Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 064_མདོ་སྡེ།_ཝ

Văn bản gốc(Tây Tạng)

Trang 19 / 20 (50.000 ký tự/trang)
ནི་ངས་ཐམས་ཅད་ཁྱབ་པར་མཐོང་སྟེ། ང་ནི་གཟུགས་
ཡོད་དོ་ཞེས་སོ། །བར་འགའ་ནི་མངོན་སུམ་གྱི་རྐྱེན་རྣམས་ངའི་ཕྱི་བཞིན་འབྲང་ཞེས་སོ། །ཆེད་འགའ་ནི་གཟུགས་ནི་ང་དབང་ཞེས་ཟེར་རོ། །བར་བར་ནི་ངའི་འདུ་བྱེད་དང་འབྲེལ་ཏེ། ང་ནི་གཟུགས་ཀྱི་ནང་ན་འདུག་པར་རྟོག་ཅིང་། ཤི་བའི་འོག་ཏུ་ང་གཟུགས་ཡོད་དོ་ཞེས་
སྨྲའོ། །དེ་བཞིན་དུ་འཁོར་བ་བཅུ་དྲུག་ལ་གཟུགས་ཡོད་པར་རྟོག་གོ། །དེའི་འོག་ཏུ་ཡང་ཉོན་མོངས་པ་ལ་རྟོག་སྟེ། ཡུན་རིང་པོའི་ཉོན་མོངས་པ་དང་། ཡུན་རིང་པོའི་རང་བཞིན་གཉིས་གཅིག་ལ་གཅིག་མ་ཆགས་སོ་ཞེས་སོ། །ཡང་ཤི་བའི་འོག་ཏུ་ཡོད་དོ་ཞེས་རྟོག་ཅིང་སྨྲ་
སྟེ། མུ་སྟེགས་ཅན་གྱི་ནང་དུ་ལྟུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ནོར་ཏོ། །དེའི་མིང་ནི་ཕུང་པོ་ལྔའི་ནང་ནས་ཤི་བའི་འོག་ཏུ་གཟུགས་ཡོད་དོ་ཞེས་ཕྱིན་ཅི་ལོག་ཏུ་གཞུང་འཛུགས་པའི་མུ་སྟེགས་ཅན་དྲུག་པའོ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་པས་ཡང་དག་པ་ཉིད་ལ་རྩེ་

གཅིག་ཏུ་བར་ཆད་མེད་ན་བདུད་ཀྱི་སེམས་ཐག་ཆད་དོ། །སྐྱེ་བའི་རིགས་ཀྱི་རྩ་བ་ཟད་དེ། ཟབ་མོ་དང་བདེ་བ་ལ་བརྟགས་ན་ཉོན་མོངས་པ་རྟག་པར་འཁྲུགས་པའི་གཞི་ལ་རྒྱུ་མ་ཟད་དེ། རྟོག་པ་སྐྱེས་ནས། མི་དེ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་སྔ་མ་སེལ་ཅིང་།
འགོག་པ་ལས་རྟོག་པ་སྐྱེས་ཏེ། ཤི་བའི་འོག་ཏུ་འདུ་ཤེས་མེད་དོ་ཞེས་ཕྱིན་ཅི་ལོག་གི་སེམས་སྐྱེས་ནས་གཟུགས་ནི་མེད་པར་མཐོང་སྟེ། ཁ་དོག་ནི་རྒྱུ་མེད་པར་རྟོག་གོ། །བརྟགས་ན་འདུ་ཤེས་བཀག་སྟེ། སེམས་ཅན་སེམས་ཆགས་པ་མེད་ཅིང་ཚོར་བ་བཀག་པ་ཤེས་ན་ཕྱི་མའི་འབྲེལ་
པ་མེད་དེ། ཕུང་པོའི་རང་བཞིན་ཞི་ཞིང་བྲལ་ལོ། །སྐྱེ་བ་ཡོད་དུ་ཟིན་ཀྱང་ཚོར་བའི་འདུ་ཤེས་མེད་དེ། རྩྭ་ཤིང་དང་འདྲའོ། །འདི་ལྟར་མངོན་སུམ་དུ་བར་བཅད་དེ་ཐོབ་པ་མེད་ན། ཤི་བའི་འོག་ཏུ་ལྟ་ག་ལ་འོང་ཞེས་བརྟགས་ན་དེ་ལྟ་བུའི་མིར་བས་ན་ཤི་བའི་འོག་ཏུ་གཟུགས་
མེད་དེ། འདི་འདྲ་བའི་འཁོར་བའི་ཕྱིར་གཟུགས་མེད་པའི་བརྒྱད་ནི་ཡོད་སྙམ་མོ། །མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུ་ཐམས་ཅད་ནི་སྟོང་པའོ་ཞེས་དེ་ལྟ་བུར་དམིགས་ན། མི་ཡོངས་ཀྱི་ནོར་ཟད་ཀྱི། ཡེ་ནས་ཆད་ཅིང་ཐོགས་པའོ་ཞེས་དེ་ལྟར་ཡང་རྟོག་པའི་ཕྱིར་ཤི་བའི་
འོག་ཏུ་མེད་དོ་ཞེས་ནས་མུ་སྟེགས་ཀྱི་ནང་དུ་ལྟུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ནོར་ཏོ། །དེའི་མིང་ནི་ལྔ་ཕུང་གི་ནང་ནས་ཤི་བའི་འོག་ཏུ་གཟུགས་མེད་དོ་ཞེས་ཕྱིན་ཅི་ལོག་ཏུ་གཞུང་འཛུགས་པའི་མུ་སྟེགས་ཅན་བདུན་པའོ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལས་ཡང་
དག་པ་ཉིད་ལ་རྩེ་གཅིག་ཏུ་བར་ཆད་མེད་ན་བདུད་ཀྱི་སེམས་ཐག་ཆད་དོ། །སྐྱེ་བའི་རིགས་ཀྱི་རྩ་བ་ཟད་དོ། །ཟབ་མོ་དང་བདེ་བ་ལ་བརྟགས་ན་ཉོན་མོངས་པ་རྟག་པར་འཁྲུགས་པའི་གཞི་རྒྱུ་བ་མ་ཟད་པས་རྟོག་པ་སྐྱེས་ཏེ། འདུ་བྱེད་ཀྱི་ཕུང་པོའི་ནང་ནས་མི་དེས་ནི་ཚོར་བ་དང་།
འདུ་ཤེས་ཀྱི་ཕུང་པོ་འགོག་སྟེ། ཡོད་པ་དང་མེད་པ་གཉིས་ཀའི་མཚན་ཉིད་གཅིག་གིས་གཅིག་བཤིག་སྟེ། ཤི་བའི་འོག་ཏུ་མེད་དོ་ཞེས་ཕྱིན་ཅི་ལོག་གི་སེམས་སྐྱེས་སོ། །ཡང་གཟུགས་དང་། ཚོར་བ་དང་། འདུ་ཤེས་ཀྱི་ནང་ནས་ཡོད་པ་དང་མེད་པར་མཐོང་སྟེ། འདུ་བྱེད་

འགྱུར་བ་དང་། རྒྱུ་བ་མེད་པས་ན་མེད་པ་མ་ཡིན་པར་ཡང་རྟོག་སྟེ། དེ་བཞིན་དུ་འཁོར་བའི་ཕུང་པོ་ཁམས་ཀྱི་ནད་དང་བ་ལ་བརྟགས་ན། བརྒྱད་པོ་ཐམས་ཅད་ཀྱི་གཟུགས་མེད་དེ། འགོག་པའི་རྐྱེན་གཅིག་ཐོབ་པར་ཟད་དེ། ཤི་བའི་འོག་ཏུ་གཟུགས་ཡོད་པ་
དང་མེད་པར་སྨྲའོ། །ཡང་འདུ་བྱེད་ཐམས་ཅད་ཀྱི་རང་བཞིན་ནི་ལྡང་དུབ་པའི་ཕྱིར་མངོན་པར་ཤེས་པར་སེམས་བསྐྱེད་དེ། རིག་པའི་ཡོད་པ་དང་མེད་པ་ཐམས་ཅད་ནི་ཡོད་པ་མ་ཡིན་པར་རྟོག་པའི་ཕྱིར་ཡང་དག་པ་དང་། ཡང་དག་པ་མ་ཡིན་པར་འཁྲུལ་ཅིང་ནོར་ཏེ་ཤི་བའི་
འོག་ཏུ་ཀུན་མེད་དེ། ཕྱིས་མོས་པ་མེད་པར་འགྱུར་རོ་ཞེས་རྟོག་པའི་ཕྱིར་དེ་ནི་ལམ་དང་མི་འཐུན་པས་མུ་སྟེགས་ཅན་གྱི་ནང་དུ་ལྟུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ནོར་ཏོ། །དེའི་མིང་ནི་ཕུང་པོ་ལྔའི་ནང་ནས་ཤི་བའི་འོག་ཏུ་ཕྱི་མའི་རབས་ཀུན་མེད་དོ་ཞེས་ཕྱིན་ཅི་ལོག་ཏུ་གཞུང་
འཛུགས་པའི་མུ་སྟེགས་ཅན་བརྒྱད་པའོ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་རྣམས་ཀྱི་ནང་ནས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་པ་ལས། སྐྱེ་བའི་ཕོ་མོ་ལ་བརྟགས་ན་ཐ་མ་སྐྱེ་བ་མེད་དོ་སྙམ་ནས་དེ་ལ་ནོར་བའི་ཕྱིར་མུ་
སྟེགས་ཅན་ཆད་པར་ལྟ་བར་གྱུར་ཏོ། །ལུས་འགགས་པའི་འོག་ཏུ་འདོད་པ་ཡང་འགོག །སྡུག་བསྔལ་ཡང་འགོག །ཤིན་ཏུ་དགའ་བ་ཡང་འགོག །ཤིན་ཏུ་བཏང་སྙོམས་ཀྱང་འགོག །ཡན་མན་ཞིབ་ཏུ་བརྟགས་ན། ཤི་བའི་འོག་ཏུ་སྐྱེ་བ་ཡང་ཅང་མེད་དོ་ཞེས་
སྨྲ་སྟེ། བྱང་ཆུབ་ཀྱི་སེམས་ནི་འཆོལ་ཏེ། ཤི་བའི་འོག་ཏུ་ཕུང་པོ་ལྔ་ཆད་པར་ཕྱིན་ཅི་ལོག་ཏུ་ལྟ་བའི་མུ་སྟེགས་ཅན་དགུ་པའོ། །ཡང་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལས་ཡང་དག་པ་ཉིད་ལ་རྩེ་གཅིག་ཏུ་བར་ཆད་མེད་ན་བདུད་ཀྱིས་གླགས་མི་རྙེད་དེ། སྐྱེ་བའི་རིགས་ཀྱི་
རྩ་བ་ཟད་དེ། ཟབ་མོ་དག་པ་དེ་ལ་བརྟགས་ན། ཉོན་མོངས་པ་རྟག་པར་འཁྲུགས་པའི་གཞི་ལས་རྒྱུ་བ་མ་ཟད་དེ། ཡང་ཕྱི་མ་ཡོད་པར་དམིགས་པའི་རྟོག་པ་སྐྱེས་ནས་མི་དེ་མྱ་ངན་ལས་འདས་པ་རྣམ་ལྔའི་ནང་དུ་ལྟུང་ངོ་། །ཆེད་འགའ་ནི་འདོད་པའི་ཁམས་ཀྱི་དང་པོ་འཁོར་བ་ལ་

བརྟེན་ཏེ་བརྟགས་ནས་མཐོང་ཞིང་རྒྱས་པའི་སྐྱེ་བ་ལ་སྲེད་དོ། །རེས་འགའ་ནི་བསམ་གཏན་དང་པོའི་རང་བཞིན་ལ་ཉོན་མོངས་པ་དང་བྲལ་ལོ་སྙམ་མོ། །ཆེད་འགའ་ནི་བསམ་གཏན་གཉིས་པ་ལ་སྡུག་བསྔལ་མེད་དོ་སྙམ་མོ། །དེ་རེས་འགའ་ནི་བསམ་གཏན་དང་པོའི་རང་བཞིན་
ལ་ཉོན་མོངས་པ་དང་བྲལ་ལོ་སྙམ་མོ། །ཆེད་འགའ་ནི་བསམ་གཏན་གཉིས་པ་ལ་སྡུག་བསྔལ་མེད་དོ་སྙམ་མོ། །རེས་འགའ་ནི་བསམ་གཏན་གསུམ་པ་ལ་རབ་ཏུ་དགའ་ཞིང་བདེའོ་སྙམ་མོ། །བར་བར་ནི་བསམ་གཏན་བཞི་པ་ལ་དགའ་བ་དང་བདེ་བ་གཉིས་ཀ་ལ་འགགས་
ཏེ། འཁོར་བ་ལ་སྐྱེ་ཤི་རང་བཞིན་གྱིས་ལེན་པ་མེད་དོ་ཞེས་འཁྲུལ་ཏེ། ཟག་པ་ཅན་གྱི་གནས་རྣམས་ལ་བྱ་བ་མེད་དོ་སྙམ་དུ་སེམས་སོ། །གནས་དེ་ལྔའི་དགའ་ཞིང་བདེ་བ་ལ་རྒྱལ་བའི་རིགས་གཙང་མའོ་སྙམ་དུ་ཡང་སེམས་སོ། །དེ་བཞིན་དུ་འཁོར་བའི་སེམས་ལྔ་ལ་
ཡུན་དུ་རྟག་པའོ་སྙམ་དུ་ཡང་རྟོག་པའི་ཕྱིར། གནས་དེ་ལྔ་ལ་མྱ་ངན་ལས་འདས་པའོ་སྙམ་དུ་སེམས་ཏེ། དེའི་ཕྱིར་མུ་སྟེགས་ཅན་གྱི་ནང་དུ་ལྷུང་སྟེ། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་ནོར་ཏོ། །དེའི་མིང་ནི་ཕུང་པོ་ལྔའི་ནང་ནས་གནས་ལྔ་ལ་མྱ་ངན་ལས་འདས་པར་ཕྱིན་ཅི་ལོག་ཏུ་
མངོན་སུམ་དུ་གཞུང་འཛུགས་པའི་མུ་སྟེགས་ཅན་བཅུ་པའོ། །དགའ་བོ་ཏིང་ངེ་འཛིན་དེ་བཅུ་ནི་ལོག་པར་ཤེས་པ་སྟེ། འདི་ཀུན་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ། །དེ་དག་ནི་བསྒོམ་པ་ནོར་པ་ལས་དེའི་ཕྱིར་འདི་འདྲ་བར་གྱུར་ཏེ། ཕོ་ཐེག་ཅན་གྱི་སྐྱེ་བོ་རྣམས་བསླད་པས་རང་གི་ཉམས་
དྲོད་མ་ཟིན་ཏེ། རྒྱུ་རྐྱེན་དེ་ལྟ་བུ་དང་ཕྲད་ནས་འཁྲུལ་པར་རང་གིས་མ་ཤེས་ཏེ། བདག་འཕགས་པ་ཐོབ་བོ་སྙམ་དུ་སེམས་པ་དེ་ནི་བརྫུན་ཆེན་པོར་འགྱུར་ཏེ། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་། །ཁྱོད་ལ་སོགས་པས་དེ་བཞིན་གཤེགས་པའི་བཀའ་ཁྱེར་
ལ། ང་འདས་པའི་ཕྱི་ན་ཕྱི་མའི་དུས་ཀྱི་ཚེ། སེམས་ཅན་ཐམས་ཅད་ལ་ཁྱབ་པར་མན་ངག་གཞག་ཅིང་འདིའི་དོན་སྟོན་ཏེ་ཚོར་བར་གྱིས་ཤིག །རང་ལས་ཟབ་མོའི་ཕུང་པོའི་བདུད་མ་ལངས་པར་གཟུངས་སུ་ཟུང་ལ་སྐྱབས་བགྱིས་ཏེ་སྲུངས་ལ་ལོག་པར་མཐོང་བ་ལ་སོལ་ཏེ།

