Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 064_མདོ་སྡེ།_ཝ

Văn bản gốc(Tây Tạng)

Trang 12 / 20 (50.000 ký tự/trang)
ང་རྣམས་ཀྱང་། །རེ་རེ་ནས་ནི་རབ་དབྱེ་ན། །དོན་མང་དྲི་བ་མང་ཡོད་ཅེས། །ཆོས་གསུང་
བས་ནི་ངེས་པར་བསྟན། །ཀུན་དགའ་བོ་དང་འདྲ་བའི་མི། །དཀྲིགས་ཕྲག་བྱེ་བ་སྙེད་ཡོད་ལ། །མདོ་ལས་གཅིག་གི་ཚད་གཟུང་ཕྱིར། །སྐྱེས་བུ་དམ་པ་བྱུང་གྱུར་ཏེ། །སྐྱེས་བུ་དམ་པ་དེ་ཀུན་ལས། །སྐྱེས་བུ་སྐྱེས་མཆོག་རེ་རེ་ཡང་། །ལྷ་ཡི་ལོ་མང་བྱེ་བརྒྱར་ཐུབ། །སྐྱེས་བུ་བརྟན་པོ་རེ་རེ་ཡང་། །
གང་གཱའི་བྱེ་མ་ཇི་ཙམ་པར། །རང་རང་གི་ནི་ལྕེ་ཚོགས་རྣམས། །མདོ་སྡེ་དག་གི་མིང་གི་ཕྱིར། །བྱིན་གྱིས་བརླབ་པར་བྱས་པ་དང་། །དེ་དག་གི་ནི་ཐབས་ཚུལ་གྱིས། །སྐྱེས་བུ་སྐྱེས་མཆོག་དེ་དག་གིས། །མདོ་སྡེ་རྣམས་ནི་རེ་རེ་ཡི། །མིང་ཙམ་དག་ཀྱང་བསླབ་པའི་ཕྱིར། །ལོ་མང་བྱེ་བ་བརྒྱ་
པ་ཡི། །སྐྱེས་བུ་དེ་འདྲ་དེ་ཀུན་གྱིས། །འབབ་ཆུ་འདྲ་བའི་མིང་བཟུང་ཡང་། །ཐ་མར་ཕྱིན་པར་མི་ནུས་ཏེ། །བཅོམ་ལྡན་མདོ་ནི་བསམ་མི་ཁྱབ། །ཏིང་འཛིན་གྲངས་ཀྱང་དེ་བཞིན་ཏེ། །གསང་བ་བཤད་པ་བསམ་མི་ཁྱབ། །སངས་རྒྱས་བསམ་ཡས་བསམ་མི་ཁྱབ། །དེ་བཞིན་གཤེགས་

པ་དཔག་ཏུ་མེད། །སངས་རྒྱས་སྤྱོད་ཡུལ་བསམ་མི་ཁྱབ། །མཚུངས་པ་མེད་ཅིང་ཤིན་ཏུ་འདས། །འདས་པ་དག་ཀྱང་དཔག་ཏུ་མེད། །ད་ལྟར་བྱུང་བའང་བསམ་མི་ཁྱབ། །མ་འོངས་པ་ཡང་བསམ་དུ་མེད། །འཇིག་རྟེན་ཁམས་ནའང་བསམ་མི་ཁྱབ། །དཔེར་ན་སྨན་པ་བྱུང་གྱུར་
ཅིང་། །མཁས་པ་ཞིག་གིས་ནད་རྟོགས་ནས། །ནད་པའི་ཉམས་ལས་དཔག་བྱས་ཏེ། །ཆོ་ག་རིམ་བཞིན་སྟོན་པ་དང་། །དཔེར་ན་བུད་མེད་མཁས་མ་ཡིས། །རང་གི་བུ་ཡི་ཉམས་རིག་ནས། །སོར་མོའི་རྩེ་མོར་མར་བྱུགས་ཏེ། །ཇི་རན་ལྡག་ཏུ་བཅུག་པ་ལྟར། །དེ་བཞིན་བཅོམ་ལྡན་
སངས་རྒྱས་ཀྱང་། །འདུལ་བའི་ཉམས་དྲོད་མཁྱེན་ནས་ནི། །སེམས་ཅན་རྣམས་ཀྱིས་བཟོད་པ་ཡི། །མདོ་སྡེའི་ཚིག་དོན་སྟོན་པར་མཛད། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་ཡང་བསམ་གྱིས་མི་ཁྱབ་པའི་ཡུལ་སྤྲིན་ཆེན་པོའི་མདོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བར་བགྱིད་པ་ལེགས་པར་གཟིགས་ནས་དེ་བཞིན་གཤེགས་པས་བཤད་པ་ནི་ཨ་ལ་ལ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་སྒོ་བཞི་བརྒྱ་
ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ། །སྤྲིན་ཆེན་སྙིང་པོ་ཁྱོད་ལེགས་ཀྱིས་གནོད་སེམས་ཀྱི་སེམས་དང་ལྡན་པ་རྣམས་བཟོད་པ་ཐོབ་པར་བྱ་བའི་དོན་དང་། ལེ་ལོ་ཅན་
དང་དྲན་པ་ཉམས་པ་རྣམས་བརྩོན་འགྲུས་དང་། བསམ་གཏན་ཐོབ་པར་བྱ་བའི་དོན་དང་མ་འོངས་པའི་སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་ཕྱིར་དེ་བཞིན་གཤེགས་པའི་ཡུལ་དེ་བཞིན་གཤེགས་པ་ལ་ལེགས་པར་ཞུས་པའི་སྤྲིན་ཆེན་པོའི་མདོའི་ཆར་རྟག་ཏུ་རབ་ཏུ་ཕོབ་ཤིག །སྤྲིན་ཆེན་སྙིང་པོ། སྤྲིན་
ཆེན་པོའི་མདོའི་ཡུལ་ལ་ལྟོས། གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་གང་དག་ཏུ་སྤྲིན་ཆེན་པོའི་མདོ་འདི་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མས་རྒྱས་པར་རབ་ཏུ་སྤྱོད་དམ། འཆད་དམ་སྟོན་པར་བྱེད་པ་དེ་དང་དེར་སྤྲིན་ཆེན་པོའི་

ཚོགས་རྣམས་ནམ་མཁའ་ལ་འབྲུག་སྒྲ་འབྱིན་ཅིང་དི་རི་རིར་སྒྲོགས་ལ། དུས་མ་ཡིན་པར་ཡང་ཆར་འབེབས་པར་འགྱུར་རོ། །ས་ཕྱོགས་ཀྱང་རྡོ་རྗེའི་རང་བཞིན་དུ་འགྱུར་རོ། །སེམས་ཅན་དེ་དག་ཀྱང་རྡོ་རྗེའི་རང་བཞིན་དུ་འགྱུར་རོ། །སྤྲིན་ཆེན་པོའི་མདོ་འདི་ལས་ཡི་གེའི་ཚིག་
གསུམ་འམ། བདུན་ཐོས་པར་གྱུར་པ་གང་ཡིན་པའི་སེམས་ཅན་དེ་དག་ལ་སངས་རྒྱས་ཐམས་ཅད་རྗེས་སུ་ཡི་རང་བར་འགྱུར་ན་རྒྱས་པར་རྣམ་པར་འབྱེད་པ་ལྟ་ཅི་སྨོས། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་
དེ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྟག་ཏུ་དེ་བཞིན་གཤེགས་པའི་ཡོན་ཏན་ཐོབ་པར་འགྱུར་རོ། །ཐོས་པ་སོགས་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པའི་ཆོས་རྣམས་ལས་ཀྱང་རྟག་ཏུ་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཤེས་རབ་ཀྱང་ཡོངས་སུ་ཉམས་པར་
མི་འགྱུར་རོ། །ཡེ་ཤེས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། ཞི་བའི་རང་བཞིན་དང་། ཡོན་ཏན་གྱི་ཚོགས་ངེས་པར་འབྱེད་པའི་བློ་གྲོས་ཅན་དུ་ཡང་འགྱུར་རོ། །ཆོས་མཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་
བྱ་བ་དང་ཡང་འབྲལ་བར་མི་འགྱུར་རོ། །བསྡུ་བའི་དངོས་པོ་བཞི་ལ་ཡང་བརྩོན་པར་འགྱུར་རོ། །སྔར་སྨོས་པའི་ཡོན་ཏན་ཐམས་ཅད་དང་ཡང་ལྡན་ཞིང་མཁས་པར་འགྱུར་གྱིས། སྤྲིན་ཆེན་སྙིང་པོ། ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཅེས་བྱ་བའི་ཏིང་ངེ་འཛིན་ཟུང་ཤིག །སྤྲིན་ཆེན་སྙིང་
པོ་གཞན་ཡང་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཡུལ་ལ་འཇུག་པ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷའི་གནས་ཐམས་ཅད་ན་ཡང་བྱ་བ་ལ་སྣང་སྟེ། ཚངས་པ་ལ་དད་པའི་སེམས་ཅན་རྣམས་ཀྱི་མཆོད་
པའི་འོས་སོ་སྙམ་པའི་ལྟ་བ་གཅད་པའི་ཕྱིར་ཚངས་པའི་གནས་རྣམས་སུ་ནི་ཚངས་པའི་གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ། །དབང་ཕྱུག་ཆེན་པོ་ལ་དད་པའི་སེམས་ཅན་རྣམས་ཀྱི་ལྟ་བ་གཅད་པའི་ཕྱིར་དབང་ཕྱུག་ཆེན་པོའི་གནས་རྣམས་སུ་ནི་དབང་ཕྱུག་ཆེན་པོའི་

གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ། །གཞོན་ནུ་ལ་དད་པའི་སེམས་ཅན་རྣམས་ཀྱི་ལྟ་བ་གཅད་པའི་ཕྱིར་གཞོན་ནུའི་གནས་རྣམས་སུ་ནི་གཞོན་ནུའི་གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ། །ཀཱ་ཏྱཱའི་བུའི་སྡིག་པ་དང་། འཚོ་བ་མི་ཟད་པ་ལ་
དད་པའི་སེམས་ཅན་རྣམས་ཀྱི་ལྟ་བ་གཅད་པ་དང་། སྲོག་གཅོད་པ་བཟློག་པའི་ཕྱིར། ཀཱ་ཏྱཱའི་བུའི་གནས་རྣམས་སུ་ནི་ཀཱ་ཏྱཱའི་གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ། །སེམས་ཅན་རྣམས་སྡིག་པ་ལས་བཟློག་པའི་ཕྱིར་འབྱུང་པོའི་གནས་རྣམས་སུ་ནི་འབྱུང་པོའི་གཟུགས་ལྟ་
བུར་སྣང་ཞིང་ལྟ་བ་ཅན་ཐམས་ཅད་ཀྱི་ལྷའི་གནས་དང་། ལྟད་མོ་ཅན་དང་། དགེ་མཚན་ལྟ་བའི་གནས་རྣམས་སུ་ལྟ་བ་ཅན་གྱི་གཟུགས་ལྟ་བུར་སྣང་སྟེ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ། །ཤ་ཟ་བ་དང་གསོད་པ་ལས་བཟློག་པའི་ཕྱིར་ཕག་འཚོང་བའི་གནས་སུ་བགེགས་ཀྱི་མཚན་མའི་ཚུལ་སྟོན་ཅིང་
ཤ་འཚོང་བ་ལྟ་བུར་ཡང་སྣང་ངོ་། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རིགས་ཀྱིས་ཆང་འཚོང་བའི་ནང་དུ་ཆང་འཐུང་བ་ལྟ་བུར་ཡང་སྣང་ཞིང་ཆང་གི་ཉེས་དམིགས་ཡང་དག་པར་བསྟན་པའི་ཕྱིར་རིགས་ཀྱི་གཙོ་བོ་ལྟ་བུར་འགྱུར་ཞིང་སེམས་ཅན་རྣམས་ལ་ཆང་གི་སྦྱིན་པ་བྱེད་དེ། ཆང་ལ་ཆགས་པར་
ཡང་མི་འགྱུར་རོ། །དེ་བཞིན་དུ་ལས་ཆེན་པོ་བཅུ་དྲུག་གི་ཉེས་དམིགས་ཡང་དག་པར་བསྟན་པའི་ཕྱིར་ལས་ཆེན་པོ་བཅུ་དྲུག་བྱེད་པའི་རིགས་རྣམས་སུ་སྐྱེས་ནས་ལས་ཆེན་པོ་བཅུ་དྲུག་བྱེད་པ་ལྟ་བུར་ཡང་སྣང་སྟེ། ལས་ལ་ཆགས་པར་ཡང་མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་
བརྒྱན་པོ་དང་རྩེད་མོ་ལ་ཡང་མཁས་སོ། །སེམས་ཅན་དབུལ་པོ་ལོངས་སྤྱོད་མི་ཟད་པས་བསྡུ་བ་དང་། ཚུལ་ཁྲིམས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཁྱིམ་ན་གནས་པའི་རྒྱལ་པོར་ཡང་འགྱུར་རོ། །ཆུང་མ་དང་། བུ་དང་འདྲེ་བ་ཡང་མེད་པར་བུ་སྨད་ཀྱང་སྟོན་ལ་རྟག་ཏུ་ཚངས་པར་སྤྱོད་པ་དང་ཡང་ལྡན་ཞིང་
རྟག་ཏུ་དབེན་པ་ན་ཡང་གནས་ཏེ་རྒྱན་གྱིས་བཀླུབས་ལ་མཚན་ཀྱང་ཡོངས་སུ་གཅོད་དོ། །དེ་ན་ཁ་ཟས་ཀྱང་ཟ་ལ་རྟག་ཏུ་བསམ་གཏན་གྱི་ཟས་ཀྱིས་ཀྱང་འཚོའོ། །ཡ་མཚན་ཅན་དེ་དག་གི་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་གཞོམ་པའི་ཕྱིར་ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་ཡང་རབ་ཏུ་འབྱུང་སྟེ།

