན་དག་ལ་ཡང་རྒྱས་པར་བཤད་པ་ལ་ཡང་བརྩོན་པར་བྱའོ། །དེ་ནས་དེའི་ཚེ་རྣམ་པར་འཐོར་རླུང་གི་རྒྱལ་པོ་ རྣམས་ལྷའི་བདེ་བའི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པའི་བདེ་བ་དང་། བསིལ་བའི་ཆུ་དང་འདྲེས་པའི་རླུང་དུས་ཚིགས་དྲུག་གི་མེ་ཏོག་དང་། འབྲས་བུས་རྒྱས་པ་དག་རབ་ཏུ་གཏོང་ཞིང་བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བ་ལ་ཞུགས་སོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་ནམ་མཁའ་ ལ་སྤྲིན་གྱི་ཚོགས་ཆེན་པོ་སྟང་ཟིལ་གྱི་ཁ་དོག་འདྲ་ཞིང་ཆུ་རོ་མངར་བ་རྣམ་པ་བཞིས་རྒྱས་པ་དག་འབྲུག་སྒྲ་སྒྲོགས་ཏེ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། མངོན་པར་རབ་ཏུ་ཆེམ་ཆེམ་མོ། །ཆེམ་ནལ་རབ་ཏུ་ཆེམ་ནལ། ཀུན་ཏུ་རབ་ཏུ་ཆེམ་ནལ། མངོན་ པར་རབ་ཏུ་ཆེམ་ནལ་ལོ། །བདུད་རྩིའི་འབྲུག་སྒྲ་སྒྲོགས་རབ་ཏུ་སྒྲོགས། ཀུན་ཏུ་རབ་ཏུ་སྒྲོགས་མངོན་པར་རབ་ཏུ་སྒྲོགས་སོ། །སིལ་སྙན་དང་། གླུ་དབྱངས་ལྟ་བུའི་སྒྲ་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བ་འབྱིན་རབ་ཏུ་འབྱིན། ཀུན་ཏུ་རབ་ཏུ་འབྱིན་མངོན་པར་རབ་ཏུ་འབྱིན་ཏོ། ། དིར་དིར་རབ་ཏུ་དིར་དིར། ཀུན་ཏུ་རབ་ཏུ་དིར་དིར། མངོན་པར་རབ་ཏུ་དིར་དིར་རོ། །འཕྲོ་རབ་ཏུ་འཕྲོ། ཀུན་ཏུ་རབ་ཏུ་འཕྲོ། མངོན་པར་རབ་ཏུ་འཕྲོའོ། །འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། མངོན་པར་རབ་ཏུ་འཁྲུགས་སོ། །གློངས་རབ་ཏུ་ གློངས། ཀུན་ཏུ་རབ་ཏུ་གློངས། མངོན་པར་རབ་ཏུ་གློངས་སོ། །གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། མངོན་པར་རབ་ཏུ་གཡོས་སོ། །གློག་མང་པོ་འགྱུ་རབ་ཏུ་འགྱུ། ཀུན་ཏུ་རབ་ཏུ་འགྱུ། །མངོན་པར་རབ་ཏུ་འགྱུ་སྟེ། བདག་ནི་སྲས་ལགས་སོ། །བདག་ནི་ སྲས་ལགས་སོ། །ཞེས་སྒྲ་སྙན་པ་དག་གྲགས་པར་གྱུར་ཏོ། །དེ་ནས་དེའི་མོད་ལ་སངས་རྒྱས་ཀྱི་མཐུས་ཕྱོགས་བཅུའི་འཇིག་རྟེན་དུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ། མངོན་པར་ རབ་ཏུ་འགུལ་ཏོ། །གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། མངོན་པར་རབ་ཏུ་གཡོས་སོ། །ལྡེག་རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག །མངོན་པར་རབ་ཏུ་ལྡེག་གོ། །འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། མངོན་པར་རབ་ཏུ་འཁྲུགས་སོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ། མངོན་པར་རབ་ཏུ་ཆེམ་ཆེམ་མོ། །འཇིག་རྟེན་གྱི་ཁམས་འང་འགུལ་བར་མཐོང་ནས། ཡང་མྱུར་བ་མྱུར་བར་ཕན་ཚུན་འདྲེས་ཤིང་ཕན་ཚུན་དུ་སྒྲ་འབྱིན་རབ་ཏུ་འབྱིན། ཀུན་ཏུ་རབ་ཏུ་འབྱིན། མངོན་པར་རབ་ཏུ་འབྱིན་ཏོ། །འགུལ་རབ་ཏུ་འགུལ། ཀུན་ ཏུ་རབ་ཏུ་འགུལ། མངོན་པར་རབ་ཏུ་འགུལ་ལོ། །ནམ་མཁའ་ཁེབས་པར་བྱེད་ཅིང་བཅུད་ཐམས་ཅད་དང་། རིན་པོ་ཆེ་དང་། སྨན་ཐམས་ཅད་དང་འདྲེས་པའི་ཆར་གྱི་རྒྱུན་ཤིན་ཏུ་ཆེན་པོ་འབེབས་སོ། །སྤྲིན་གྱི་ཚོགས་ཆེའོ་ཅོག་འབྲུག་སྒྲ་སྒྲོགས་ཤིང་། འུར་འུར་ཆེམ་ཆེམ། དིར་དིར་ ཏོག་ཡར། ཏུག་ཆོམ། ཁད་ཁད། ལྷག་ལྷག་ཅིང་སེང་གེའི་སྒྲ་ཆེན་པོ་དང་། ཀླུའི་སྒྲ་ཆེན་པོ་ཡིད་དུ་འོང་བའི་སྒྲ་མངོན་པར་སྒྲོགས་སོ། །རྫ་རྔའི་སྒྲ་ཆེན་པོ་ལྟ་བུར་ཆེམ་ཆེམ། དིར་དིར། ཏོག་ཡར། ཏུག་ཆོམ་སྟེ། གློག་ཆེན་པོ་འབར་རབ་ཏུ་འབར་ནས་ལྗིབ་ལྗིབ་ཅིང་ འདུག་གོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁོ་ར་ཁོར་ཡུག་ཏུ་རིན་པོ་ཆེ་ཐམས་ཅད་དང་། རོ་དང་ལྡན་པའི་ཆུའི་ཆར་པ་བབ་སྟེ། མངོན་པར་བབ་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་གི་ཆུ་ཀླུང་ཆེན་པོ་བརྒྱད་དང་། ཆུ་བྲན་གྱི་ཚོགས་དུ་མ་དག་ དང་། ཕུ་ཆུ་རྣམས་མངོན་པར་སྒྲ་སྒྲོགས་ཤིང་སྐད་འབྱིན་པར་གྱུར་ཏེ། ཏུག་རིང་། ཤ་ཤོ། འུར་འུར། དིར་དིར། ཤྭ་ཤྭ་ཤིང་འདུག་སྟེ། མུ་དང་ཁ་ད་ཆད་དུ་གང་བར་གྱུར་ལ་རིན་པོ་ཆེ་ཐམས་ཅད་དང་། རོ་ཐམས་ཅད་དང་ལྡན་པའི་ཆུ་མངོན་པར་བབ་པར་གྱུར་ཏོ། །དེ་བཞིན་ དུ་མཚོ་བྲན་དང་། རྫིང་དང་། རྫིང་ཆེན་པོ་རྣམས་ཀྱང་མུ་དང་། ཁ་ད་ཆད་དུ་གང་ལ། བཅུད་ཐམས་ཅད་དང་། རྩྭ་དང་། ནགས་ཚལ་གྱི་སྨན་ཐམས་ཅད་དང་འདྲེས་པའི་ཆུས་རྒྱས་པར་གྱུར་ཏེ། དེ་ལྟ་བུའི་བཀོད་པ་ཆེན་པོ་དག་དང་། སྤྲིན་གྱི་ཚོགས་ཆེན་པོ་གློག་གི་འོད་དང་འདྲེས་པའི་ སྤྲིན་ཆེན་པོས་ཞག་བདུན་གྱི་བར་དུ་ཆར་ཤིན་ཏུ་ཕབ་བོ། །འོན་ཀྱང་ཤ་སྦྲང་དང་། སྦྲང་བུ་དང་། སྡིག་སྦྲུལ་དང་། སྐམས་ན་གནས་པ་དང་། པི་ཚུ་ཀ་དང་། བྱའི་ཚོགས་ལ་སོགས་པ་དུད་འགྲོར་སྐྱེས་པ་ཐམས་ཅད་དང་། མི་རྣམས་དང་། སྲོག་ཆགས་ཐམས་ཅད་ལ་ཡང་གནོད་པར་མ་ གྱུར་ཏོ། །གྲང་བས་སྦྲེབས་པར་ཡང་མ་གྱུར་ཏོ། །སོ་ཐམས་ཐམས་བྱེད་པར་ཡང་མ་གྱུར་ཏེ་དེ་དག་སྔོན་ཆད་ཡེ་མ་བྱུང་བའི་བདེ་བ་དང་དགའ་བ་ལ་རྩེ་བས་མངོན་པར་རྩེ་བར་གྱུར་ཏོ། །སྔོན་ཆད་ཡེ་མ་བྱུང་བའི་བདེ་བ་ཐམས་ཅད་ཉམས་སུ་མྱོང་ངོ་། །སྔོན་ཆད་ཡེ་མ་བྱུང་བའི་རོ་ཞིམ་པོ་ཐམས་ ཅད་མྱོང་ངོ་། །སྦལ་པ་དང་། དུད་འགྲོར་སྐྱེས་པ་ཐམས་ཅད་ཀྱང་སྔོན་ཆད་ཡེ་མ་བྱུང་བའི་སྐད་མངོན་པར་འབྱིན་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་ཁབ་དང་། བྱ་རྒོད་ཀྱི་ཕུང་པོའི་རི་དང་བཅས་པ་དང་། ཚོང་རྡལ་དང་། ལུང་པའི་མདོ་དང་བཅས་པ་རྣམས་དང་། འཛམ་བུའི་གླིང་དང་ བཅས་པར་རིན་པོ་ཆེ་ཐམས་ཅད་ཀྱི་ས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་སྐུད་པས་ཁེབས་ཏེ། ལེགས་པར་བརྒྱན་པར་གྱུར་ཏོ། །རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་དང་། རིན་པོ་ཆེའི་འཁྲི་ཤིང་ཐམས་ཅད་ཕན་ཚུན་འཁྲི་ཞིང་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འཐད་པའི་སྒྲ་རབ་ཏུ་སྒྲོགས་ཏེ། ཕན་ཚུན་འཁྲོལ་བར་བྱེད་དོ། །རིན་པོ་ཆེ་ཐམས་ཅད་ཀྱི་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རྣམས་ཀྱང་ཟླ་བ་དང་། ཉི་མའི་གཟི་བརྗིད་ཀྱི་འོད་རྣམས་ཀྱིས་ཕྱེ་བ་ལྟར་རྒྱས་པར་གྱུར་ཏོ། །དཔེ་མེད་པའི་སྤོས་མང་པོས་བསྒོས་ཤིང་མེ་ཏོག་གིས་གང་སྟེ་མངོན་པར་ཁེབས་པར་ གྱུར་པའི་ས་གཞི་ལ་མི་མ་ཡིན་པ་རྣམས་འཆག་པར་གྱུར་ཏོ། །འཛམ་བུའི་གླིང་འདི་ན་གནས་པའི་འཁོར་ཆེན་པོ་དེ་དང་། སེམས་ཅན་ཐམས་ཅད་ཀྱིས་ཀྱང་མེ་ལོང་གི་ངོས་ལ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་མཐོང་ངོ་། །དེ་ནས་དེའི་ཚེ་དུད་འགྲོའི་སྐྱེ་གནས་སུ་ སྐྱེས་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་འདོད་པའི་སེམས་དང་། ཐེག་པ་ཆེན་པོས་སྐོམ་པའི་སེམས་དང་། ཐེག་པ་ཆེན་པོ་ལ་དད་པའི་སེམས་དང་། གཅིག་ལ་གཅིག་མ་དང་། སྲིང་མོ་དང་། བུ་ཇི་ལྟ་བ་བཞིན་དུ་སེམས་ཤིན་ཏུ་སྦྱངས་ཤིང་རབ་ཏུ་བརྟན་པར་གྱུར་ནས་མངོན་པར་གར་བྱེད་ ཅིང་སྐད་འབྱིན་ཏེ་བཅོམ་ལྡན་འདས་ལ་སྲི་ཞུ་བྱེད་པ་ལ་ཞུགས་སོ། །དེ་ནས་དེའི་ཚེ་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པས་འཁོར་ཆེན་པོ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། སྲིན་པོ་དང་། གྲུལ་བུམ་དང་། འབྱུང་པོ་དང་། གཅོད་བྱེད་ཀྱི་བུ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་དང་། ཚངས་པ་དང་། ནགས་ཚལ་གྱི་ལྷ་དང་། བྱ་དང་། རིག་སྔགས་འཆང་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་གྱི་ལྷ་མོའི་ཚོགས་འདྲེས་པ་དང་། དེ་བཞིན་གཤེགས་པའི་ རྣམ་པར་འཕྲུལ་པས་འཛམ་བུའི་གླིང་ཤིན་ཏུ་རྒྱས་པར་གྱུར་པ་དང་། འཇིག་རྟེན་གྱི་ཁམས་སྤྲུལ་པ་ཐམས་ཅད་མཐོང་ནས་ཆེད་དུ་བསམས་ཏེ་དེ་བཞིན་གཤེགས་པ་ལ་ལྷའི་མེ་ཏོག་གི་སྤྲིན་གྱི་ཆར་མངོན་པར་ཕབ་བོ། །ལྷའི་སྤོས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་བོ། །ལྷའི་ཕྱེ་མའི་སྤྲིན་ གྱི་ཆར་ཡང་མངོན་པར་ཕབ་བོ། །ལྷའི་མེ་ཏོག་ཕྲེང་གི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་བོ། །ལྷའི་རིན་པོ་ཆེའི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་བོ། །ལྷའི་གདུགས་ཀྱི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་བོ། །ལྷའི་གོས་དང་། རྒྱལ་མཚན་དང་། བ་དན་གྱི་སྤྲིན་གྱི་ཆར་ཡང་མངོན་པར་ ཕབ་བོ། །ལྷའི་སིལ་སྙན་དང་ཕེག་རྡོབ་པའི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་བོ། །ལྷའི་གླུ་དང་གར་དུ་ལྡན་པས་མངོན་པར་གར་བྱེད་པའི་སྤྲིན་གྱི་ཆར་ཡང་མངོན་པར་ཕབ་སྟེ། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ཡུལ་གྱི་ཆོ་འཕྲུལ་ཆེན་པོ་ཡང་མངོན་ སུམ་དུ་མཐོང་ལ། དེ་བཞིན་གཤེགས་པའི་ཚུལ་དམ་པའི་ཆོས་བརྟན་པ་དང་། ཤིན་ཏུ་རྒྱས་པ་ཆེན་པོའི་མདོའི་རྒྱལ་པོ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། ཤཱཀྱའི་རིགས་ཀྱི་རྒྱུད་རྣམ་པར་དག་པ་དང་། དེ་ བཞིན་གཤེགས་པའི་བསྟན་པ་འབྲས་བུ་ཡོད་པའི་ཚིག་སྨོས་པ་ཐོས་ནས་མངོན་པར་རྩེ་ཞིང་རབ་ཏུ་དགའ་བའི་སེམས་བསྐྱེད་དེ་རང་རང་གི་བླ་གོས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ནས་ཁ་འཐུན་པར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། ། རྟག་པའི་མཚན་རྣམས་ཕུན་སུམ་ཚོགས། །ཡོན་ཏན་མཐའ་ཡས་མཚོ་མངའ་བ། །སངས་རྒྱས་ལ་ནི་མགོས་ཕྱག་འཚལ། །བཅོམ་ལྡན་ཁྱོད་ནི་གཟི་བརྗིད་རྟག །རྟག་པའི་མཚན་ནི་མཛེས་པ་པོ། །དཔའ་བོ་ཆེན་པོ་ལྷ་ཡི་ལྷ། །བསམ་གྱིས་མི་ཁྱབ་དཔེ་མ་མཆིས། །དཔའ་བོ་ ཆེན་པོ་སྐུ་རྟག་པ། །ཏིང་འཛིན་ཡོན་ཏན་རྒྱ་མཚོ་ཆེ། །ཆོས་སྤྲིན་ཆར་པ་ཆེན་པོ་ཡི། །སྤྲིན་གྱི་མདོ་ནི་སྟོན་པ་པོ། །ཞི་བའི་སྐུ་ལྡན་ཞི་གྱུར་པ། །ཞི་བའི་སྤྲིན་ནི་སྟོན་པ་པོ། །གཟི་བརྗིད་ཞི་ཞིང་དཔལ་ཡང་ཞི། །ཕུན་སུམ་ཚོགས་པ་ཞི་ལ་གནས། །གནས་རྟག་ཡེ་ཤེས་རྟག་པ་སྟེ། ། ཞིང་རྟག་རྟག་པའི་རྣམ་པ་ལགས། །མི་རྟག་ཚོགས་ཀྱི་མུན་སེལ་བ། །མི་རྟག་ཕྱོགས་ནི་ཟད་པར་མཛད། །ཁྱོད་ནི་ལྡེམ་ངག་མཁས་པ་སྟེ། །སེམས་ཅན་ཀུན་ལ་ཐུགས་བརྩེ་ལྡན། །རྒྱལ་ཆེན་གསང་བ་མང་པོ་མངའ། །རྒྱལ་བ་ཟླ་བ་འོད་ཆེན་ལགས། །དེང་ནི་ལྷ་ཁྱོད་བཟང་བ་སྟེ། ། མདོ་མཆོག་འདུ་སྟོན་སྟོན་པར་མཛད། །དེང་ནི་ལྷ་ཁྱོད་མཛེས་གྱུར་ཏོ། །ལྷ་དང་འཇིག་རྟེན་འཐུན་པར་མཛད། །འདྲེན་མཆོག་ལྷ་ཁྱོད་དེང་སྒྲོགས་ཏེ། །མདོ་བསྒྲགས་མིང་བཅས་སྟོན་པར་མཛད། །རྒྱལ་པོའི་ཁབ་ནི་རི་དང་བཅས། །དེ་རིང་ཁྱོད་ཀྱིས་སྣང་བར་མཛད། །དེ་རིང་ གདན་མཆོག་མཛེས་གྱུར་ཏེ། །ནོར་བུ་རིན་ཆེན་བྱེ་མང་སྤྲས། །ཡོན་ཏན་མཐའ་ཡས་བརྒྱན་པ་ཡི། །ས་གཞི་ལྷ་ཡི་གོས་ཀྱིས་བཀབ། །བབ་ལ་ལྡོང་རོས་མུགས་མཚལ་གྱིས། །ལེགས་བྲིས་འབྱེས་པར་བྱས་པ་ལ། །གསེར་དང་ནོར་བུ་བཻ་དཱུརྱ། །ཤེལ་རྣམས་ཀྱིས་ནི་ཡོངས་ སུ་སྤྲས། །བྱ་རྒོད་ཕུང་པོ་མཆོག་གྱུར་པ། །གངས་ཀྱི་རི་ཡི་རྩེ་བརྒྱ་དག །རབ་ཏུ་འབར་བས་མཛེས་པར་བྱས། །དཔལ་དང་ལྡན་པའི་གྲོང་ཁྱེར་འདི། །ལྷ་ཡི་རིན་ཆེན་བླ་ཡི་ཚོགས། །དགྲ་ཁང་དག་ཀྱང་ལེགས་པར་བཅས། །ཁང་བཟངས་གཞལ་མེད་ཁང་མང་གིས། །ཁོ་ ར་ཡུག་ནས་མཛེས་པར་གྱུར། །མཚོ་བྲན་དང་བ་རྫིང་ཆེན་མཆོག །རྫིང་བུའི་ཆུས་ནི་ཡུལ་རྣམས་བརྒྱན། །བདེར་འཇུག་འབབ་སྟེགས་རྫིང་ཆེན་མང་། །རྒྱལ་པོའི་ཁབ་ནི་དེ་རིང་དུ། །ལྷ་ཡི་གྲོང་ཁྱེར་བཞིན་དུ་མཛེས། །རྔ་དང་དུང་དང་དྲིལ་བུ་དང་། །པི་བང་རྒྱུད་བཅས་མ་སྦྲེངས་ པར། །སྒྲ་ཆེན་སྒྲོགས་པར་འབྱུང་བ་འདི། །ངོ་མཚར་རྨད་དུ་བྱུང་བ་ལགས། །ལུས་བདེ་ཡིད་དང་འཐད་པ་ཡི། །སེར་བུའི་ངད་ཀྱང་ལྡང་བར་གྱུར། །བར་སྣང་མཁའ་ལས་འབྲུག་སྒྲ་སྒྲོགས། །གློག་མང་ཐམས་ཅད་རྣམ་པར་འགྱུ། །རིན་ཆེན་གང་བའི་ཆུ་རྒྱུན་འབབ། །དེ་དག་ ཚུལ་གྱིས་ཆར་འབབ་ཅིང་། །སེམས་ཅན་མི་གནོད་འཐུན་པར་བསིལ། །སྲོག་ཆགས་ཕྲ་མོ་སྡིག་སྦྲུལ་སྦྲང་། །དེ་རིང་རབ་དགའ་མགུ་ཞིང་རྩེ། །ལེ་བརྒན་རྩི་དང་ས་ལ་དང་། །ཨ་ཏི་མུག་ཏ་ཏི་ལ་ཀ པུན་ན་ཀ་དང་ཀེ་ཏ་དང་། །ཀུ་རུ་བ་ཀ་ཀེ་ས་ར། །དྲི་ཞིམ་པ་དང་ནག་དང་། ། ཨ་ག་རུ་དང་དོང་ཀ་ཡིས། །འོད་མའི་ཚལ་ནི་དེ་རིང་དུ། །ཤིན་ཏུ་སྣང་ཞིང་མཆིས་པར་བགྱིས། །བ་ཀུ་ལ་དང་ཙམ་པ་ཀ །ཐང་ཤིང་པྲི་ཡ་ཀུ་ཡི་ཤིང་། །གསེང་ཕྲོམ་དང་ནི་ཉོ་ཏི་དང་། །སྒྲོན་ཤིང་དང་ནི་ཡོངས་འདུ་དང་། །ཤིང་ལྗོན་ཚོགས་ཀྱིས་འོད་མའི་ཚལ། །དེ་རིང་སྣང་ཞིང་ མཆིས་པར་བགྱིས། །ཨ་མྲ་ཏ་ལ་ཀ་པིད་ཐ། །པ་ན་ས་དང་ཙན་དན་དམར། །བ་མངལ་ཤིང་ནི་དྲི་ཞིམ་གྱིས། །འོད་མའི་ཚལ་ནི་དེང་སྣང་བགྱིས། །སྲ་རྩི་ཤིང་མཆོག་བ་རང་ག །ཨང་ཙུ་ཀ་དང་ཀེ་ས་རི། །མྱ་ངན་འཚང་དང་ཙམ་པ་ཀ །དམར་སེར་གྱིས་ནི་འོད་མའི་ཚལ། ། དེ་རིང་འབར་ཞིང་མཆིས་པར་བགྱིས། །རྒྱ་ཤུག་འཛམ་བུ་ཀམ་པ་རི། །སྐྱུ་རུ་བེལ་ལ་སེའུ་ཤིང་ནགས། །ཏེན་དུ་ཀ་དང་པ་ཀ་ས། །མངར་ཞིང་ཞིམ་པའི་ཤིང་ལྗོན་དང་། །འབྲ་ཀོའི་ཤིང་མང་རྒུན་ཤིང་ཚོགས། །བལ་བུ་དང་ནི་ས་བརྟོལ་མང་། །མ་ནི་ཀ་ར་དོང་ཀ་དང་། ། ཤིང་ལྗོན་ཚོགས་ཀྱིས་འོད་མའི་ཚལ། །དེ་རིང་སྣང་ཞིང་མཆིས་པར་བགྱིས། །ཨ་ག་རུ་ཡི་ཤིང་དག་དང་། །ཏམ་ལ་འདབ་རབ་མཛེས་དང་། །གུར་ཀུམ་དང་ནི་ཕུར་མོ་དང་། །ས་བོན་ཚོགས་ནི་མང་པོ་དང་། །གོར་ཤི་ཤ་དང་ཙན་དན་དམར། །ཧ་རིའི་ཙན་དན་དུ་མ་དང་། །ཤིང་ལྗོན་ ཚོགས་ཀྱིས་འོད་མའི་ཚལ། །དེ་རིང་སྣང་ཞིང་མཆིས་པར་བགྱིས། །སྐྱེད་མོས་ཚལ་དང་ནགས་ཚལ་དང་། །རྫིང་བུ་མཚོ་མང་དག་ན་ཡང་། །དུས་ཚིགས་ཀུན་གྱི་ཨུད་པལ་ཚོགས། །མེ་ཏོག་རྒྱས་པས་འོད་མའི་ཚལ། །དེ་རིང་སྣང་ཞིང་མཆིས་པར་བགྱིས། །རིན་ཆེན་ཀུན་གྱི་ཤིང་ ལྗོན་དང་། །རིན་ཆེན་འཁྲི་ཤིང་ཡོངས་སུ་འཁྲི། །རིན་ཆེན་ཀུན་གྱི་ཨུད་པལ་གྱི། །མེ་ཏོག་ཚོགས་རྣམས་དེ་རིང་མཛེས། །སངས་རྒྱས་མཐུས་ནི་དེ་རིང་དུ། །འདི་ལྟར་ཉི་ཟླའི་དཀྱིལ་འཁོར་དག །འཇིག་རྟེན་ཁམས་ནི་མང་པོར་ཡང་། །དཀོན་པའི་ལས་མང་བགྱིས་པ་གདའ། ། འཇིག་རྟེན་ཁམས་ནི་མང་པོ་དག །མེ་ལོང་གི་ནི་དཀྱིལ་འཁོར་ལྟར། །སེམས་ཅན་བྱེ་བ་མང་པོ་ཡིས། །འདི་ན་མཆིས་བཞིན་གསལ་བར་མཐོང་། །ངང་པ་ཁྲུང་ཁྲུང་ངུར་པར་བཅས། །ཤང་ཤང་ཏེའུ་ནི་མང་པོ་དང་། །ཀ་རན་ད་བ་རྨ་བྱ་དང་། །དེ་བཞིན་ཁུ་བྱུག་ཀུ་ན་ལ། །བུང་བ་མཐའ་ ཡས་བུང་བུང་སྒྲོགས། །རྒྱལ་པོའི་ཁབ་ཏུ་དེ་རིང་ནི། །བྱ་རྣམས་རྣམ་པ་དུ་མ་དག །སྐད་སྙན་འབྱིན་ཅིང་སྒྲོགས་པར་བགྱིད། །གནག་པ་དང་ནི་ལྗང་ཁུའི་མདོག །མདོག་སྡུག་དང་ནི་སྔོ་བ་དང་། །པད་མ་དཀར་པོའི་མདོག་ཅན་གྱི། །ངང་མཆོག་གླང་ཆེན་སེང་གེ་རྣམས། །སེང་ གེའི་སྒྲ་ནི་སྒྲོགས་བགྱིད་ཅིང་། །རྒྱལ་པོའི་ཁབ་ནི་དེ་རིང་མཛེས། །འཛམ་གླིང་ཡུལ་འཁོར་བཅས་པ་དང་། །ལུང་པར་བཅས་དང་ཚོང་རྡལ་བཅས། །འབྱོར་རྒྱས་དག་ལ་སེམས་ཅན་རྣམས། །ལྷ་ཡི་བདེ་བའི་ལོངས་སྤྱོད་སྤྱད། །སེམས་དགའ་མོས་ཤིང་རབ་ཚིམ་ནས། །སེམས་ ཅན་རྣམ་པ་དུ་མ་ཡིས། །ལས་དྲག་མང་པོའི་སྡིག་སྤངས་ནས། །ཡིད་བདེ་རབ་ཏུ་དུལ་བར་གྱུར། །དེ་རིང་ཁྱོད་ཞི་ཞབས་དྲུང་ལྷགས། །ཕྱག་འཚལ་ནས་ནི་དེ་རིང་དུ། །རྣམ་པ་མང་པོའི་ཚུལ་གྱིས་འཇུག །ཉེ་གནས་ཆོ་ག་མཆོག་ལ་བཟོད། །སེམས་ཅན་ལྷ་མང་བྱེ་བ་རྣམས། ། དམ་པའི་ཆོས་ཀྱི་ཚིག་ཀྱང་སྲུང་། །དམ་པའི་ཆོས་མཆོག་རབ་ཀྱི་ཚུལ། །ངང་ཚུལ་བཟང་བས་ཉན་པར་བགྱིད། །ཤིན་ཏུ་མི་བཟད་བདུད་ཀྱི་འཁོར། །དེ་རིང་རབ་ཏུ་གཡོས་པར་གྱུར། །དམྱལ་བའི་ཚོང་དུས་ཕྱེ་ནས་ཀྱང་། །དེ་རིང་ཁྱོད་ཀྱི་ཞབས་དྲུང་ལྷགས། །གཞན་ཡང་ལྷ་མང་བྱེ་ བའི་ཚོགས། །གླུ་གར་རྣམ་པ་སྣ་ཚོགས་བགྱིད། །དེ་བཞིན་དུད་འགྲོར་སྐྱེས་པ་ཡི། །སེམས་ཅན་རྣམས་ནི་ཕན་ཚུན་དུ། །མང་དུ་དགྲ་བགྱིད་ཆགས་པའི་ཚུལ། །འཁོར་བའི་ཚུལ་སྤངས་ཆོས་ཀྱང་ཉན། །དམྱལ་བ་ཡི་ནི་སེམས་ཅན་རྣམས། །སྡུག་བསྔལ་མང་པོ་མྱོང་བ་ཡང་། ། དེ་རིང་མེ་ཞི་ཤས་ཆེར་བསིལ། །ཟས་སྐོམ་དག་གིས་རབ་ཚིམ་ནས། །དེ་རིང་བདེ་བར་གཉིད་ཀྱིས་ལོག །དེ་རིང་ལྷ་དང་མི་རྣམས་ཀྱིས། །དེ་འདྲའི་ལས་རྣམས་ཐོས་པ་དང་། །སེམས་ཅན་རྣམས་ཀྱིས་དམ་ཆོས་ཚུལ། །སྒྲ་བསྒྲགས་ལ་ནི་མངོན་མཆོད་ཅིང་། །འཇུག་པ་འདི་ནི་ངོ་ མཚར་རྨད། །བཅོམ་ལྡན་འདས་ཀྱིས་ཚིག་གཅིག་གསུངས་ན་ནི། །ཇི་ལྟར་བློ་དགའ་བཞིན་དུ་སྣ་ཚོགས་རྟོགས། །ཁྱོད་ནི་སེམས་ཅན་ཀུན་གྱིས་བདེ་མྱོང་བའི། །ཡངས་ཤིང་རྣམ་དག་ཆོས་ནི་སྟོན་པ་མཛད། །སེམས་ཅན་ཐམས་ཅད་ཡིད་བདེ་རབ་དུལ་ཞིང་། །སེམས་ཀྱང་རབ་དགའ་ མཉམ་པར་བྱམས་པར་སེམས། །གཅིག་ལ་གཅིག་ནི་ནོངས་པ་བཤགས་ནས་ཀྱང་། །མ་དང་བུ་བཞིན་ཆོས་ནི་ཉན་པར་བགྱིད། །སེམས་ཅན་ཀུན་ཀྱང་བདག་ཉིད་གཙོར་བགྱིས་ནས། །དེ་རིང་བདག་གི་རང་བཞིན་བསམ་དགོངས་སྙམ། །བདག་ལ་ཐུགས་བརྩེས་བདག་གི་སྟན་བཞུགས་ནས། ། མི་མཆོག་འདུལ་བའི་ཁ་སྒྱུར་ཆོས་སྟོན་སྙམ། །དེ་རིང་ལྷ་ཁྱོད་གདན་གཅིག་སྟེང་བཞུགས་ནས། །དམ་ཆོས་སྤྲིན་གྱི་མདོ་མཆོག་བསྟན་པར་མཛད། །དེ་རིང་ཆོས་ཚོགས་མང་ལ་བྱིན་གྱིས་རློབ། །སྐུ་ཡང་མང་ཞིང་གཟུགས་མང་བའི། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །སྟན་རྣམས་ཀུན་ ལ་བཞུགས་ནས་ཀྱང་། །ཁྱོད་ནི་ཆོས་འདི་སྟོན་པར་མཛད། །ལྷ་ཡི་ལྷ་ལ་བདག་དད་ནས། །བདག་ཅག་དེ་རིང་སྐྱབས་སུ་མཆི། །ཁང་པར་གནས་པའི་ལྷ་ཀུན་ནི། །ཀྱེ་མ་མི་རྟག་མི་བརྟན་ནོ། །སྐྱབས་མ་མཆིས་ཤིང་མགོན་མ་མཆིས། །བསོད་ནམས་ཆུང་ཞིང་སྡིག་པར་ བཅས། །ཀླུ་རྣམས་རྒྱ་མཚོར་འདུ་བ་ལྟར། །ལྷ་རྣམས་ཐམས་ཅད་ཁྱོད་ལ་རྟེན། །སྐྱབས་མེད་རྣམས་ཀྱི་སྐྱབས་ལགས་ཏེ། །དེ་བས་ཐུབ་ཆེན་རྟག་པ་ལགས། །མགོན་མེད་རྣམས་ཀྱི་མགོན་ཡང་ཁྱོད། །གཉེན་མེད་རྣམས་ལ་རབ་གཉེན་པ། །བརྟན་པའི་གནས་ན་བཞུགས་པ་སྟེ། ། དེ་བས་མི་གཡོ་བརྟན་པ་ལགས། །ཀུན་གྱི་རྟེན་ཆེན་གྱུར་པ་སྟེ། །སྨན་པ་ཐེར་ཟུག་བདག་ཉིད་ཆེ། །ནད་ཀྱིས་ཐེབས་པའི་སེམས་ཅན་རྣམས། །ལེགས་སྤྱོད་ཆེ་བའི་བདག་ཉིད་ཅན། །བཅོམ་ལྡན་ལྷ་ཁྱོད་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ། །ལྷ་ཡི་ལྷ་སྟེ་ལྷ་ ཆེན་པོ། །འཇིག་རྟེན་ཀུན་དང་འཐུན་པར་འཇུག །དཔའ་བོ་ཆེན་པོ་གསང་བའི་གསང་། །གསང་བའི་ཆོས་ནི་རབ་སྟོན་བྱ། །ཏིང་འཛིན་གཟུངས་ཀྱི་རྒྱལ་པོ་ཆེ། །དེ་བཞིན་གཤེགས་པ་དེད་དཔོན་ལགས། །བྱང་ཆུབ་སེམས་དཔའ་གཟི་ཆེན་གྱིས། །མཚུངས་མེད་དཔག་གིས་མི་ ལང་བ། །རྟག་པའི་ཟླ་བ་ཡོངས་སུ་བསྐོར། །དཔེ་མེད་བསྐལ་པ་བྱེ་མང་མཛེས། །ཁྱོད་ཀྱི་ཡོན་ཏན་བགྲངས་ལས་འདས། །རིན་ཆེན་འབྱུང་གནས་དེ་བཞིན་གཤེགས། །དཔལ་ཆེན་གཟི་བརྗིད་རྟག་པ་སྟེ། །བསམ་ཡས་སྟོབས་ཀྱི་རྒྱ་མཚོ་ལགས། །སེམས་ཅན་ཀུན་ཕན་བསམ་མི་ཁྱབ། ། ཀུན་ལ་བྱམས་ཤིང་ཐུགས་བརྩེ་བ། །ཐུབ་སྲས་སྒྲ་གཅན་ཟིན་བཞིན་དུ། །སེམས་ཅན་ཀུན་སྙོམས་བྱམས་པར་དགོངས། །དེ་རིང་མཉམ་གྱུར་མཉམ་པར་གཟིགས། །མཐུ་ཆེ་སྟོབས་ཀྱང་ཆེ་བ་ལགས། །མི་ཤེས་སྲིད་པའི་མཚོ་ཆེན་ལས། །དེང་ཁྱོད་བདག་ནི་བསྒྲལ་དུ་གསོལ། ། བདག་ཅག་ཀུན་གྱིས་བཟོད་པ་གསོལ། །དེ་བཞིན་གཤེགས་པས་བཟོད་པར་མཛོད། །དམ་ཆོས་འདུ་སྟོན་ཐོས་ནས་ནི། །དེ་བཞིན་གཤེགས་པའི་ཆེ་བ་རྟོགས། །མ་འཚལ་བ་ནི་ཀྱེ་རེ་མཚར། །བདག་གིས་ཡུན་རིང་མི་སྙན་བགྱིས། །དེ་བཞིན་གཤེགས་རྟག་མ་འཚལ་བའི། །སེམས་ ཅན་རྣམས་ནི་ངན་འགྲོར་མཆི། །མ་འཚལ་བ་ནི་ཀྱེ་རེ་མཚར། །བདག་གིས་ཡུན་རིང་འཁོར་བར་བགྱིས། །ཡོངས་སུ་མྱ་ངན་འདའ་སྙམ་མཛད། །སེམས་ཅན་མར་མེའི་ནང་དག་ཏུ། །ཕྱེ་མ་ལེབ་ནི་མཆོང་བ་བཞིན། །བཅོམ་ལྡན་དམ་ཆོས་དེ་བཞིན་དུ། །ཡོངས་སུ་མྱ་ངན་འདའ་འགྱུར་ སྙམ། །དེ་ལྟར་སེམས་པར་བགྱིད་པ་ཡི། །ལྷར་བཅས་འཇིག་རྟེན་འཁོར་བར་འགྱུར། །དེང་བདག་ཡང་དག་མཚན་མཐོང་བ། །ཀྱེ་མ་རྙེད་ཆེན་ལེགས་པར་རྙེད། །ཁྱོད་ཀྱི་ཞབས་མཆོག་གཟི་བརྗིད་ཀྱིས། །དམ་ཆོས་ཚིག་སྨོས་རྒྱ་མཚོ་ཐོས། །སྨོན་ལམ་བཏབ་ཅིང་བསྒྲུབས་པ་ དེས། །དེ་རིང་བདག་གིས་བདུད་རྩི་འཚལ། །བགྱི་བ་ཆེན་པོའི་སོ་སོའི་ལས། །དེ་རིང་བདག་གིས་བསྟེན་པར་བགྱིས། །བདག་གི་དེ་རིང་ནད་ཞི་ཞིང་། །ནད་མེད་གནོད་པ་མ་མཆིས་ལ། །དེ་རིང་བདག་གིས་གདུང་བ་བསྲབས། །མཆོག་ཏུ་ཡང་ནི་བདེ་བར་འགྱུར། །འཇིག་ རྟེན་ཀུན་ལ་ཐུགས་བརྩེ་བ། །བཅོམ་ལྡན་སངས་རྒྱས་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་བདེ་བ་སྒྲུབ་པ། །སངས་རྒྱས་བཅོམ་ལྡན་འདས་པ་ཡིས། །ནད་རྣམས་མ་ལུས་མཛད་པར་གསོལ། །དམ་ཆོས་བརྟན་པའི་ཚུལ་གྱི་གཏེར། །སེམས་ཅན་དབུལ་པོ་རྣམས་ཀྱི་ནི། །མི་ཟད་ པ་ཡི་བདུད་རྩི་གཏེར། །བཅོམ་ལྡན་སངས་རྒྱས་བཤད་དུ་གསོལ། །རྣམ་པར་སྦྱོང་བའི་ཆོ་ག་ཡི། །ལས་ཀྱི་ཚིག་ནི་སྨོས་པ་རྣམས། །བཅོམ་ལྡན་སངས་རྒྱས་རྒྱས་པར་མཛོད། །རྟག་ཅིང་བརྟན་པའི་འདུ་སྟོན་ལ། །སེམས་ཅན་མང་པོ་དགོད་པར་གསོལ། །སྤྲིན་ཆེན་པོའི་མདོ་ལས་ ལྷ་ཐམས་ཅད་འདུས་པ་ཞེས་བྱ་བ་སྟེ་ཕུང་པོ་དང་པོའི་ལེའུ་རྫོགས་སོ།། །།འཕགས་པ་སྤྲིན་ཆེན་པོའི་མདོ། བམ་པོ་བཞི་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། ། དམ་པའི་ཆོས་བརྟན་པ་སྤྲིན་ཆེན་པོའི་མདོའི་ཚིག་སྨོས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་ནི་ཨ་ལ་ལ་ངོ་མཚར་རྨད་དུ་བྱུང་བ་ལགས་སོ། །བཅོམ་ལྡན་འདས་ཨ་ལ་ལ་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་སྟེ། ཆོ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་ པ་སེམས་ཅན་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་ལགས་སོ། །སྤྲིན་ཆེན་པོའི་མདོ་བཤད་པ་ན་སྤྲིན་ཆེན་པོའི་ཚོགས་ཀྱིས་རིན་པོ་ཆེ་ཐམས་ཅད་དང་། བཅུད་ཐམས་ཅད་ཀྱིས་རྒྱས་བའི་ཆར་གྱི་རྒྱུན་གྱི་ཚོགས་བདུད་རྩིའི་སྒྲ་ལས་བྱུང་བ་རྣམས་ཀྱིས་བདུད་རྩིའི་ཆར་ཆེན་པོ་རབ་ཏུ་ ཕབ་བོ། །ཨ་ལ་ལ་དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་སྟེ། ཡུལ་བསམ་གྱིས་མི་ཁྱབ་པའི་མདོ་ཤིན་ཏུ་ལེགས་པར་གསུངས་སོ། །ཨ་ལ་ལ་སེམས་ཅན་ཐམས་ཅད་ནི་བསོད་ནམས་བགྱིས་པ་ལགས་སོ། །ཨ་ལ་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་ སྟེ། སེམས་ཅན་རྣམས་ལྷའི་བདེ་བའི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་ལ་ཡོངས་སུ་སྤྱོད་དོ། །དེ་རིང་སེམས་ཅན་ཐམས་ཅད་ལྷ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་གྱུར་ཏོ། །སྤྲིན་ཆེན་པོའི་མདོའི་གཏེར་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་གྱུར་པ་བཅོམ་ལྡན་འདས་ ཀྱིས་བཤད་དུ་གསོལ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བ་དང་། མཚན་ཉིད་མ་མཆིས་པའི་ཆར་བཅོམ་ལྡན་འདས་ཀྱིས་དེ་རིང་དབབ་ཏུ་གསོལ་སྤྲིན་ཆེན་པོའི་མདོ་ལས་ཏིང་ངེ་འཛིན་དང་། གཟུངས་ཀྱི་ཆུས་ རྒྱས་པའི་ཆོས་ཀྱི་སྤྲིན་གྱི་ཚོགས་ཀྱི་འབྲུག་སྒྲ་འཁོར་བའི་ཉོན་མོངས་པའི་ཚོགས་ཀྱི་ནམ་མཁའི་དཀྱིལ་དུ་སྒྲོགས་ཤིང་དེ་བཞིན་གཤེགས་པ་རྟག་པའི་སྒྲའི་ཚིག་རྣམས་འབེབས་ཏེ། འུར་འུར། ཆེམ་ཆེམ་ཞིང་མཆིས་ལ། དམ་པའི་ཆོས་ནུབ་པར་མི་འགྱུར་ཞིང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ བ་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་གི་གློག་སྟོན་ཏེ། རྟག་པའི་སྒྲའི་བཅུད་བསིལ་བའི་དེ་ཁོ་ན་དྲག་ཅིང་མི་ཟད་པའི་རྒྱུན་གྱི་ཆར་གྱི་ཚོགས་ཀྱིས་ཉོན་མོངས་པའི་སྦུབས་ཀྱི་ལམ་རབ་ཏུ་སེལ་བའི་དམ་པའི་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་དབབ་ཏུ་གསོལ། སེམས་ཅན་ཐམས་ཅད་མངོན་སུམ་དུ་དེ་བཞིན་གཤེགས་པའི་རྟག་ པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། ཞི་བའི་སྒྲའི་ཚིག་གི་བཅུད་ཀྱི་རོ་མངར་བ་བཞི་རོ་ཤིན་ཏུ་བདའ་བ་ཐམས་ཅད་དང་ལྡན་པའི་ཆོས་ལ་སྤྱོད་པར་མཛད་དུ་གསོལ། སྔར་གསུངས་པའི་ཚིག་སྨོས་པ་རྣམ་པར་སྦྱོང་བར་བགྱིད་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ། །འདི་ལྟ་བུའི་སྤྲིན་ཆེན་པོ་མངར་བ་བཞི་རོ་ཐམས་ཅད་དང་འདྲེས་པའི་ཆར་རྟག་ཏུ་འབེབས་པར་འདོད་པས་ནི་སྤྲིན་ཆེན་པོ་རྡོ་རྗེའི་མདོ་གཟུང་བར་བྱའོ། །གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བྱའོ། །ཤིན་ཏུ་དགའ་བ་ཡང་བསྐྱེད་པར་ བྱའོ། །དེ་ལ་མངོན་པར་བརྩོན་པར་ཡང་བྱའོ། །སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་རིན་པོ་ཆེའི་མཛོད་ཀྱི་འབྱུང་གནས། ཆོས་ཀྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་རྒྱས་པར་ཉོན་ཅིག །སྤྲིན་ཆེན་སྙིང་ པོ་སྤྲིན་ཆེན་པོའི་མད