སྦྱོངས་ལ་བདག་གི་ལུས་དང་སེམས་ལ་སྟོན་ཏེ། དབེན་པའི་དོན་དབྱེ་ཞིང་ཤེས་པར་གྱིས་ལ། བླ་མའི་ལམ་ལས་ལོག་པའི་ལམ་དུ་མ་འགྲོ་ཤིག །ཅུང་ཟད་ཙམ་གྱི་ཐོབ་པ་ལ་གྲུབ་ཅིང་ཆོག་གོ་སྙམ་པའི་སེམས་མ་སྐྱེད་ཅིག །ཚོར་བའི་རྒྱལ་པོ་ཆེན་པོ་དང་
ཡང་དག་པ་ཐོང་ཤིག །དགའ་བོ་རིགས་ཀྱི་བུ་དག་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ལས་འདུ་བྱེད་ཀྱི་ཕུང་པོ་ཟད་ན། འཇིག་རྟེན་པ་ཐམས་ཅད་རང་བཞིན་ཟབ་མོ་དང་བ་ལས་འཁྲུགས་ཤིང་གཡོ་དཔྱོད་པ་དང་ཕྲ་བ་བརྟན་པ་འབྲེལ་པ། གང་ཟག་གི་རྩ་བ་ཡུད་ཙམ་
ལས་འབྱོར་ཅིང་འབྲེལ་པ་ལ་བསླངས་ཏེ། འཁྲུལ་པ་ཟབ་མོའི་རྩ་བ་མངོན་རྟགས་ཆད་ན་མྱ་ངན་ལས་འདས་པའི་གནས་རྨད་པ་ཆེན་པོ་ཚོར་རོ་སྙམ་དུ་སེམས་སོ། །དཔེར་ན་བྱ་གག་དུས་ལ་བབ་ན་ཤར་ཕྱོགས་སུ་བརྟགས་ནས་སྐྱ་རེངས་ཤར་བར་རིག་སྟེ་སྐད་འབྱིན་ཏོ། །སྐྱེ་མཆེད་
དྲུག་སྟོང་ཞིང་དང་བ་ལས་ཟབ་ཅིང་ལུད་པ་མེད་པའི་ནང་ནས་དང་བ་གསལ་བའི་ཕྱིར་འཇུག་པའི་འདུག་པའི་གནས་མེད་འཇུག་པ་མེད་དོ། །ཕྱོགས་བཅུའི་རིགས་བཅུ་གཉིས་ཀྱང་ཟབ་མོ་ལས་ཐར་ཏེ། ཚེ་ལེན་པའི་དབང་མེད་དོ་ཞེས་དེ་ལ་བརྟགས་པ་ལས་འཛིན་པའི་གཞི་
རིགས་ཐམས་ཅད་ཕྱོགས་བཅུའི་ཁམས་སུ་འབྱོར་པ་ཐོབ་ཟིན་ཏེ། དང་བའི་གཟུགས་མ་ནུབ་པས་ཟབ་མོའི་ལྡང་བ་འབྱུང་ངོ་། །དེའི་མིང་ནི་རྣམ་པར་ཤེས་པའི་ཕུང་པོས་བསྒྲིབས་པའོ། །འབྱོར་པ་ཐོབ་པའི་ནང་ནས་སྐྱེ་མཆེད་དྲུག་གི་ཚོགས་བསྡུས་ཏེ། སྦྱོར་ཞིང་ཕྱེ་
བ་དེ་སྦྱངས་ཏེ་གྲུབ་ནས་བྱང་བ་དེ། སྐྱེ་མཆེད་དྲུག་ཀྱང་འཁྲུལ་ཞིང་བསྣོར་དུ་རུང་སྟེ། ཡོངས་སུ་དག་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ལུས་དང་སེམས་སུ་གཏོགས་པའི་རྣམས་ཀྱང་བཻ་དཱུརྱའི་ཕྱི་ནང་ཐལ་བ་བཞིན་སྣང་སྟེ། དེའི་མིང་ནི་རྣམ་པར་ཤེས་པའི་ཕུང་པོ་ཟད་དེ།
མི་དེ་ནི་ཚེ་སྙིགས་མ་ལས་འདས་པའོ། །དོན་དེ་ལ་བརྟགས་ན། གཟུགས་ཀྱི་ཡང་དག་པ་ཡིན་པའི་གཞི་སྒྱུ་མའི་ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བའི་ཕྱིར་རོ། །དགའ་བོ་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་འགོག་པ་ལས་

ཞི་བར་འགོག་པའི་ནང་ནས་དང་བ་དམ་པ་མ་རྒྱས་པས། བདག་གི་ལུས་ཀྱི་རྩ་བ་སྦྱོར་ཞིང་ཕྱེ་ནས་ཕྱོགས་བཅུའི་རིགས་ཐམས་ཅད་འཁྲུལ་པར་ཚོར་ཞིང་ཤེས་ནས་འཁྲུལ་པར་འཕར་ཏེ་རྒྱས་པའི་བཞིན་འཇུག་ནུས་སོ། །དེ་ལ་སྒྱུ་མའི་གནས་ཀྱི་ཡང་དག་པའི་རྒྱུ་ནི་རྟག་པ་ཡིན་
ནོ་ཞེས་གཞུང་བཙུགས་ནས་རྒྱལ་ཞིང་གྲོལ་ལོ་སྙམ་དུ་སེམས་སོ། །མི་དེ་ནི་རྒྱུའི་གནས་ཀྱི་རྒྱུ་འཛིན་པའི་ས་ཕྱི་ཀ་ལའི་མུ་སྟེགས་ཀྱི་ནང་དུ་ལྟུང་སྟེ། ཡང་དག་པར་མུན་གནག་གི་སྐྱབས་ཀྱིས་གནས་གྲུབ་པའི་སྟེར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་མཐོང་
བ་ནི་སྟོར་ཅིང་ནུབ་བོ། །དེའི་མིང་ནི་སེམས་ཐོབ་པར་གཞུང་འཛུགས་པའི་སྐྱབས་སུ་འགྲོ་བ་ལ་འབྲས་བུ་གྲུབ་པ་དང་པོ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་བསྲིངས་ཏེ་མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས་མུ་སྟེགས་ཀྱི་ས་བོན་ལས་དེའི་རིགས་སུ་སྐྱེའོ། །དགའ་བོ་
རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་འགོག་པ་ལས་ཞི་བའི་ནང་ནས་དང་བ་དམ་པ་མ་རྒྱས་པས་བདག་གི་ངོ་བོ་ཉིད་མཐོང་བ་ནི་སྐྱབས་སུ་བཟུང་ནས་ནམ་མཁའི་ཁམས་ཐམས་ཅད་ན་རིགས་བཅུ་གཉིས་ཀྱི་སྐྱེ་བོ་རྣམས་ངའི་ལུས་ཀྱི་
ནང་ནས་འབབ་ཅིང་འབྱུང་སྟེ། དེ་ལྟ་བུར་རྒྱལ་རིགས་གྲོལ་ལོ་སྙམ་པའི་སེམས་སྐྱེས་སོ། །མི་དེ་ནི་མི་ནུས་པ་ལ་ནུས་པར་འཛིན་པའི་ཕྱིར་དབང་ཕྱུག་གི་ནང་དུ་ལྟུང་སྟེ། མཐའ་མེད་དོ་ཞེས་སྨྲ་བའི་ལུས་འབྱུང་བའི་སྡེར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་
མཐོང་བ་ནི་སྟོར་ཅིང་ནུབ་པོ་དེའི་མིང་ནི་གཞུང་འཛུགས་པའི་ནུས་པའི་འབྲས་བུ་གྲུབ་པ་གཉིས་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་བསྲིངས་ཏེ་མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས་ངས་ཁྱབ་པར་རྒྱས་པའི་ང་རྒྱལ་ཆེན་པོའི་ལྷའི་ས་བོན་ལས་དེའི་རིགས་སུ་སྐྱེའོ། །
ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་འགོག་པ་ལས་ཞི་བར་འགོག་པའི་ནང་ནས་དང་བ་དམ་པ་མ་རྒྱས་པས། བདག་གི་ངོ་བོ་ཉིད་མཐོང་བ་ནི་སྐྱབས་སུ་གཟུང་ནས་ཐེ་ཙོམ་སྐྱེས་ནས་བདག་གི་ལུས་དང་སེམས་ལས་ཕྱོགས་

བཅུའི་ནམ་མཁའ་བབ་ཅིང་བྱུང་སྟེ་སྐྱེས་སོ། །ཐམས་ཅད་ཀྱང་བབ་པའི་རྒྱུན་ལས་བྱུང་སྟེ། ལུས་ནི་ཡང་དག་པར་རྟག་པ་ཡིན་པས་སྐྱེ་བ་དང་འགག་པ་མེད་དོ་སྙམ་པའི་སེམས་ཀྱང་སྐྱེས་སོ། །སྐྱེ་བ་དང་འགག་པ་ནི་རྟག་པར་ཡང་རྟག་སྟེ། མི་སྐྱེ་བ་འཁྲུལ་
ཅིང་སྐྱེ་བ་འཁྲུལ་ནས་བྱིང་བ་ལ་དེ་དེ་བར་གནས་ཏེ། རྒྱལ་ཞིང་གྲོལ་ལོ་སྙམ་པའི་རྟོག་པ་སྐྱེས་སོ། །མི་དེ་ནི་རྟག་པ་དང་མི་རྟག་པའི་གཞུང་འཛིན་པའི་ནང་དུ་ལྟུང་སྟེ། རང་དབང་གི་ལྷའི་སྡེར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་རྟོགས་པ་ནི་སྟོར་ཅིང་
ནུབ་བོ། །དེའི་མིང་རྒྱུའི་གནས་ལ་སེམས་ཀྱི་གཞུང་འཛུགས་པ་གསུམ་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་བསྲིངས་ཏེ་མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས་ལོག་པར་རྒྱས་པའི་ས་བོན་ལས་དེའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་
ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བའི་འགོག་པ་ལས་ཞི་བར་འགོག་པའི་ནང་ནས་དང་བ་དམ་པ་མ་རྒྱས་པར་ཤེས་པའི་ནང་ནས་ཤེས་པ་ཁྱབ་པར་རྒྱས་པའི་ཕྱིར་ཤེས་པའི་རྒྱུའི་གཞུང་འཛུགས་ཏེ། ཕྱོགས་བཅུའི་རྩྭ་ཤིང་ཐམས་ཅད་ནི་སེམས་ཅན་ཡིན་ནོ་སྙམ་སྟེ།
རྒྱས་པར་ན་མི་དང་མི་འདྲ་བ་མེད་དོ། །རྩྭ་ཤིང་ནི་མིར་འགྱུར། མི་དེ་དག་ཤི་ན་ཡང་ཕྱོགས་བཅུའི་རྩྭ་ཤིང་དུ་འགྱུར་ཏེ། དེ་ནི་ཡང་དག་པའི་ཁྱབ་པ་ཡིན་ནོ་སྙམ་པའི་སེམས་སྐྱེས་སོ། །མི་དེ་ནི་ཤེས་པ་དང་མི་ཤེས་པའི་མཐར་འཛིན་པ། པ་ཏ་ས་འདིའི་ནང་དུ་ལྟུང་སྟེ། ཚོར་
བ་ཐམས་ཅད་འདིའི་སྡེར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར་ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ། །དེའི་མིང་ནི་ཁྱབ་པར་ཤེས་པར་རྟོག་པའི་སེམས་བརྫུན་ཞིང་སྟོང་པའི་འབྲས་བུ་གྲུབ་པའི་བཞི་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་རིང་དུ་བསྲིངས་ཏེ་མྱ་ངན་ལས་
འདས་པའི་མཁར་ལས་ལོག་ནས་ལོག་པར་ཤེས་པའི་ས་བོན་ལས་དེའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་འགོག་པ་ལས་ཞི་བར་འགོག་པའི་ནང་ནས་དང་བ་དམ་པ་མ་རྒྱས་པས། དེ་དང་ཞིང་གསལ་

བའི་ནང་ནས་རྩ་བ་འཁྲུལ་པའི་ཕྱི་བཞིན་འབྲངས་ནས་རྫུ་འཕྲུལ་རྒྱས་པའི་འོད་སྣང་བ་ཚོལ་བ་ལ་ཞུགས་ཏེ། དགའ་བའི་ཆུ་ནི་གཙང་ཞིང་དང་། སྲིད་པའི་རླུང་ནི་ཁྱབ་པར་ལངས་པས་ལྟ་བའི་དྲི་མ་གྲུབ་སྟེ། སོ་སོར་དོན་བསྒྲུབས་པའི་དྲི་མའི་ཚོགས་དེས་ནི་ངོ་བོ་ཉིད་ཀྱི་གཞིའི་
རྒྱུ་ཡིན་ནོ་སྙམ་དུ་སེམས་ཏེ། རྟག་པར་ཤེས་སོ་ཞེས་སྨྲ་བའི་གཞུང་འཛུགས་པའི་མི་དེ་ནི་སྐྱེ་བ་དང་མི་སྐྱེ་བར་འཛིན་པའི་འོད་སྲུང་དང་། བྲམ་ཟེ་དཀའ་ཐུབ་ཀྱི་ནང་དུ་ལྷུང་སྟེ། མེ་དང་ཆུ་ལྷ་རྗེད་དེ་སྐྱེ་ཤི་ལས་ཐར་བར་ཚོལ་བའི་སྡེར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་
ནོར་མཐོང་ཞིང་ཤེས་པ་ནི་སྟོར་ཅིང་ནུབ་བོ། །དེའི་མིང་ནི་བརྗེད་པར་སྣང་བར་ཚོལ་བ་ལ་ཞུགས་ཏེ། དགའ་བའི་ཆུ་ནི་གཙང་ཞིང་དང་། སྲེད་པའི་རླུང་ནི་ཁྱབ་པར་ལངས་པས་ལྟ་བའི་དྲི་མ་གྲུབ་སྟེ། སོ་སོར་དོན་བསྒྲུབས་པ་དྲི་མའི་ཚོགས་དེས་ནི་ངོ་བོ་ཉིད་གཞིའི་རྒྱུ་ཡིན་
ནོ་སྙམ་དུ་སེམས་ཏེ། རྟག་པར་ཤེས་སོ་ཞེས་སྨྲ་བའི་གཞུང་འཛུགས་པའི་མི་དེ་ནི་སྐྱེ་བ་དང་མི་སྐྱེ་བར་འཛིན་པའི་འོད་སྲུང་དང་། བྲམ་ཟེ་དཀའ་ཐུབ་ཀྱི་ནང་དུ་ལྷུང་སྟེ། མེ་དང་ཆུ་ལྷ་རྗེད་དེ་སྐྱེ་ཤི་ལས་ཐར་བར་ཚོལ་བའི་སྡེར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར་མཐོང་
ཞིང་ཤེས་པ་ནི་སྟོར་ཅིང་ནུབ་བོ། །དེའི་མིང་ནི་རྗེད་པ་རྟོགས་པའི་སེམས་འཁྲུགས་པའི་ཡང་དག་པ་མ་ཡིན་པར་གཞུང་། འཛུགས་པའི་རྒྱུ་ཚོལ་བའི་འཁྲུལ་པར་གྱུར་པའི་འབྲས་བུ་གྲུབ་པ་ལྔ་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་བསྲིངས་ཏེ་མྱ་ངན་ལས་འདས་
པའི་མཁར་ལས་ལོག་ནས་ཕྱིན་ཅི་ལོག་གི་ས་བོན་ལས་དེའི་རིགས་ཀྱི་ནང་དུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་ནི་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་འགོག་པ་ལས་ཞི་བར་འགོག་པའི་ནང་ནས་དང་བ་དམ་པ་མ་རྒྱས་པས་དེ་རྒྱས་ཤིང་བསལ་བའི་ནང་
ནས་བརྫུས་པའི་ཆོས་ནི་སྟོང་པ་སྟེ། མ་ཡིན་པར་འགོག་ཡོད་ནས་འགོག་པའི་སྐྱབས་ཡིན་ཏེ། སྐྱེ་བ་ལས་རྒྱས་ཞིང་གྲོལ་ལོ་སྙམ་དུ་རྟོག་སྟེ། མིང་ནི་གཟུགས་མེད་པའི་སྟོང་པའི་སྐྱབས་དང་སྐྱབས་མ་ཡིན་པའི་འཛིན་པའི་ལྷའི་སྡེར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་

ནི་ནོར་ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ། །དེའི་མིང་ནི་སྟོང་པ་རྒྱས་པའི་སེམས་མེད་པ། སྟོང་པར་འགོག་པའི་འབྲས་བུ་གྲུབ་པ་དྲུག་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་བསྲིངས་ཏེ་མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས་ཆད་པར་འགོག་པའི་
ས་བོན་ལས་དེའི་རིགས་ཀྱི་ནང་དུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་འགོག་པ་ལས་ཞི་བར་འགོག་པའི་ནང་ནས་དང་བ་དམ་པ་མ་རྒྱས་པས། རྟག་པའི་ནང་དུ་བདག་གི་ལུས་རྟག་པར་གནས་ཏེ། དང་བ་གསལ་
བ་དང་འཐུན་ཞིང་རིང་དུ་མི་གཡོ་བས་རྒྱལ་ཞིང་གྲོལ་ལོ་སྙམ་པ་སྐྱེས་སོ། །མི་དེ་ནི་འདོད་ཆགས་མ་ཡིན་པར་འདོད་ཆགས་པར་འཛིན་པས་ནང་དུ་ལྷུང་སྟེ། ཚེ་རིང་པོ་ཚོལ་བའི་ཨི་སི་པ་རའི་སྡེར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་མཐོང་བ་ནི་སྟོར་ཅིང་
ནུབ་བོ། །དེའི་མིང་ནི་ཚེའི་གཞི་ལ་ཆགས་པར་འཛིན་ཅིང་གཞུང་འཛུགས་པ་སྲན་ཐུབ་པའི་རྒྱུ་སྒྱུ་སྡུད་པ། ཡུན་རིང་པོར་དཀའ་ཐུབ་ཀྱི་འབྲས་བུ་གྲུབ་པ་བདུན་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་རིང་དུ་སོང་སྟེ་མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས་སྒྱུ་མར་
འགྱངས་པའི་ས་བོན་ལས་དེའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བར་འགོག་པ་ལས་ཞི་བར་འགོག་པའི་ནང་ནས་དང་བ་དམ་པ་མ་རྒྱས་པས། བརྟགས་ན་ཚེ་དང་དབང་དུ་འགྱུར་བར་གྱུར་ནས་དྲི་མའི་
སྡུག་བསྔལ་ཞི་ཞིང་ཟད་ཀྱིས་དོགས་ཏེ་སྔར་བཞག་ནས་རིན་པོ་ཆེ་སྣ་བདུན་གྱི་པད་མའི་གཞལ་མེད་ཁང་རྒྱས་པར་སྤྲུལ་ཏེ། ནོར་བུ་རིན་པོ་ཆེ་སྣ་བདུན་དག་མང་པོར་སྤྲུལ་ནས་སེམས་རང་ཉམ་དུ་བཏང་སྟེ། རྒྱལ་ཞིང་གྲོལ་ལོ་སྙམ་པ་སྐྱེས་སོ། །དེ་ནི་ཡང་དག་པ་དང་ཡང་དག་པ་
མ་ཡིན་པར་འཛིན་པའི་ནང་དུ་ལྷུང་སྟེ། ཙྪ་སྟི་ཀ་ལའི་སྡེར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ། །དེའི་མིང་ནི་ལོག་སྲེད་ཀྱི་རྒྱུ་བསྐྱེད་ཅིང་དྲི་མ་རྒྱས་པར་གཞུང་འཛུགས་པའི་འབྲས་བུ་གྲུབ་པ་བརྒྱད་པ་སྟེ། ཁྱབ་ཅིང་