ཐམས་ཅད་དུ་མཁན་པོའི་ཐབས་སུ་བཀུར་ཞིང་ལྟས་སུ་ལྟ་བ་ཐམས་ཅད་ངེས་པར་བསྒྲལ་བའི་ཕྱིར་བསམ་པ་ཚུལ་གྱིས་རྟོགས་པར་འགྱུར་ལ། ལྟ་བ་ལ་གནས་པར་ཡང་མི་འགྱུར་རོ། །དུད་འགྲོ་རྣམས་ངེས་པར་བསྒྲལ་བའི་ཕྱིར་དུད་འགྲོའི་སྐྱེ་གནས་ཐམས་ཅད་དུ་ཡང་སྐྱེ་བར་འགྱུར་
ཏེ། ཐམས་ཅད་དུ་ཡང་མཆོག་ཏུ་བཀུར་བར་འགྱུར་རོ། །སྨད་འཚོང་མའི་གནས་ཀུན་ཏུ་ཡང་སྣང་སྟེ། ཐམས་ཅད་དུ་ཡང་བཀུར་ལ། སྨད་འཚོང་མའི་གནས་ཐམས་ཅད་དུ་གཡོན་ཅན་གྱི་མཆོག་ཏུ་འགྱུར་རོ། །འདུལ་བའི་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་བཞི་མདོ་དང་། སུམ་མདོ་ཐམས་ཅད་
དུ་ཡང་སྣང་ངོ་། །འདོད་པའི་ཉེས་པ་བསྟན་པའི་ཕྱིར་སྨད་འཚོང་མའི་གནས་ཐམས་ཅད་དུ་ཡང་འཇུག་གོ། །དྲན་པ་ལ་ཡང་དག་པར་དགོད་པའི་ཕྱིར་མི་གསལ་བ་དང་། གླེན་པའི་གནས་ཐམས་ཅད་དུ་ཡང་འཇུག་པར་བྱེད་དོ། །སེམས་ཅན་ཡན་ལག་མ་ཚང་བ་ཐམས་ཅད་སྐྱོ་བ་ལ་དགོད་པའི་ཕྱིར་ཡན་
ལག་ཐམས་ཅད་མ་ཚང་བར་ཡང་སྟོན་པར་བྱེད་དོ། །འཁོར་བ་ལ་སྐྱོ་བ་བསྐྱེད་པའི་ཕྱིར་ཁམས་བཞི་དང་ལྡན་པར་ཡང་བྱེད་དོ། །ལེ་ལོ་ཅན་དང་། དྲན་པ་ཉམས་པ་རྣམས་དང་། རྒྱགས་པ་དང་། མྱོས་པ་རྣམས་དང་། བརྩོན་འགྲུས་དང་། བསམ་གཏན་དང་། སྐྱོ་བ་ལ་དགོད་པའི་ཕྱིར་ནད་
བཞི་བརྒྱ་རྩ་བཞི་དང་ལྡན་པར་ཡང་སྟོན་ཏོ། །བཟོད་པ་ལ་དགོད་པའི་ཕྱིར་གནོད་སེམས་ཅན་ལྟ་བུར་ཡང་འགྱུར་རོ། །རྟག་པའི་འདུ་ཤེས་ཅན་གྱི་སེམས་ཅན་རྣམས་ལ་རྟག་པའི་ཉེས་པ་ཡང་དག་པར་བསྟན་པའི་ཕྱིར་བསྐལ་པ་ཐམས་ཅད་དུ་ཡང་འབྱུང་ངོ་། །ཁྱེའུ་དག་ཡོངས་སུ་སྨིན་པར་བྱ་བའི་
ཕྱིར་ཡི་གེ་སློབ་པའི་གྲྭ་ཁང་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ། །བུ་མོ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གླུ་དབྱངས་ཀྱི་ཁང་པ་ཐམས་ཅད་དུ་ཡང་འགྲོ་བར་བྱེད་དོ། །འཇིག་རྟེན་དང་འཐུན་པར་བྱ་བའི་ཕྱིར་རྒན་པོ་དང་། ཐོར་བུ་དང་། བར་མ་རྣམས་ཀྱི་གྲོགས་ཀྱང་བྱེད་དོ། །སེམས་ཅན་
ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྲན་ཕོ་དང་། བྲན་མོ་དང་། གཞན་གྱིས་བཀོལ་བར་ཡང་འགྲོའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ནད་པ་དང་། རྒས་པ་དང་། ཤི་བ་ལྟ་བུར་བདག་ཉིད་སྣ་ཚོགས་སུ་ཡང་སྟོན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རིན་པོ་ཆེ་དང་།

ནོར་བུ་ཐམས་ཅད་ཀྱི་སྣོད་ལྟ་བུར་ཡང་འགྱུར་རོ། །རིག་བྱེད་ཀྱིས་ཆོག་པར་འཛིན་པའི་སེམས་ཅན་རྣམས་ལ་སྐྱོན་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་གསང་ཚིག་དང་རིག་བྱེད་ཐམས་ཅད་ལ་མཁས་པར་ཡང་བྱེད་དོ། །བྱ་སྐད་ཀྱི་བརྡ་ཐམས་ཅད་ལ་ཞེན་པའི་སེམས་ཅན་རྣམས་ཀྱི་ལྟ་བ་གཅད་པའི་
ཕྱིར་བྱ་སྐད་ཀྱི་བརྡ་ཐམས་ཅད་སྟོན་པར་བྱེད་དོ། །སྨན་གྱི་སྡེ་ཚན་དང་། རྩི་དང་ལྡན་པར་རྣམ་པར་འཕྲུལ་པའི་ཕྱིར་ཤིང་ལྗོན་པ་དང་། འཁྲི་ཤིང་དང་། འབྲས་བུ་དང་། མེ་ཏོག་དང་། སྨན་ནོ་ཅོག་ལྟ་བུར་ཡང་བདག་ཉིད་བྱིན་གྱིས་རློབ་པར་བྱེད་དོ། །འཚོ་ནམ་ཐམས་ཅད་ལ་ཡང་བརྩོན་ལ་ཆགས་པ་
དང་ལོངས་སྤྱོད་ལ་མངོན་པར་ཞེན་པ་ཡང་མེད་དོ། །ཐེག་པ་དམན་པ་རྣམ་པར་གཅད་པའི་ཕྱིར་བསྒྲགས་པའི་ཆོས་ཀྱི་འབེལ་བའི་གཏམ་ཐམས་ཅད་ཀྱང་ལེགས་པར་སྟོན་པར་བྱེད་དོ། །སེམས་ཅན་ཐམས་ཅད་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་ཕྱིར་རྒྱལ་པོའི་བྱ་བ་ལ་ཡང་འཇུག་པར་བྱེད་དོ། །
ཚོང་དཔོན་གྱི་ཆོས་ལུགས་ཀྱིས་དགའ་བར་བྱ་བའི་ཕྱིར་ཚོང་དཔོན་གྱི་ནང་དུ་ཡང་ཚོང་དཔོན་དུ་བཀུར་བར་འགྱུར་རོ། །ཁྱིམ་གྱི་སྐྱོན་ཐམས་ཅད་ཡོངས་སུ་གཅད་པའི་ཕྱིར་ཁྱིམ་གྱི་ནང་དུ་ཡང་ཁྱིམ་བདག་ཏུ་བཀུར་བར་འགྱུར་རོ། །རྒྱལ་རིགས་ཀྱི་ཆོས་ལུགས་རབ་ཏུ་གནས་པར་བྱ་བའི་ཕྱིར་རྒྱལ་རིགས་
ཀྱི་ནང་དུ་ཡང་རྒྱལ་རིགས་སུ་བཀུར་བར་འགྱུར་རོ། །ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་གཞོམ་པའི་ཕྱིར་བྲམ་ཟེའི་ནང་དུ་ཡང་བྲམ་ཟེར་བཀུར་བར་འགྱུར་རོ། །བྱ་བ་ཐམས་ཅད་དང་། ཆོས་ལུགས་ཐམས་ཅད་ལ་གཟུད་པར་བྱ་བའི་ཕྱིར་བློན་པོ་ཆེན་པོའི་ནང་དུ་ཡང་བློན་པོ་ཆེན་པོར་བཀུར་
བར་འགྱུར་རོ། །རྒྱལ་སྲིད་དང་། ལོངས་སྤྱོད་དང་། དབང་ཕྱུག་ལས་རྣམ་པར་བཟློག་པའི་ཕྱིར་གཞོན་ནུའི་ནང་དུ་ཡང་གཞོན་ནུར་བཀུར་བར་འགྱུར་རོ། །བུད་མེད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བཙུན་མོའི་འཁོར་དག་ཏུ་ཡང་སྲུངས་མ་ཉུང་རུམ་དུ་བཀུར་བར་འགྱུར་རོ། །བསོད་ནམས་
ཀྱི་ཁྱད་པར་ལ་ལྷག་པར་དམིགས་པར་བྱ་བའི་ཕྱིར་སྐྱེ་བོ་ཕལ་པ་རྣམས་དང་ཡང་འཐུན་པར་འཇུག་གོ། །དབང་ཕྱུག་གི་ཉེས་དམིགས་བསྟན་པའི་ཕྱིར། བརྒྱ་བྱིན་གྱི་ནང་དུ་ཡང་བརྒྱ་བྱིན་དུ་བཀུར་བར་འགྱུར་རོ། །ཡེ་ཤེས་ཀྱི་ཁྱད་པར་བསྟན་པའི་ཕྱིར་ཚངས་པའི་ནང་དུ་ཡང་ཚངས་པར་བཀུར་བར་

འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བར་བྱ་བའི་ཕྱིར་ཟླ་བར་ཡང་འགྱུར་རོ། །སེམས་ཅན་གྱི་སྡིག་པའི་ཉེས་པའི་ཁ་བ་མང་པོ་བཞུ་བའི་ཕྱིར་ཉི་མར་ཡང་འགྱུར་རོ། །སེམས་ཅན་ཐམས་ཅད་ཚུལ་སྲུང་དུ་གཞུག་པའི་ཕྱིར་འཇིག་རྟེན་སྐྱོང་གི་ནང་དུ་ཡང་འཇིག་རྟེན་སྐྱོང་
དུ་བཀུར་བར་འགྱུར་རོ། །སངས་རྒྱས་ཀྱི་བཀོད་པ་ཐམས་ཅད་སྟོན་ཀྱང་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་དོ། །གཟུགས་ཐམས་ཅད་སྣང་བར་སྟོན་ཀྱང་གཟུགས་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཉིད་རྣམ་པར་འཁྲུག་པར་ཡང་མི་བྱེད་དོ། །
སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ཡང་ཐ་དད་པར་བྱེད་པར་ཡང་མི་བྱེད་དོ། །སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བླང་བ་རྗེས་སུ་ཐོབ་ཀྱང་ཆོས་ཀྱི་དབྱིངས་ལ་ཡང་འབྱེད་པར་མི་བྱེད་དོ། །ལྷ་དང་མིའི་བདག་པོ་ཐམས་ཅད་ཡོངས་སུ་འཛིན་ཀྱང་དེ་ལ་རྒྱགས་པར་ཡང་མི་འགྱུར་ལ། མྱོས་པ་སྐྱེད་
པར་ཡང་མི་འགྱུར་རོ། །སེམས་ཅན་རྣམས་སྐྱོ་བ་ལ་དགོད་པའི་ཕྱིར་གཉིད་ལོག་པའི་བྱ་བ་ཐམས་ཅད་ཡང་དག་པར་སྟོན་ཏོ། །བདུད་ཀྱི་ཡུལ་ཐམས་ཅད་ཡང་དག་པར་སྟོན་ཀྱང་བདུད་ཀྱི་ལས་ལ་གནས་པར་ཡང་མི་འགྱུར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་ལ་ཡང་
སྣང་ལ། རྟག་ཏུ་ཡང་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་བར་བྱེད་དེ་པད་མ་བཞིན་དུ་གོས་པ་མེད་པར་འགྱུར་རོ། །སྤྲིན་ཆེན་སྙིང་པོ་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལ་ལྟོས།། །།འཕགས་པ་སྤྲིན་ཆེན་པོའི་མདོ། བམ་པོ་བདུན་པ།
དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ཞེས་བྱ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མ་ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་ཚིག་གི་དོན་ཕྲ་ཞིང་ཟབ་ལ་སེམས་ཅན་ཐམས་ཅད་ལ་ཕན་པར་སྤྱོད་པ་འདི་ལྟ་བུ་ལ་རྒྱབ་ཀྱིས་ཕྱོགས་པ་ལགས་
སོ། །ཀྱེ་མ་ལྷ་སྦྱིན་ནི་བྱས་པ་མི་གཟོ་བ་ལགས་སོ། །ཀྱེ་མ་ལྷ་སྦྱིན་ནི་སྡིག་པ་འདོད་པ་ལགས་སོ། །ལྷ་སྦྱིན་ནི་དེ་བཞིན་གཤེགས་པ་ལ་ཁྲག་འབྱིན་པ་ལགས་སོ། །ཀྱེ་མ་ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་དགེ་འདུན་གྱི་དབྱེན་བགྱིད་པ་ལགས་སོ། །ཀྱེ་མ་ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་ཤཱཀྱ་

རིགས་ཀྱིས་དྲེགས་པ་ལགས་སོ། །ཀྱེ་མ་མི་ལེགས་པར་འགྱུར་བར་འོས་པ་དང་། དུད་འགྲོའི་སྐྱེ་གནས་དང་ཕྲད་པར་འགྱུར་བ་ཡོངས་སུ་སྤྱོད་པ་ལགས་སོ། །ཀྱེ་མ་ལྷ་སྦྱིན་ནི་རྟག་ཏུ་བཅོམ་ལྡན་འདས་བགྲོངས་པར་སེམས་པ་དང་སྐྱེས་པའི་རབས་བརྒྱ་སྟོང་ཕྲག་བགྲོངས་པར་ལས་དྲག་པོ་བགྱིད་པ་
ལགས་སོ། །ལྷ་སྦྱིན་ནི་སེམས་ཅན་དམྱལ་བར་མཆི་བ་ལགས་སོ། །ཀྱེ་མ་ལྷ་སྦྱིན་ནི་སྩལ་བ་དང་། བགྱིས་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱི་བཀའ་དྲིན་གྱིས་འཚོ་ལ། བཅོམ་ལྡན་འདས་ཀྱི་རྩ་བ་ལ་རྐོ་བ་ལགས་སོ། །ཀྱེ་མ་ལྷ་སྦྱིན་ནི་སྡིག་པ་ལ་ངེས་པ་ལགས་སོ། །
ལྷ་སྦྱིན་གྱི་འཁོར་ནི་བདུད་ཀྱི་ཕྱོགས་ལགས་ན། བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་ཞེས་གདའ་སྟེ། བཅོམ་ལྡན་འདས་བགྲོངས་པར་སེམས་སོ། །ལྷ་སྦྱིན་གྱི་འཁོར་ནི་ཐམས་ཅད་ཀྱང་ངུར་སྨྲིག་འཆང་བ་ཙམ་དུ་བས་སོ། །ལྷ་སྦྱིན་གྱི་འཁོར་ནི་འཚོ་བ་ངན་པས་འཚོ་ཞིང་མུ་གེའི་མགོ་བྱི་
ལགས་སོ། །བཅོམ་ལྡན་འདས་ཁྱོད་ནི་ཐམས་ཅད་མཁྱེན་པ་ལགས་ཞེས་གདའ། ཁྱོད་ནི་འབྲས་བུ་མཆིས་པའི་ཆོས་སྟོན་པ་ལགས་ཞེས་གདའ། ཁྱོད་ནི་རིགས་རྣམ་པར་དག་པར་གྲགས་པ་ལགས་ཞེས་གདའ་ན། ལྷ་སྦྱིན་མ་རུངས་པ་འདི་ལྟ་བུ་ཡང་རབ་ཏུ་ཕྱུང་ལགས་སམ། བཅོམ་ལྡན་
འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན་གྱིས་སེམས་ཅན་ཐམས་ཅད་ཀྱི་ཡིད་གཉིས་དང་། ཐེ་ཙོམ་རྣམ་པར་བསལ་བའི་སླད་དུ་དགོངས་པ་བཤད་དུ་གསོལ། ཁྱོད་ནི་རིགས་དྲི་མ་མ་མཆིས་ཤིང་རྣམ་པར་དག་པ་ལགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་ཉིད་ཆེན་པོ་བཤད་
དུ་གསོལ། དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་སྤྲིན་ཆེན་སྙིང་པོས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཆེན་པོ་ལེགས་སོ་ལེགས་སོ། །བྲམ་ཟེ་ཆེན་པོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དེ་བཞིན་གཤེགས་པ་ལ་ཉན་ཐོས་དང་། རང་སངས་
རྒྱས་ཐམས་ཅད་ཀྱི་ཡུལ་གྱི་ཞུ་བའི་རྒྱལ་པོ་ལེགས་པར་ཞུས་པ་ནི་ལེགས་སོ། །བྲམ་ཟེ་ཆེན་པོ་ཁོ་བོ་ལས་ཉོན་ཅིག་དང་། དེ་བཞིན་གཤེགས་པའི་མཐུ་དང་། ཁོ་བོ་ཅག་གི་ཡུལ་ལ་འཇུག་པའི་ཚུལ་གྱིས་ཁོ་བོས་བཤད་པར་བྱའོ། །བྲམ་ཟེ་ད་ཕྱིན་ཆད་དེ་སྐད་མ་ཟེར་བར་གཞན་མ་ཡིན་པར་ཡིད་

ལ་སོམས་ཤིག །ལྷ་སྦྱིན་དྲུག་སྡེའི་འཁོར་དང་བཅས་པ་ནི་དེ་བཞིན་གཤེགས་པ་ལ་ཤིན་ཏུ་བྱས་པ་གཟོ་བ་ཡིན་ནོ། །ལྷ་སྦྱིན་ནི་མཆོག་ཏུ་དགའ་བ་བྱེད་པ་ཡིན་ནོ། །ལྷ་སྦྱིན་ནི་དེ་བཞིན་གཤེགས་པའི་རིགས་ལ་སྙིང་བརྩེ་བ་ཅན་ཡིན་ནོ། །ལྷ་སྦྱིན་ནི་དེ་བཞིན་གཤེགས་
པའི་ཕྲིན་ལས་ཀྱི་མཐའ་ཡིན་ནོ། །ལྷ་སྦྱིན་ནི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བདག་ཉིད་ཆེན་པོ་སྟོན་པ་ཡིན་ནོ། །ལྷ་སྦྱིན་དྲུག་སྡེའི་འཁོར་དང་བཅས་པ་ནི་སེམས་ཅན་བྱེ་བ་ཕྲག་མང་པོ་བསོད་ནམས་ལ་རབ་ཏུ་འགོད་པ་ཡིན་ནོ། །བྲམ་ཟེ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་ནི་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཁྲག་འབྱིན་མི་ནུས་སོ། །དེ་བཞིན་གཤེགས་པའི་སྐུ་ནི་ཤིང་དྲུང་གི་གྲིབ་མ་ལྟ་བུར་བལྟ་སྟེ། འདི་ནི་ཐབས་ཡིན་པར་བལྟ་བར་བྱའོ། །བྲམ་ཟེ་ཆེན་པོ་ཤཱཀྱའི་རིགས་འདི་ནི་དག་ཅིང་རྣམ་པར་དག་ལ་བསམ་གྱིས་མི་ཁྱབ་བོ། །
ཤཱཀྱའི་རིགས་ཀྱི་ནང་ན་ནི་ཚུལ་ཁྲིམས་འཆལ་པ་འགའ་ཙམ་ཡང་མེད་དེ་མི་སྲིད་དོ། །དེ་བཞིན་གཤེགས་པ་ནི་འབྲས་བུ་ཡོད་པའི་ཆོས་སྟོན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ཙན་དན་དང་བཻ་དཱུརྱ་ལྟ་བུའི་འཁོར་དང་ལྡན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་མི་ཕྱེད་པའི་འཁོར་དང་ལྡན་པ་ཡིན་ནོ། །དེ་བཞིན་
གཤེགས་པ་ནི་སེང་གེའི་རིགས་ཀྱི་རྒྱལ་པོ་ཆེན་པོ་དང་། སྟག་ལྟ་བུའི་འཁོར་དང་ལྡན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་འཁོར་དང་ལྡན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་འཁོར་ནི་མེ་མདག་ཐལ་བས་གཡོགས་པ་ལྟ་བུར་
བལྟའོ། །དེ་བཞིན་གཤེགས་པ་ནི་བླ་ན་མེད་པའོ། །དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའོ། །དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་བཞིན་གཤེགས་པ་ལས་རབ་ཏུ་བྱུང་བའི་སེམས་ཅན་རྣམས་ལ་ནི་ཚུལ་ཁྲིམས་འཆལ་པ་མི་སྲིད་དེ། དེ་དག་ཐམས་ཅད་ནི་ཡུལ་ཟབ་
མོ་ཤེས་པ་ཐམས་ཅད་ལ་རབ་ཏུ་འགོད་པ་ཤ་སྟག་སྟེ། དེའི་ཕྱིར་ཡང་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །བྲམ་ཟེ་ཆེན་པོ་དགེ་འདུན་ནི་བདུད་བྱེ་བ་ཕྲག་བརྒྱ་སྟོང་གིས་ཀྱང་དབྱེ་བར་མི་ནུས་ཏེ། འདི་ནི་ཐབས་ཡིན་པར་བལྟ་བར་བྱའོ། །ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་དགེ་འདུན་གྱི་

དབྱེན་བྱེད་པ་ཡང་མ་ཡིན་ནོ། །ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་ཤཱཀྱའི་རིགས་སྟོན་པ་ཡིན་ནོ། །སྐྱེ་བོ་ཕལ་པ་ཡང་དུད་འགྲོར་སྐྱེ་བར་འགྱུར་བ་ཡོངས་སུ་མི་སྤྱོད་ན་ཤཱཀྱའི་རིགས་སུ་སྐྱེས་ལ། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་ནས་རབ་ཏུ་བྱུང་བ་འདི་ལྟ་བུའི་ལས་ལ་སྦྱོར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་
དོ། །ལྷ་སྦྱིན་དྲུག་སྡེ་དང་བཅས་པས་ཤིན་ཏུ་བྱམས་པར་བྱས་པ་ཡིན་ནོ། །ལྷ་སྦྱིན་ནི་ངུར་སྨྲིག་འཆང་བ་ཙམ་དུ་ཟད་པ་ཡང་མ་ཡིན་ནོ། །ལྷ་སྦྱིན་ནི་མུ་གེའི་མགོ་བྱི་ཡང་མ་ཡིན་ནོ། །ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན་ནོ། །ལྷ་སྦྱིན་ནི་སྡིག་པ་ལ་ངེས་པ་ཡང་མ་
ཡིན་ནོ། །ལྷ་སྦྱིན་ནི་སྡིག་པ་འདོད་པ་ཡང་མ་ཡིན་ནོ། །ལྷ་སྦྱིན་དྲུག་སྡེ་དང་བཅས་པ་ནི་དེ་བཞིན་གཤེགས་པའི་ཐབས་ཀྱི་དགེ་སློང་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་རྟག་ཏུ་ཡང་མངོན་པར་ཤེས་པ་རྣམས་ཀྱིས་སེམས་ཅན་དམྱལ་བ་ན་རྩེ་བར་བྱེད་དེ། འདི་ནི་བྱང་ཆུབ་སེམས་
དཔའི་སྤྱོད་ཡུལ་ཡིན་པར་བལྟའོ། །ལྷ་སྦྱིན་ནི་སེམས་ཅན་དམྱལ་བར་འགྲོ་བ་ཡང་མ་ཡིན་ནོ། །བྲམ་ཟེ་ཆེན་པོ་གཞན་ཡང་ལྟོས་དང་། དཔེར་ན་ཡུལ་གཞན་གྱི་འདྲོན་པ་མི་གཉིས་ཤིག་གྲོང་ཁྱེར་གཞན་ཞིག་ན་འདུག་འདུག་པ་ལས་ཕྱིར་རང་རང་གི་ཡུལ་དུ་འགྲོ་བར་ཆས་ཏེ། གཅིག་ནི་ནུབ་
ཕྱོགས་སུ་སོང་། གཅིག་ནི་ཤར་ཕྱོགས་སུ་སོང་ན། ཇི་ཙམ་དུ་སོང་བ་དེ་ཙམ་དུ་གྲོང་ཁྱེར་དང་ཤིན་ཏུ་རིང་བར་འགྱུར་རོ། །ཇི་ཙམ་དུ་སོང་བ་དེ་ཙམ་དུ་མི་དེ་གཉིས་ཕྱིར་ཕྲད་པར་འགྱུར་བ་དེ་ནི་གནས་མེད་དོ། །བྲམ་ཟེ་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་དང་ལྷ་སྦྱིན་གཉིས་ཀྱང་གལ་ཏེ། ཐབས་
ཤིག་མ་ཡིན་དུ་ཟིན་ན་ཁྱད་ཆེ་བར་མངོན་ནོ། །བྲམ་ཟེ་ཆེན་པོ་གཞན་ཡང་འདིར་མི་ལ་ལ་ཞིག་གིས་སྲོག་གཅོད་པ་བྱས་ན་ལོ་བརྒྱ་ཕྲག་མང་པོར་སེམས་ཅན་དམྱལ་བར་བསྲེག་པར་འགྱུར་ལ། བསོད་ནམས་བྱས་ན་ལོ་བྱེ་བ་སྙེད་དུ་མཐོ་རིས་སུ་མངོན་པར་རྩེ་བར་འགྱུར་བས་ན་བྲམ་ཟེ་ཆེན་པོ་དེ་བཞིན་
གཤེགས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་བག་ཆགས་ཀྱི་ཚོགས་ཀྱིས་བསྒོས་པ་མ་ཡིན་པས། གལ་ཏེ་དེ་བཞིན་གཤེགས་པ་ལ་ལྷ་སྦྱིན་གྱིས་བགྲོངས་པར་བསམས་སུཟིན་ན། དེ་ལྟར་སེམས་གཅིག་བསྐྱེད་པ་ཙམ་གྱི་ལས་ཀྱི་འབྲས་བུ་དེས་ཀྱང་ལོ་བྱེ་བ་ཕྲག་གྲངས་མེད་དཔག་