རྒྱས་པ་ལས་ཕྱི་ཕྱིར་ཞིང་བསྲིངས་ཏེ། མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས་ལྷའི་བདུད་ཀྱི་ས་བོན་ལས་དེའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་འགོག་པ་ལས་ཞི་བར་འགོག་པའི་ནང་ནས་དང་བདམ་པ་
མ་རྒྱས་པས། ཚེ་སྣང་བའི་ནང་ནས་དང་བའི་དྲི་མ་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་བྱེ་བྲག་འབྱེད། རྒྱུ་དང་འབྲས་བུའི་རེ་བ་བསྒྲུབས་པས་མངོན་རྟགས་ཚོལ་ཏེ། ཡོངས་སུ་དག་པའི་ལམ་ལས་ལོག་ནས། དེའི་ཕྱིར་སྡུག་བསྔལ་ནི་ཤེས། ཀུན་འབྱུང་བ་ནི་སྤངས། འགོག་
པ་ནི་མངོན་དུ་བྱས། ལམ་ནི་བསྒོམས་ཏེ། འགོག་པ་ལ་གནས་པས་ཡང་གོང་དུ་མི་འཕར་ཏེ། རྒྱལ་ཞིང་གྲོལ་ལོ་སྙམ་པ་སྐྱེས་སོ། །དེ་ནི་ངེས་པའི་ཉན་ཐོས་ཀྱི་ནང་དུ་ལྷུང་སྟེ། ཐོས་པ་ཉུང་བས་ང་རྒྱལ་སྐྱེས་པའི་དགེ་སློང་གི་སྡེར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་
ནོར། ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ། །དེའི་མིང་ནི་དང་བ་རྒྱས་པའི་སེམས་ཀྱིས་མངོན་རྟགས་ཚོལ་ཏེ། ཞི་བ་འདུས་པའི་འབྲས་བུ་དགུ་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་བསྲིངས་ཏེ་མྱ་ངན་ལས་འདས་པའི་མཁར་ནས་ལོག་ནས་སྟོང་པས་བཅིངས་པའི་
རྒྱུ་ལས་དེའི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་དག་འདུ་བྱེད་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་འགོག་པ་ལས་ཞི་བར་འགོགས་པའི་ནང་ནས་དང་བ་དམ་པ་མ་རྒྱས་པས། རྒྱས་པ་ཡོངས་སུ་དག་པའི་ཚོར་བ་གསལ་བ་ཟབ་མོ་དམ་པར་སྦྱངས་ནས་མྱ་ངན་
ལས་འདས་སོ་བར་སེམས་ཤིང་། གོང་དུ་མི་འཕར་ཏེ་རྒྱལ་ཞིང་གྲོལ་ལོ་སྙམ་པ་སྐྱེས་སོ། །མི་དེ་ནི་རིགས་ངེས་པའི་རང་སངས་རྒྱས་སུ་ལྟུང་སྟེ། སེམས་མི་ལྡོག་པའི་སངས་རྒྱས་སུ་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ནི་ནོར། ཤེས་ཤིང་མཐོང་བ་ནི་སྟོར་ཅིང་ནུབ་བོ། །དེའི་
མིང་ནི་རྒྱས་པ་ཚོར་བ་ཏིང་ངེར་གསལ་བའི་མི་གཡོ་བའི་འབྲས་བུ་གྲུབ་པ་བཅུ་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་རིང་ནས་མྱ་ངན་ལས་འདས་པའི་མཁར་ལས་ལོག་ནས་སྐྱབས་མི་བྱེད་པའི་རྒྱས་པར་གསལ་བའི་ས་བོན་ལས་དེའི་རིགས་སུ་སྐྱེའོ། །དགའ་བོ་ཏིང་

ངེ་འཛིན་རྣམ་པ་བཅུ་ནི་བར་མ་དོར་སྨྱོ་བ་ལ་རྟེན་པའི་རྒྱུར་འགྱུར་ཏེ། བར་བར་ནི་མ་གྲུབ་པ་ལ་ཆོག་ཅིང་ཆུད་དོ་སྙམ་པའི་སེམས་སྐྱེས་སོ། །འདི་ཀུན་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་ཏེ། བསྒོམ་པ་ནོར་བ་ལས་ས་འདིར་སྐྱེས་སོ། །ཕོ་ཐེག་ཅན་གྱི་སྐྱེ་བོ་རྣམས་
བསླད་པས་རང་གི་ཉམས་དྲོད་མ་ཟིན་ཏེ། རྒྱུ་རྐྱེན་དེ་ལྟ་བུ་དང་ཕྲད་ནས་རང་རང་གི་སྔོན་གྱི་སེམས་འཁྲུལ་བའི་བག་ཆགས་ལ་སྲེད་དེ། བདག་གི་ཡུན་རིང་པོའི་གནས་ཀྱིས་འདི་ཡིན་ནོ་སྙམ་དུ་སེམས་ཤིང་བླ་ན་མེད་པའི་བྱང་ཆུབ་ཀྱི་བཅིང་བ་རྫོགས་ས་ཞེས་སྨྲས་ཏེ། དེ་ནི་བརྫུན་ཆེན་པོར་
འགྱུར་རོ། །ལོག་པར་ལྟ་བའི་བདུད་དང་། མུ་སྟེགས་ཀྱི་ལས་ཟད་ནས་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་། །ཉན་ཐོས་དང་རང་སངས་རྒྱས་སུ་ཡང་འཕེལ་ཞིང་འབོགས་པར་ཡང་མི་འགྲུབ་བོ། །ཁྱེད་སེམས་གཅིག་ཏུ་གྱིས་ལ་དེ་བཞིན་གཤེགས་པའི་ལམ་
སྒྲུབས་ཤིག །ཆོས་ཀྱི་སྒོ་འདི་ཁྱེར་ལ་ང་མྱ་ངན་ལས་འདས་པའི་ཕྱི་ན་མ་འོངས་པའི་དུས་ཀྱི་ཚེ་གཅིག་ནས་གཅིག་ཏུ་སྤེལ་ཏེ། འདིའི་དོན་སེམས་ཅན་ཐམས་ཅད་ཀྱིས་མངོན་པར་ཤེས་ཤིང་རིག་པ་བགྱིས་ཏེ། ལྟ་བའི་བདུད་ལ་རང་བྱིང་བར་མ་བྱེད་ཅིག །སྙིང་རྗེས་སྲུངས་ཤིག །སྐྱབས་
གྱིས་ཏེ་ལོག་པའི་རྐྱེན་སོལ་ལ་ཞི་བར་གྱིས་ཤིག །བགེགས་ཀྱི་ལམ་དང་། ལོག་འདྲེན་གྱི་ལམ་དུ་མ་ནོར་བར་ལུས་དང་སེམས་སངས་རྒྱས་ཀྱིས་མཁྱེན་པ་དང་། གཟིགས་པའི་ལམ་གྱི་ནང་དུ་ཞུགས་ཏེ། ཐོག་མ་དང་ཐ་མའི་བར་དུ་གྲུབ་པར་བྱོས་ཤིག །སྔ་མ་འདས་པའི་དུས་ཀྱི་
བསྐལ་པ་གང་གཱའི་ཀླུང་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྡུལ་ཕྲ་མོ་སྙེད་ཀྱང་ཆོས་ཀྱི་སྒོ་འདི་བཞིན་དུ་མཛད་དེ། ཐེག་པ་འདིས་སེམས་གྲོལ་ནས་བླ་ན་མེད་པའི་ལམ་བསྒྲུབས་སོ། །རྣམ་པར་ཤེས་པའི་ཕུང་པོ་ཟད་ན་ཁྱེད་ཀྱིས་མངོན་སུམ་དུ་དབང་པོ་ཐམས་ཅད་འཁྲུལ་པར་
སྤྱད་པའི་ནང་ནས། བྱང་ཆུབ་སེམས་དཔའི་ཤེས་རབ་རྡོ་རྗེ་སྒོམ་པོའི་གསལ་བ་རྒྱས་ཤིང་དང་བའི་སེམས་ཀྱི་ནང་དུ་དཀྲིས་ཏེ་འཇུག་ནུས་ན་གཙང་དང་བའི་བཻ་དཱུརྱའི་ནང་ན་རིན་པོ་ཆེའི་ཟླ་བ་དང་འདྲའོ། །དེ་བཞིན་དུ་གོང་དུ་འཕར་ན་ཡིད་ཆེས་པ་བཅུ་དང་། གནས་པ་བཅུ་དང་། སྤྱོད་པ་

བཅུ་དང་། བསྔོ་བ་བཅུ་དང་། སེམས་བསྐྱེད་པ་སྤྱོད་པ་བཅུ་དང་། བྱང་ཆུབ་སེམས་དཔའི་རྡོ་རྗེའི་ས་བཅུ་སྤྱོད་པ་དང་། མཉམ་པར་ཚོར་བ་རྒྱས་པར་སྣང་བ་དེ་བཞིན་གཤེགས་པའི་ཕྲ་བའི་ཡང་ཕྲ་བ་ལ་སོགས་པས་བརྒྱན་པའི་རྒྱ་མཚོར་འཇུག་གོ། །གང་ཞིང་རྒྱས་པའི་བྱང་
ཆུབ་ཐོབ་པ་མེད་པ་ལ་བརྟེན་ཏེ། དེས་ནི་སྔ་མ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞི་གནས་དང་ལྷག་མཐོང་གསལ་བར་རྣལ་འབྱོར་པས་ཕྲ་བའི་ཡང་ཕྲ་བའི་བདུད་ཀྱི་སྤྱོད་ཡུལ་མངོན་སུམ་དུ་སྣང་སྟེ། ཁྱེད་ཀྱི་སེམས་ཀྱིས་ཤེས་པར་བྱས་ནས་དྲི་མ་བཀྲུས་ཤིང་བསལ་བས་
ལྟ་བ་ལོག་པའི་ནང་དུ་མི་ལྟུང་སྟེ། ཕུང་པོའི་བདུད་ནི་ཞི་ཞིང་བྱང་། ལྷའི་བདུད་ནི་བཅོམ་ཞིང་བཏུལ་ཏེ། ལྷ་མ་ཡིན་དང་མཐུ་བོ་ཆེ་རྣམས་ཀྱི་སེམས་སྟོར་བར་བྱེད་ཐི་བའི་བང་ལང་རྣམས་ནི་སྐྱེ་ཞིང་འབྱུང་བར་མི་ནུས་སོ། །བྱང་ཆུབ་ཀྱི་བར་དུ་ཕོངས་ཤིང་འབྲལ་བ་ཡང་མེད། ཞན་ཅིང་
ཉམ་ཆུང་བ་ལས་འཕྲོགས་ཤིང་སྐྱེད་ཡོད་པར་འགྱུར་རོ། །མྱ་ངན་ལས་འདས་པ་ལ་སེམས་མི་འཁྲུལ་ཅིང་མྱོས་པར་མི་འགྱུར་རོ། །མ་འོངས་པའི་དུས་ཀྱི་སེམས་ཅན་དག་རྨོངས་ཤིང་གླེན་པ་བསམ་གཏན་མི་ཤེས། ཆོས་འཆད་མི་ཤེས་པར་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལ་སྲེད་
པ་ནི་ཁྱེད་ལོག་པ་དང་འཐུན་གྱིས་དོགས་སོ། །སེམས་གཅིག་ཏུ་ངའི་གཙུག་ཏོར་གྱི་གཟུངས་བསྟན་པ་འདི་གཟུངས་སུ་ཟུང་ཤིག །ད་སྟེ་ཁ་ཏོན་དུ་མ་ནུས་ན་སྒོམ་པའི་ཁང་བུ་ལ་བྲི་བའམ། ཡང་ན་ལུས་ལ་བཏགས་ནས་ཕས་ཀྱི་རྒོལ་བའི་བདུད་ཐམས་ཅད་ཀྱིས་མི་ཚུགས་སོ། །
ཕྱོགས་བཅུའི་དེ་བཞིན་གཤེགས་པའི་མཐའ་ཡུན་དུ་བསྒྲུབ་པའི་ཕྱི་མའི་ཆག་ཚད་འབེབས་པ་ཡིན་གྱིས། བྱེད་ཀྱིས་གུས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགའ་བོ་ལངས་ཏེ་སྤྱི་བོས་ཕྱག་འཚལ་ནས་དྲན་ཞིང་མི་བརྗེད་པར་གཟུངས་སུ་འཛིན་ཏོ། །
འཁོར་མང་པོ་འདུས་པས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན། ཕུང་པོ་ལྔའི་གཟུགས་ཀྱི་ནང་ནས་ཡང་དག་པ་ལགས་པའི་འདུ་ཤེས་རྣམ་པ་ལྔའི་རྩ་བ་ཕྲ་བའི་ཡང་ཕྲ་བའི་དོན་ཏེ། དེ་བཞིན་གཤེགས་པས་བདག་ཅག་ལ་སོགས་

པ་ལ་རྟག་ཏུ། བཀའ་སྩལ་ཅིང་བཤད་དམ་གསུངས་ན་ཡང་། ཕུང་པོ་ལྔ་ཅིག་ཅར་འདག་ཅིང་འབྱང་ངམ། རིམ་གྱིས་ཟད་དེ་ལྔའི་མཚམས་ནི་གང་ལགས། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་དགོངས་ཏེ། མ་འོངས་པའི་དུས་ཀྱི་སེམས་
ཅན་ཐམས་ཅད་ཀྱི་སྣང་ཞིང་གསལ་བའི་སེམས་ཀྱི་མིག་ཏུ་འགྱུར་བས་འཁོར་མང་པོ་འདི་ཉིད་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ངོ་བོ་ཉིད་ཀྱི་ཚོར་བ་དམ་པ་གསལ་བ་རྒྱས་པ་ནི་དག་སྟེ། སྐྱེ་ཤི་ལ་མི་གནས་ན། དྲི་མའི་བསྒོས་པ་ནས་ནམ་
མཁའི་ཁམས་ཐམས་ཅད་ཀྱི་བར་དུ་ཡང་དག་པའི་མ་ཡིན་པའི་བར་དུ་འདུ་ཤེས་ཀྱི་རྒྱུ་བའི་ཕྱིར་སྐྱེ་བ་གཡོས་ཏེ། དེའི་དེ་བཞིན་ངོ་བོ་ཉིད་ཀྱི་ཚོར་བ་དམ་པ་གསལ་བ་རྒྱས་པ་ལས་ཡང་དག་པ་མ་ཡིན་པའི་འཇིག་རྟེན་གྱི་སྣོད་ཀུན་སྐྱེས་སོ། །དཔེར་ན་ཡེང་ཞིང་འཁྲུལ་ཏེ། མགོ་མེད་པ་རྨིས་
ནས་གྲིབ་མ་ལ་མགོ་བོ་སྙམ་དུ་སེམས་སོ། །ཡང་དག་པ་མ་ཡིན་པའི་རྩ་བ་དེ་ནི་རྒྱུ་མེད་དེ། ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱི་ནང་ནས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་བཙུགས་ཏེ། དེ་ནས་འཁྲུལ་པ་ཡོད་ནས་ཡོད་ཅེས་ཟེར་རོ། །ནམ་མཁའི་རང་བཞིན་ནི་སྒྱུ་མ་ལས་སྐྱེས་
པ་ཡིན་ཏེ། རྟེན་ཅིང་འབྲེལ་པ་དང་། ཡོད་ནས་ཡོད་པ་ཀུན་ནི་སེམས་ཅན་གྱིས་ཡང་དག་པ་མ་ཡིན་པའི་སེམས་ཀྱིས་བརྟགས་པ་ལགས་སོ། །དགའ་བོ་ཡང་དག་པ་མ་ཡིན་པ་མི་གཡོ་བའི་ཚེ་ཡང་དག་པ་མ་ཡིན་པའི་རྟེན་ཅིང་འབྲེལ་པ་བཤད་དོ། །ཡང་དག་པ་མ་ཡིན་པའི་རྩ་བ་ཡོད་
ནས་མེད་པས་ཡང་དག་པ་མ་ཡིན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡོད་ནས་མེད་པ་ཡིན་ཏེ། མི་ཤེས་པས་རྟག་ཏུ་ཟད་ཀྱི་ཡེ་ནས་ཡོད་པ་ལྟ་ཅི་སྨོས། དེའི་ཕྱིར་དེ་བཞིན་གཤེགས་པས་ཁྱེད་ཀྱི་ཕྱིར་སྒྲོན་མར་བསྟན་ཏོ། །ཕུང་པོ་ལྔའི་རྩ་བའི་རྒྱུ་ནི་ཡང་དག་པ་མ་ཡིན་པའི་འདུ་ཤེས་
ཡིན་པ་མཚུངས་སོ། །ཁྱེད་ཀྱི་ལུས་ནི་སྔོན་གྱི་ཕྱི་མའི་འདུ་ཤེས་རྒྱུ་ལས་སྐྱེས་སོ། །ཁྱོད་ཀྱི་སེམས་ཀྱི་འདུ་ཤེས་ནི་འཕོ་བར་མི་འགྱུར་ཏེ། འདུ་ཤེས་ཀྱི་ནང་ནས་ཚེ་མང་བ་ཆགས་པའོ། །ངས་སྔར་སྨྲས་པ། སྐྱུར་རྩི་ལས་སེམས་ཀྱིས་ཟ་བསམས་ན། ཁར་འགྲམ་དུ་ཆུ་འབྱུང་ངོ་། །