ཏུ་མེད་པ། བགྲང་བ་ལས་ཤིན་ཏུ་འདས་པ་སྲིད་དུ་སེམས་ཅན་དམྱལ་བར་ཤིན་ཏུ་བསྲེག་པར་འགྱུར་བའི་རིགས་ན། བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པ་ནི་བསྐལ་པ་བརྒྱ་སྟོང་ཕྲག་བྱེ་བ་གྲངས་མེད་པ་མང་པོ་ཡུན་རིང་པོ་ནས་དགྲ་ལས་འདས་པ་ཡིན་ལ། དེ་བཞིན་གཤེགས་པ་
དང་ལྷ་སྦྱིན་སེམས་ཅན་དམྱལ་བ་ན་བསྲེགས་པ་གཉིས་ཀྱང་ཕྲད་པར་ག་ལ་འགྱུར་ཏེ་དེ་ནི་གནས་མེད་དོ། །བྲམ་ཟེ་ཆེན་པོ་གཞན་ཡང་གལ་ཏེ་ལྷ་སྦྱིན་སྡིག་པས་འཚོ་བ་ཞིག་ཡིན་དུ་ཟིན་ན་སྐྱེས་པའི་རབས་བརྒྱ་སྟོང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ལྷ་སྦྱིན་
ལྷན་ཅིག་ཏུ་ཕྲད་ཅིང་འགྲོགས་པར་ཡང་ཇི་ལྟར་འགྱུར་ཏེ་དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་ལྷ་སྦྱིན་བཅོམ་ལྡན་འདས་བགྲོངས་པར་སེམས་པ་དེ་ཙམ་དུ་སེམས་ཅན་དམྱལ་བར་ངེས་པར་བསྲེག་པར་འགྱུར་བས་ན། ཇི་ལྟར་སེམས་ཅན་དམྱལ་བ་ཡང་ཉམས་སུ་མྱོང་ལ་དེ་བཞིན་གཤེགས་པ་
བགྲོངས་པར་ཡང་ཇི་ལྟར་སེམས་པར་རུང་སྟེ། མི་དེ་གཉིས་ཇི་ལྟར་ན་མས་ཀྱང་ཕྲད་པར་མི་འགྱུར་བ་དེ་བཞིན་དུ་བྲམ་ཟེ་ཆེན་པོ་ལྷ་སྦྱིན་དེ་ལྟ་བུ་དང་། དེ་བཞིན་གཤེགས་པ་ཡང་བརྒྱ་ལམ་ན་ཡང་ཕྲད་པར་འགྱུར་བ་དེ་ནི་གནས་མེད་དོ། །བྲམ་ཟེ་ཆེན་པོ་གཞན་ཡང་གལ་ཏེ་ལྷ་སྦྱིན་སྡིག་ཅན་གཅིག་ཏུ་
ཟིན་ན། ཤར་ཕྱོགས་སུ་འགྲོ་བ་བཞིན་དུ་ལྷ་སྦྱིན་དེ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བར་རིག་པར་བྱའོ། །གང་ནུབ་ཕྱོགས་སུ་འགྲོ་བ་ལྟ་བུ་དེ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་གྲོང་ཁྱེར་གང་ཡིན་པ་དེ་ནི་རྟག་ཏུ་འཇིགས་པ་མེད་པའི་གྲོང་ཁྱེར་ཡིན་པར་རིག་པར་བྱ་སྟེ།
འདི་ནི་ཐབས་ཡིན་པར་བལྟ་བར་བྱའོ། །སངས་རྒྱས་ཀྱི་ཡུལ་འདི་ནི་ཁོ་བོ་ཅག་གིས་ཀྱང་བསམ་པར་མི་ནུས་པར་རིག་པར་བྱའོ། །ལྷ་སྦྱིན་ནི་དེ་བཞིན་གཤེགས་པའི་ཡུལ་ཡིན་གྱི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ། །བྲམ་ཟེ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་སེར་པོ་ཆེན་པོ་ཞེས་བྱ་བས་གདམས་ངག་བསྟན་ནས་བྱང་ཆུབ་སེམས་དཔའ་དྲུག་སྡེ་རྣམས་ཀྱི་འཁོར་གྱིས་བསྐོར་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །བྲམ་ཟེ་ཆེན་པོ་དཔེར་ན། གླང་པོ་ཆེ་མཆོག་ལ་བརྡེག་པར་བྱ་བ་གང་ཡིན་པ་དེ་ནི་བོང་བུས་ཤིན་ཏུ་མི་བཟོད་དེ། གླང་པོ་ཆེ་མཆོག་ལ་བརྡེག་པར་བྱ་བ་ནི་

གླང་པོ་ཆེ་མཆོག་གིས་བཟོད་པར་ཟད་དོ། །བྲམ་ཟེ་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་གི་རྭས་བརྡུང་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བོང་བུས་ཤིན་ཏུ་མི་བཟོད་དེ། དེ་བཞིན་གཤེགས་པའི་ལྡེམ་པོ་ངག་གི་རྭས་བརྡུངས་པ་ནི་དེ་བཞིན་གཤེགས་པ་དང་
འདྲ་བས་བཟོད་པར་ཟད་དོ། །བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ལ་ལྟོས། བྲམ་ཟེ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེར་པོ་ཆེན་པོ་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་ལ་བཟོད་པ་གསོལ་ཅིག །བྲམ་ཟེ་ཆེན་པོ་དགེ་སློང་ངམ། དགེ་སློང་
མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ལྷ་སྦྱིན་གྱི་ཡོན་ཏན་གྱི་ཆེ་བ་ཉིད་མི་ཤེས་པ་དེ་དག་ནི་སངས་རྒྱས་བྱུང་བའི་ཕྱེད་ཐོབ་ཙམ་དུ་ཟད་པ་ཡིན་པར་རིག་པར་བྱའོ། །མིག་ཡ་གཅིག་པར་རིག་པར་བྱའོ། །མི་ལུས་ཀྱི་ཕྱེད་ཐོབ་པ་ཡིན་པར་རིག་པར་བྱའོ། །བྲམ་ཟེ་ཆེན་པོ་གཞན་ཡང་
ལྷ་སྦྱིན་གྱི་ཡོན་ཏན་གྱི་ཆེ་བ་ཉིད་ལ་ལྟོས། སེམས་ཅན་ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པའི་གནོད་པ་བཟོད་པར་ཡང་མི་ནུས། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཤེས་པར་ཡང་མི་ནུས། སེམས་ཅན་ཐམས་ཅད་ཀྱིས་ནི་དེ་བཞིན་གཤེགས་པའི་ཡུལ་མཐོང་བར་ཡང་མི་ནུས། དེ་
བཞིན་གཤེགས་པ་ལ་བལྟ་བར་ཡང་མི་ནུས་སོ། །བྲམ་ཟེ་ཆེན་པོ་ལྷ་སྦྱིན་གྱིས་དེ་བཞིན་གཤེགས་པའི་གནོད་པ་བཟོད་པར་ཡང་ནུས་སོ། །དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཀྱང་རྟོགས་སོ། །ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་པ་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ལ་ཡང་རྣམ་པར་འཕྲུལ་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཡང་དག་པར་སྟོན་པར་ཡང་ནུས་སོ། །དེ་བཞིན་གཤེགས་པའི་ཡུལ་དང་འདྲ་བའི་སྐྱེས་བུ་ཆེན་པོ་ཡིན་པར་ཡང་བལྟ་བར་བྱའོ། །འདུལ་བའི་དབང་གིས་དེ་བཞིན་གཤེགས་པ་གང་
དང་གང་དུ་སྣང་བར་འགྱུར་བ་དེ་དང་དེར་སྐྱེས་བུ་ཆེན་པོ་དེ་ཡང་དེ་བཞིན་གཤེགས་པའི་ཕྱི་བཞིན་དུ་འབྲང་ཞིང་སྣང་བར་འགྱུར་རོ། །བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པའི་ཡུལ་ནི་ཁོ་བོ་ཅག་གིས་ཀྱང་བསྟན་པར་མི་ནུས་ཏེ། དེ་བཞིན་གཤེགས་པའི་ཐབས་ཡིན་པར་བལྟ་བར་བྱའོ། །དེ་བཞིན་གཤེགས་

པའི་ལྡེམ་པོ་ངག་གི་སྒོའི་ཡུལ་གྱི་ཆོས་བསྟན་པ་ལ་ལྟོས། དེ་ནས་དེའི་ཚེ་འཁོར་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ནས་ཁ་འཐུན་པར་ཚིགས་སུ་བཅད་པ་འདི་སྨྲས་སོ། །བདུད་རྣམས་བྱེ་བ་ཕྲག་བརྒྱས་ཀྱང་། །དགེ་འདུན་དབྱེ་བར་མི་ནུས་ཏེ། །
སེམས་ཅན་རྣམས་ལ་སྨན་སླད་དུ། །ལས་ཀྱི་རྒྱུ་བའང་སྟོན་པར་མཛད། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། སྤྲིན་ཆེན་སྙིང་པོ་དེ་བཞིན་གཤེགས་པའི་ཡུལ་ཉན་ཐོས་
དང་། རང་སངས་རྒྱས་ཐམས་ཅད་དང་མི་མཚུངས་པ་དང་། ལྷ་སྦྱིན་གྱི་ཡོན་ཏན་གྱི་ཆེ་བ་ཉིད་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་གི་གཞི་གཞག་པའི་ཕྱི་རོལ་གྱི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར་ཤིན་ཏུ་ལེགས་པར་བཤད་པ་ལེགས་སོ་ལེགས་སོ། །སྤྲིན་ཆེན་སྙིང་པོ་གཞན་ཡང་
ཟབ་མོ་བསྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་རིའི་རྒྱལ་པོ་རི་རབ་དེ་ཙམ་དུ་མཐོ་ཞིང་། དེ་ཙམ་དུ་རྒྱ་ཆེ་ལ། དེ་ཙམ་དུ་ཡུལ་དུ་བྱས་པ། དེ་ཙམ་དུ་བཙན་པ་ཡུངས་འབྲུའི་ནང་དུ་ཆུད་པར་བྱེད་དེ། འོན་ཀྱང་ཡུངས་འབྲུའི་
ནང་ན་ཡང་སྐྱེ་བར་མི་འགྱུར་ཞིང་། བྱ་བ་བྱེད་པ་དེ་དག་ཀྱང་སྣང་ལ། རྒྱལ་ཆེན་བཞི་པ་དང་། སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་ཀྱང་བདག་ཅག་གང་དུ་བཅུག་པ་དང་། བདག་ཅག་གང་ན་འཁོད་པ་ཡང་མི་ཚོར་རོ། །སེམས་ཅན་གཞན་དག་གིས་ནི་རིའི་རྒྱལ་པོ་རི་རབ་ཡུངས་འབྲུའི་ནང་དུ་བཅུག་
པར་ཡང་ཤེས་ཤིང་མཐོང་ངོ་། །སྤྲིན་ཆེན་སྙིང་པོ་ཟབ་མོ་བསྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་ཡུལ་ལ་འཇུག་པ་ལ་ལྟོས། སྤྲིན་ཆེན་སྙིང་པོ་གཞན་ཡང་ཟབ་མོ་བརྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྒྱ་མཚོ་ཆེན་པོ་
བཞིའི་ཆུའི་ཕུང་པོ་འདི་བ་སྤུ་གཅིག་གི་ཁུང་དུ་ཆུད་པར་བྱེད་དེ། འོན་ཀྱང་ཉ་དང་། རུ་སྦལ་དང་། སྦལ་པ་དང་། ཆུ་སྲིན་བྱིས་པ་གསོད་དང་ཆུ་སྲིན་དང་ཆུ་སྲིན་ས་ལ་པ་དང་། ཨོ་ད་ཀ་དང་། ཆུ་སྦྲུལ་དང་། ཏི་རི་ཀ་ར་ལ་སོགས་པ་དང་། དེ་བཞིན་དུ་ཆུའི་སྲོག་ཆགས་གཞན་དག་ལ་ཡང་

གནོད་པར་འགྱུར་བ་མེད་དོ། །ཀླུ་དང་། དྲི་ཟ་དང་། ལྷ་མ་ཡིན་རྣམས་ཀྱང་བདག་ཅག་གར་བཅུག །བདག་ཅག་གང་ན་འཁོད་སྙམ་དུ་སེམས་པ་མེད་ལ། བྱ་བ་དེ་ཡང་སྣང་སྟེ། སེམས་ཅན་སུ་ལ་ཡང་གཙེ་བ་འམ་ཐོ་བཙམ་པ་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་
ཡང་བཅད་དེ། ཕུབ་ཟླུམ་བཞིན་དུ་ལག་པ་གཡས་པས་བསྐོར་ནས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཟློ་བར་བྱེད་དེ། འོན་ཀྱང་སེམས་ཅན་རྣམས་ཀྱིས་བདག་ཅག་སུས་ཁྱེར་བ་དང་། བདག་ཅག་གང་ན་འཁོད་པ་ཡང་མི་ཚོར་རོ། །ཕྱིར་ཡང་ཁྱེར་ཏེ་འོངས་ནས་སྔ་མའི་གནས་སུ་
འཇོག་པར་བྱེད་དེ། འོན་ཀྱང་འགྲོ་བ་དང་། འོང་བར་ཡང་མི་མངོན་ལ་བྱ་བ་དེ་དག་ཀྱང་སྣང་ངོ་། །དེ་ནས་དེའི་ཚེ་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་དང་བྲམ་ཟེ་གཞོན་ནུ་བརྒྱ་སྟོང་དུ་མ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་
བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་ཞིང་། གལ་ཏེ་ཁྱོད་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་ན། བདག་ལ་དམ་པ་གཅིག་སྩལ་དུ་གསོལ། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ནས་སངས་རྒྱས་ཀྱི་མཐུས་འཁོར་ཆེན་པོའི་ནང་ནས་ལིད་ཚ་བཱི་གཞོན་
ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །ཇི་བྲམ་ཟེ་ཆེན་པོ་ཁྱོད་བཅོམ་ལྡན་འདས་ལ་དམ་པ་ཞིག་གསོལ་ལམ། བདག་གིས་ཁྱོད་ལ་དམ་པ་སྦྱིན་ནོ། །བྲམ་ཟེས་སྨྲས་པ། ཀྱེ་ལིད་ཚ་བཱི་གཞོན་ནུ་བདག་ནི་
བཅོམ་ལྡན་འདས་ཀྱི་རིང་བསྲེལ་མཆོད་པའི་ཕྱིར་བཅོམ་ལྡན་འདས་ལ་རིང་བསྲེལ་ཡུངས་འབྲུ་ཙམ་ཞིག་གསོལ་གྱིས་དེ་ཁྱོད་ཀྱིས་བྱིན་ཅིག །རིང་བསྲེལ་ཡུངས་འབྲུ་ཙམ་དེ་མངོན་པར་མཆོད་ན་སུམ་ཅུ་རྩ་གསུམ་པའི་བདག་པོར་འགྱུར་རོ་ཞེས་གྲགས་པས་ན་རིང་བསྲེལ་གྱི་ཕྱེ་མ་དཀར་རུ་ནི་ཤིན་ཏུ་གཅེས་
སོ། །ཀྱེ་ལིད་ཚ་བཱི་གཞོན་ནུ་སྤྲིན་ཆེན་པོའི་མདོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། མཚན་ཉིད་དེ་ལྟ་བུ་དང་ལྡན་པ་ཡང་སྤྲིན་ཆེན་པོའི་མདོ་ལས་ཕྱི་རོལ་དུ་གྱུར་ཅེས་གྲགས་པ་ཉོན་ཅིག །ཀྱེ་ལིད་ཚ་བཱི་གཞོན་ནུ་སྤྲིན་ཆེན་པོའི་

མདོ་ནི་དེ་ལྟར་ཤེས་པར་དཀའ་ཞིང་རྟོགས་པར་དཀའ་བས་ན། ཁོ་བོ་ཅག་མཐའ་འཁོབ་ཀྱི་གླིང་གི་བྲམ་ཟེ་རྣམས་ནི་གང་བཅངས་ན་སེམས་ཅན་རྣམས་མྱུར་དུ་སུམ་ཅུ་རྩ་གསུམ་པའི་བདག་པོ་ཐོབ་པར་འགྱུར་བའི་རིང་བསྲེལ་ཡུངས་འབྲུ་ཙམ་ཟ་མ་ཏོག་གི་ནང་དུ་བཅུག་ལ་བཅངས་ཀྱང་
རུང་ངོ་། །ཀྱེ་ལིད་ཚ་བཱི་གཞོན་ནུ་ཁྱོད་ཇི་དེ་བཞིན་གཤེགས་པ་ལས་རིང་བསྲེལ་ཡུངས་འབྲུ་ཙམ་གསོལ་ཏེ་མནོས་ལ་ཟ་མ་ཏོག་གི་ནང་དུ་བཅུག་སྟེ། བཅངས་པས་སུམ་ཅུ་རྩ་གསུམ་པའི་བདག་པོར་འགྱུར་བ་མི་འདོད་དམ། ཀྱེ་ལིད་ཚ་བཱི་གཞོན་ནུ་ཁོ་བོས་ནི་དམ་པ་འདི་ལྟ་བུ་གསོལ་ཏོ། །ལིད་ཚ་
བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ལ་ཚིགས་སུ་བཅད་པ་དག་གིས་སླར་སྨྲས་པ། གང་ཚེ་གང་གར་ཀུ་མུད་སྐྱེས། །བྱི་བ་གླང་ཆེན་ཙམ་གྱུར་དང་། །ཁུ་བྱུག་དུང་མདོག་འདྲར་གྱུར་དང་། །འཛམ་བུ་ཏ་ལའི་འབྲུ་ཆགས་པ། །དེ་ཚེ་
རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་རུ་སྦལ་སྤུ་རྣམས་ལས། །གོས་སུ་ལེགས་པར་བཏགས་གྱུར་ཏེ། །དགུན་ཆ་དག་ཏུ་གྱོན་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་གྱུར། །དེར་ནི་གྲོང་ཁྱེར་སྦས་པའི་ཕྱིར། །ནམ་ཞིག་སྦྲང་བུའི་རྐང་ལག་ལས། །ཡང་ཐོག་ལེགས་པར་བྱས་གྱུར་ཏེ། །
བརྟན་ཞིང་གཡོ་བ་མེད་པ་དང་། །སྲིན་བུ་པད་མའི་རྭ་སོགས་ལ། །ཁྱོད་ནི་དབང་བསྐུར་སྦྱོར་བྱེད་དེ། །དེར་ནི་འབྱོར་ཅིང་རྒྱས་གྱུར་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །མཐོ་རིས་སུ་ནི་འཛེག་པའི་ཕྱིར། །ནམ་ཞིག་རི་བོང་རྭ་རྣམས་ལ། །སྐས་ནི་ལེགས་པར་བྱས་གྱུར་པ། །དེ་ཚེ་རིང་བསྲེལ་
ཡོད་པར་འགྱུར། །ནམ་ཞིག་སྐས་ནི་དེར་འཛེགས་ཏེ། །བྱི་བས་ཟླ་བ་བཟའ་བ་དང་། །སྒྲ་གཅན་ལ་ཡང་གནོད་བྱེད་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ཚོགས་ཀྱིས་རྒྱུ་བའི་སྦྲང་བུ་ཡིས། །ནམ་ཞིག་རྫ་མའི་ཆང་འཐུངས་ཏེ། །ཁྱིམ་ན་གནས་པར་བྱེད་གྱུར་པ། །དེ་ཚེ་རིང་
བསྲེལ་ཡོད་པར་འགྱུར། །ནམ་ཞིག་བོང་བུ་བདེར་གྱུར་ལ། །མཆུ་དམར་བིམ་པ་འདྲ་འགྱུར་ཅིང་། །གླུ་གར་རྣམས་ལ་མཁས་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་ཁྭ་དང་འུག་པ་དང་། །དབེན་པར་དོང་ནས་སྨྲ་བྱེད་ཅིང་། །ཕན་ཚུན་གནོད་པ་མི་བྱེད་པར། །

དུས་རྣམས་ཀུན་ཏུ་གནས་དེར་ནི། །རྟག་ཏུ་གནས་པར་བྱེད་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །པ་ལ་ཤ་ཡི་ལོ་མ་རྣམས། །རིན་ཆེན་སྣ་གསུམ་གདུགས་གྱུར་ཏེ། །ཆར་འབབ་སྐྱབས་སུ་ནམ་འགྱུར་བ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་རྒྱ་མཚོའི་གྲུ་
བོ་ཆེ། །འཁྲུལ་འཁོར་དང་ནི་གཡོར་མོར་བཅས། །མི་ངན་ངོས་ནི་ཁྱེར་འགྲོ་བ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་བྱ་ནི་ཀུ་ལང་ཀས། །རི་བོ་སྤོས་ཀྱི་ངད་ལྡང་བ། །མཆུ་ལ་ཐོགས་ཏེ་འགྲོ་འགྱུར་བ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །སློབ་དཔོན་ལུང་སྟོན་པ་བྲམ་ཟེ་
ཀཽཎྜི་ནྱས་ལིད་ཚ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལ་ཚིགས་སུ་བཅད་པ་འདི་དག་གིས་སླར་སྨྲས་པ། གཞོན་ནུ་ཆེན་པོ་ལེགས་སོ་ལེགས། །དེ་བཞིན་གཤེགས་སྲས་དཔའ་བོ་ཆེ། །དཔའ་ཞིང་ཐབས་ལ་མཁས་ལྡན་པ། །ཆེ་བ་ཉིད་ལྡན་ལུང་བསྟན་ཐོབ། །
དེ་བཞིན་གཤེགས་པའི་ཆེ་བ་ཉིད། །གཞོན་ནུ་ཆེན་པོས་རིམ་བཞིན་ཉོན། །སངས་རྒྱས་ཡུལ་ནི་བསམ་མི་ཁྱབ། །བསམ་ཡས་ཡེ་ཤེས་མི་མཉམ་མཉམ། །དེ་བཞིན་གཤེགས་རྣམས་མཚུངས་པ་མེད། །སངས་རྒྱས་ཐམས་ཅད་རྟག་ཏུ་ཞི། །སངས་རྒྱས་ཐམས་ཅད་ཡང་དག་བྱུང་། །
སངས་རྒྱས་ཐམས་ཅད་ཁ་དོག་མཚུངས། །འདི་ནི་སངས་རྒྱས་ཆོས་ཉིད་ཡིན། །སངས་རྒྱས་བཅོམ་ལྡན་བཅོས་མ་མིན། །དེ་བཞིན་གཤེགས་རྣམས་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་མཁྲེགས་པའི་སྐུ། །སྤྲུལ་པའི་སྐུ་ཡང་སྟོན་པར་མཛད། །ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ཡང་། །འབྱུང་བར་
འགྱུར་བ་ཡོང་མེད་དེ། །རུས་པ་ཁྲག་དང་ཤ་མེད་ལ། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཐབས་ཀྱིས་རིང་བསྲེལ་བཞག་པ་མཛད། །བཅོམ་ལྡན་སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །བཅོམ་ལྡན་སྐུ་ནི་དེ་འདྲ་
ལ། །ཆོས་བསྟན་པ་ཡང་དེ་འདྲ་སྟེ། །དེ་ལྟར་བདག་གིས་ཐོས་རིག་ནས། །ཆོས་གསུང་པ་ནི་དམ་པ་གསོལ། །ཁྱོད་ནི་སྨྲ་བར་གཞུག་པའི་ཕྱིར། །གཏམ་གྱི་གླེང་ནི་བདག་གིས་བསླང་། །དེ་ནས་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས་འདི་སྐད་

ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མ་ཐབས་ཀྱི་སྐྱེས་བུ་འདི་གཉིས་ནི་མཁས་ཤིང་ཞི་བ་ལ་ཤེས་པ་ཟབ་མོ་དང་ལྡན་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཤིན་ཏུ་གསལ་བར་འཚལ་བ་ལགས་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་གཉིས་སུ་ལགས་
པ་དང་། གང་ནས་མཆིས་པ་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ། །ལྷ་མོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དེ་བཞིན་གཤེགས་པ་ལ་ཞུས་པ་ལེགས་སོ། །
ལྷ་མོ་ཉོན་ཅིག །གཙོ་བོ་ཆེན་པོ་འདི་གཉིས་ནི་དེ་བཞིན་གཤེགས་པའི་སྲས་ཡིན་ཏེ། ལྷ་མོ་གཙོ་བོ་ཆེན་པོ་འདི་གཉིས་ནི་སྐྱེས་བུ་དམ་པ་རྣམས་ཀྱི་བདག་པོ་འཁོར་བ་ལ་དགའ་བའི་སྨོན་ལམ་བཏབ་པའི་སྐྱེས་བུ་ངལ་བྱས་པ་གཟོ་བ། ངའི་བུ་སྡུག་པ་ཤཱཀྱའི་རུས་དང་རིགས་འཛིན་པ། ངའི་བསྟན་
པའི་ཁུར་ཁྱེར་བ། ངའི་བསྟན་པའི་སྒྲོན་མ་རབ་ཏུ་འབར་བར་བྱེད་པ་ཡིན་གྱིས་རྗེས་སུ་ཡི་རང་བར་གྱིས་ཤིག །ལྷ་མོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། བསྐལ་པ་མང་བས་ཀྱང་ཆེས་མང་བ་འདས་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རིག་
པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀླུ་རིགས་སྒྲོན་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །ལྷ་མོ་དེའི་ཚེ་འཛམ་བུའི་གླིང་འདི་འབྱོར་པ་དང་། རྒྱས་
པ་དང་། ལོ་ལེགས་པ་དང་། ཉམས་དགའ་བར་གྱུར་ཏེ། སྐྱེ་བོ་དང་མི་མང་པོས་གང་ཞིང་བདེ་བ་དང་། ཡིད་བདེ་བ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་འདི་ཡངས་ཤིང་རྒྱ་ཆེ་ལ་ཆུ་ཞེང་དང་ཐ་གྲུ་ཆེ་བར་གྱུར་ཏེ། ངོས་གཅིག་ལ་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་པར་གྱུར་
ཏོ། །དེའི་ཚེ་འཛམ་བུའི་གླིང་འདི་ན་གྲོང་ཁྱེར་དཔག་ཚད་བཅུ་གཉིས་པ། མི་བྱེ་བ་ཕྲག་དགུ་བཅུ་དགུ་བཅུ་གནས་པ་བདུན་ཁྲི་བརྒྱད་སྟོང་ཡོད་དེ། གྲོང་ཁྱེར་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟག་གོ། །ལྷ་མོ་དེའི་ཚེ་རྒྱལ་པོའི་ཁབ་འདིར་གྲོང་ཁྱེར་རིན་ཆེན་འབྱུང་གནས་ཞེས་

བྱ་བ་ཞིག་བྱུང་སྟེ། གྲོང་ཁྱེར་ཆེན་པོ་གང་དུ་དེ་བཞིན་གཤེགས་པ་དེ་བྱུང་བ་དེར་མི་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་ཅུ་གནས་པར་གྱུར་ཏོ། །གྲོང་ཁྱེར་ཆེན་པོ་རིན་ཆེན་འབྱུང་གནས་ཀྱི་ནང་ན་སེམས་ཅན་གནས་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མངོན་པར་རྩེ་བའི་བྱང་ཆུབ་སེམས་དཔའ་མི་མཆོག་ཤ་སྟག་གོ། །
ལྷ་མོ་དེའི་ཚེ་གྲོང་ཁྱེར་རིན་ཆེན་འབྱུང་གནས་ཀྱི་ནང་ན་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་བྱང་ཆུབ་སེམས་དཔའ་མི་མཆོག་རྣམས་ཀྱི་ནང་ན་སྤྲིན་ཆེན་པོའི་མདོ་འདི་སེང་གེའི་སྒྲ་ཆེན་པོས་མངོན་པར་སྟོན་པར་མཛད་དོ། །ལྷ་མོ་དེའི་ཚེ་གྲོང་ཁྱེར་རིན་ཆེན་འབྱུང་གནས་སུ་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་
ཆེན་པོའི་ཀླུ་ཞེས་བྱ་བ་ཞིག་བྱུང་ངོ་། །ལྷ་མོ་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེའི་བཙུན་མོ་དམ་པ་ལྷ་མོ་ཐེག་པ་ཆེན་པོ་ལ་རབ་ཏུ་དགའ་བར་སེམས་པ་བསྟན་པ་འཛིན་པ་ཞེས་བྱ་བ་ཞིག་བྱུང་ངོ་། །ཆོས་ཀྱི་རྒྱལ་པོ་དེའི་བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཅེས་བྱ་བ་ཞིག་ཀྱང་བྱུང་ངོ་། །
ལྷ་མོ་དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེ་ལ་བློན་པོ་ཆེན་པོས་ཡོངས་སུ་བསྐོར་ཏེ། བཙུན་མོ་དམ་པ་དེས་མདུན་དུ་བདར་ཅིང་བསྐོར་ནས་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་དེ་ལ་མཆོད་པ་ཆེན་པོ་བྱས་ཏེ། དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་
ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་དེས་རྒྱལ་པོ་བརྩོན་འགྲུས་ཆེན་པོ་ཀླུའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་མི་འཇིགས་འཇིགས་མེད་རྣམ་པ་ཞེས་བྱ་བའི་འོད་ཟེར་བཏང་ནས་འོད་ཟེར་བཏང་བ་དེས་དེ་བཞིན་གཤེགས་པའི་མཐུས་བློན་པོ་
ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཀྱི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་གཏམ་གྱི་གླེང་བསླང་སྟེ། ཞུ་བ་ཞུས་ནས་དེའི་ཚེ་བཅོམ་ལྡན་འདས་དེ་ཅང་མི་གསུང་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུས་རང་གི་བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ལ་ཕྱིར་དྲི་
བར་བསམས་སོ། །དེ་ལྟར་སྐྱེས་བུ་དེ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་བྱ་བའི་ཕྱིར་རིང་བསྲེལ་གྱི་གཏམ་གྱི་ཐབས་འདི་གཅིག་པུ་འདྲི་བ་ལ་མངོན་པར་རྩེ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མའི་ཉན་ཐོས་མིང་ཆེན་ཞེས་བྱ་བས་རིང་བསྲེལ་གྱི་གཏམ་གྱི་ཐབས་འདི་ཐོས་