བྲག་མཐོན་པོའི་རྩེར་འདུག་པར་བསམས་ན་རྐང་མཐིལ་འདར་ཡང་། སྐྱུར་རྩི་ཁར་མ་འཕོས། བྲག་ཀྱང་ཡོད་པ་མ་ཡིན་ནོ། །ཁྱོད་ཀྱི་ལུས་ནི་ཡང་དག་པ་མ་ཡིན་པའི་སྒྱུ་མ་ལས་མི་འབྲལ་བའོ། །ཁྱོད་ཀྱི་ཁའི་ནང་ན་བྲོ་བ་མེད་ན་ཅིའི་ཕྱིར་སྐྱུར་བའི་འགྲམ་ཆུ་འབྱུང་། དེའི་ཕྱིར་
ཤེས་པར་གྱིས་ཤིག །ཁྱོད་ཀྱིས་གཟུགས་ཀྱི་ལུས་མངོན་དུ་སྲ་ཞིང་མཁྲང་བ་དེའི་མིང་ནི་ཡང་དག་པ་མ་ཡིན་པའི་འདུ་ཤེས་དང་པོ་ད་ལྟར་བཤད་པ། བྲག་མཐོན་པོ་ལ་བསམས་པ་འདུ་ཤེས་ཀྱི་སེམས་ལུས་ཡང་དག་པར་འདའ་བར་འགྱུར་རོ། །འོན་ཀྱང་ལེན་པའི་སྐྱེ་བའི་རྒྱུའི་ཕྱིར་
གཟུགས་ཀྱི་ལས་ནི་གཡོ་ནུས་ཏེ། །ཁྱོད་ད་མངོན་སུམ་དུ་འཕན་པ་དང་། འདོད་པས་གཟིར་ཏོ། །དེའི་མིང་དུ་གསོག་ཏུ་སྣང་བའི་ཡང་དག་པ་མ་ཡིན་པའི་འདུ་ཤེས་གཉིས་པའོ། །མཚན་མ་གཡོས་པའི་ཕྱིར་གཟུགས་ཀྱི་ལུས་ནི་ལས་བྱེད་དུ་བཅུག་སྟེ། ལུས་ནི་མཚན་
མ་མ་ཡིན་ནོ། །ཁྱོད་ཀྱི་ལུས་ཅིའི་རྒྱུས་ན་མཚན་མའི་ལས་བྱེད་ཅིང་སྣ་ཚོགས་ཀྱི་གཟུགས་ལེན་ཅེ་ན། སེམས་གཡོ་ན་ལུས་ལེན་ཏེ། མཚན་མ་དང་མཉམ་པར་འཇུག་གོ། །སད་ན་འདུ་ཤེས་ཀྱི་སེམས་གཡོས་ལོག་ན་རྨི་ལམ་དུ་འགྱུར་ཏེ། ཁྱོད་ཀྱི་འདུ་ཤེས་ཀྱི་མཚན་མས་ཡང་
དག་པ་མ་ཡིན་པའི་སེམས་གཡོ་བར་ནུས་ཏེ། བྲལ་ཅིང་རྒྱུ་བར་མི་ཚོར་རོ། །དེའི་མིང་ཡང་དག་པ་མ་ཡིན་པའི་འདུ་ཤེས་གསུམ་པའོ། །མི་མངོན་པར་སྐད་ཅིག་པར་རྫུས་ནས་མེད་པར་འཕོ་ཞིང་འགྱུར་ཏེ། སེན་མོ་རིང་པོ་དང་། སྐྲ་སྐྱེ་བ་དང་། དབུགས་རྒྱུ་བ་དང་། གདོང་གི་
གཉེར་མ་ནང་རུབ་ཏུ་རྒྱུ་བ་མི་འཆད་ཀྱང་ཁྱོད་ཀྱིས་མི་ཚོར་རོ། །དགའ་བོ་འདི་འོན་ཏེ་དེ་ལྟར་མ་ཡིན་དུ་ཟིན་ན་ཁྱོད་ཀྱིས་ལུས་ཅིའི་ཕྱིར་འགྱུར་བར་སྣང་། ཡང་དག་པ་མ་ཡིན་པ་འདྲ། ཁྱོད་ཀྱིས་ཅིའི་ཕྱིར་ཡང་དག་པར་མི་ཚོར། །ཁྱོད་ཀྱི་འདུ་བྱེད་ཐམས་ཅད་ནི་ཡུད་ཙམ་གྱི་
བར་དུ་ཡང་མི་སྡོད་དོ། །དེའི་མིང་ནི་ཟབ་ཅིང་མི་མངོན་པ་ཡིན་པའི་འདུ་ཤེས་བཞི་པའོ། །ཡང་ཁྱོད་དང་ཞིང་གསལ་བ་ཏིང་ངེར་མི་གཡོ་བར་གནས་པ་དེའི་མིང་རྟག་པ་ཡིན་ན་ནི་ལུས་ལས་མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པར་འགྱུར་བ་མི་རིགས། དེ་སྟེ་

དབེན་པར་གདའ་ཡང་དག་ན་ནི། མི་བདེན་པའི་བག་ཆགས་མེད་པར་རིགས་སོ། །ཅིའི་རྒྱུས་ཁྱེད་ཅག་སྔོན་གྱི་དུས་ན་ངོ་མཚར་དག་ཅི་མཐོང་བ་ལོ་གྲངས་ཡུན་རིང་བའི་ཕྱིར་དྲན་པ་ཀུན་མེད་དེ་བརྗེད་ནས་ཅང་མི་དྲན་པ་ལས། ཕྱིས་ནི་སྔ་མ་མཐོང་བ་དང་གློ་བུར་དུ་
དྲན་ཏེ་དེ་བཞིན་ཡོད་དེ་མ་སྟོར་ཏོ། །དེ་ནི་དང་བ་མངོན་དུ་ཏིང་ངེར་མི་གཡོ་བའི་ནང་ནས་ཡུད་ཙམ་གྱིས་བསྐོས་པའི་གྲངས་ནི་རེ་རེ་ལྟ་ཞིག་ཡོད། དགའ་བོ་ཤེས་པར་གྱིས་ཤིག །འདི་ཏིང་ངེར་མི་གཡོ་བ་ནི་ཆུ་བཟང་པོ་འབབ་པ་དང་མི་མཚུངས་སོ། །བལྟས་ན་ཏིང་ངེར་མི་
གཡོ་བ་འདྲ་ཡང་མྱུར་བར་རྒྱུ་བར་མི་མཐོང་སྟེ། མི་རྒྱུ་བ་མ་ཡིན་ནོ། །དེ་སྟེ་འདུ་ཤེས་ཀྱི་གཞི་མངོན་བག་ཆགས་ཀྱི་མཚན་མ་གང་ཞིག་གིས་ལེན། ཁྱེད་ཀྱི་སྐྱེ་མཆེད་ནི་འཁྲུལ་པ་ལ་སྤྱོད་དེ། སྦྱོར་བ་དང་ཕྱེ་བ་འདི་ཡང་དག་པ་མ་ཡིན་པའི་འདུ་ཤེས་མ་ཡིན་པས་འགོག་པ་
ཐོབ་པའི་དུས་མེད་དོ། །དེ་བས་ན་ཁྱེད་མཐོང་བ་དང་། ཐོས་པ་དང་ཚོར་བ་དང་ཤེས་པ་མངོན་སུམ་དུ་འདུག་པའི་ནང་ནས་མི་མངོན་མི་མཐོང་གཡོ་བ་ན་གོམས་པའི་བག་ཆགས་སོ། །དེའི་མིང་ནི་བག་ཆགས་ཀྱི་གཞི་ཕྱིན་ཅི་ལོག་དང་བའི་ཕྲ་བའི་ཡང་ཕྲ་བ། ཡང་དག་པ་
མ་ཡིན་པའི་འདུ་ཤེས་ཀྱི་ཕྱིན་ཅི་ལོག་ལྔ་པའོ། །དགའ་བོ་ཕུང་པོ་ལྔ་པོ་འདི་ནི་ཡང་དག་པ་མ་ཡིན་པ་ལྔ་ལས་གྲུབ་པ་སྟེ། ཁྱོད་ད་ཤེས་པར་འདོད་ན་རྒྱུ་བའི་མཚམས་ནི་ཡང་བ་དང་ཟབ་པ་དང་སྟོང་པ་དང་གཟུགས་ཀྱི་མཐའ་ཡིན་ནོ། །རེག་པ་དང་བྲལ་བ་ནི་ཚོར་བའི་མཐའ་ཡིན་ནོ། །
དྲན་པ་དང་བརྗེད་པ་ནི་འདུ་ཤེས་ཀྱི་མཐའ་ཡིན་ནོ། །སྐྱེ་བ་དང་འགོག་པ་ནི་འདུ་བྱེད་ཀྱི་མཐའ་ཡིན་ནོ། །སང་ངེ་སང་ངེར་འཇུག་པར་སྦྱོར་བ་ནི་རྣམ་པར་ཤེས་པའི་མཐའ་ཡིན་ནོ། །ཕུང་པོ་དེ་ལྔའི་ཚད་མེད་པ་སྐྱེ་སྐྱེ་བར། སྐྱེ་སྐྱེ་བའི་རྒྱུའི་ཕྱིར་རྣམ་པར་ཤེས་པ་ཡོད་དོ། །གཟུགས་
ཀྱི་ཕྱིར་འགོག་པའོ། །དོན་རིག་ན་ཅིག་ཅར་སེལ་ཏེ་བག་ཆགས་ནི་ཅིག་ཅར་མི་འདག་སྟེ། རིམ་གྱིས་ཟད་དོ་ངས་ཁྱོད་ལ་ལག་ཕྱིས་མདུད་པར་བསྟན་ན། མ་རིག་ན་ཅིའི་ཕྱིར་ང་ལ་སླར་འདྲི། ཁྱེད་ནི་མ་རིག་པའི་སེམས་ཀྱི་རྩ་བའི་གཞི་དེ་ལས་བྲལ་ཏེ་ཐར་བར་འགྱུར་རོ། །

ཁྱོད་ཆོས་ཀྱི་སྒོ་འདི་ཁྱེར་ཏེ་མ་འོངས་པའི་དུས་ཐ་མ་ལ་སྤྱོད་པའི་མི་དག་ལ་ཡང་དག་པ་མ་ཡིན་པར་ཤེས་པར་སྟོན་ཅིང་། སྐྱེ་ཤི་ལ་ཟབ་ཏུ་སྐྱེ་ཞིང་ཁམས་གསུམ་ལ་མ་མོས་པས་མྱ་ངན་ལས་འདས་པ་ཡོད་པར་ཤེས་པར་གྱིས་ཤིག །དགའ་བོ་མི་ལ་ལ་ཞིག་གིས་ཕྱོགས་བཅུའི་ནམ་མཁའི་
ཁམས་ཁྱབ་པར་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། རྡུལ་ཕྲ་མོ་སྙེད་ཀྱི་སངས་རྒྱས་ཐམས་ཅད་ལ་བླ་མར་བྱས་ཏེ། མཆོད་ཅིང་བསྙེན་བཀུར་བྱས་ནས་སེམས་དོན་མེད་པར་འདས་པར་མ་བྱས་ན་ཡིད་ལ་ཇི་སྙམ། མི་དེས་འདི་ལྟར་སངས་རྒྱས་ལ་ཕུལ་བའི་རྒྱུ་རྐྱེན་གྱིས་བསོད་ནམས་
ཐོབ་པ་མང་བ་ཡིན་ནམ། དགའ་བོས་གསོལ་པ། ནམ་མཁའ་མི་བས་པས་རིན་པོ་ཆེའི་མཐའ་ཡང་མ་མཆིས་སོ། །འདས་པའི་དུས་ན་མི་ཞིག་གིས་པ་ན་བདུན་གྱི་ཕྱིར་ལུས་བཏང་སྟེ། བཅོམ་ལྡན་འདས་ལ་ཡོན་ཕུལ་བས། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེས་ན་ཡང་
མངོན་སུམ་དུ་ནམ་མཁའི་ཁམས་ཀྱི་མཐར་སངས་རྒྱས་ཀྱི་ཞིང་བཀང་ཞིང་ཁྱབ་པར་རིན་པོ་ཆེ་སོ་སོར་ཕུལ་བ་ནི་བསྐལ་པ་བས་ཀྱི་བར་དུ་ཡང་བསམ་པས་ཚད་གཟུང་མི་ནུས་ན། དེའི་བསོད་ནམས་ཀྱི་མཐའ་མཆིས་པ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།
དགའ་བོ་དེ་བཞིན་གཤེགས་པ་སངས་རྒྱས་ཐམས་ཅད་ནི་བརྫུན་མི་གསུང་སྟེ། མི་ལ་ལ་ཞིག་གིས་ལུས་ཀྱི་ཕས་ཕམ་པ་བཞི་དང་། ཕས་ཕམ་པ་བཅུ་ལྡན་པར་བྱས་ནས། དབུགས་གང་ཙམ་ལ་ཁམས་འདི་དང་། ཁམས་གཞན་གྱི་མཚམས་མེད་པའི་སེམས་ཅན་དམྱལ་
བ་དང་། ཕྱོགས་བཅུ་མ་ལུས་པ་ན་མཚམས་མེད་པའི་སེམས་ཅན་དམྱལ་བར་མ་ཕྱིན་པ་མེད་དོ། །སེ་གོལ་ཐབས་ཅིག་གཏོགས་པའི་སྲིད་གཅིག་ཆོས་ཀྱི་སྒོ་འདི་ཁྱེར་ཏེ། ཕྱི་མའི་བསྐལ་པ་ཐ་མའི་ཚེ་མ་ལོབས་པ་ལ་འབྱུང་ཞིང་བསྟན་ན་མི་དེའི་ཁ་ན་མ་ཐོ་བའི་སྡིག་སེམས་ཀྱི་སྐད་
ཅིག་ཙམ་གྱི་བར་དུ་ཚངས་ཤིང་འབྱང་སྟེ། སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་རྒྱུ་ལས་ཐར་ནས་བདེ་བའི་ཞིང་དུ་སྐྱེ་བར་འགྱུར་ཏེ། བསོད་ནམས་ཐོབ་པ་ནི་སྔ་མའི་སྦྱིན་པའི་བསོད་ནམས་ཀྱི་བརྒྱའི་ཆ་དང་། སྟོང་གི་ཆ་དང་། འབུམ་ཕྲག་ཁྲིའི་ཆ་དང་། དེ་བཞིན་དུ་རྩིས་

དང་། གྲངས་དང་དཔེའི་བར་དུ་བསྐྲུན་དུ་མེད་དོ། །དགའ་བོ་སེམས་ཅན་ལ་ལ་ཞིག་གིས་མདོ་སྡེ་འདི་ཁ་ཏོན་དུ་འདོན་ཅིང་སྔགས་འདི་གཟུངས་སུ་བཟུང་ན། བསྐལ་པ་མི་ཟད་པའི་བར་དུ་ཡང་ངས་བཤད་པར་མི་ནུས་སོ། །ཁྱེད་རྣམས་ངས་བཤད་པའི་གཞུང་
བཞིན་དུ་སྤྱོད་ན། བྱང་ཆུབ་གྲུབ་ཀྱི་བར་དུ་བདུད་ཀྱི་ལམ་ལས་ཐར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་དང་། འཇིག་རྟེན་གྱི་ལྷ་ཐམས་ཅད་དང་། ལྷ་མ་ཡིན་དང་། འཇིག་རྟེན་གྱི་ཁམས་གཞན་ནས་འདུས་
པའི་བྱང་ཆུབ་སེམས་དཔའ་དང་། ཐེག་པ་གསུམ་གྱིས་འཕགས་པ་དང་། དྲང་སྲོང་གི་བུ་གཙང་མ་དང་། ཐོག་མ་སེམས་བསྐྱེད་པའི་མཐུ་བོ་ཆེ་དང་། ཡི་དགས་རྣམས་ཤིན་ཏུ་དགའ་ཞིང་མགུ་ནས་ཕྱག་འཚལ་ཏེ་སོ་སོར་དོང་ངོ་། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་
ཏོར་ཆེན་པོའི་ལེའུ་སྟོང་ཕྲག་བཅུ་པ་ལས་དེ་བཞིན་གཤེགས་པའི་གསང་བ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྒྲུབས་པ་དོན་མངོན་པར་འཐོབ་པར་སྤྱད་པའི་རྒྱུ་ལེའུ་བཅུ་པ་རྫོགས་སྷོ།། ༄༅༅། །གཙུག་ཏོར་ཆེན་པོ་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ཡས་ཁྱོད་ཀྱིས་འདི་ལྟར་ཤེས་པར་གྱིས་ཤིག །བྱང་ཆུབ་ཀྱི་དཀྱིལ་འཁོར་ལ་གནས་པ་ནི་འདུ་ཤེས་ཐམས་ཅད་འབྱང་བར་འགྱུར་རོ། །དེ་ཉིད་འདུ་ཤེས་སྤངས་པ་ཡིན་ནོ། །དེས་ན་སྙིང་པོ་ཐམས་ཅད་སྣང་བར་འགྱུར་ཏེ། གཡོ་
བ་རྣམ་པར་དག་པས་གཞན་དུ་ཐ་མི་དད། དྲན་པ་བརྗོད་པས་ཡང་དག་པ་དང་གཅིག་གོ། །དེ་ཁོ་ན་ལ་གནས་ཏེ་ཏིང་ངེ་འཛིན་དུ་ཞུགས་ན། དཔེར་ན་མིག་སྣང་བའི་མི་མུན་པ་ཆེན་པོའི་ནང་ན་འདུག་པ་དང་མཚུངས་ཏེ། བྱང་བ་ཉིད་ཤིན་ཏུ་གཙང་མོད་ཀྱི། སེམས་ལ་འོད་མ་བྱུང་བས་
དེ་ནི་གཟུགས་ཀྱི་ཕུང་པོའི་ཁང་ཁྱིམ་ཡིན་ནོ། །མིག་དག་གསལ་བས་ཕྱོགས་བཅུ་ཐོགས་པ་མེད་པར་མཐོང་སྟེ། མུན་པ་དང་མི་སྣང་བ་མེད་ན། དེ་ནི་གཟུགས་ཀྱི་ཕུང་པོ་ཟད་པས་བསྐལ་པའི་རྙོག་པ་ལས་རྒལ་ཏོ། །དེའི་དོན་བརྟགས་ན་མི་བདེན་པའི་སེམས་དམ་དུ་འཛིན་པ་ལས་

བྱུང་ངོ་། །སེམས་དེ་ལ་བསྒོམ་པ་སྟོང་ཞི་ཞིང་སྣང་གསལ་བར་གྱུར་ན། སྐད་ཅིག་ཏུ་ལུས་ཀྱི་དབང་ཐོབ་སྟེ། ལུས་གཟུགས་ལ་མི་ཐོགས་པ་ཐོབ་བོ། །དེའི་མིང་ནི་བྱང་བའི་མཐུ་སྐྱེས་པར་ཟད་དོ། །སེམས་དེ་སྟོང་ཞི་ཞིང་སྣང་གསལ་ན། བདག་གིས་ལུས་ཀྱི་ནང་ན་ཅི་འདུག་པ་ཀུན་སྣང་
སྟེ། བདག་གི་ལུས་ལ་གློ་བུར་དུ་སྲིན་གྲོལ་མ་བྱུང་ཡང་ལུས་མ་གོད་མ་ཉམས་པར་མཐོང་སྟེ། དེ་ཡང་བྱང་སྣང་བའི་མཐུ་སྐྱེ་བར་ཟད་དོ། །སེམས་དེ་ཕྱི་ནང་སྟོང་ཞི་བའི་ཕྱིར་ནམ་མཁའ་སྟོང་པ་ལས་ཆོས་བཤད་པའི་སྒྲ་དང་། ཕྱོགས་བཅུ་ན་ཆོས་ཟབ་མོའི་དོན་བཤད་པའི་སྒྲ་ཐོས་ཏེ། དེ་ནི་
བརླ་དང་། ཕེག་དང་། ཡིད་དང་། མི་གཏོད་པ་དང་། ཛིང་ཤིན་རྣམས་ལྷན་ཅིག་ཏུ་འདུག་པ་ལས་འདུ་འབྲལ་དུ་གྱུར་པ་ལས་བྱུང་བར་ཟད། སེམས་དེ་སྣང་གསལ་ཞིང་ནང་གི་འོད་བྱུང་བའི་ཕྱིར་ཕྱོགས་བཅུ་ཐམས་ཅད་འཛམ་བུའི་གསེར་གྱི་ཁ་དོག་ཏུ་གྱུར། སེམས་ཅན་སེམས་ཀྱི་
སེམས་མི་འཐུན་པའི་རྣམས་ཀྱང་སངས་རྒྱས་ཀྱི་གཟུགས་སུ་གྱུར། རྣམ་པར་སྣང་མཛད་ལྷའི་འོད་ཀྱི་ཁང་པ་ན་བཞུགས་ཏེ། སངས་རྒྱས་བཅུས་བསྐོར་བ་དང་། ཡུལ་དང་ཞིང་མེ་ཏོག་དང་བཅས་པ་འབུམ་ཕྲག་བརྒྱ་དང་། དེ་རྣམས་སྐད་ཅིག་ཏུ་མཐོང་སྟེ། སེམས་དང་བརླ་ཚོར་
བ་རྣོ་བས་སེམས་ཀྱི་འོད་ཞིབ་མོས་འཇིག་རྟེན་དེ་རྣམས་མཐོང་བར་ཟད་དོ། །སེམས་དེ་སྟོང་ཞི་ཞིང་གསལ་སྣང་བ་ལ། རྟོག་ཅིང་དཔྱོད་པ་ལ་བར་ཆད་མེད་པས་སྐད་ཅིག་གློ་བུར་དུ་ཕྱོགས་བཅུའི་རིན་པོ་ཆེ་སྣ་བདུན་དང་། བརྒྱ་ཁ་དོག་ཏུ་གྱུར་པར་མཐོང་སྟེ། དེ་ནི་སེམས་མནན་ཅིང་མི་
གཏོང་བ་ལ་བསྒོམས་དྲག་པ་མི་གཏོང་བ་ལས་བྱུང་བར་ཟད། སེམས་སྟོང་ཞི་ཞིང་སྣང་གསལ་བར་གྱུར་པའི་ཕྱིར་མཚན་མོ་མུན་པའི་ནང་ན་ཅི་འདུག་གོ་ཅོག་ཉིན་པར་བཞིན་དུ་རེ་ཞིག་གློ་བུར་དུ་མཐོང་སྟེ། དེ་ནི་སེམས་ཞི་ཞིང་གསལ་བར་གྱུར་པའི་ཕྱིར་མཐོང་བར་ཟད་དོ། །སེམས་དེ་སྟོང་
ཞི་བའི་ཕྱིར་བདག་གི་ལུས་རྩྭ་ཤིང་བཞིན་དུ་མཚོན་གྱིས་གཏུབས་བཅད་དམ། མེར་བསྲེགས་ཀྱང་མི་ན་མི་ཚིག་སྟེ། དེ་ནི་ཆེན་པོ་བཞིའི་མཚན་ཉིད་ཕྱིར་འབྱུང་བ་ཡིན་ནོ། །སེམས་དེ་གཙང་མར་གྱུར་པའི་མཐུས་ཕྱོགས་བཅུའི་རི་དང་། གཙང་པོའི་ཆུ་བོ་ཐམས་ཅད་དང་། ས་གཞི་

ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་གྱུར་ཏེ། ནོར་བུ་རིན་པོ་ཆེས་བརྒྱན་པ་དང་། འོད་སྣང་བ་གར་ཡང་ཁྱབ་པ་བྱེ་མ་སྙེད་ཀྱི་སངས་རྒྱས་ནམ་མཁའ་ལ་བཞུགས་པ་དང་། ནམ་མཁའ་ལ་རིན་པོ་ཆེའི་ཁང་ཁྱིམ་དང་། མཚམས་མེད་པ་ཡན་ཆད་ལྷ་བྲན་གྱི་གནས་མན་
ཆད་བསྒྲིབས་པ་མེད་པར་མཐོང་སྟེ། དེ་ནི་སྐྱོ་བ་དང་དགའ་བའི་སེམས་ལ་བསྒོམས་པ་ཡུན་རིང་པོ་ལས་གྱུར་པར་ཟད་དོ། །སེམས་དེ་ལ་ཞིབ་ཏུ་བསྒོམས་པ་ཡུན་རིངས་པས། རེ་ཞིག་མཚན་མོ་གློ་བུར་དུ་རྒྱང་རིང་པོ་ན་འདུག་པའི་གྲོང་དུ་ཁྱབ་པ་ལ་སྲེད་པ་དང་། རྡུལ་དོན་དུ་གྱུར་པ་དང་།
དེ་རྣམས་ཉིད་ལ་རྟག་པར་འཛིན་ཏེ། མུ་སྟེགས་བྲམ་ཟེ་ཀ་ཤ་བ་དང་། མེ་ལ་རྗེད་པ་དང་། ཆུ་ལ་རྗེད་པའི་ཆོས་ལ་མྱ་ངན་ལས་འདས་པའི་དོན་ཚོལ་ཏེ། མུ་སྟེགས་དེ་རྣམས་ཀྱི་སྡེར་གྱུར་ཏོ། །བྱང་ཆུབ་ཀྱི་སེམས་ནི་འཆོལ། ཤེས་པར་ལྟ་བ་ནི་རླག །མུ་སྟེགས་སྔར་ཡུལ་ཡོད་པར་
འཛིན་པའི་ཆོས་སྤྱད་དེ། མི་བདེན་པའི་འབྲས་བུ་ནི་གྲུབ། མྱ་ངན་ལས་འདས་པ་ལ་ནི་རྒྱབ་ཀྱིས་ཕྱོགས། ལོག་པར་ལྟ་བའི་རིགས་སུ་ནི་སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤི་ཡང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་
པའི་དོན་ལ་ཤིན་ཏུ་མ་རྒྱས་པས་སེམས་སྟོང་པ་ཡིན་པར་ཚོར་ནས། སེམས་དེ་ལ་ཞེན་ཏེ་ཕྱོགས་པས། ལྷ་ཚེ་རིང་པོ་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་གནས་སུ་སྐྱེས་ཏེ། བྱང་ཆུབ་ཀྱི་སེམས་ནི་འཆོལ། ཤེས་པ་མཐོང་བ་ནི་རླག །དེའི་མིང་ནི་དྲུག་སྟེ། སེམས་ལ་སྟོང་
པར་འཛིན་པས་སྟོང་པའི་འབྲས་བུ་ཐོབ་སྟེ། མྱ་ངན་ལས་འདས་པ་ལ་ནི་རྒྱབ་ཀྱིས་ཕྱོགས། འཆད་ཅིང་འགོག་པའི་རིགས་སུ་ནི་སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤི་ཡང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བའི་འགོག་པའི་
དོན་ལ་ཤིན་ཏུ་མ་རྒྱས་པས་ལུས་ལ་རྟག་པར་འཛིན་ཏེ། ལུས་དེ་མི་འཆི་མི་འཆད་ཅེས་ཟེར་ཏེ། སེམས་དེ་ལ་ཞེན་པར་རྐམ་པ་དང་བརྐམ་པ་མ་ཡིན་པ་ཨ་སི་ཏ་ཚེ་རིང་པོ་ཚོལ་བའི་འཁོར་དུ་སྐྱེས་ཏེ། བྱང་ཆུབ་ཀྱི་སེམས་ནི་འཆོལ། ཤེས་པར་ལྟ་བ་ནི་རླག །དེ་ནི་བདུན་ཏེ། ཚེ་ལ་

ཆགས་པའི་མི་བདེན་པའི་རྒྱུས་ལྷ་ཚེ་རིང་པོའི་འབྲས་བུ་རྫོགས་ཏེ་མྱ་ངན་ལས་འདས་པ་ལ་ནི་རྒྱབ་ཀྱིས་ཕྱོགས་མི་བདེན་པའི་ཚེ་རིང་པོའི་འཁོར་དུ་སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤི་ཡང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་
དོན་ལ་ཤིན་ཏུ་མ་རྒྱས་པས་ཚེ་ལ་ཐོགས་པ་མེད་པ་ཐོབ་སྟེ། མྱ་ངན་ཟད་ཀྱིས་དོགས་ནས་པད་མོའི་གདན་དང་། རིན་པོ་ཆེ་སྣ་བདུན་གྱི་ཁང་ཁྱིམ་མང་དུ་རྫུས་ཏེ། སེམས་ཅི་འདོད་པ་བཞིན་དུ་སྤྱད་ནས་དེ་ཞེན་པའི་ཕྱིར་ཡང་དག་པ་དང་། ཡང་དག་པ་མ་ཡིན་པ། ཏ་ཏི་ཀ་ལའི་འཁོར་དུ་
གྱུར་ཏེ། བྱང་ཆུབ་ཀྱི་སེམས་ནི་འཆོལ། ཤེས་པ་མཐོང་བ་ནི་རླག །དེ་བརྒྱད་དེ་སེམས་ཡོན་པོས་ནི་རྒྱུ་བྱས། ཤིན་ཏུ་རྒྱས་པའི་སྤྱོད་ཡུལ་ནི་ཐོབ། མྱ་ངན་ལས་འདས་པ་ལ་ནི་རྒྱབ་ཀྱིས་ཕྱོགས། ལྷའི་བདུད་ཀྱི་རིགས་སུ་སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་
སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤི་ཡང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཚེ་སྣང་བའི་ནང་ན་སྤྱོད་ཡུལ་མེད་པར་སྣང་བ་བསལ་ཏེ། བདེན་མི་བདེན་དང་། རྒྱུ་དང་འབྲས་བུ་བསལ་ཕོད་ཅིང་ཡང་དག་པའི་གཙང་གདང་བའི་ལམ་ལ་ནི་རྒྱབ་
ཀྱིས་ཕྱོགས། ཉོན་མོངས་པ་ནི་མཐོང་། འདུ་བ་ནི་བཅད། འགོག་པ་ནི་རིག །ལམ་ནི་བསྒོམས། འགོག་པ་ལ་གནས་ཏེ། འགྲུས་འབོགས་ཀྱི་སེམས་ནི་བཏང་། འགོག་པ་ལ་ནི་ཞེན་པས་ཡང་དག་པའི་ཉན་ཐོས་ཀྱི་སྡེར་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་ནི་འཆོལ། ཤེས་པ་
ལྟ་བ་ནི་རླག །དེ་ནི་དགུ་སྟེ། སེམས་ཞི་བ་ལ་གནས་པས་ཞི་བའི་འབྲས་བུ་ནི་རྫོགས། མྱ་ངན་ལས་འདས་པ་ལ་ནི་རྒྱབ་ཀྱིས་ཕྱོགས། སྟོང་པར་འཛིན་པའི་རིགས་སུ་ནི་སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤི་ཡང་འགོག་སྟེ་
མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཡང་དག་པའི་སེམས་ལ་གཙང་གདང་བ་སྣང་གསལ་བར་ཚོར་ཏེ། དེ་ཤིན་ཏུ་བརྟགས་པས་མྱ་ངན་ལས་འདས་པའི་དོན་ཡིན་པར་འཛིན་ཏེ། འགོག་པའི་དོན་ལ་ཡང་ཤིན་ཏུ་མ་རྒྱས་པས་རང་གར་ཕྱོགས་པ་ལ་ཕྱོགས་ཡོད་པར་འཛིན་

ཏེ། རང་གི་ལུས་དང་སེམས་ཀྱང་གནས་དེ་ལ་བྱུང་ངོ་སྙམ་དུ་ཐེ་ཙོམ་དུ་གྱུར་ནས་རང་གི་ལུས་ཀྱང་ཡང་དག་པར་རྟག་པ་ཡིན་ཞེས་ཟེར་ཏེ། སེམས་དེ་ལ་ཞེན་པས་རྟག་ཅེས་ཟེར་བ་དང་། མི་རྟག་ཅེས་ཟེར་བ་དེ་ལ་ཆགས་ཏེ། ལྷ་མཐུ་བོ་ཆེའི་སྡེར་གྱུར་ཏོ། །བྱང་ཆུབ་
ཀྱི་སེམས་ནི་འཆོལ། ཤེས་པ་མཐོང་བ་ནི་རླག །དེའི་མིང་ནི་གསུམ་སེམས་ལ་གནས་པས་མི་བདེན་པའི་འབྲས་བུ་འབྱུང་བ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ལ་ནི་རྒྱབ་ཀྱིས་ཕྱོགས། ལོག་པར་རྒྱས་པའི་རིགས་སུ་ནི་གྱུར། ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་ནི་སྟོང་
པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤི་ཡང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཤེས་པ་ལ་ཤེས་པ་རྒྱས་པར་ཚོར་ནས་ཕྱོགས་བཅུའི་རྩི་ཤིང་ལ་ཡང་སེམས་ཡོད་དེ། མི་དང་མི་འདྲ་བ་མེད་པས་མི་ཤི་ན་ཡང་རྩི་ཤིང་དུ་གྱུར་པར་འཛིན་ཏེ། དེ་ལྟ་
བུར་སེམས་ཞེན་པའི་ཕྱིར་མུ་སྟེགས་ཤེས་པ་དང་མི་ཤེས་པར་འཛིན་པས་པ་ཏ་ས་འདིའི་སྡེར་གྱུར་ཏོ། །བྱང་ཆུབ་ཀྱི་སེམས་ནི་འཆོལ། ཤེས་པ་མཐོང་བ་ནི་རླག །དེའི་མིང་ནི་གཞིར་རྒྱས་པར་ཤེས་པའི་སེམས་ཀྱིས་མི་བདེན་པའི་འབྲས་བུ་རྫོགས་ཞེས་བྱ་བ་ཡིན། མྱ་ངན་
ལས་འདས་པ་ལ་ནི་རྒྱབ་ཀྱིས་ཕྱོགས། ལོག་པར་ཤེས་པའི་རིགས་སུ་ནི་སྐྱེའོ། །ཡང་རིགས་ཀྱི་བུ་འདུ་བྱེད་ཐམས་ཅད་སྟོང་པར་རིག་ནས་རྣམ་པར་ཤེས་པ་ཉིད་ལ་སྐྱེ་ཤི་ཡང་འགོག་སྟེ། མི་སྐྱེ་མི་ཤི་ཞི་བ་འགོག་པའི་དོན་ལ་ཤིན་ཏུ་མ་རྒྱས་པས་ཤིན་ཏུ་ཞི་བ་ལ་དབང་པོ་ནོར་
ཅིང་སྤྱད་དུ་ཡོད་པ་ལ་རང་དབང་ཐོབ་ནས་མེའི་སྣང་བ་ཚོལ་བ་དང་། ཆུ་གཙང་མ་ལ་དགའ་བ་དང་། རླུང་ཀུན་འོར་འགའ་ནི་གཟུགས་ང་ཡིན་ནོ་ཞེས་ཟེར། འོར་འགའ་ནི་གཟུགས་ཡོད་དོ་ཞེས་ཟེར་ཏེ། འོར་འགའ་ནི་གཟུགས་ང་ལ་རྟོགས་ཞེས་ཟེར། འོར་འགའ་ནི་མྱ་ངན་དང་
བྱང་ཆུབ་སོ་སོ་ལ་གཅིག་ལ་གཅིག་མི་གཏོགས་སོ། །ཞེས་ཟེར་ནས་བྱང་ཆུབ་ཀྱི་སེམས་འཆོལ་ཏེ། མུར་དུག་ཕུང་པོ་ལྔའི་ནང་ན་ཤི་བའི་འོག་ཏུ་མཚན་མ་ཡོད་ཅེས་ཟེར་བའི་ཕྱིན་ཅི་ལོག་གི་མུ་སྟེགས་ཀྱི་སྡེར་གྱུར་ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་སེམས་

དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་ཏེ། སྔར་གཟུགས་དང་། ཚོར་བ་དང་། འདུ་ཤེས་འགོག་ཟིན་པ་རྣམས་ལ་བརྟགས་ན། དེ་རྣམས་ཐམས་ཅད་འགགས་ཟིན་པས་གཟུགས་ཡོད་དུ་ནི་གཟུགས་ཟད་སེམས་
ཡོད་དུ་ནི་འདུ་ཤེས་མེད། ཕྱི་མོ་ཡོད་དུ་ནི་ཚོར་བའི་ཕུང་པོ་ཟད། སྐྱེ་བའི་དོན་ཡོད་དུ་ནི་ཟིན་ཀྱང་ང་ལ་ད་ལྟར་གྱི་ཕུང་པོ་ཡང་མེད། རྩྭ་ཤིང་དང་འདྲ་ན་ཤི་བའི་འོག་ཏུ་རྒྱུ་དང་འབྲས་བུ་ཡང་མེད། མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུ་ཡང་མེད། ཐམས་ཅད་ཀྱང་སྟོང་སྟེ། གྱི་ན་མིང་
ཙམ་དུ་ཡོད་དུ་ཟད་ཀྱི། ངོ་བོའི་དོན་མེད་དོ་ཞེས་ཟེར་ནས་བྱང་ཆུབ་ཀྱི་སེམས་འཆོལ་ཏེ། མུ་སྟེགས་བདུན་ཕུང་པོ་ལྔའི་ནང་ན་ཤི་བའི་འོག་ཏུ་མཚན་མ་མེད་ཅེས་ཟེར་བའི་ཕྱིན་ཅི་ལོག་གི་མུ་སྟེགས་ཀྱི་སྡེར་གྱུར་ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་སེམས་དྲང་པོ་མི་གཡོ་
བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་ཏེ། ཚོར་བ་དང་། འདུ་ཤེས་ཀྱི་ཕུང་པོ་གཉིས་ཀ་འགོག་པར་མཐོང་ནས་གཅིག་ལ་གཅིག་གིས་གཞིག་ཅིང་། ཤི་བའི་འོག་ཏུ་གཉིས་ཀ་མ་ཡིན་ཞེས་ཟེར་བའི་མུ་སྟེགས་སུ་གྱུར་ཏེ།
གཟུགས་དང་། ཚོར་བ་དང་། འདུ་ཤེས་ཡོད་པས་ལོག་པའི་ཏིང་ངེ་འཛིན་དང་མི་ཕྲད་དེ། རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བར་བྱུང་ནས་རྫོགས་པར་སྣང་བ་ལ་སྲེད་དེ། ཏིང་ངེ་འཛིན་གྱི་ཐབས་བརྐམ་ནས། ལྷའི་བདུད་ཀྱིས་གླགས་རྙེད་དེ་ཁར་ཞུགས་ནས། ཆོས་
འཆད་མཁས་ཤིང་ལུས་ཀྱང་སྣ་ཚོགས་པར་བསྒྱུར། མུན་པའི་ནང་ན་འོད་ཀྱང་གཏོང་ནུས་ཏེ། ཡུལ་ཁ་ཅིག་ཏུ་ནི་མི་འདི་ཞེས་བྱ་བ་ཞིག་སངས་རྒྱས་སུ་མངོན་པར་གྲུབ་བོ། །ཡུལ་འདི་ནི་བསྐལ་པ་རྣམ་གསུམ་བྱུང་། སངས་རྒྱས་ཀྱིས་གསུངས་པའི་ཚུལ་ཁྲིམས་ཀྱང་དྲོལ་ཅིག་
ཅེས་བསྒོ་ཞིང་འདོད་ཅིང་སྲེད་པའི་ཆོས་ཤ་སྟག་བཤད་ནས་འཇུངས་པའི་འདྲེ་དེ་ལུས་ལ་འཕགས་མ་ཐག་ཏུ་སློབ་མ་དང་བཅས་ཏེ་རྒྱལ་པོའི་གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་ལྟུང་ངོ་། །དེ་ལ་ཚོར་ན་ཉེས་པ་མེད་དོ། །ཚོར་བ་ཤིན་ཏུ་གསོགས་ནས་

རྫོགས་པའི་ཏིང་ངེ་འཛིན་གྱི་སྣང་བ་བྱུང་སྟེ། ཏིང་ངེ་འཛིན་རྒོད་པ་ལ་སྲེད་དེ། ལྷའི་བདུད་ཀྱིས་གླགས་ཆུད་དེ་ཁོང་དུ་ཞུགས་ནས་ཆོས་འཆད་མཁས་རབ་ཏུ་གྱུར། བདག་གི་མྱ་ངན་ཟད་དོ་སྙམ་དུ་སེམས། ཆོས་འཆད་པའི་ཚེ་བདག་གི་ལུས་གསེར་གྱི་ཁ་དོག་
ཏུ་གྱུར་ཏེ། རིན་པོ་ཆེའི་པད་མའི་སྟེང་ན་འདུག །ཆོས་ཉན་པའི་མི་གཞན་རྣམས་དེ་བཞིན་དུ་གྱུར་པར་མཐོང་ནས་བདག་གིས་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་ཏེ། སེམས་གཡེང་ཞིང་ཁྲིམས་ཀྱང་བཤིག །ཉན་པའི་མི་ལ་ཁ་ཅིག་ནི་དུས་འདི་ལ་སངས་རྒྱས་སུ་འགྲུབ་བོ་ཞེས་
ལུང་སྟོན། ལ་ལ་ནི་ཡུལ་ལ་གཞན་གྱི་སངས་རྒྱས་ང་སྤྲུལ་པ་ཡིན་ནོ་ཞེས་ཟེར། མིའོ་ཆོག་ཀྱང་དེའི་ཚིག་ལ་གུས་པར་ཉན། དེ་ནས་འདྲེ་དང་བྲལ་མ་ཐག་ཏུ་སློབ་མ་དང་བཅས་ཏེ་རྒྱལ་པོའི་གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ཉེས་
པ་མེད་དོ། །ཚོར་བ་ཤིན་ཏུ་གསོགས་ཏེ། རྫོགས་པའི་ཏིང་ངེ་འཛིན་སྣང་བའི་འོད་བྱུང་བ་དང་། ཏིང་ངེ་འཛིན་གྱི་ནང་ནས། སེམས་གསལ་བ་ལ་སྲེད་པའི་ཕྱིར་ལྷའི་བདུད་ཀྱིས་གླགས་རྙེད་ནས་ཆོས་ཡིད་ལས་སྐྱེས་པའི་ལུས་ལ་བརྐམ་པའི་ཕྱིར་སེམས་ཕྲ་མོ་མ་ཟད་པས་
ལྷའི་བདུད་ཀྱིས་གླགས་ཐོད་དེ། ཁར་ཞུགས་ནས་གཞན་ལ་ཆོས་འཆད་ཅིང་། བདག་ལ་བདུད་ཀྱིས་ཟུག་པར་མ་ཚོར་ནས་བདག་མྱ་ངན་ལས་འདས་སོ་སྙམ་དུ་བསམས་ཏེ། གཞན་ལ་ཆོས་འཆད་པ་དང་། ཁྲོམ་དགོངས་བརྒྱའམ། སྟོང་དུ་སྐད་ཅིག་གིས་ཕྱིན་ཏེ། དེ་ན་
ཅི་ཡོད་པ་བླངས་ནས་གཞན་ལ་ཡང་བསྟན། བར་བར་ཡང་ཁང་པའི་ནང་ན་རྩིག་པའི་བར་ཉེ་བ་དག་ལ་ཁ་ཅིག་དྲག་རབ་ཏུ་འགྲོར་བཅུག་ཀྱང་ལོར་ཡང་མི་ཕྱིན་ཏེ། ཁ་ཅིག་དེ་ལ་ཡིད་ཆེས་ནས་སངས་རྒྱས་ཡིན་ནོ་སྙམ་དུ་ཐེ་ཙོམ་དུ་གྱུར། ཁྲོ་བ་དག་ཀྱང་ཕྱོགས་བཅུའི་སེམས་ཅན་ཐམས་
ཅད་པའི་བུ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱང་ཐོག་མ་ང་ལས་སྐྱེས། ང་ནི་ཐོག་མའི་སངས་རྒྱས་ཏེ་འཇིག་རྟེན་ལས་བྱུང་བ་ཡིན་ནོ། །དེ་ལྟར་བསྒོ་བའི་ཕྱིར་ཐུ་བོ་ཡིན་ནོ་ཞེས་ཀྱང་བཤད་དེ། དེ་ནི་འཇིག་རྟེན་ལ་གནས་པ་རང་དབང་ཐོབ་པའི་ལྷའི་བདུད་ཡིན་ནོ། །བདུད་དེ་

ལུས་ལ་བྲལ་མ་ཐག་ཏུ་རྒྱལ་པོའི་གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ཉེས་པ་མེད་དོ། །མཐའ་ཡས་ཤེས་པར་གྱིས་ཤིག །བདུད་དེ་རྣམ་བཅུ་ཆོས་ཐ་མའི་ཚེ་ངའི་ཆོས་ཀྱི་ནང་ན་རབ་ཏུ་བྱུང་། བསྒོམ་པའི་ཚེ་ན་བར་བར་ལུས་ལ་ཞུགས།
བར་བར་ལུས་ལ་བསྟན་ཏེ། ཐམས་ཅད་ཀྱང་བླ་ན་མེད་པར་གྲུབ་བོ་ཞེས་ཟེར་ཏེ། གཡེམ་པ་ལ་ནི་བསྟོད། སངས་རྒྱས་ཀྱི་ཚུལ་ཁྲིམས་ནི་བཤིག །བདུད་ཀྱི་མཁན་པོ་དང་། བདུད་ཀྱི་སློབ་མ་གཅིག་ལ་གཅིག་གཡེམ་པའི་ཆོས་སློབ་ཅིང་སེམས་དེ་ལ་ཚོར་ཏེ་ཆགས་ན། ཉེན་
ནི་རབས་དགུ། རིང་ན་ནི་རབས་བརྒྱ་ཆོས་ཡང་དག་པར་སྤྱོད་པ་རྣམས་ཀྱང་ཐམས་ཅད་ཚེ་འཕོས་ནས་ཐམས་ཅད་བདུད་དུ་གྱུར་ཏེ། ཡང་དག་པའི་ལམ་རླག་ནས་མཚམས་མེད་པར་འགྲོའོ། །མཐའ་ཡས་ཁྱོད་མྱ་ངན་ལས་མ་འདས་པར་སེམས་ཅན་རྣམས་ལ་དོན་སྟོན་པ་ཡིན་ནོ། །
བདུད་ཀྱི་སྟོབས་ཀྱིས་འདོད་ཆགས་ཀྱི་དོན་བཤད་དེ། སངས་རྒྱས་ཀྱི་ཁྲིམས་བཤིག་ནས་རྩྭ་དང་། ཤིང་རྣམས་ལ་ཟ་སྟེ། ཆོས་སྤྱད་པ་ལ་མི་རྟག་པས་འོར་འགའ་ཅི་སྤྱད། འོར་འགའ་ཅི་སྤྱད། བདུད་དེ་ལུས་ལ་འཕགས་མ་ཐག་ཏུ་སློབ་མ་དང་བཅས་སུ་རྒྱལ་པོའི་གྱོད་
ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ནི་ཉེས་པ་མེད་དོ། །ཡང་རིགས་ཀྱི་བུ་ཚོར་བའི་ཕུང་པོ་ཤིན་ཏུ་གསོགས་ནས། ལོག་པའི་ཏིང་ངེ་འཛིན་དང་མི་ཕྲད་ཅིང་། རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བས་ཏིང་ངེ་འཛིན་བསྒོམ་པའི་ཚེ་
སེམས་རྫུ་འཕྲུལ་སྣ་ཚོགས་ཐོགས་པ་མེད་པ་ལ་སྲེད་དེ། ལྷའི་བདུད་ཀྱིས་གླགས་ཐོད་ནས་ཁར་ཞུགས་ཏེ་ཆོས་འཆད་པ་ལ་མཁས་ཤིང་བདག་བདུད་ཀྱིས་ཟུག་པར་མ་ཚོར་ནས་མྱ་ངན་ལས་འདས་སོ་སྙམ་དུ་བསམས་ནས་ཆོས་འཆད་པའི་ཚེ། ལག་པ་ན་མེ་མར་འཛིན་ཅིང་།
ཉན་པ་རྣམས་ལ་འོད་བཅད་ནས་ཉན་པ་རྣམས་ཀྱི་སྤྱི་བོར་འོད་བགོས་ནས། མི་དེ་རྣམས་ཀྱི་མགོ་ལ་འོད་འདོམ་དུ་མར་མཆེད་དེ། སོང་ཡང་ཚ་བའམ་ཚིག་པ་མེད་དེ། འོར་འགའ་ཆུའི་སྟེང་ན་རྒྱུག་པ་ནི་སའི་སྟེང་ན་རྒྱུག་པ་དང་འདྲ་འོ། །འོར་འགའ་ནམ་མཁའ་ལ་འཕགས་ཏེ་

མི་གཡོ་བར་འདུག །འོར་འགའ་ཆབ་ཏོམ་གྱི་ནང་དུ་ཞུགས་ཏེ་ལུས་སྦེད། འོར་འགའ་སྣོད་སྒྱེའུ་ནང་དུ་ཞུགས་ཏེ་ལུས་སྦེད། འོར་འགའ་སྐར་ཁུང་གི་ནང་དུ་བྱུང་སྟེ་སོང་། འོར་འགའ་རྩིག་པ་ལ་ཐོགས་པ་མེད་པར་སོང་། མཚོན་རྣམས་འབའ་ཞིག་ལ་རང་དབང་མ་ཐོབ་
བོ། །བདག་གི་ཁ་ལ་སངས་རྒྱས་སུ་གྲུབ་ཟིན་ནོ་ཞེས་ཟེར་ཏེ། གོས་དཀར་པོ་གྱོན་ནས་བིཀྵུ་རྣམས་ཕྱག་འཚལ་དུ་བཅུག་སྐུར་བསླད་དེ། གཞན་ལ་ཆོས་འཆད་ན་ཡང་འཕྱོན་མའི་ཆོས་ཤེ་དག་བཤད་དོ། །གནམ་ས་དང་། ཤིང་རྩི་དང་། ཆུ་ཀླུང་དང་རིག་འཛིན་ཤི་
བ་རྣམས་འདྲེར་སྐྱེས་པ་ལས་རྒལ་ཏེ་བདུད་དུ་གྱུར་པ་ཡིན་ནོ། །བདུད་དེ་ནམ་ལུས་ལས་བྲལ་མ་ཐག་ཏུ་རྒྱལ་པོའི་གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ཉེས་པ་མེད་དོ། །ཡང་རིགས་ཀྱི་བུ་ཚོར་བའི་ཕུང་པོ་ཤིན་ཏུ་གསོགས་ནས་
ལོག་པའི་ཏིང་ངེ་འཛིན་དང་མི་ཕྲད་དོ། །རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བས་ཏིང་ངེ་འཛིན་བསྒོམ་པའི་ཚེ། ཤིན་ཏུ་འགོག་པ་སྟོང་པ་ལ་སྲེད་དེ། ལྷའི་བདུད་ཀྱིས་གླགས་ཐོད་དེ་ཁར་ཞུགས་ནས་གཞན་ལ་ཆོས་འཆད་པའི་ཚེ། མཁས་རབ་ནས་བདུད་ཀྱིས་བདག་
ལ་ཟུག་པར་མ་ཚོར་ཏེ། བདག་མྱ་ངན་ལས་འདས་སོ་སྙམ་དུ་བསམས་ནས་གཞན་ཆོས་འདྲིར་འོངས་ནས་ཆོས་འཆད་པའི་ཚེ་ཡང་བདག་གི་ལུས་སྟོང་པར་བྱས་ནས་གཞན་གྱིས་མི་མཐོང་བར་གྱུར་ཏེ། རེ་ཞིག་སྟོང་པའི་ནང་ནས་གློ་བུར་དུ་བྱུང་སྟེ། བྱུང་བ་དང་། སྦ་བ་
དང་། རང་དབང་ཐོབ་པར་གྱུར་ནས། བར་བར་ཡང་ལུས་མཆིང་བུ་བཞིན་དུ་ཕྱི་ནང་ཐལ་བར་བསྟན། བར་བར་ནི་རྐང་ལག་ཕྱག་ན་ཙན་དན་བསུང་། བར་བར་ནི་གཅིན་དང་ངན་སྐྱུགས་ཀྱང་དཔེར་ན་ཤ་ཁ་ར་སྟུག་པོ་དང་འདྲ། ཚུལ་ཁྲིམས་ལ་སྐུར། དགེ་སློང་ལ་སྨད།
ལས་ཅི་བྱས་པའི་ལན་མེད་ཅེས་ཀྱང་བཤད། ལུས་དེར་ཤི་ན་ཡེ་དེར་ཟད་དེ། ཕྱི་མའི་ལུས་ནོད་དུ་ཡང་མེད་དོ། །ཞེས་ཟེར་ཏེ། མི་ཐ་མལ་པ་དང་འཕགས་པ་ཡང་འདྲའོ་ཞེས་བཤད་དོ། །ཁོ་བོ་དག་ནི་ཕྱིན་ཅི་ལོག་ཏུ་ཆགས་པ་དང་གཡེམ་པ་ཡང་སྤྱད། གཞན་ལ་ཆོས་བཤད་པའི་ཚེ་སློབ་མ་

རྣམས་ཀྱང་སྟོང་པའི་སེམས་ཀྱང་ཐོབ་ཅེས་ཟེར་ཏེ། བདུད་དེ་ལུས་ལས་བྲལ་མ་ཐག་ཏུ་རྒྱལ་པོའི་གྱོད་ལ་ཡང་ཐོགས། མཚམས་མེད་པའི་དམྱལ་བར་ཡང་འགྲོའོ། །དེ་ལ་ཚོར་ན་ཉེས་པ་མེད་དོ། །ཡང་རིགས་ཀྱི་བུ་ཚོར་བའི་ཕུང་པོ་ཤིན་ཏུ་གསོགས་ནས་ལོག་པའི་
ཏིང་ངེ་འཛིན་དང་མི་ཕྲད་དེ། རྫོགས་པའི་ཏིང་ངེ་འཛིན་གྱི་འོད་སྣང་བས་ཏིང་ངེ་འཛིན་བསྒོམ་པའི་ཚེ། སེམས་ཚེ་རིང་བ་དང་། ཆེན་པོ་བཞིའི་ལུས་བོར་ནས་འགྲུས་འབོགས་བཏང་ནས་དེ་ལ་ཞེན་ཏེ་ཡང་དག་པར་སེམས་མི་ལྡོག་པའི་རང་སངས་རྒྱས་ཀྱི་སྡེར་གྱུར་ཏེ། བྱང་ཆུབ་ཀྱི་
སེམས་ནི་འཆོལ་ཤེས་པ་ལྟ་བ་ནི་རླག །དེ་བཅུ་སྟེ་རྒྱས་པར་ཚོར་བ་སྙོམས་པས་མི་གཡོ་བ་སྣང་བའི་འབྲས་བུ་རྫོགས། མྱ་ངན་ལས་འདས་པ་ལ་ནི་རྒྱབ་ཀྱིས་ཕྱོགས། ཚོར་བ་རྒྱས་པར་སྣང་བ་གཞན་ལ་མི་འཆོས་པའི་རིགས་སུ་སྐྱེའོ། །མཐའ་ཡས་ཏིང་ངེ་འཛིན་དེ་རྣམ་བཅུ་
ནི་མོས་པའི་རྒྱུར་འགྱུར་ཏེ། མཆོག་པ་ལ་ཆོག་པར་རིག་སྟེ། དེ་ཐམས་ཅད་རྣམ་པར་ཤེས་པ་སེམས་མཐོན་དམན་དུ་གྱུར་པ་ལས་བྱུང་སྟེ། སེམས་ཅན་མ་རབས་རང་གི་ཚོད་མ་རིག་ནས་བདག་ཅི་ལ་སྲེད་པ་བཞིན་དུ་སེམས་ཀྱི་བག་ཆགས་དེ་ལ་གནས་ཤིང་འཁོར་བར་མ་ཤེས་
ནས་ཡང་དག་པར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲུབ་བོ་སྙམ་དུ་འཛིན་པས་ནི་བརྫུན་ཆེན་པོར་གྱུར་ཏེ། མུ་སྟེགས་དང་བདུད་དང་ལོག་པར་ལྟ་བའི་གནས་སུ་ནི་སྐྱེའོ། །དེ་རྣམས་ཀྱི་ལས་ཟད་ནས་མཚམས་མེད་པར་འགྲོའོ། །ངའི་དོན་
འདི་མ་འོངས་པའི་སེམས་ཅན་ལ་སྟོན་ལ། དེ་ལ་ཤིན་ཏུ་བྱེ་བྲག་ཕྱེད་པར་བགྱིས་ཏེ། བདུད་རྣམས་ཀྱི་ལས་མི་བྱེད་ཅིང་། སེམས་དང་ལུས་སངས་རྒྱས་ཀྱི་ཤེས་པ་མཐོང་བའི་ནང་དུ་བཅུག་སྟེ། ཐོག་མ་དང་ཐ་མའི་བར་དུ་ལོག་པའི་ལམ་དང་མི་ཕྲད་པར་གྱིས་ཤིག །སྔ་མ་
འདས་པའི་སངས་རྒྱས་བྱེ་མ་སྙེད་ཐམས་ཅད་ཀྱང་ཆོས་ཀྱི་སྒོ་མོ་འདི་བཞིན་དུ་བསྒོམས་པས་བླ་ན་མེད་པའི་བྱང་ཆུབ་ཏུ་གྲུབ་བོ། །རྣམ་པར་ཤེས་པའི་ཕུང་པོ་ཟད་ན་སྒོ་དྲུག་བསྣོར་ཞིང་སྤྱད་དུ་ཡོད་དོ། །མིག་གི་སྒོ་མོ་ལ་སྒྲར་ཐོས་རོ་མྱོང་བསུང་ཡང་ཚོར་བར་ནུས་སོ། །

དེ་ནས་བྱང་ཆུབ་རྡོ་རྗེ་ཤེས་རབ་སྒམ་པོའི་གནས་སུ་གྱུར་ཏེ། སྣང་གསལ་ཞིང་ཞི་ལ་སྣང་བ་བྱུང་བ་ལ་གློ་བུར་དུ་སྙིང་རྗེ་གྲངས་མེད་པ་སྐྱེས་ཏེ། ཐ་མ་གྲོགས་མཐོང་ན་ཡང་བདག་གི་བུ་ཙམ་དུ་སེམས་ཤིང་མཆིས་མི་ཚོར་བར་ཟག་གོ། །དེ་ལ་ཚོར་ན་ནི་ཉེས་པ་མེད་དེ་
རིང་ཞིག་ན་རང་ཞིའོ། །མ་ཚོར་ན་ནི་སྙིང་རྗེའི་བདུད་ཁོང་དུ་ཞུགས་ཏེ། མི་དག་དང་ཕྲད་ན་ཡང་གྲངས་མེད་པའི་མྱ་ངན་སྐྱེས་ཏེ་ཡོན་པོར་ལྟུང་ངོ་། །དེ་ནི་སེམས་བཙིར་ཅིང་སྤྱད་དྲག་པ་ལས་བྱུང་ངོ་། །ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི་ཞི། ཚོར་བའི་ཕུང་པོ་ནི་
སྣང་ཞིང་གསལ། དམ་པའི་ལྟས་ནི་མདུན་དུ་བྱུང་ནས་སེམས་ལ་བབས་པས་གློ་བུར་དུ་བརྩོན་འགྲུས་དྲག་པོ་རབ་ཏུ་སྐྱེས་ཏེ། སངས་རྒྱས་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་སྤྱད་པ་ཐང་ཅིག་ཏུ་བསྒྲུབ་ནུས་པར་གྱུར་ཏེ། དེ་ལ་ཚོར་ན་ནི་ཉེས་པ་མེད་དོ། །
རིང་ཞིག་ན་ཞི། མ་ཚོར་ན་ནི་སྨྱོས་པའི་བདུད་ཁོང་དུ་ཞུགས་ཏེ། ཕྲད་དོ་ཅོག་ལ་ངོམ་ཞིང་ང་རྒྱལ་ཆེན་པོ་སྐྱེས་ཏེ་ལོག་པར་གྱུར། དེ་ནི་སྤྱད་དྲག་པ་ལས་བྱུང་བར་ཟད་དོ། །ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི་ཞི། ཚོར་བའི་ཕུང་པོ་ནི་སྣང་ཞིང་གསལ་ཏེ། མདུན་
དུ་གསར་དུ་མཐོང་བ་ནི་མེད། ཕྱིན་ལོག་ན་རྙིང་པའི་གནས་ཀྱང་མ་རྙེད་ནས་ཅིར་ཡང་མཐོང་བ་མེད་དེ་བར་མ་དོ་ན་འདུག་པ་ལས་གློ་བུར་དུ་བརྐམ་པ་དང་། སྐོམ་པ་ཆེར་གཡོས་ནས་སེམས་བྱིང་སྟེ། བརྩོན་འགྲུས་ཀྱི་མཚན་མ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ནི་ཤེས་རབ་མེད་
པའི་ཕྱིར་དོན་རླག་སྟེ། དེ་ལ་ཚོར་ན་ནི་ཉེས་པ་མེད། མ་ཚོར་ན་ནི་དྲན་པ་མེད་པའི་བདུད་ཁོང་དུ་ཞུགས་ཏེ། སེམས་ཐུམ་བུ་གཅིག་ཏུ་བྱས་ནས་ཡོན་པོར་ལྟུང་ངོ་། །ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི་ཞི། ཚོར་བའི་ཕུང་པོ་ནི་སྣང་ཞིང་གསལ་ཏེ་བརྩོན་འགྲུས་ཆེར་
གཡོས་ནས་དམ་པའི་སེམས་ནི་ཞིག །བདག་རང་བཻ་རོ་ཙ་ན་ཡིན་ནོ་སྙམ་དུ་ཐེ་ཙོམ་སྐྱེས་ནས་ཅུང་ཞིག་གིས་མགུ་སྟེ། དེ་ནི་སེམས་སྤྱོད་པ་རྩིངས་པ་ལས་བྱུང་ངོ་། །དེ་ལ་ཚོར་ན་ནི་ཉེས་པ་མེད། མ་ཚོར་ན་ནི་ཆོག་ཤེས་པའི་བདུད་ཁོང་དུ་ཞུགས་ཏེ་ཡོན་པོར་ལྟུང་ངོ་། །ཏིང་ངེ་འཛིན་

དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི་ཞི། ཚོར་བའི་ཕུང་པོ་ནི་སྣང་ཞིང་གསལ་ཏེ། གསར་དུ་ཐོབ་པ་མེད། རྙིང་པ་ནི་སྟོར་ནས་བར་མ་དོ་ན་འདུག་པ་ལས་གྲངས་པའི་མྱ་ངན་བྱུང་སྟེ། ལྕགས་ཀྱི་ཁྲི་ཚ་བའི་སྟེང་ན་ཉལ་བ་དང་། དུག་འཐུངས་པ་ཙམ་དུ་མི་དགའ་ནས་འཆི་
འདོད་ཅིང་གཞན་ལ་གསོད་པར་འཆོལ། རང་གི་ཤ་ལ་གཅོད་དེ། དེ་སྟེ་མ་ཤི་ན་ཡང་རི་དང་ཚལ་ལ་སོགས་པ་མི་གཅིག་དང་ཡང་མི་ཕྲད་པའི་གནས་སུ་བྲོས་འདོད་དེ། དེ་ལ་ཚོར་ན་ནི་ཉེས་པ་མེད། མ་ཚོར་ན་མྱ་ངན་བྱེད་པའི་བདུད་ཁོང་དུ་ཞུགས་ཏེ། མཐའ་མར་རང་
གསོད་པར་བྱེད་དོ། །དེ་ནི་སེམས་བསྒོམས་པའི་ཐབས་སྟོར་བ་ལས་བྱུང་བར་ཟད་དོ། །ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི་ཞི་བར་མཐོང་། ཚོར་བའི་ཕུང་པོ་ནི་སྣང་ཞིང་གསལ་ཏེ། བདག་གཙང་གདང་བའི་ནང་ན་འདུག་ཅིང་བདེ་བར་གྱུར་ནས། གློ་བུར་དུ་
གྲངས་མེད་པའི་དགའ་བ་སྐྱེས་ཏེ། དེའི་མིང་ནི་སེམས་ཀྱི་རང་དབང་ངོ་། །དེ་ལ་ཚོར་ན་ནི་ཉེས་པ་མེད། མ་ཚོར་ན་ནི་ཤེས་རབ་ཀྱིས་མ་ཐུབ་པ་ཡིན་ཏེ། དགའ་བའི་བདུད་ཁོང་དུ་ཞུགས་ནས་མི་དག་དང་ཕྲད་ན་རྒོད་ཅིང་གླུ་གར་ལ་སོགས་པ་བྱེད་ཅིང་ལོག་པར་ལྟུང་ངོ་། །
ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི་ཞི་བར་མཐོང་། ཚོར་བའི་ཕུང་པོ་ནི་སྣང་ཞིང་གསལ་ཏེ། གློ་བུར་དུ་ང་རྒྱལ་རྣམ་པ་བདུན་ཅིག་ཆར་གཡོས་ནས་ཕྱོགས་བཅུའི་སངས་རྒྱས་ལ་ཡང་ཚོད་ཡོད་པར་འཛིན། ཉན་ཐོས་དང་། རང་སངས་རྒྱས་ནི་ཡོད་པར་
མི་རྩི་སྟེ། དེ་ནི་ལྟ་བའི་ང་རྒྱལ་ཏེ་རབ་མདའ་མེད་པའི་ཤེས་རབ་ཡིན་ཏེ། དེ་ལ་ཚོར་ན་ནི་ཉེས་པ་མེད། མ་ཚོར་ན་ནི་ང་རྒྱལ་གྱི་བདུད་ཁོང་དུ་ཞུགས་ཏེ། སངས་རྒྱས་ཀྱི་ཅེ་ཏི་དང་། གཟུགས་ལ་ཡང་ཕྱག་འཚལ་དུ་མི་བཏུབ། ཡོན་བདག་ལ་ཡང་འདི་དག་ནི་ཁར་བ་དང་།
ཟངས་དང་། རས་དང་། ཤིང་ཤུན་ལ་སོགས་པ་ཡིན་ཏེ་མཆོད་མི་དགོས། ཤའི་གཟུགས་ཡང་དག་པ་ལ་མཆོད་ཅིག་ཅེས་བསྒོ་སྟེ། མཚམས་མེད་པའི་དམྱལ་བར་ལྟུང་ངོ་། །ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི་ཞི་བར་མཐོང་། ཚོར་བའི་ཕུང་པོ་ནི་སྣང་

ཞིང་གསལ་ཏེ་སྟོང་ཞི་ཞིང་སྣང་གསལ་བའི་ནང་ནས་དོན་ཆེར་མཐོང་སྟེ། གློ་བུར་དུ་ཕྱོགས་པའི་སེམས་ཆེར་སྐྱེས་ཏེ། སེམས་ལ་གྲངས་མེད་པའི་རང་དབང་ཆེར་སྐྱེས་ཏེ། དེ་ནི་ཤེས་རབ་ཀྱི་ཕྱིར་རང་དབང་ཅུང་ཟད་ཅིག་ཐོབ་པ་ཡིན་ཏེ། ཚོར་ན་ནི་ཉེས་པ་མེད།
མ་ཚོར་ན་ནི་རང་དབང་གི་བདུད་ཁོང་དུ་ཞུགས་ཏེ། བདག་རང་ཆོག་གང་བར་སེམས་ཤིང་། ཕྱིས་འཆོལ་དུ་མི་བཏུབ་སྟེ། ཕྱིས་སེམས་གཡོས་པ་དང་། སྐུར་པ་བཏབ་ནས་ན་རག་ཏུ་ལྟུང་ངོ་། །ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི་ཞི་བར་མཐོང་། ཚོར་བའི་ཕུང་
པོ་ནི་སྣང་ཞིང་གསལ་ཏེ། སྣང་བཞི་བ་ཐོབ་ནས་གློ་བུར་དུ་རྒྱུ་དང་འབྲས་བུ་མེད། སྟོང་པའི་དོན་མདུན་དུ་སྣང་ངོ་། །དེ་ལ་ཚོར་ན་ནི་ཉེས་པ་མེད། མ་ཚོར་ན་ནི་སྟོང་པའི་བདུད་ཁོང་དུ་ཞུགས་ཏེ། ཁྲིམས་ཐུབ་པའི་དགེ་སློང་ལ་ནི་ཐེག་པ་ཆུང་ངུ་ཡིན་ཞེས་ཟེར་ཏེ། བྱང་ཆུབ་
སེམས་དཔའ་སྟོང་པའི་དོན་ཁོང་དུ་ཆུད་ན་ཁྲིམས་ཐུབ་པ་དང་། བཤིག་པའི་གཟུགས་ག་ལ་ཡོད། ཡོན་བདག་རྣམས་ལ་ཤ་ཆང་ཟོ། རྒྱན་པོ་ལ་སོགས་པ་བྱོས་ཤིག་ཅེས་བསྒོ། འདྲེ་གདོན་གྱི་སྟོབས་ཀྱིས་ངན་སྐྱུགས་ཀྱང་ཟས་དང་འདྲ་བར་ཟ་ནུས་པར་འགྱུར་རོ། །
ཏིང་ངེ་འཛིན་དེའི་ནང་ནས་གཟུགས་ཀྱི་ཕུང་པོ་ནི་ཞི། ཚོར་བའི་ཕུང་པོ་ནི་སྣང་ཞིང་གསལ་ཏེ། ཤི་བའི་རོ་སེམས་དང་རུས་པའི་ནང་དུ་ཐལ་ནས་གློ་བུར་དུ་གྲངས་མེད་པའི་སྲེད་པའི་སེམས་གཡོས་ཏེ། སྲེད་པ་ཆེས་ནས་སྨྱོས་ཏེ་འདོད་ཆགས་སུ་གྱུར་ཏོ། །དེའི་མིང་ནི་ཏིང་ངེ་
འཛིན་གྱི་ཡུལ་བདེ་བ་ལ་ཕྱོགས་པ་ཞེས་བྱ་སྟེ། ཤེས་རབ་ཀྱིས་བདག་བསྲུང་མ་ནུས་པའི་ཕྱིར་འདོད་ཆགས་སུ་གྱུར་ཏེ། དེ་ལ་ཚོར་ན་ནི་ཉེས་པ་མེད། མ་ཚོར་ན་འདོད་ཆགས་ཀྱི་བདུད་ཁོང་དུ་ཞུགས་ཏེ། འདོད་ཆགས་འབའ་ཞིག་བྱང་ཆུབ་ཀྱི་ལམ་ཡིན་གྱིས། མི་
ཚངས་པར་སྤྱོད་ན་ཡང་མཉམ་པར་སྤྱོད་ཅིག་ཅེས་སྐྱེ་བོ་རྣམས་ལ་ལོག་པར་འཆད་པས། རྒྱལ་པོའི་གྱོད་ལ་ཡང་ཐོགས་ཤིང་། མཚམས་མེད་པར་ཡང་ལྟུང་ངོ་། །ཏིང་ངེ་འཛིན་གྱི་སེམས་དེ་རྣམ་པ་བཅུ་ནི་སེམས་ཀྱི་སྤྱོད་པ་མཐོན་དམན་དུ་གྱུར་པས། ཚོར་བའི་ཕུང་

པོའི་དོན་སྣང་བར་ཟད་དེ་དགེ་བའི་ལྟས་ནི་ཡིན། འཕགས་པའི་འབྲས་བུ་ནི་མ་ཡིན་ཏེ། དེ་ལ་ཆགས་ན་ནི་བདུད་ཀྱིས་གླགས་ཐོད་དེ་ལོག་པར་ལྟུང་བར་འགྱུར་ཚོར་ན་ནི་ཉེས་པ་མེད་དོ། །རིགས་ཀྱི་བུ་ཏིང་ངེ་འཛིན་བསྒོམ་པ་དེ་ཚོར་བའི་ཕུང་པོ་ཟད་པ་དང་། ཟག་པ་མ་ཟད་མོད་
ཀྱི་སེམས་ལུས་དང་བྲལ་ཏེ། དཔེར་ན་བྱ་རྒྱས་ཟིན་པ་ལས་ཐར་བ་དང་འདྲ་སྟེ་བདག་གི་དོན་ཀྱང་གྲུབ་བོ། །ཐ་མལ་པའི་ལུས་དེ་བྱང་ཆུབ་སེམས་དཔའི་གྲལ་དྲུག་ཅུ་ཀུན་དུ་རྒྱུ་ཞིང་། ཡིད་ལས་སྐྱེས་པའི་ལུས་ཐོབ་སྟེ། གར་འགྲོ་ཡང་ཐོགས་པ་མེད་དེ། དཔེར་ན་མི་
གདོལ་པ་དང་མཚུངས། ཤེས་རབ་གཞན་མེད་མོད་ཀྱི་སྨྲ་བའི་རིགས་མི་འཁྲུལ་ཏེ། མ་ལོག་པར་མི་ཀུན་གྱིས་བརྡ་ཕྲད་དོ། །དེའི་མིང་ནི་འདུ་ཤེས་ཀྱི་ཁང་ཁྱིམ་ཞེས་བྱའོ། །གཡོ་བ་དྲན་པའི་སེམས་ཟད་དེ། མི་བདེན་པའི་སྟེང་རིམ་ཞུ་ཞིང་བྱང་ནས་སྣང་ཞིང་ཚོར་
བའི་སེམས་ལ་དཔེར་དྲི་མ་དང་རྡུལ་མེད་པར་སོང་བ་དང་འདྲ་སྟེ། སྐྱེ་ཤིའི་དོན་མགོ་མཇུག་ཏུ་རྫོགས་པར་སྣང་སྟེ། དེའི་མིང་ནི་འདུ་ཤེས་ཀྱི་ཕུང་པོ་ཟད་པ་ཡིན་ཏེ། ཉོན་མོངས་པའི་རྙོག་པ་ལས་འདས་སོ། །དེ་ནི་མི་བདེན་པའི་སེམས་ཞི་ནས་ཐོགས་པ་མེད་པ་ལས་བྱུང་
བར་ཟད་དོ། །རིགས་ཀྱི་བུ་དེས་ཚོར་བའི་ཕུང་པོ་ཤིན་ཏུ་གསོག་པ་ལ་ཡོད་པ་མ་ཡིན་པར་ལྟ། འདུ་བྱེད་མི་རྟག་པ་མེད་པ་ལ་མེད་པ་མ་ཡིན་པར་ལྟ། དེ་དེ་བཞིན་དུ་ཀུན་ལ་བརྟགས་ཏེ། ཤི་བའི་འོག་ཏུ་ཕྱི་མའི་རབས་མེད་དོ་ཞེས་བལྟས་ནས་བྱང་ཆུབ་ཀྱི་སེམས་འཆོལ་
ཏེ། མུ་སྟེགས་བརྒྱད་པོ་ཕུང་པོ་ལྔའི་ནང་ནས་ཤི་བའི་འོག་ཏུ་གདན་ཡང་མ་ཡིན་ཞེས་ཟེར་བའི་ཕྱིར་ཕྱིན་ཅི་ལོག་གི་སྡེར་གྱུར་ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་སེམས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་ནས་
སྐྱེ་བའི་ཕྱི་མོ་ལ་བརྟགས་ཏེ། ཐ་མ་སྐྱེ་བ་མེད་དོ་ཞེས་བསམས་ནས་དེ་ལ་ནོར་བའི་ཕྱིར་མུ་སྟེགས་རྣམ་པ་བདུན་ཆད་པར་ལྟ་བར་གྱུར་ཏོ། །ལུས་འགོག་པའི་འོག་ཏུ་འདོད་པ་ཡང་འགོག །སྡུག་བསྔལ་ཡང་འགོག །ཤིན་ཏུ་དགའ་བ་ཡང་འགོག །ཤིན་ཏུ་བཏང་

སྙོམས་ཀྱང་འགོག །ཡན་མན་དུ་ཞིབ་ཏུ་བརྟགས་ནས། ཤི་ཟིན་པའི་འོག་ཏུ་སྐྱེ་བ་ཡང་ཅང་མེད་དོ་ཞེས་ཟེར་ཏེ། བྱང་ཆུབ་ཀྱི་སེམས་ནི་འཆོལ་ནས། མུ་སྟེགས་དགུར་ཕུང་པོ་ལྔའི་ནང་ན་ཤི་བའི་འོག་ཏུ་ཆད་པར་ལྟ་བའི་ཕྱིན་ཅི་ལོག་གི་མུ་སྟེགས་ཀྱི་སྡེར་གྱུར་
ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་སེམས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་ཏེ། ཐ་མ་སྐྱེ་བ་ཡོད་པར་འཛིན་པའི་མུ་སྟེགས་རྣམས་མྱ་ངན་ལས་འདས་པའི་སྡེར་གྱུར་ཏོ། །འདོད་པའི་
ཁམས་ལ་ཡང་དག་པར་གནས་འཕོ་བའི་ས་ཡིན་པར་ཚོར་ཏེ་སྲིད་པར་གྱུར་ཏོ། །བསམ་གཏན་དང་པོ་ལ་མྱ་ངན་མེད་པའི་ཕྱིར། བསམ་གཏན་གཉིས་པ་ལ་སྡུག་བསྔལ་མེད་པའི་ཕྱིར། བསམ་གཏན་གསུམ་པ་ལ་ཤིན་ཏུ་དགའ་བའི་ཕྱིར། བསམ་གཏན་བཞི་པ་ལ་བདེ་བ་དང་།
སྡུག་བསྔལ་གཉིས་ཀ་མེད་དེ། སྐྱེ་ཤི་མེད་པར་འཛིན་པའི་ཕྱིར། ཟག་པ་ཡོད་པའི་ལྷ་རྣམས་ལ་འདུས་མ་བྱས་མི་རྟག་ཅེས་ཀྱང་འཛིན། བཞིར་ནི་མི་དེ་འདུ་ཤེས་ཀྱི་ཕུང་པོ་ནི་ཟད་པར་འཛིན། འདུ་བྱེད་ཀྱི་ཕུང་པོ་ནི་ཡོད་པར་མཐོང་བས་ན། གཟུགས་ཀྱི་ཕུང་པོ་དང་། ཚོར་
བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་ནི་མི་རྟག །འདུ་བྱེད་ཀྱི་ཕུང་པོ་ནི་རྟག་པར་འཛིན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ནི་འཆོལ་ཏེ། མུ་སྟེགས་གསུམ། ཆ་གཅིག་རྟག །ཆ་གཅིག་མི་རྟག་པའི་སྡེར་གྱུར་ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་
སེམས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་ན། སེམས་གཡོ་ཞིང་འདུག་ཏུ་མི་རུང་བའི་ཕྱིར་སེམས་མཐའ་ཡོད་པ་དང་། མཐའ་མེད་པའི་སེམས་རྣམ་པ་བཞི་གཡོས་སོ། །གཅིག་ཏུ་སྐྱེ་ཤི་མི་འཆད་པའི་
ཕྱིར་འདིར་སྐྱེས་པ་ལས་ཤི་བ་དེ་ནི་མཐའ་ཡོད་པ་ཡིན་ཏེ། སེམས་ལ་བར་ཆད་མེད་པའི་ཕྱིར་མཐའ་མེད་པ་ཡིན། གཉིས་སུ་ན་མི་དེས་བསྐལ་པ་བརྒྱད་ཁྲི་ཚུན་ཆད་བརྟགས་ན་སེམས་ཅན་ཡོད་པར་མཐོང་བ་ནི་མཐའ་ཡོད་པར་འཛིན། བསྐལ་པ་བརྒྱད་ཁྲི་ཕན་ཆད་བརྟགས་ན།

ཅི་ཡང་མ་མཐོང་བ་ནི་མཐའ་མེད་པར་འཛིན། གསུམ་དུ་ནི་མི་དེ་ངས་ཐམས་ཅད་ཤེས་སོ་ཞེས་འཛིན་པའི་ཕྱིར་ཉིད་མཐའ་ཡས་པར་མཐོང་སྟེ། སེམས་ཅན་ཐམས་ཅད་ངའི་ཤེས་པའི་ནང་ནས་སྣང་། ང་ནི་མི་རྣམས་ཀྱི་མིང་དང་རུས་གནའ་ནས་ཀྱང་མི་ཤེས་བཞིན་ནི་མི་དེ་འདུ་བྱེད་ཀྱི་ཕུང་པོ་
སྟོང་པར་འཛིན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཕྱེད་ནི་སྐྱེ་བར་མཐོང་། ཕྱེད་ནི་འགོག་པར་མཐོང་། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་འཆོལ་ཏེ། མུ་སྟེགས་བཞིར་ཕྱེད་མཐའ་ཡོད། ཕྱེད་མཐའ་མེད་པའི་སྡེར་གྱུར་ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་
བུ་རྣམས་སེམས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བའི་ཕྱི་མོ་ལ་བརྟགས་ནས་སེམས་གཡོ་ཞིང་འདུག་ཏུ་མི་བཏུབ་པའི་ཕྱིར། ཤེས་པ་མཐོང་བའི་སེམས་ལ་ཕྱིན་ཅི་ལོག་རྣམ་པ་བཞིའི་སེམས་གཡོས་སོ། །གཅིག་ཏུ་ན་
རྫུ་འཕྲུལ་གྱི་དོན་མཐོང་བ་དང་། ཐམས་ཅད་མི་རྟག་གོ་ཞེས་ཀྱང་ཟེར། མཚན་མ་རྒྱུན་མི་འཆད་པར་མཐོང་ན་རྟག་ཅེས་ཟེར། མཐོང་བའི་གནས་མཐོང་ན་སྐྱེའོ་ཞེས་ཀྱང་ཟེར། མཐོང་བའི་གནས་མ་མཐོང་ན་འགོག་པ་ཞེས་ཀྱང་ཟེར། མི་ཆོས་འདིར་འོངས་ན་སྐྱེ་བ་
ཡང་མ་ཡིན། འགོག་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། འཕེལ་བ་ཡང་མ་ཡིན། འགྲིབ་པ་ཡང་མ་ཡིན། ཞེས་དེ་སྐད་ཤེ་དག་ཟེར་ཏེ་ཚིག་ཏུ་ཡང་མི་རུང་ངོ་། །གཉིས་སུ་ན་སེམས་ལ་བརྟགས་ན་སེམས་མ་རྙེད་པའི་ཕྱིར་མི་ཆོས་འདྲིར་
འོངས་ན་གཞན་མི་འཆད་ཀྱི། མེད་ཅེས་ཟེར་བའི་ཚིག་འབའ་ཞིག་བཤད་དོ། །གསུམ་དུ་ན་རང་གི་སེམས་ལ་བརྟགས་པ་དང་། སེམས་ཀྱི་གནས་ཡོད་པའི་ཕྱིར། མཐོང་བའི་ཕྱིར་མི་དེ་ཆོས་འདྲིར་འོངས་ན་དེ་ཡིན་ཞེས་འཆད་ཀྱི་གཞན་མི་བཤད་དོ། །བཞིར་ན་མི་དེས་
ཡོད་པའི་ཡུལ་ཡང་མཐོང་མེད་པའི་ཡུལ་ཡང་མཐོང་མི་དེ་ཆོས་འདྲིར་འོངས་ན་ལན་བཏབ་པ་ཡོད་པའི་ནང་ན་ཡང་མེད་པའོ། །མེད་པའི་ནང་ན་ཡང་ཡོད་པའོ་དེ་སྐད་ཤེ་དག་ཟེར་ཏེ། ཆོས་འདྲི་བའི་ཁ་ཡང་མེད་ནས་བདག་རང་བྱང་ཆུབ་སེམས་ནི་འཆོལ། མུ་སྟེགས་ལྔར་

ལོག་པ་རྣམ་པ་བཞིའི་སྡེར་གྱུར་ཏོ། །ཡང་ཏིང་ངེ་འཛིན་དེའི་ནང་ནས་རིགས་ཀྱི་བུ་རྣམས་དྲང་པོ་མི་གཡོ་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། བདུད་ཀྱིས་གླགས་མི་ཐོད་ནས་སྐྱེ་བ་རྣམས་ཀྱི་ཕྱི་མོ་ལ་བརྟགས་ཏེ། སེམས་གཡོ་ཞིང་ཁོང་དུ་མི་བཏུབ་ནས་གཡོ་བའི་སེམས་
མཐའ་མེད་དོ་ཞེས་འཛིན་ཏེ། ཤི་བའི་འོག་ཏུ་མཚན་མ་ཡོད་དོ་ཞེས་ཟེར་བའི་མུ་སྟེགས་སུ་གྱུར་ཅིང་། ཁྭ་ཡང་ཡོད་ཡང་གནག་བཞད་ཡང་དཀར། བསྐལ་པ་ཁྲི་ཕྲག་གི་བར་དུ་མ་བསྒྱུར་བ་ལས་བལྟས་ན་རྒྱུ་རྐྱེན་ཡང་མེད་པ་ཡིན་ནོ་ཞེས་ཟེར་ཏེ། བྱང་ཆུབ་ཀྱི་འབྲས་བུ་ལ་སླུ་ཞིང་
མུ་སྟེགས་དང་པོའི་སྡེར་ལྟ་བར་གྱུར་ཏོ། །མཐའ་ཡས་ཏིང་ངེ་འཛིན་གྱི་ནང་ནས་རིགས་ཀྱི་བུ་སེམས་དང་ཞིང་གསལ་ཏེ། ཏིང་ངེ་འཛིན་མི་གཡོ་ནས་བདུད་ཀྱིས་གླགས་མི་ཐོད་དེ། སྐྱེ་བ་རྣམས་ཀྱི་ཕྱི་མོ་ལ་བརྟགས་ན་སེམས་ཅན་སྐྱེ་བ་དང་། ཤི་བ་ལས་རྒྱུས་རིག་ནས་རྟག་ཅེས་ཟེར་བའི་
སེམས་རྣམ་པ་བཞི་གཡོས་སོ། །གཅིག་ཏུ་ན་སེམས་རྟག་གོ་ཞེས་ཟེར་བ་དང་། གཉིས་སུ་ན་ཆེན་པོ་བཞི་རྟག་གོ་ཞེས་ཟེར་བ་དང་། གསུམ་དུ་ན་སྒོ་དྲུག་གི་རྣམ་པར་ཤེས་པ་དང་། ཡིད་དང་ཀུན་གཞི་ཡང་རྟག་གོ་ཞེས་ཟེར་བ་དང་། བཞིར་འདུ་ཤེས་ཀྱི་ཕུང་པོ་ཟད་པའི་ཕྱིར་སྐྱེ་
བའི་དོན་མེད་པར་གྱུར་ནས་མི་སྐྱེ་བ་ཉིད་དུ་གྱ