ནས་འདི་སྙམ་དུ་སེམས་བསྐྱེད་དེ། ཀྱེ་མ་བརྩོན་འགྲུས་ཆེན་པོའི་ཀླུ་ནི་ཆོས་ཅན་ཆོས་ཀྱི་རྒྱལ་པོ་མཁས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ཤིན་ཏུ་གསལ་བར་རབ་ཏུ་ཤེས་སོ་སྙམ་ནས་བརྩོན་འགྲུས་ཆེན་པོའི་ཀླུའི་ཆེ་བ་ཉིད་དེ་བཞིན་གཤེགས་པ་ལ་ཞུས་
སོ། །དེ་ནས་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མས་འཁོར་ཐམས་ཅད་ལ་ཕན་པའི་ཕྱིར་སྤྲིན་ཆེན་པོའི་མདོའི་ཡུལ་དང་། བརྩོན་འགྲུས་ཆེན་པོའི་ཀླུའི་ཆེ་བ་ཉིད་རྒྱས་པར་བསྟན་ཏོ། །དེ་ནས་འཁོར་ཆེན་པོས་བརྩོན་འགྲུས་ཆེན་པོའི་ཀླུའི་ཆེ་བ་ཉིད་བསྟན་པ་བཤད་པ་འདི་ཐོས་ནས་ངོ་མཚར་
རྨད་དུ་བྱུང་བར་འཛིན་པར་གྱུར་ཏོ། །ལྷ་མོ་དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུས་བདག་ཉིད་ཀྱི་ཡོན་ཏན་བཤད་པ་ཐོས་ནས་བློན་པོ་ཆེན་པོ་དང་། བཙུན་མོའི་འཁོར་དང་བཅས་པས་དེ་བཞིན་གཤེགས་པ་དེའི་ཞབས་ལ་ལན་བརྒྱ་སྟོང་དུ་མར་མགོ་བོས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་
པ་ཀླུ་རིགས་སྒྲོན་མ་ལ་རིན་པོ་ཆེ་སྤར་གང་གིས་གཏོར་ནས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི་དུས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཐབས་ནུབ་པའི་ཚེ་བདག་རབ་ཏུ་བྱུང་སྟེ། ཆོས་ཀྱི་མཇུག་ལ་བབ་པ་ན་སྒྲ་ཆེན་པོ་ལན་གསུམ་བསྒྲགས་ལ་ཆོས་གོས་
ཙམ་འཆང་བ་མུ་སྟེགས་མགོ་བྱི་བ་རྣམས་ཡུལ་ནས་བསྐྲད་ལ་དམ་པའི་ཆོས་བྱུང་སྟེ། དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་འདོར་བར་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་ཀྱིས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི་དུས་ན་
བདག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཁུར་བཀུར་ཞིང་བཅོམ་ལྡན་འདས་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པ་ན་མིའི་བདག་པོ་ཁྱད་པར་དུ་འཕགས་པ་ཕུན་སུམ་ཚོགས་པའི་རྒྱལ་སྲིད་ཡོངས་སུ་སྤྱད་དེ། དམ་པའི་ཆོས་ཀྱི་སྒྲ་ཆེན་པོ་མངོན་པར་
སྒྲོགས་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དེའི་ཚེ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུའི་བཙུན་མོ་དམ་པ་ལྷ་མོས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་གནས་པའི་ཚེ་བདག་གིས་མུ་སྟེགས་ཅན་ངན་པའི་ཚོགས་ཐམས་ཅད་བུད་མེད་ཀྱི་གཟུགས་ཀྱིས་བཏུལ་ནས་

རྒྱལ་པོའི་ཆོས་ལུགས་སྤྱད་དེ་རྒྱལ་སྲིད་མངོན་པར་སྤྱད་ལ་ཆོས་ཀྱི་སྒྲ་ཆེན་པོ་མངོན་པར་སྒྲོགས་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དེའི་ཚེ་མིང་ཆེན་གྱིས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི་དུས་ན་བདག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཉན་ཐོས་ཀྱི་མཆོག་ཏུ་གྱུར་
ཏེ། དེ་བཞིན་གཤེགས་པའི་མཐུས་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་རྣམ་པར་འཕྲུལ་པའི་སེང་གེའི་སྒྲ་ཆེན་པོ་མཆོག་གིས་འབྲས་བུ་ཡོད་པར་ཆོས་སྟོན་པའི་ཆོ་ག་དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་ཡུལ་གཙོ་བོར་གྱུར་པའི་ཡོན་ཏན་དང་ལྡན་པར་གྱུར་ནས་བདག་གིས་
སེང་གེའི་སྒྲ་མངོན་པར་བསྒྲགས་ལ། དེ་བཞིན་གཤེགས་པའི་བསྟན་པའི་ཁུར་ལྕི་བ་ཡུན་རིང་པོར་ཁྱེར་བར་གྱུར་ཅིག་ཅེས་བྱས་སོ། །ལྷ་མོ་དགེ་བའི་རྩ་བ་དེས་ན་ཁྱོད་གཏོགས་པ་བཞི་ངའི་བསྟན་པ་ལ་དཀའ་བ་མང་པོ་བྱེད་ཅིང་སྐྱེ་བོ་ཕལ་དང་འཐུན་པར་བྱེད་པ་ཡིན་ཏེ། ལྷ་མོ་ཁྱེད་བཞི་
ནི་ད་ལྟ་འབའ་ཞིག་ཀྱང་མ་ཡིན་གྱི། འདས་པའི་དུས་ན་ཡང་ང་ལ་རྣམ་པ་མང་པོར་བྱ་བ་བྱས་ཤིང་ངའི་བསྟན་པའི་ཁུར་གྱི་བཀོད་པ་ལ་སྨོན་ལམ་བཏབ་པ་ཡིན་གྱིས། ལྷ་མོ་སེམས་མངོན་པར་དད་པར་གྱིས་ལ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་ཤེས་པར་གྱིས་ཤིག །དེ་ནས་ལྷ་མོས་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་བསམ་པ་དང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་ལ་སྨན་པར་འགྱུར་བའི་སླད་དུ་བདག་ཅག་བཞི་གང་ལགས་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ། །ལྷ་
མོ་ཁྱོད་ལེགས་ཀྱིས་ཁྱོད་གཏོགས་པ་བཞི་ལུང་བསྟན་པའི་ཆོ་གའི་རིམ་པ་ལྷ་མོ་ཁྱོད་ཀྱིས་ཉོན་ཅིག །ལྷ་མོ་ཁྱོད་གཏོགས་པ་བཞིའི་ཡོན་ཏན་གྱི་ཆེ་བ་ཉིད་ལ་ལྟོས། བློན་པོ་ཆེན་པོ་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་མཛོད་དེ་ནི་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ཡིན་པར་རིག་པར་བྱའོ། །ལྷ་
མོ་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ཡང་ང་འདས་པའི་འོག་ལོ་བརྒྱ་ཉི་ཤུ་ལོན་པ་ན་མོའུ་རྱའི་རིགས་ཞེས་བྱ་བ་ཕྱེད་ཀྱི་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེ་བར་འགྱུར་ཏེ། ལྷ་མོ་མོའུ་རྱའི་རིགས་སུ་སྐྱེས་ནས་ཀྱང་ཕྱེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། ལྷ་མོ་མོའུ་རྱའི་རིགས་ཀྱི་རྒྱལ་པོའི་

མཆོག་ཏུ་འགྱུར་ལ་ཆོས་ཀྱི་ལུགས་ཇི་ལྟ་བ་བཞིན་དུ་རྒྱལ་པོ་བྱེད་པར་འགྱུར་རོ། །དེ་ནས་ལྷ་མོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེའི་མིང་ཅི་སྐད་ཅེས་བགྱི་བར་གཟུང་བར་བགྱི། བཀའ་སྩལ་པ། ལྷ་མོ་དགེ་བསྙེན་གྱི་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བར་འགྱུར་ཏེ།
ལྷ་མོ་ཕྱེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་དེས་ཆོས་ཀྱི་བསྟན་བཅོས་པའི་སེང་གེའི་སྒྲ་ཆེན་པོ་ཐོག་མར་སྒྲོགས་པར་བྱེད་ཅིང་མངོན་པར་མཆོད་པར་བྱེད་དོ། །དེ་ནས་ལྷ་མོས་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་
ལུང་བསྟན་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ཁྱོད་ཉིད་ཐོག་མར་ཇེ་ལུང་བསྟན་གྱིས་ཉོན་ཅིག །དེ་ནས་ལྷ་མོ་ངོ་ཚ་ནས་མགོ་སྨད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ལེགས་སོ་ལེགས་སོ། །ངོ་ཚ་བ་ནི་ཆོས་ཐམས་
ཅད་ཀྱི་མཆོག་ཡིན་གྱིས་ལྷ་མོ་ཁྱོད་ལེགས་སོ། །ལྷ་མོ་ཁྱོད་ནི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུའི་བཙུན་མོ་དམ་པར་གྱུར་ཏོ། །སྤྲིན་ཆེན་པོའི་མདོ་ལས་འབྱུང་བ་ཟབ་མོ་བསྟན་པའི་ཆུའི་རྒྱ་མཚོའི་དུས་ཚོད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་ལ་ལྟོས། ལྷ་མོ་ང་འདས་པའི་འོག་ཏུ་ཁྱོད་དགེ་བའི་རྩ་བ་དང་སྨོན་ལམ་
གྱི་ཁྱད་པར་དེས། བེ་ཡི་ཞེས་བྱ་བ་དེའི་གྲོང་ན་གནས་པའི་རྗེའུ་རིགས་སུ་སྐྱེ་བར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོའི་གཟུགས་ཐོབ་ནས་ངེས་པ་དང་། ཉེ་བར་གནས་པ་དང་། བསླབ་པའི་གཞི་བཅས་པ་བླངས་ནས་གྲོང་ཁྱེར་དང་། གྲོང་རྡལ་དང་བཅས་པར་འབྱོར་ཅིང་རྒྱས་ལ་
བུད་མེད་ཀྱི་གཟུགས་ཀྱིས་རྒྱལ་སྲིད་མངོན་པར་སྤྱོད་དེ། མུ་སྟེགས་ཅན་ངན་པའི་ཚོགས་ཐམས་ཅད་མངོན་པར་འདུལ་ཞིང་དམ་པའི་ཆོས་ཀྱི་སྒྲོན་མ་རབ་ཏུ་འབར་བར་བྱེད་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མཆོད་པ་བྱེད་དེ། ཆོས་ཀྱི་སྒྲ་ཆེན་པོ་བསྒྲགས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པས་རང་གི་
རྒྱལ་སྲིད་ཡང་དག་པར་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་ལ་འཇིག་རྟེན་དང་འཐུན་པར་བྱ་བ་སྤྱོད་པར་འགྱུར་ཏེ། ལྷ་མོ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུའི་གཟི་བརྗིད་ཀྱི་མཐུས་ཁྱོད་བསམ་གྱིས་མི་ཁྱབ་པ་ལ་མངོན་པར་རྩེ་བར་གྱུར་པ་ཡིན་གྱིས། ལྷ་མོ་ཆོས་ཀྱི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་ལ་

རྗེས་སུ་ཡི་རང་བར་གྱིས་ཤིག །རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་དེ་ནི་ངའི་ཉན་ཐོས་ཀྱི་མཆོག་ལིད་ཚ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ཡིན་ནོ། །ལྷ་མོས་གསོལ་པ། སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་སྐྱེས་བུ་ཆེན་པོ་མིང་ཆེན་ལུང་བསྟན་པ་བཅོམ་ལྡན་འདས་ཀྱིས་
བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་མིང་ཆེན་ལུང་བསྟན་པ་ཉོན་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་གྱིས་ཤིག་དང་། ཁྱོད་ཀྱིས་མིང་ཆེན་གྱི་ཆོ་འཕྲུལ་དང་། ཡོན་ཏན་ཆེན་པོ་མངོན་དུ་ཐོབ་པར་འགྱུར་རོ། །ལྷ་མོ་མིང་ཆེན་ནི་སངས་རྒྱས་དང་འདྲའོ། །ལྷ་མོ་མིང་
ཆེན་ནི་སངས་རྒྱས་ཀྱི་སྐུའི་ཕྱེད་དང་འདྲའོ། །ལྷ་མོས་གསོལ་པ། བཅོམ་ལྡན་འདས་མིང་ཆེན་འདི་ལྟ་བུ་ལ་ཇི་སྲིད་འཚོའི་བར་དུ་ཇི་ལྟར་བསྙེན་བཀུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་ཆེན་འདི་ནི་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མའི་ཉན་ཐོས་ཡིན་ཏེ། ངའི་ཉན་ཐོས་ངའི་
ལུས་ཀྱི་ཕྱེད་དང་འདྲ་བ་ངལ་བྱས་པ་གཟོ་བ་སྟེ། ད་ལྟར་གྱི་འོད་སྲུང་ཆེན་པོ་འདི་ཡིན་གྱིས་ལྷ་མོ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་གྱིས་ཤིག །དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས། ལྷའི་བུ་དབྱུག་མཆོག་ཅེས་བྱ་བ་འཁོར་སྟོང་དང་ལྡན་པས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས་
ཚིགས་སུ་བཅད་པ་འདི་སྨྲས་སོ། །སྐྲ་རྩེ་ཙམ་གྱིས་རྒྱ་མཚོ་ཀུན། །བས་བར་གཏུག་ཏུ་ནུས་ལགས་ཀྱི། །གཟུགས་མང་མངའ་བའི་ཡོན་ཏན་མཚོ། །ཚིག་ཙམ་གྱིས་ནི་བརྗོད་མི་ནུས། །བསྟན་པ་འདི་བཤད་པ་ན་ལྷའི་བུ་བརྒྱ་སྟོང་ཕྲག་མང་པོ་དག་གིས་ཐོས་ནས་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་ཀྱིས་མངོན་པར་དད་པར་གྱིས་ཤིག །མ་འོངས་པའི་དུས་ན་སེམས་
ཅན་རྣམས་བསྲུང་བའི་ཕྱིར་ཁྱོད་ལས་གླེངས་ཏེ་སྲུང་བའི་མཚན་ཉིད་བཤད་དེ། སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་མི་ཟད་པ་ཞེས་བྱ་བ་ད་ལྟར་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་ཏོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་ཉི་ཤུའི་བྱེ་མ་སྙེད་འདས་པ་ན་
འཇིག་རྟེན་གྱི་ཁམས་ཐམས་ཅད་མཉམ་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ཞེས་བྱ་བ་ད་ལྟར་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་ཏོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་
སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་སུམ་ཅུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡིད་བདེ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་ད་ལྟར་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་ཏོ། །
སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བཞི་བཅུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་རབ་ཏུ་དགའ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་
འཕྲུལ་པས་དང་བར་བྱེད་པའི་གྲགས་པ་ཞེས་བྱ་བ་ད་ལྟར་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་ཏོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་དམ་པའི་ཆོས་ལ་དགའ་མོས་ཞེས་བྱ་
བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་བསྲུངས་ཞེས་བྱ་བ་ད་ལྟར་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་ཏོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་དྲུག་ཅུའི་བྱེ་
མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མུ་སྟེགས་ཐམས་ཅད་ཀྱི་གནས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་ཏོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་

སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བདུན་ཅུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་གི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོའི་རྒྱལ་པོ་མངོན་པར་
འཕགས་ཞེས་བྱ་བ་ད་ལྟར་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་ཏོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་ཆེན་སྐྱོང་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དམ་པའི་ཆོས་ཀུན་ཏུ་སྲུང་བའི་ཏོག་ཏུ་གྱུར་པ་ཞེས་བྱ་བ་ད་ལྟར་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་ཏོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སངས་རྒྱས་ཀྱི་ཞིང་རྣམས་
ནི་ཡོངས་སུ་དག་པ་སྟེ། ལག་མཐིལ་ལྟར་མཉམ་ལ། རི་དང་རྡོ་མེད་ཅིང་། གསེག་མ་དང་། བོང་བ་དང་། སྡོང་དུམ་དང་། ཚེར་མ་མེད་དེ། འཇམ་ཞིང་ཀ་ཙ་ལིན་དིའི་གོས་ལྟར་རེག་ན་འཇམ་ལ། སྙིགས་མ་ལྔ་དང་བྲལ་ཞིང་བུད་མེད་མེད་ལ། ཉན་ཐོས་དང་། རང་སངས་རྒྱས་རྣམས་མེད་ཅིང་
དེ་དག་གི་མིང་ཡང་མེད་པ་ཡིན་ནོ། །སེམས་ཅན་དེ་དག་ཀྱང་ཐེག་པ་ཆེན་པོ་ལ་རབ་ཏུ་དགའ་བ་དང་། ཐེག་པ་ཆེན་པོས་མངོན་པར་རྩེ་བ་དང་། ཐེག་པ་ཆེན་པོ་ལ་དད་པའི་སེམས་ཐོབ་པ་ཤ་སྟག་གོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་གང་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་རྣམས་ཐོས་ནས་འཛིན་ཏམ། ཀུན་ཆུབ་པར་བྱེད་དམ། འཆང་ངམ། ཀློག་གམ། གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་ན་སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་རིགས་ཀྱི་བུ་
འམ་རིགས་ཀྱི་བུ་མོ་དེ་དག་ནི་སེམས་ཅན་དམྱལ་བར་འགྲོ་བ་འམ། དུད་འགྲོའི་སྐྱེ་གནས་དང་། ལྷ་མ་ཡིན་གྱི་རིས་སུ་སྐྱེ་བར་འགྱུར་བ་ནི་སྐབས་མ་ཡིན་ཞིང་མི་སྲིད་དེ། དེ་ནི་གནས་མེད་དོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ད་ལྟར་

ང་ལས་ཏིང་ངེ་འཛིན་གྱི་སྒོ་འདི་ཐོས་ལ། ཕྱི་མའི་ཚེ་ཡང་ཏིང་ངེ་འཛིན་འདི་ཐོས་ན་སྨོད་པར་འགྱུར་བ་ནི་སྐབས་མ་ཡིན་ཞིང་མི་སྲིད་དེ་ནི་གནས་མེད་དོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་དེ་བཞིན་གཤེགས་པ་དེ་དག་གི་མཚན་རྣམས་འཆང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེ་ལ་དུག་གིས་ཚུགས་པའམ། མཚོན་འབབ་པའམ། ཆུར་འཆི་བའམ། མེས་ཚིག་པར་འགྱུར་བ་འམ། དེ་ལ་རྒྱལ་པོ་འམ། ཆོམ་རྐུན་ནམ། མིའམ། མི་མ་ཡིན་པ་འམ། ཀླུ་འམ། གནོད་སྦྱིན་ནམ། སེང་གེ་འམ། སྲོག་ཆགས་གདུག་པ་འམ། སྟག་གམ།
ཁྱི་འམ། སྤྱང་ཀི་འམ། སྦྲུལ་ལམ། སྡིག་པ་རྣམས་ཀྱི་བར་ཆད་བྱ་བ་འམ། ཚངས་པར་སྤྱད་པ་སྤྱོད་པ་དང་། ཁ་ཐོན་བྱེད་པ་དང་། ལྷུང་བཟེད་དང་། ཆོས་གོས་ལ་བར་ཆད་བྱེད་པར་འགྱུར་བ་ནི་སྐབས་མ་ཡིན་ཞིང་གོ་སྐབས་མེད་ལ་དེ་ནི་གནས་མེད་དེ། ལས་ཀྱི་རྣམ་པར་སྨིན་པ་ནི་མ་
གཏོགས་སོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་གཞན་ཡང་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལས་གཞན་མུ་སྟེགས་ཅན་སྤྱོད་པ་པའམ། ཀུན་ཏུ་རྒྱུ་བ་རྣམས་ལ་དཔྱས་པའམ། བསྟིང་བ་འམ། བགད་པ་འམ། གཞན་དང་འཐུན་པར་
བྱ་བ་འམ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པའི་ཕྱིར་ཡང་རུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་རྣམས་ཐོས་ན་ཡང་ངན་སོང་ངན་འགྲོར་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ།། །།
འཕགས་པ་སྤྲིན་ཆེན་པོའི་མདོ། བམ་པོ་བརྒྱད་པ། དེ་ནས་སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་རྙེད་པ་ལེགས་པར་
རྙེད་པ་ལགས་ན་ཐོས་ནས་མོས་པ་དང་མོས་ནས་ལུང་འབོག་པ་དང་། བརྗོད་པར་བགྱིད་པ་དང་། འཆང་བར་བགྱིད་པ་དག་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སེམས་ཅན་དེ་དག་ནི་ཆོས་ཀྱི་དགའ་བའི་གཏེར་རྙེད་པ་ལགས་སོ། །གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་འདི་དག་གི་མཚན་རྣམས་ལག་ན་འཆང་བར་བགྱིད་པ་དེ་དག་གི་ཁྱིམ་ན་ནི་དེ་བཞིན་གཤེགས་པ་རྣམས་བཞུགས་ལགས་སོ། །བཅོམ་ལྡན་འདས་གང་དུ་དེ་བཞིན་གཤེགས་པ་འདི་དག་གི་མཚན་ཐོས་ནས་ཡིད་ཆེས་པར་བགྱིད་པའི་ས་ཕྱོགས་དེ་དག་ནི་རྡོ་རྗེའི་རང་བཞིན་དུ་འགྱུར་རོ། །
བཅོམ་ལྡན་འདས་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་ཐོས་ནས་ཡིད་ཆེས་པར་བགྱིད་པར་དེ་དག་ཀྱང་རྡོ་རྗེ་ལྟ་བུར་འགྱུར་ཞིང་མི་ཕྱེད་པའི་བཟོད་པ་ཡང་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་གང་དག་ཡིད་ཆེས་པར་
དཀའ་བའི་མཚན་འདི་དག་ལ་དད་པར་བགྱིད་པའི་སེམས་ཅན་དེ་དག་ལ་ནི་བདག་གིས་ཀྱང་བསྙེན་བཀུར་དང་གཡོག་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་ཕྱིར་
ཡང་དག་པའི་སྒྲུབ་པ་དམ་བཅས་པ་ལེགས་སོ། །སློབ་དཔོན་ལུང་སྟོན་པ་ཀཽཎྜི་ནྱ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་འཆང་བ་ལ་ནི་གང་དང་གང་ལས་འཇིགས་པ་བྱུང་བ་ཐམས་ཅད་དེ་དང་དེ་ཉིད་དུ་རབ་ཏུ་ཞི་བར་འགྱུར་
ཏེ། དེ་དག་འཆང་བ་ལ་ནི་ལྷ་རྣམས་ཀྱང་སྲུང་ངོ་། །ཀླུ་རྣམས་ཀྱང་སྲུང་ངོ་། །གནོད་སྦྱིན་རྣམས་ཀྱང་སྲུང་ངོ་། །དེ་བཞིན་གཤེགས་པའི་བར་དུ་ཡང་སྲུང་བར་མཛད་དོ། །དེ་ནས་འཁོར་ཆེན་པོའི་ནང་ནས་ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ཞེས་བྱ་བས། བཅོམ་ལྡན་འདས་ཀྱི་ཞབས་
ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་ཚུལ་འདི་འདྲ་བའི་དེ་བཞིན་གཤེགས་པ་དེ་དག་དང་། ཚུལ་འདི་འདྲ་བའི་མདོ་རྣམས་དེ་བཞིན་གཤེགས་པ་འདས་པའི་འོག་ཏུ་སུ་དག་འཆང་བར་འགྱུར། སེམས་ཅན་ཇི་ལྟ་བུ་
དག་འཆང་བར་འགྱུར། སེམས་ཅན་ཇི་ལྟ་བུ་དག་གིས་ནི་ནུབ་པར་བགྱིད་པར་འགྱུར། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བ་མེད་དེ། ཆོས་ཀྱང་ནུབ་པར་མི་འགྱུར་རོ། །དེ་ནས་ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོས་གནས་བརྟན་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང་ཆེན་པོ་སེམས་ཅན་སེམས་འཁྲུལ་པ་རྣམས་
ལ་ཕན་གདགས་པའི་ཕྱིར་ཤོད་ཅིག །བཙུན་པ་འོད་སྲུང་ཆེན་པོ་སེམས་ཅན་ཐེ་ཙོམ་དུ་གྱུར་པ་རྣམས་ལ་ཤེས་པའི་སྒྲོན་མ་འབར་བར་གྱིས་ཤིག་དང་། བཙུན་པ་འོད་སྲུང་བདག་གིས་ཀྱང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྒྱས་པར་བགྱིའོ། །དེ་སྐད་ཅེས་
སྨྲས་ནས་གནས་བརྟན་འོད་སྲུང་ཆེན་པོས་ལྷའི་བུ་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་རྡོ་རྗེ་མཁྲེགས་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་
དགེ་བ་ཐམས་ཅད་དང་ལྡན་པ་ཡིན་ནོ། །གྲོགས་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་ཐབས་ཀྱི་སྐུ་ཡིན་གྱིས་ཤའི་སྐུ་མ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་དེ་འདྲ་བ་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ག་ལ་ཡོད། མི་རྟག་པར་ཡང་ག་ལ་ཞིག་འགྱུར་སྨྲས་པ། བཙུན་
པ་འོད་སྲུང་ཆེན་པོ་ཇི་ལྟར་ན་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པར་བརྗོད་ཀྱི་གཏན་དུ་མྱ་ངན་ལས་འདས་པ་ནི་མ་ཡིན། སྨྲས་པ། མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ཁྱོད་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པར་བརྗོད་ཀྱི། གཏན་དུ་ཡོངས་སུ་མྱ་
ངན་ལས་འདས་པ་ནི་མ་ཡིན་ཞེས་ཚིག་འདི་ལེགས་པར་སྨྲས་པ་ནི་མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་ཁྱོད་ལེགས་སོ། །མཐོང་ན་དགའ་བ་དྲི་ཟའི་རྒྱལ་པོ་གཞན་ཡང་ཐམས་ཅད་དང་ཐུན་མོང་པའི་ཚད་ནི་རྟོགས་པར་ནུས་ཀྱི། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆེ་བ་ཉིད་ནི་གཅིག་གི་ཚད་ཀྱང་རྟོགས་པར་མི་ནུས་
སོ། །སྨྲས་པ་བཙུན་པ་འོད་སྲུང་ཆེན་པོ་ཡུན་ཇི་སྲིད་ཅིག་ན་དེ་བཞིན་གཤེགས་པ་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། སྨྲས་པ། གང་གི་ཚེ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་

འཚང་རྒྱ་བར་འགྱུར་ཞིང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་དེའི་ཚེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྨྲས་པ། །བཙུན་པ་འོད་སྲུང་ཆེན་པོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་ནི་ངོ་མཚར་ཆེ་
སྟེ། འདི་ལྟ་བུ་ཐོས་ན་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་བྱེད། སྨྲས་པ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་པ་དང་། བརྟན་པ་དང་། མི་བསྐྱོད་པ་དང་། དཔེ་མེད་པ་དང་། བསམ་གྱིས་མི་
ཁྱབ་པ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ཡིན་ཏེ། དེ་བཞིན་གཤེགས་པ་དག་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་པར་ཟད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བཏང་སྙོམས་སུ་གྱིས་ཤིག །འོད་སྲུང་ཆེན་པོས་བསྟན་པ་འདི་བཤད་པ་ན་
ལྷའི་བུ་ས་ཡ་དང་ཉིས་འབུམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་རབ་ཏུ་དགའ་ནས་དེའི་ཚེ་ཁ་འཐུན་པར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་
རྣམས་ནི་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བ་སྟོན། །བཅོམ་ལྡན་སངས་རྒྱས་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཆོས་རྣམས་སྣ་ཚོགས་སྟོན་པ་མཛད། །མདོ་དང་། ཏིང་ངེ་འཛིན་དང་། ཆོས་ཀྱི་སྒོ་དང་།
གསང་བ་ཞུ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་གཏན་ལ་དབབ་པར་བསྟན་པ་ལས། དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཕུང་པོའི་ལེའུ་ཞེས་བྱ་སྟེ། སུམ་ཅུ་བདུན་པའོ།། །།དེ་ནས་དེའི་ཚེ་ལྷོ་ཕྱོགས་ཀྱི་ཡུལ་འདབ་སྟང་ཟིལ་གྱི་རི་ལས་འོད་སྲུང་ཆེན་པོ་དང་ཐབས་
ཅིག་ཏུ་འོངས་པའི་ལྷའི་བུ་རྣམས་སྟེང་གི་བར་སྣང་ལ་ཏ་ལ་བདུན་སྲིད་ཙམ་དུ་འཁོད་ནས་དེ་བཞིན་གཤེགས་པ་ལ་མེ་ཏོག་སིལ་མའི་རིམ་པ་རི་རབ་ཙམ་དག་གཏོར་ནས། མིག་མཆི་མས་གང་སྟེ་ངུ་བཞིན་དུ་ཚིག་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པ་ན། དེ་བཞིན་གཤེགས་པས་གསུངས་པའི་མདོ་འདི་ལྟ་བུ་འདི་དག་འཆང་བར་བགྱིད་པའི་སེམས་ཅན་དེ་དག་ཅི་འདྲ་བ་དག་ཅིག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་
བུ་དག་ང་འདས་པའི་འོག་ཏུ་དགེ་བའི་རྩ་བ་བྱས་པ་རྣམས་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་དེ་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཆང་བར་འགྱུར་ཏེ། གཞན་དག་ལ་ཡང་རྒྱས་པར་སྟོན་པར་འགྱུར་རོ། །སྤྲིན་ཆེན་པོའི་མདོ་འདི་ཡང་ལོ་བཞི་བཅུའི་བར་དུ་འཛམ་བུའི་གླིང་ན་སྤྱོད་པར་
འགྱུར་ཏེ་རྒྱས་པར་ཡང་འགྱུར་རོ། །དེའི་འོག་ཏུ་ཕྱི་མའི་དུས་ན་དམ་པའི་ཆོས་སྤོང་བ་དང་། རྒྱལ་པོ་འཁྲུག་པ་དང་། དམ་པའི་ཆོས་ནུབ་པར་འགྱུར་བ་མ་འོངས་པའི་དུས་དེ་ན་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལུས་ཡོངས་སུ་མ་སྦྱངས་པ་དང་། ཚུལ་ཁྲིམས་
ཡོངས་སུ་མ་སྦྱངས་པ་དང་། སེམས་ཡོངས་སུ་མ་སྦྱངས་པ་དང་། ཤེས་རབ་ཡོངས་སུ་མ་སྦྱངས་པ་དང་། ཤེས་རབ་འཆལ་པ་དང་། ལུག་ལྟར་ལྐུགས་པ་དང་། ཤེས་རབ་ཡོངས་སུ་ཉམས་པ་རྣམས་ཀྱིས་མདོ་འདི་ལྟ་བུ་འཆད་པ་ཐོས་ན་ཡིད་མི་ཆེས་ཤིང་བགད་པར་བྱེད། སྟིང་བར་བྱེད།
འཕྱ་བར་བྱེད་ལ། ལྐོག་ཏུ་སོང་ནས་ཕན་ཚུན་ཟློས་ཤིང་སྨོད་པར་བྱེད་དེ་འཕྱ་བའི་བསམ་པས་དེ་དག་ཚིག་འདི་སྐད་དུ་ངོ་མཚར་ཏོ། །དགེ་སློང་འདི་དག་ནི་བླུན་ཞིང་མུ་ཅོར་སྨྲ་བ་སྟེ། འདི་དག་ནི་གང་ཡང་རུང་སྟེ། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱི་སྙན་དངགས་མཁན་དག་གིས་རང་
བཟོར་ཚིག་དང་། ཡི་གེའི་འབྲུ་སྣ་ཚོགས་སྦྱར་ཏེ། འཁོར་གྱི་ནང་དུ་སོང་ནས་སྨྲ་བར་བྱེད་པར་ཟད་དེ། མདོ་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་གཏི་མུག་ཅན་གྱི་མི་བསོད་ནམས་ཆུང་བ། ཤེས་རབ་འཆལ་པ། ལུག་ལྟར་ལྐུགས་པ། ཤེས་རབ་
ཡོངས་སུ་ཉམས་པ། དམ་པའི་ཆོས་ལ་སུན་འབྱིན་པ་དེ་དག་འབྱུང་བར་འགྱུར་རོ། །ལྷའི་བུ་དག་གཞན་ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བསོད་ནམས་ཆུང་བ། ཤེས་རབ་ཞན་པ། ཤེས་རབ་འཆལ་པ། ཤེས་རབ་རྟུལ་བ། ཤེས་རབ་

ཆུང་བ། ཤེས་རབ་ཡོངས་སུ་ཉམས་པ། སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་མ་བྱས་པ། བླ་ན་མེད་པའི་ཆོས་རིན་པོ་ཆེ་ལས་ཡོངས་སུ་ཉམས་པ། ཆོས་རིན་པོ་ཆེ་ལས་ཡེ་ཕྱི་རོལ་ཏུ་གྱུར་པ། ཆོས་རིན་པོ་ཆེ་ཡོངས་སུ་སྤངས་པ། དགེ་བའི་རྩ་བ་ཆུང་བ། མུ་གེའི་མགོ་བྱི་གདུལ་དཀའ་བ།
དམུ་རྒོད་དག་འབྱུང་བར་འགྱུར་རོ། །བྲན་ཕོ་དང་། བྲན་མོ་ཡོངས་སུ་འཛིན་པ་དག་འབྱུང་བར་འགྱུར་རོ། །དབྱིག་དང་། གསེར་ཡོངས་སུ་འཛིན་པ་དག་འབྱུང་བར་འགྱུར་རོ། །དུང་དང་། མན་ཤེལ་དང་། བྱི་རུ་ཡོངས་སུ་འཛིན་པ་དག་འབྱུང་བར་འགྱུར་རོ། །བ་ལང་དང་། མ་ཧེ་ཡོངས་
སུ་འཛིན་པ་དག་འབྱུང་བར་འགྱུར་རོ། །ཞིང་གི་དངོས་པོ་ཡོངས་སུ་འཛིན་པ་དག་འབྱུང་བར་འགྱུར་རོ། །ངང་པ་དང་། བྱ་གག་དང་། ཕག་ལ་སོགས་པའི་གནས་ཀྱི་རྫས་དུ་མ་ཡོངས་སུ་འཛིན་པ་དག་འབྱུང་བར་འགྱུར་རོ། །ལས་ཆེན་པོ་རྣམ་པ་བཅུ་དྲུག་བྱེད་དུ་འཇུག་པ་དག་ཀྱང་འབྱུང་བར་
འགྱུར་རོ། །རྒྱལ་པོ་ལ་བསྟེན་པ་དག་ཀྱང་འབྱུང་བར་འགྱུར་རོ། །ཕོ་ཉ་བྱེད་པ་དག་ཀྱང་འབྱུང་བར་འགྱུར་རོ། །དུག་སྦྱོར་དུ་འཇུག་པ་དག་ཀྱང་འབྱུང་བར་འགྱུར་རོ། །དགེ་སློང་གི་ལས་མ་ཡིན་པ་དུ་མ་བྱེད་པ་དང་། བྱེད་དུ་འཇུག་པ་དག་ཀྱང་འབྱུང་བར་འགྱུར་རོ། །དེ་ལྟར་མི་གཏི་མུག་ཅན་དེ་
དག་ཡོངས་སུ་འཕེལ་བའི་དུས་དང་། དམ་པའི་ཆོས་ཡོངས་སུ་ཉམས་པའི་དུས་ན་འོད་སྲུང་ཆེན་པོ་དང་། འདྲ་བའི་དགེ་སློང་འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་ཏེ། ངའི་ཉན་ཐོས་ཀྱི་ནང་དུ་བྱུང་ནས་རིམ་གྱིས་མུ་གེའི་མགོ་བྱི་གདུལ་དཀའ་བ། དམུ་རྒོད་རྣམས་ཀྱི་ནང་དུ་དེ་བཞིན་གཤེགས་པས་
གསུངས་པའི་མདོ་རྣམས་ཀྱི་བསྔགས་པ་བརྗོད་ཅིང་། སོ་སོར་ཐར་པའི་སྡོམ་པས་བསྡམས་ཏེ། མཇུག་ཏུ་རང་གི་སྲོག་དང་བསྡོས་ནས་བསླབ་པའི་གཞི་བཅས་པའི་བར་བསྔགས་པ་བརྗོད་པར་འགྱུར་རོ། །དེའི་འོག་ཏུ་ཤིང་དྲུང་གི་བསྔགས་པ་བརྗོད་པར་འགྱུར་རོ། །དེ་བཞིན་དུ་ཕྱག་དར་ཁྲོད་
དང་། དགོན་པ་ན་གནས་པ་དང་། འདུལ་བའི་བསྔགས་པ་བརྗོད་ཅིང་མ་དུལ་བ་རྣམས་ཚར་གཅོད་པར་འགྱུར་རོ། །ལྷའི་བུ་དག་ཁྱོད་ཀྱིས་ངའི་ཉན་ཐོས་ཐེག་པ་ཆེན་པོ་ལ་དད་པ་རྙེད་པ་དང་། དགེ་སློང་འདོད་ཅིང་བྱམས་པ་ལ་གནས་པ་དེ་ལ་ཀུན་ཏུ་བསྲུང་བ་གྱིས་ཤིག །ལྷའི་བུ་རྣམས་

ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་དགེ་སློང་འདོད་ཅིང་བྱམས་པ་ལ་གནས་པ་དེ་ལ་བསྙེན་བཀུར་དང་གཡོག་བགྱིས་ཏེ། ཀུན་ཏུ་བསྲུང་བར་ཡང་བགྱིའོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་སངས་རྒྱས་ཀྱི་མཐུས་བདུད་སྡིག་ཅན་ཚར་གཅད་པར་བགྱིའོ། །
ཆོས་མ་ལགས་པའི་ཕྱོགས་མུ་གེའི་མགོ་བྱི་གདུལ་དཀའ་བ་དམུ་རྒོད་རྣམས་ཡུལ་ནས་བསྐྲད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་རྐྱེན་དུ་བབ་པར་དམ་བཅས་ཤིང་སྨོན་ལམ་བཏབ་སྟེ། དགེ་སློང་འདོད་པའི་སྐྱེས་བུ་དམ་
པ་དེ་ལ་ནི་ལྷ་རྣམས་ཀྱང་སྲུང་ངོ་། །ལྷ་རྣམས་ཀྱང་དེའི་བསྔགས་པ་བརྗོད་དོ། །དེ་བཞིན་གཤེགས་པ་ཡང་ངའི་ཉན་ཐོས་དཀའ་བ་བྱེད་པ་ཡིན་ནོ་སྙམ་དུ་དགོངས་ནས་བསྔགས་པ་རྗོད་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཡང་ལྷའི་བུ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་
སེམས་ཅན་གྱི་དོན་འདོད་པའི་རིགས་ཀྱི་བུས་ནི་དམ་པའི་ཆོས་ཀུན་ཏུ་བསྲུང་བར་བྱའོ། །དེ་ནས་ལྷའི་བུ་མང་པོ་དག་གིས་བཅོམ་ལྡན་འདས་ལ་རིན་པོ་ཆེའི་གདུགས་ཀྱིས་མངོན་པར་བཀབ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡུན་ཇི་སྲིད་ཅིག་ན་དེ་བཞིན་གཤེགས་པའི་སྲས་
འོད་སྲུང་ཆེན་པོ་དང་འདྲ་བའི་དགེ་སློང་འབྱུང་བར་འགྱུར། གང་དུ་ནི་སྐྱེ་བར་འགྱུར། དེའི་མིང་ནི་ཇི་སྐད་ཅེས་བགྱི་བར་གཟུང་བར་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའ