Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 058_མདོ་སྡེ།_ཕ

Văn bản gốc(Tây Tạng)

Trang 18 / 20 (50.000 ký tự/trang)
མས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། དྲན་པ་
ཡོངས་སུ་དག་པ་དང་། བློ་གྲོས་ཡོངས་སུ་དག་པ་དང་། རྟོགས་པ་ཡོངས་སུ་དག་པ་དང་། ངོ་ཚ་ཤེས་པ་ཡོངས་སུ་དག་པ་དང་། ཁྲེལ་ཡོད་པ་ཡོངས་སུ་དག་པ་དང་། མོས་པ་ཡོངས་སུ་དག་པ་དང་། བསྔོ་བ་ཡོངས་པོ་སུ་དག་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗོད་པ་ཡོངས་

སུ་དག་པ་དང་། དབང་པོ་སྦས་པ་ཡོངས་སུ་དག་པ་དང་། མི་གནས་པ་ཡོངས་སུ་དག་པ་དང་། དེ་ལ་མ་ཆགས་པ་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་བསྐྱེད་པ་ཡོངས་སུ་དག་པ་དང་། སེམས་ལས་སུ་རུང་བ་ཡོངས་སུ་དག་པ་དང་། ལུས་དབེན་པ་ཡོངས་སུ་
དག་པ་དང་། བྲག་ཅ་ཤེས་པ་ཡོངས་སུ་དག་པ་དང་། ནང་ཉེ་བར་ཞི་བ་ཡོངས་སུ་དག་པ་དང་། ཕྱི་རོལ་དུ་མི་རྒྱུ་བ་ཡོངས་སུ་དག་པ་དང་། དམིགས་པའི་ལྟ་བ་སྤོང་བ་ཡོངས་སུ་དག་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་
པ་དང་། གང་ཟག་མེད་པར་སོ་སོར་རྟོག་ཅིང་ཁམས་གསུམ་པ་ལ་མི་གནས་པ་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་སྒོ་ཡོངས་སུ་དག་པ་དང་། སེམས་ཅན་ལ་ལྟ་བའི་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་དང་། ཤེས་རབ་ལ་འཇུག་པས་རབ་རིབ་མེད་ཅིང་སྣང་བ་ཡོངས་
སུ་དག་པ་དང་། རྒྱུ་དང་། འབྲས་བུ་དང་། རྣམ་པར་སྨིན་པ་དང་མི་འགལ་བ་ཡོངས་སུ་དག་པ་དང་། ཆོས་ལ་སེམས་པའི་བཟོད་པ་ཡོངས་སུ་དག་པ་དང་། ཚུལ་བཞིན་གྱི་རྣམ་པའི་ཆོས་ལ་སོ་སོར་རྟོག་པ་ཡོངས་སུ་དག་པ་དང་། ཐབས་ལ་མཁས་པ་བསྡུ་བ་ཡོངས་སུ་
དག་པ་དང་། བྱང་ཆུབ་ཀྱི་སྙིང་པོ་བསྒྲུབ་པ་ཡོངས་སུ་དག་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་མ་འདྲེས་པ་ཡོངས་སུ་དག་པ་དང་། མི་གཡོ་བའི་བསམ་གཏན་བསྒྲུབ་པ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཏིང་ངེ་འཛིན་ཐོབ་པ་ལ་མི་གཡེང་བ་ཡོངས་སུ་
དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལྟ་བ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོའི་མཆོག་དང་། མཆོག་མ་ཡིན་པ་ཤེས་ནས་སོ་སོར་ཅི་རིགས་པར་ཆོས་སྟོན་པ་ཡོངས་སུ་དག་པ་སྟེ། མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་
པོ་འདི་དག་གིས། བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །མི་འམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་

ལྟ་སྟེ། ཐོས་པ་ཚོལ་བས་མི་ངོམས་པས་མང་དུ་ཐོས་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་ཆོས་རྣམས་ལ་དཔྱོད་པའི་ཤེས་པ་ལ་མཁས་པ་དང་། བྱང་ཆུབ་མངོན་སུམ་དུ་བྱེད་པའི་བདག་ཉིད་ཆོས་བསྒྲུབ་པ་ཤེས་པ་དང་། ཕུང་པོ་ལ་མཁས་པ་ལ་འཇུག་
པས་རྣམ་པར་གྲོལ་བ་ཤེས་པ་དང་། ཆོས་ཀྱི་དབྱིངས་ལ་མཁས་པའི་ཤེས་པ་དང་། སྐྱེ་མཆེད་ལ་མཁས་པའི་ཤེས་པ་དང་། རྒྱུ་དང་བྱ་བ་ཁོང་དུ་ཆུད་པས་སྟོང་པའི་རྣམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། བདེན་པ་ལ་མཁས་པའི་ཤེས་པ་དང་། དེར་མི་ལྟུང་
བར་སྐྱོན་མེད་པ་ལ་འཇུག་པ་ཤེས་པ་དང་། བསམས་བཞིན་དུ་སྐྱེ་བས་སྐྱེ་བ་ལ་སོ་སོར་མི་རྟོག་པའི་ཤེས་པ་དང་། གཟོད་མ་ནས་རྣམ་པར་དག་པས་ཆོས་ཐམས་ཅད་མི་སྐྱེ་བར་ཤེས་པ་དང་། ཕྱིན་ཅི་ལོག་ཏུ་གྱུར་པ་ཡོངས་སུ་སྨིན་པར་བྱེད་པས་སེམས་ཅན་ཐམས་ཅད་བདག་མེད་པར་
ཤེས་པ་དང་། འདོད་ཆགས་དང་བྲལ་བའི་མཐའི་ཕྱིར་ཆོས་ཐམས་ཅད་ཆོས་གཅིག་ཏུ་ཤེས་པ་དང་། ནམ་མཁའ་དང་མཚུངས་པའི་ཕྱིར་ཞིང་ཐམས་ཅད་ཞིང་གཅིག་ཏུ་ཤེས་པ་དང་། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པས་སངས་རྒྱས་ཐམས་ཅད་སངས་
རྒྱས་གཅིག་ཏུ་ཤེས་པ་དང་། ཡི་གེ་ཤེས་པ་ལ་མཁས་པས་ཆོས་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཕྱིར་ཆགས་པ་མེད་པའི་སྤོབས་པས་ཆོས་རྒྱ་ཆེར་ཤེས་པ་དང་། ཐོས་པ་ཐམས་ཅད་
འཛིན་པས་གཟུངས་བརྗེད་པ་མེད་པའི་ཤེས་པ་དང་། བདུད་དེ་དག་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པས། བདུད་ཀྱི་ལས་ཐམས་ཅད་ཁོང་དུ་ཆུད་པའི་ཤེས་པ་དང་། རྣམ་པར་བསྒྲུབས་ཏེ་སོ་སོར་ཉེ་བར་གནས་པར་ཤེས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོག་པའི་ཤེས་པ་
དང་། ཤིན་ཏུ་ཡོངས་སུ་གྲུབ་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་རྨི་ལམ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། མིག་ཡོར་དང་། བྲག་ཅ་ལྟ་བུའི་ཚུལ་དུ་སྟོན་པ་ཤེས་པ་དང་། ཤེས་པ་རྣམ་པར་དག་པའི་ཕྱིར་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་ཁོང་དུ་

ཆུད་པའི་ཤེས་པ་དང་། ཤིན་ཏུ་བསླབས་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་བརྟགས་པར་ཤེས་པའི་ཐབས་ལ་མཁས་པ་དང་། རྣམ་པར་ཐར་པའི་སྒོའི་ཕྱིར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པའི་ཆོས་ཤེས་པ་དང་། གཟོད་མ་ནས་བྲལ་བ་
མེད་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བར་ཤེས་པ་དང་། མ་རིག་པ་དང་། གཏི་མུག་གི་མུན་པ་ཀུན་ཏུ་བཅོམ་པའི་ཕྱིར་ཆོས་ཐམས་ཅད་ལ་རབ་རིབ་མེད་ཅིང་སྣང་བ་ཐོབ་པ་དང་། ཆོས་ཐམས་ཅད་གར་ཡང་མི་འགྲོ་གང་ནས་ཀྱང་
མི་འོང་བར་ཤེས་པས་ཤེས་རབ་ཀྱི་འོད་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་རྣམ་པར་ཐར་པའི་ཆོས་སྟོན་པ་དང་། ལས་དང་བྱ་བ་ཁོང་དུ་ཆུད་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་འགྲོ་བར་སྐྱེ་བ་སྟོན་པ་དང་། དོན་དང་ཆོས་དང་ངེས་པའི་ཚིག་དང་སྤོབས་པའི་ཚུལ་ལ་མཁས་ཏེ་
ཕྱད་པར་དེ་ཁོ་ནའི་ལུང་སྟོན་པས། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དང་། བདག་དུལ་བ་དང་། ཞི་བ་དང་། གྲོལ་བ་དང་། སྦས་པ་དང་། བྱང་བས་ཡོངས་སུ་མྱ་ངན་ལས་ཟློ་བའི་ཕྱིར་དོན་ཡོད་པའི་ཆོས་སྟོན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པས་སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ཤེས་རབ་ལས་ངེས་པར་བྱུང་བར་རིག་ནས། ཆོས་ཀྱི་གྲོང་ཁྱེར་ཐམས་ཅད་ཡོངས་སུ་སྐྱོང་བར་བྱིན་གྱིས་རློབ་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་ཡང་དག་པར་གཞོལ་ཏེ། མཐའ་ལ་གནས་པའི་ཚུལ་ངེས་པར་བྱས་པས་ལུང་
བསྟན་པའི་ས་རབ་ཏུ་ཐོབ་པ་ཡིན་ཏེ། མིའམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །མིའམ་ཅིའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམ་པ་སུམ་ཅུ་རྩ་གཉིས་དང་ལྡན་ན་ཐབས་ལ་
མཁས་པར་རིག་པར་བྱའོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བདག་ཟད་པར་མི་བྱེད་པས་སེམས་ཅན་ལ་ལྟ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསོད་ནམས་ཆེན་པོ་ལ་གནས་པ་དང་། སེམས་ཅན་ཐམས་

ཅད་ཀྱི་སྦྱིན་གནས་ཀྱི་ཕྱིར་སྦྱིན་གནས་མི་ཚོལ་བ་དང་། སེམས་ཅན་དབུལ་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་དོན་དུ་མི་གཉེར་བ་དང་། སེམས་ཅན་ཐམས་ཅད་ངག་བསྡམ་པ་ལ་སྦྱར་བའི་ཕྱིར། ལྐུགས་པ་དང་། དིག་པ་ལྟ་བུར་སྟོན་པ་དང་། བུད་
མེད་དང་བུ་མོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བུད་མེད་ཡོངས་སུ་འཛིན་པ་དང་། ཁྱེའུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཁྱེའུའི་གཟུགས་སུ་སྟོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་འཐུན་པར་བྱ་བའི་ཕྱིར། གཟུགས་ཐམས་ཅད་སྟོན་པ་དང་། སེམས་ཅན་
མྱོས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། མྱོས་པ་མ་ཡིན་ཡང་མྱོས་པའི་ལུས་སུ་སྟོན་པ་དང་། དེ་ལ་མོས་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པའི་ཕྱིར། སྨྱོན་པ་དང་སེམས་གཡེངས་པའི་གཟུགས་སུ་སྟོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ལོ་བརྒྱར་
བསགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདོར་བ་དང་། ཆོས་འཛིན་དུ་གཞུག་པའི་ཕྱིར། སེམས་ཅན་རྣམས་ལ་དགའ་བ་དང་། ཐམས་ཅད་ལ་རྩེ་བ་དང་། ལོངས་སྤྱོད་སྟོན་པ་དང་། དེ་ལ་མོས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། གཡོན་ཅན་མ་རུངས་པས་འཚོ་
བའི་ལུས་སུ་སྟོན་པ་དང་། བུད་མེད་གང་ཚོང་དཔོན་དང་། ཁྱིམ་བདག་དང་། རྒྱལ་པོའི་ཆུང་མར་གྱུར་པ་བུ་མེད་པ་བུའི་ཚེ་འདོད་པའི་མྱ་ངན་གྱི་ཟུག་རྔུ་དང་ལྡན་ཞིང་། སྡུག་བསྔལ་གྱི་ཚོར་བ་མྱོང་བ་ལ་དེ་ན་བྱང་ཆུབ་སེམས་དཔས་དེ་དག་དགེ་བ་ལ་དད་ཅིང་། ཡོངས་སུ་སྨིན་པར་བྱ་བའི་
ཕྱིར་དེའི་བུར་ཁས་ལེན་པ་དང་། འབྲོག་དགོན་པར་སོང་བའི་སེམས་ཅན་དབུལ་པོ་ལ་བཟའ་བ་དང་། བཏུང་བ་དང་། ནོར་སྦྱིན་ཞིང་བགོ་བཤའ་བྱ་བའི་ཕྱིར་འགྲོན་པོ་མང་པོའི་ནང་དུ་དེད་དཔོན་དུ་འགྱུར་བ་དང་། གཏེར་ཆེན་པོ་མདུན་དུ་བྱས་ཏེ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས་
ཆོས་སྟོན་པ་དང་། མྱ་ངན་གྱི་ཟུག་རྔུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་མྱ་ངན་གྱི་ཟུག་རྔུ་བསལ་ནས། རྫུ་འཕྲུལ་གྱིས་ཆོས་སྟོན་པ་དང་། གཏེར་སྟོར་བའི་སེམས་ཅན་རྣམས་ཀྱི་མདུན་དུ་གཏེར་ཆེན་པོ་ཉེ་བར་བསྟན་ནས་འཚོ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་སྟོན་པ་དང་།

དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་ཕྱིར་གཞན་མུ་སྟེགས་ཅན་སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་བ་རྣམས་ཀྱི་ནང་དུ་རབ་ཏུ་འབྱུང་བ་དང་། སེམས་ཅན་འདོད་ཆགས་ཀྱི་ལྕགས་ཀྱུས་ཟིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨད་འཚོང་མའི་ཁྱིམ་དང་། སླས་ཀྱི་ནང་དུ་བུ་
མོའི་གཟུགས་མཛེས་པ་བལྟ་ན་སྡུག་པར་སྟོན་པ་དང་། སེམས་ཅན་རྣམས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུས་པ་ཆེན་པོ་དང་། ཚོགས་པ་མང་པོའི་ནང་དུ་རྔ་དང་། རྔ་མྲི་དང་ག་དང་རྔ་པ་ན་བ་དང་དུང་གི་སྒྲས་ས་ཆེན་པོ་མཛེས་པར་བྱས་ནས། བདག་
ཉེ་བར་སྟོན་ཅིང་སེམས་ཅན་འདུན་པ་དེ་དག་ལ་རོལ་མོའི་དབྱངས་སྒྲ་དེ་དག་ལས་ཆོས་སྟོན་པའི་སྒྲ་འབྱིན་ཅིང་བཟོའི་གནས་ཐམས་ཅད་ཉེ་བར་སྟོན་པ་དང་། མྱ་ངན་དུ་སོན་པའི་འགྲོན་པ་བཟའ་བ་དང་། བཏུང་བ་ཟད་པ་ལ་མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེ་ཞིང་དེའི་སྟོབས་
ཀྱིས་བཟའ་བ་དང་། བཏུང་བ་བྱིན་ནས་བཀྲེས་པ་དང་བྲལ་ཞིང་སྐོམ་པ་དང་བྲལ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སེམས་ཅན་གང་དག་དམུས་ལོང་དུ་གྱུར་པ་དེ་དག་གི་ནང་དུ་དམུས་ལོང་ལྟ་བུར་གྱུར་ནས། དབུལ་པོ་མིག་མེད་པ་དེ་དག་ལ་རྫུ་འཕྲུལ་གྱི་སྟོབས་
ཀྱིས་བཟའ་བ་དང་། བཏུང་བ་འབྱོར་བར་བྱས་ནས། མིག་བྱིན་ཏེ་རང་གི་གཟུགས་བསྟན་ནས། ཇི་ལྟར་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་པ་དང་། རྒྱལ་པོའི་ཁྲི་མོན་དུ་བཅུག་པའི་སྲོག་ཆགས་བརྒྱ་
ཕྲག་དུ་མ་གཡོན་ཅན་སྣ་ཚོགས་དང་ལྡན་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམས་བཞིན་དུ་བདག་རྐུན་པོར་སྟོན་ཅིང་དེ་གཡོན་ཅན་ནོ་ཞེས་ཤེས་པར་བྱས་ནས། ཁྲི་མོན་དུ་བཅུག་པ་དང་དེ་དེར་ཞུགས་ནས་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཅིངས་པ་དེ་དག་གི་ལུས་བཀྲུས་
ཤིང་བསྐུས་ཏེ། གོས་བཟང་པོ་བསྐོན་ནས་བཟའ་བ་དང་། བཏུང་བས་ལུས་ཚིམ་པར་བྱས་ཏེ། བཅིངས་པ་དམ་པོ་དེ་དག་ལས་བཀྲོལ་ནས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་བུར་ཆོས་སྟོན་པ་དང་། སེམས་ཅན་གང་དག་

རྒྱལ་པོས་གསད་པར་བཀྲི་བ་སྲོག་འཆི་བའི་འཇིགས་པའི་ཐོབ་པ་སྡུག་བསྔལ་གྱིས་ཉམ་ཐག་པ་དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྫུ་འཕྲུལ་གྱིས་གཞན་དག་ཅིག་སྤྲུལ་ཏེ། རྫུ་འཕྲུལ་གྱིས་གཤེད་མ་ལ་བཀྲིས་
ནས་གསད་པར་འོས་པའི་མི་དེ་དག་བཅིངས་པ་དེ་ལས་བཀྲོལ་ཏེ། འཇིགས་པ་དང་བྲལ་བ་སྲོག་རྙེད་པ་དང་། དབུགས་ཕྱིན་པ་དེ་དག་ལ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་ཆོས་སྟོན་པ་དང་། ཕྱོགས་གང་ན་དོན་དང་། ནོར་དང་།
ཞིང་དང་། ཁྱིམ་གྱི་དངོས་པོ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། དམག་མིའི་ཕྱིར་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་འདྲུ་བར་གྱུར་པ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ཀྱིས་དབུས་སུ་འདུག་ནས་རྫུ་འཕྲུལ་གྱིས་
དོན་དང་། ནོར་དང་རིན་པོ་ཆེ་ཡོངས་སུ་བཏང་སྟེ། དེ་དག་འདུམ་པར་སྦྱོར་རོ། །དེ་དག་དུམ་པར་རིགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་ཡན་ལག་དང་། ཉིང་ལག་ཐམས་
ཅད་ཀྱི་དབང་པོ་ཉམས་པ་མེད་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དབང་པོ་ཉམས་པར་ཡང་སྟོན་པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྱོད་ལམ་ཐམས་ཅད་འཁྲུགས་པར་ཡང་བྱེད་པ་དང་། བྱང་ཆུབ་སེམས་དཔའ་ཐབས་ལ་
མཁས་པས་གཞན་མུ་སྟེགས་ཅན་སྟོན་པ་དང་། རིང་དུ་གནས་པ་བདུད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་བདུད་ཀྱིས་བྱིན་གྱིས་བརླབས་པའི་མུ་སྟེགས་ཅན་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་དགུག་པའི་ཕྱིར་དེ་དག་གི་མདུན་དུ་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་པ་དང་། བྱང་ཆུབ་སེམས་
དཔའ་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ལས་ལོག་ནས་བསམས་བཞིན་དུ་འདོད་པའི་ཁམས་སུ་སྐྱེ་སྟེ། མྱ་ངན་ལས་འདས་པ་འདོད་པ་རྣམས་ལ་སྐྱེ་བའི་སྡུག་

བསྔལ་བསྟན་ནས་དབེན་པ་ཐོབ་པ་རྣམས་བླ་མའི་ལམ་བསྒོམ་དུ་གཟུད་པའི་ཕྱིར། མྱ་ངན་ལས་འདས་པ་སྟོན་པ་དང་། སྐྱོན་མེད་པ་ལ་མ་ཞུགས་པ་ལ་མྱ་ངན་ལས་འདས་པར་འགྲོ་བར་འདུན་པ་རྣམས་ཀྱི་མདུན་དུ། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་སངས་རྒྱས་ཀྱི་སྐུ་སྟོན་པ་
དང་། སངས་རྒྱས་ལ་དད་པ་ཐོབ་ཅིང་། སེམས་མཉམ་པར་བཞག་པ་རྣམས་བྱང་ཆུབ་ཀྱི་སེམས་ལེན་དུ་གཟུད་པའི་ཕྱིར། རྐྱེན་འདི་ཤེས་པ་ལ་འཇུག་པ་ཉེ་བར་སྟོན་པ་སྟེ། མིའམ་ཅིའི་བདག་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཐབས་ལ་མཁས་པར་རིག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་ལ་འཇུག་པ་ཡོངས་སུ་དག་པའི་ལེའུ་འདི་བསྟན་པ་ན། མི་འམ་ཅིའི་རྒྱལ་པོ་སྡོང་པོའི་འཁོར་དང་། དེ་མ་ཡིན་པ་གཞན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་སྲོག་ཆགས་
དགུ་ཁྲི་བརྒྱད་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བཅོམ་ལྡན་འདས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་ལས་བྱང་ཆུབ་སེམས་དཔའ་ཁྲི་བརྒྱད་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །མིའམ་ཅིའི་རྒྱལ་པོ་སྡོང་པོ་ནི་ཤེས་རབ་སྒྲོན་མ་
ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པར་གྱུར་ཏོ། །དེ་ནས་མིའམ་ཅིའི་རྒྱལ་པོ་སྡོང་པོ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་གྱིས་རབ་ཏུ་དགའ་བར་བྱས། ཡང་དག་པར་འཛིན་དུ་བཙུད། གཟེངས་བསྟོད། ཡང་དག་པར་བསྟན་པས། ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་
སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། རིན་ཐང་མེད་པའི་རས་བཅོས་མ་ཕྲུགས་གཅིག་བཅོམ་ལྡན་འདས་ལ་མངོན་པར་བཀབ་བོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་ཡང་རིན་ཐང་མེད་པའི་གོས་ཀྱིས་སོ་སོར་བཀབ་བོ། །གནས་
ཐམས་ཅད་ནི་ཡོངས་སུ་ལོངས་སྤྱད་པའི་ཕྱིར་བཅོམ་ལྡན་འདས་ལ་ཕུལ་ལོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་བུ་བརྒྱད་སྟོང་པོས་རིན་པོ་ཆེའི་པད་མ་བཀོད་པ་དང་། རིན་པོ་ཆེའི་གདུགས་བརྒྱད་སྟོང་དུ་ཚང་བས་བཅོམ་ལྡན་འདས་ལ་མངོན་པར་བཀབ་སྟེ། གཏོར་མ་ཐག་ཏུ་

སངས་རྒྱས་ཀྱི་མཐུས་དེ་དག་ཐམས་ཅད་འཁོར་གྱི་ཁྱམས་དེར་བཅོམ་ལྡན་འདས་ཀྱི་དབུའི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་དཔག་ཚད་སྟོང་ཙམ་ན། རིན་པོ་ཆེའི་གདུགས་གཅིག་ཏུ་གནས་པར་གྱུར་ཏོ། །དེ་ནས་མིའམ་ཅིའི་རྒྱལ་པོ་སྡོང་པོའི་བུ་བརྒྱད་སྟོང་པོས་བཅོམ་ལྡན་
འདས་ཀྱི་ཆོ་འཕྲུལ་ཆེན་པོ་འདི་མཐོང་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཐོས་པས་བདག་ཅག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་སྒྲུབ་པར་འགྱུར་བ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བགྱིད་པའི་ཆོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་ལ་བཤད་དུ་གསོལ།
དེ་ནས་བཅོམ་ལྡན་འདས་ཀྱིས་མིའམ་ཅིའི་རྒྱལ་པོ་སྡོང་པོའི་བུ་དེ་དག་གི་ལྷག་པའི་བསམ་པ་མཁྱེན་ནས་ཏ་ལ་བདུན་སྲིད་ཀྱི་སྟེང་གི་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་སྐུ་ལས་འདི་ལྟ་བུའི་འོད་ཕྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་
ཆེན་པོས་ཁྱབ་པར་གྱུར་ཏོ། །གང་མིའམ་ཅི་དང་། དྲི་ཟ་དང་། ལྟོ་འཕྱེ་དེ་དག་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གི་རོལ་མོ་སིལ་སྙན་རྣམ་པ་སྣ་ཚོགས་དེ་དག་ཐམས་ཅད་མ་བརྡུངས་མ་དཀྲོལ་བར་མཛེས་པ་དང་ལྡན་པར་འཁྲོལ་ལོ། །རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡང་ན་དྲིའི་ཤིང་དང་མེ་
ཏོག་གི་ཤིང་དང་འབྲས་བུའི་ཤིང་ཇི་སྙེད་པ་དེ་དག་ལས་ཀྱང་རོལ་མོ་སིལ་སྙན་གྱི་སྒྲ་བྱུང་ངོ་། །བཅོམ་ལྡན་འདས་ཀྱི་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་བྱུང་ངོ་། །འོད་ཟེར་ཐམས་ཅད་ཀྱི་རྩེ་མོ་ལས་ཀྱང་པད་མ་ཚད་ཤིང་རྟའི་འཁོར་ལོ་ཙམ་དག་བྱུང་ངོ་། །པད་མའི་
སྙིང་པོ་ཐམས་ཅད་ལ་ཡང་བྱང་ཆུབ་སེམས་དཔའི་གཟུགས་སྐྱེས་བུ་ཆེན་པོ་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀུན་ཏུ་བརྒྱན་པའི་ལུས་དག་གནས་པར་ཀུན་ཏུ་སྣང་ངོ་། །སངས་རྒྱས་ཀྱི་མཐུས་རོལ་མོ་སིལ་སྙན་དེ་དག་ལས་ནི་ཡོངས་སུ་འདྲི་བའི་ཚིགས་སུ་བཅད་པ་བྱུང་། བྱང་ཆུབ་སེམས་དཔའ་

དེ་དག་ཐམས་ཅད་ནི་སྒྲ་དབྱངས་དང་སྐད་གཅིག་གིས་ཚིགས་སུ་བཅད་ནས་ངེས་པར་ལན་འདེབས་སོ། །དེ་ལ་སིལ་སྙན་ལས་ཚིགས་སུ་བཅད་པ། བླ་ན་མེད་པའི་བྱང་ཆུབ་སེམས། །ཇི་ལྟ་བུར་ནི་སྐྱེད་པ་དང་། །བྱང་ཆུབ་སྙིང་པོར་འདུག་བར་དུ། །སེམས་ནི་བརྗེད་པ་མེད་པར་འགྱུར། །
བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། སེམས་ཅན་ཀུན་གྱི་ཆེད་ཀྱི་ཕྱིར། །ལྷག་པའི་བསམ་པ་ཕུན་སུམ་ཚོགས། །སྙིང་རྗེ་ཆེ་དང་ལྡན་པ་ནི། །བྱང་ཆུབ་སེམས་བརྗེད་མི་འགྱུར་རོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་བསམ་པ་ཇི་ལྟ་བུ། །རབ་ཏུ་འབྱོར་པ་
ཅི་འདྲ་ཞིག །དེ་དག་སྙིང་རྗེ་ཆེན་པོ་ལ། །ངེས་པར་སེམས་པ་ཇི་ལྟར་སྐྱེ། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། གཡོ་མེད་ལྷག་པའི་བསམ་པ་སྟེ། །དེ་དག་སྦྱོར་བ་བཅོས་མ་མིན། །མྱ་ངན་འདའ་སྒོར་འཇོག་པ་ནི། །དེ་དག་སྙིང་རྗེ་པོ་སྡོང་དེ་འདྲའོ། །སིལ་སྙན་
རྣམས་ཀྱིས་སྨྲས་པ། དེ་དག་གཏོང་བ་ཇི་ལྟ་བུ། །ཇི་ལྟར་བྱིན་ནས་འགྱོད་མེད་ཅིང་། །རྣམ་སྨིན་དོན་དུ་མི་གཉེར་བར། །བྱང་ཆུབ་ཏུ་ནི་སྔོ་བར་བྱེད། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། དངོས་པོ་ཀུན་ལ་མི་ལྟ་བ། །དེས་ནི་བྱིན་ནས་འགྱོད་པ་མེད། །བྱང་
ཆུབ་ལམ་དུ་འཇོག་བྱེད་པ། །དེ་ཕྱིར་རྣམ་སྨིན་རེ་བ་མེད། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་ཚུལ་ཁྲིམས་ལྡན་གྱུར་ཀྱང་། །ཚུལ་ཁྲིམས་ཀྱིས་ནི་རློམ་སེམས་མེད། །ཐེག་ཆེན་བླ་ན་མེད་པ་ལ། །ངང་ཚུལ་ངན་ཅན་སྨིན་པར་བྱེད། །བྱང་ཆུབ་སེམས་དཔའི་གཟུགས་
རྣམས་ཀྱིས་སྨྲས་པ། བྱང་ཆུབ་སེམས་ཀྱི་ཚུལ་ཁྲིམས་ལྡན། །སྟོང་པ་ཉིད་ཀྱིས་རློམ་སེམས་མེད། །བྱམས་པ་ཆེན་པོ་སྐྱེད་པ་ནི། །ངང་ཚུལ་ངན་ཅན་ཡོངས་སྨིན་བྱེད། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་ན་ནི་སེམས་ཅན་གྱི། །སྤྱོས་ཤིང་བསྡིགས་པ་བཟོད་བྱེད་ཅིང་། །
སེམས་ཀྱིས་གནོད་པ་མི་བྱེད་ལ། །མཆོག་ཏུ་དགའ་བ་སྐྱེ་བར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་གསོ་བའི་སྨན་པ་སྙམ། །དེ་དག་ངན་པར་སྨྲས་པ་ཡི། །ཚིག་ཐོས་ཞེ་སྡང་མི་འགྱུར་རོ། །སིལ་

སྙན་རྣམས་ཀྱིས་སྨྲས་པ། དེ་དག་བརྩོན་འགྲུས་ཇི་ལྟ་བུ། །ཕ་རོལ་གནོན་པའང་ཅི་འདྲ་ཞིག །ཇི་ལྟར་ཞུམ་པ་མེད་སེམས་ཀྱིས། །བྱང་ཆུབ་སྤྱད་པ་སྤྱོད་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ཆོས་དང་སེམས་ཅན་བསྲུང་བ་ནི། །
ཕ་རོལ་གནོན་དང་བརྩོན་འགྲུས་སོ། །དགེ་བའི་རྩ་བས་བརྟན་པ་ནི། །དེས་ན་སེམས་ནི་ཞུམ་མི་འགྱུར། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་ཇི་ལྟར་དྲན་དང་ལྡན། །བློ་གྲོས་རྟོགས་པར་ཁོང་དུ་ཆུད། །ཇི་ལྟར་བསམ་གཏན་བསམ་གཏན་བྱེད། །དེ་ལ་ཆགས་པ་མེད་པར་འགྱུར། །
བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། གཡེང་བ་མེད་པ་དྲན་དང་ལྡན། །ཚུལ་འཆོས་མེད་པ་བློ་གྲོས་ལྡན། །ཐབས་ཀྱིས་བསམ་གཏན་བསམ་གཏན་བྱེད། །དེས་ན་དེ་ལ་ཆགས་མི་འགྱུར། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་ཤེས་རབ་ལྡན་པ་དང་། །ཡང་
དག་ལྟ་བ་དྲང་པོ་དང་། །ཆོས་རྣམས་རྣམ་པར་དབྱེ་བ་ལ། །མཁས་ཤིང་འཇིགས་པ་མེད་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ཐོས་པས་ཤེས་རབ་ཀུན་ཏུ་འཕེལ། །རྟེན་པས་ལྟ་བ་དྲང་པོར་འགྱུར། །ཆོས་ཀྱི་སྦྱིན་པས་ངེས་འགྱུར་ཏེ། །ཚུལ་
བཞིན་གྱིས་ནི་དོན་རྟོགས་འགྱུར། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་ཐོས་པ་བཙལ་བས་ན། །དེ་དག་ཐོས་པ་མང་དུ་འགྱུར། །གང་གིས་ཆེ་བའི་བདག་འགྱུར་བར། །ཐོས་པའི་ཆོས་རྣམས་སྟོན་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ།
གུས་པར་བྱས་ཏེ་ཐོས་ཚོལ་ཞིང་། །སྒྲུབ་པའི་ཐོས་པ་མང་དུ་འགྱུར། །ཟང་ཟིང་མེད་པར་ཆོས་སྦྱིན་པ། །དེས་ནི་ཆེ་བའི་བདག་ཉིད་འགྱུར། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་བྱམས་པ་ཇི་ལྟ་བུ། །དེ་དག་སྙིང་རྗེ་ཅི་འདྲ་ཞིག །དེ་དག་དགའ་བ་ཇི་ལྟ་བུ། །བཏང་སྙོམས་
ཀྱང་ནི་ཅི་འདྲ་ཞིག །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། སེམས་དང་བཏང་སྙོམས་བྱམས་པ་སྟེ། །སེམས་ཅན་འགྲོལ་བའི་སྙིང་རྗེའོ། །སངས་རྒྱས་ཆོས་དགའ་དགའ་བ་སྟེ། །གཉིས་སྤངས་པ་ནི་བཏང་སྙོམས་སོ། །སིལ་སྙན་རྣམས་ཀྱིས་སྨྲས་པ།

ཇི་ལྟར་སངས་རྒྱས་མཐོང་བར་འགྱུར། །སེམས་ཀྱང་ཇི་ལྟར་མཐོང་བར་འགྱུར། །ཆོས་ཐོས་ནས་ནི་ཇི་ལྟ་བུར། །དེ་དག་ཐེ་ཚོམ་སྐྱེ་མི་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། སངས་རྒྱས་རྗེས་སུ་དྲན་བསྒོམས་པ། །དེས་ནི་འདྲེན་པ་མཐོང་བར་འགྱུར། །
ཐེ་ཚོམ་མེད་ཅིང་བསམ་དག་པས། །ཆོས་ཐོས་ནས་ནི་སོམ་ཉི་མེད། །སིལ་སྙན་རྣམས་ཀྱིས་སྨྲས་པ། བསོད་ནམས་ཚོགས་ནི་ཇི་ལྟ་བུ། །ཡེ་ཤེས་ཚོགས་ཀྱང་ཅི་འདྲ་ཞིག །དེ་དག་ཞི་གནས་ལྷག་མཐོང་ལ། །བརྩོན་པ་ཡང་ནི་ཇི་ལྟ་བུ། །བྱང་ཆུབ་སེམས་དཔའི་
གཟུགས་རྣམས་ཀྱིས་སྨྲས་པ། ངོམས་མི་ཤེས་པ་བསོད་ནམས་ཚོགས། །འདྲི་བ་རྣམས་ནི་ཡེ་ཤེས་ཚོགས། །ཞི་བའི་སེམས་ནི་ཞི་གནས་ཏེ། །ཆོས་ཤེས་པ་ནི་ལྷག་མཐོང་ངོ་། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་གི་ནི་སྤྱོད་ཡུལ་གང་། །དེ་དག་གནས་ཀྱང་ཇི་ལྟ་བུ། །
དེ་དག་གནས་པ་ཅི་འདྲ་ཞིག །དེ་དག་སྦྱོར་བའང་ཇི་ལྟ་བུ། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། དེ་དག་སྤྱོད་ཡུལ་སྟོང་པ་ཉིད། །གནས་ནི་ཕ་རོལ་ཕྱིན་པའི་ལམ། །གནས་པ་བསམ་གཏན་བཞི་རྣམས་ཏེ། །སེམས་ཅན་རབ་གྲོལ་སྦྱོར་བའོ། །སིལ་
སྙན་རྣམས་ཀྱིས་སྨྲས་པ། དེ་དག་བདུད་ཀྱི་ལས་གང་ཡིན། །སངས་རྒྱས་ཕྲིན་ལས་ཇི་ལྟ་བུ། །ཅི་འདྲ་བ་ཡི་ལས་བྱས་ན། །བྱང་ཆུབ་ལ་ནི་གཞོལ་བར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ཐེག་པ་ཆུང་ངུ་བདུད་ཀྱི་ལས། །སངས་རྒྱས་ཕྲིན་
ལས་ཐེག་པ་ཆེ། །སྡིག་པ་ཐམས་ཅད་སྤོང་བ་ནི། །བྱང་ཆུབ་གཞོལ་བར་འགྱུར་བའོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་གྲོགས་བསྟེན་ཇི་ལྟ་བུ། །སྡིག་པའི་གྲོགས་པོ་ཅི་འདྲ་ཞིག །ལོག་པར་ལྟ་ལ་མི་གནས་ཤིང་། །ཇི་ལྟར་ཡང་དག་སོང་བར་འགྱུར། །བྱང་
ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། གང་ཞིག་བྱང་ཆུབ་ལམ་སྟོན་པ། །རྟག་ཏུ་བདེ་སྦྱིན་གྲོགས་པོའོ། །བྱང་ཆུབ་སེམས་ལས་གང་ཟློག་པ། །དེ་དག་སྡིག་པའི་གྲོགས་པོར་ཤེས། །སིལ་སྙན་རྣམས་ཀྱིས་སྨྲས་པ། །ལམ་དུ་འཇུག་པར་འགྱུར་བ་ཡི། །

ལྟ་བ་དྲང་པོ་ཇི་ལྟ་བུ། །སྦྱོར་བ་རྣམ་པར་ཤེས་ནས་སུ། །ཇི་ལྟར་ལྟ་དེ་འཇིག་མི་བྱེད། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ལས་དང་བྱ་བར་འཇུག་པ་ནི། །དེ་དག་དྲང་པོར་ལྟ་བ་ཡིན། །ལོག་པར་སྦྱོར་བ་རྣམ་ཤེས་ནས། །ལྟ་བ་དེ་དག་
འཇིག་མི་བྱེད། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་དམ་པའི་ཆོས་བསྲུང་ཞིང་། །སེམས་ཅན་ཡོངས་སུ་སྨིན་པར་བྱེད། །ཇི་ལྟ་བུ་ཡི་ཐབས་ཀྱིས་ནི། །དེ་དག་བྱང་ཆུབ་བསྒྲུབ་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། བརྩོན་འགྲུས་ཀྱིས་
ནི་ཆོས་བསྲུང་སྟེ། །བསྡུ་བས་ཡོངས་སུ་སྨིན་པར་བྱེད། །མཐའ་གཉིས་རྣམ་པར་སྤངས་པས་ནི། །བྱང་ཆུབ་སྒྲུབ་པར་བྱེད་པ་ཡིན། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་ཤེས་པའི་ལམ་ཅི་འདྲ། །ང་རྒྱལ་ལས་ནི་ཇི་ལྟ་བུ། །ཇི་ལྟར་བཀའ་བློ་བདེ་བ་དང་། །ཐམས་ཅད་དུས་
སུ་འཐུན་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། རྩོད་པ་མེད་པ་ཤེས་པའི་ལས། །ང་རྒྱལ་ལས་ནི་རྩོད་པ་འབྱུང་། །ངེས་པར་བཀའ་བློ་བདེ་བ་སྟེ། །གུས་པ་ཡིས་ནི་འཐུན་པར་འགྱུར། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་ལམ་ནི་ཇི་ལྟ་
བུ། །ལོག་པའི་ལམ་ཡང་ཅི་འདྲ་ཞིག །བླ་མེད་བྱང་ཆུབ་ལམ་དུ་ནི། །ཇི་ལྟར་སེམས་ཅན་རབ་ཏུ་འགོད། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ལམ་ནི་ཕ་རོལ་ཕྱིན་པ་དྲུག །ཐེག་པ་ཆུང་ངུ་ལོག་པའི་ལམ། །ཤེས་རབ་ཐབས་ལ་བསླབས་པ་ནི། །སེམས་
ཅན་ལམ་ལ་འཛུད་པའོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟ་བུར་ན་ནོར་ཆེན་འགྱུར། །དེ་དག་རྙེད་པའང་ཅི་འདྲ་ཞིག །གཏེར་རྣམས་ཀྱང་ནི་ཇི་ལྟ་བུ། །གང་གིས་དེ་དག་འགྲོ་ཚིམ་བྱེད། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ནོར་བདུན་དང་ནི་རྟག་ཏུ་ལྡན། །
ཆོས་རྙེད་པ་ནི་རྙེད་པའོ། །དེ་དག་གཏེར་ནི་གཟུངས་ཡིན་ཏེ། རབ་ཏུ་རྙེད་ནས་ཚིམ་པར་བྱེད། །སིལ་སྙན་རྣམས་ཀྱིས་སྨྲས་པ། དེ་དག་གི་ནི་ཕ་མ་གང་། །ཉེ་དུའི་ཚོགས་ནི་ཇི་ལྟ་བུ། །གཡོག་རྣམས་ཀྱང་ནི་ཅི་འདྲ་ཞིག །གང་གིས་མཁས་པ་དེ་དག་མཛེས། །

བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། མ་ནི་ཤེས་རབ་ཕ་ནི་ཐབས། །ཉེ་དུ་བྱང་ཆུབ་ཕྱོགས་རྣམས་ཡིན། །དགེ་བ་རྣམས་ནི་གཡོག་ཡིན་ཏེ། །དེས་ནི་མཁས་པ་དེ་དག་མཛེས། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཇི་ལྟར་བདག་མེད་རྟོགས་ནས་ནི། །བྱམས་པས་
འགྲོ་བ་ཁྱབ་པར་བྱེད། །བདག་མེད་པ་དང་བྱམས་པ་དག །དེ་ལ་ཇི་ལྟར་མཚུངས་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། གང་དག་སྟོང་ཉིད་རབ་ཤེས་པ། །དེ་ནི་བདག་མེད་ཁོང་དུ་ཆུད། །གང་གིས་འགྲོ་བ་སྟོང་ཤེས་པ། །དེ་ནི་དེ་ཡི་བྱམས་
པ་མཆོག །སིལ་སྙན་རྣམས་ཀྱིས་སྨྲས་པ། འདུ་བྱེད་རྣམས་ནི་རང་བཞིན་གྱིས། །འོང་བ་མེད་ཅིང་འགྲོ་མེད་ན། །ལས་དང་ལས་ཀྱི་རྣམ་པར་སྨིན། །ཇི་ལྟ་བུར་ན་འཐད་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། དམ་པའི་དོན་དུ་འོང་མེད་དེ། །གང་
དུའང་འགྲོ་བ་ཡོད་མ་ཡིན། །ཀུན་རྫོབ་ཏུ་ན་ལམ་འཇུག་ཅིང་། །རྣམ་པར་སྨིན་པ་ཉེ་བར་སྟོན། །སིལ་སྙན་རྣམས་ཀྱིས་སྨྲས་པ། སྟོང་ཉིད་མཚན་མ་མེད་པ་དང་། །སྨོན་ལམ་རྣམ་པར་སྤངས་པར་ནི། །མཚན་ཉིད་གཅིག་ཏུ་རབ་རྟོགས་ནས། །དེ་ཁོ་ན་ནི་ཇི་ལྟར་ཤེས། །བྱང་
ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། སྟོང་ཉིད་གང་ཡིན་དེ་མཚན་མེད། །མཚན་མ་དོན་དུ་གཉེར་མེད་པ། །མཚན་ཉིད་གཅིག་ཅིང་དོན་གཅིག་སྟེ། །རྣམ་པར་ཐར་པའི་སྒོ་བསྟན་ཏོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། གང་གིས་མྱ་ངན་འདས་འགྲོ་བའི། །
སྟོང་པར་རྟོག་པ་ཇི་ལྟ་བུ། །སེམས་ཅན་ལྟ་བ་ཇི་ལྟ་བུ། །ཡོངས་སུ་སྨིན་བྱེད་ཇི་ལྟ་བུ། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། ཤེས་རབ་ཀྱིས་ནི་སྟོང་པར་རྟོགས། །ཐབས་ཀྱིས་སེམས་ཅན་རྣམས་ལ་ལྟ། །སྙིང་རྗེས་ཡོངས་སུ་སྨིན་པར་བྱེད། །དེས་
ནི་མྱ་ངན་འདས་པར་འགྲོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། ཆོས་འདི་དག་ནི་ཆོས་ཉིད་ཀྱིས། །སྐྱེ་བ་མེད་ཅིང་འབྱུང་མེད་པར། །ཚུལ་མཆོག་འདི་འདྲ་ཤེས་ནས་ནི། །གང་གིས་འཁོར་བར་སྐྱེ་བར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། མི་སྐྱེ་བ་

དང་མི་འབྱུང་བ། །དེ་ནི་ཤེས་རབ་སྤྱོད་ཡུལ་ལོ། །བསམས་བཞིན་དུ་ནི་གང་སྐྱེ་བ། །དེ་ནི་ཐབས་ཀྱི་ཚུལ་ཡིན་ནོ། །སིལ་སྙན་རྣམས་ཀྱིས་སྨྲས་པ། གཏོང་ལ་དགའ་བར་ཇི་ལྟར་འགྱུར། །ཇི་ལྟ་བུར་ནི་ཕྱིར་མི་ལྡོག །ཇི་ལྟར་བཟོད་པ་ཕུན་སུམ་ཚོགས། །
ཇི་ལྟར་རྣམ་པར་ངེས་པར་འགྱུར། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། མཉམ་པར་གནས་པར་གཏོང་ལ་དགའ། །ཆོས་ཀྱི་དབྱིངས་ལས་ཕྱིར་མི་ལྡོག །མི་སྐྱེ་བ་ལ་བཟོད་པ་སྟེ། །ཆོས་ཤེས་ནས་ནི་རྣམ་པར་ངེས། །སིལ་སྙན་རྣམས་ཀྱིས་སྨྲས་པ། བྱང་
ཆུབ་སྙིང་པོ་སྙིང་པོ་གང་། །རྫོགས་པའི་བྱང་ཆུབ་མཚན་ཉིད་གང་། །ཅི་ཕྱིར་རྫོགས་སངས་རྒྱས་ཤེས་བྱ། །དེ་བཞིན་གཤེགས་པ་ཇི་ལྟར་གྲོལ། །བྱང་ཆུབ་སེམས་དཔའི་གཟུགས་རྣམས་ཀྱིས་སྨྲས་པ། བྱང་ཆུབ་སྙིང་པོ་ནམ་མཁའ་སྟེ། །བྱང་ཆུབ་ནམ་མཁའི་མཚན་ཉིད་
དོ། །གང་ཡང་ཀུན་ནས་གཏི་མུག་མེད། །དེ་བཞིན་ཉིད་ཕྱིར་དེ་བཞིན་གཤེགས། །དེ་ནས་མི་འམ་ཅིའི་རྒྱལ་པོའི་བུ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །དེ་དག་གིས་བཟོད་པ་རབ་ཏུ་ཐོབ་ནས་རང་རང་གི་གོས་དང་རྒྱན་བཅོམ་
ལྡན་འདས་ལ་མངོན་པར་བཀབ་སྟེ། འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་བདག་ཅག་གིས་ཉན་པའི་རྣ་བ་འདི་ལྟ་བུ་ཐོབ་པས་སངས་རྒྱས་ནི་བདག་ཅག་གི་ཆེད་དུ་བྱུང་ངོ་། །བཅོམ་ལྡན་འདས་སིལ་སྙན་དང་གླུ་དབྱངས་འདི་དག་ལས་ཐེ་ཙོམ་འདྲི་བའི་སྒྲ་
འདི་ལྟ་བུ་བྱུང་བ་དང་། བྱང་ཆུབ་སེམས་དཔའི་གཟུགས་འདི་དག་གིས་དྲིས་པ་དེ་དག་ཐམས་ཅད་ཀྱི་ལན་བཏབ་པས་འཁོར་འདིའི་དོགས་པ་ཐམས་ཅད་སྤངས་པ་དང་། བདག་ཅག་ཀྱང་ཆོས་ཀྱི་སྣང་བ་དཔག་ཏུ་མ་མཆིས་པ་སྐྱེས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་སིལ་སྙན་དེ་དག་
ལས་སྒྲ་འདི་ལྟ་བུ་བྱུང་བའི་རྒྱུ་ཅི་ལགས། སུའི་བྱིན་གྱི་རླབས་ཀྱིས་ན་བྱང་ཆུབ་སེམས་དཔའི་གཟུགས་འདི་དག་གིས་ལན་འདེབས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་བྱིན་གྱི་བརླབས་སུ་བལྟའོ། །བཞིན་

བཟངས་དག་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས། ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ་འདི་ལྟ་བུ་བྱུང་ན་སིལ་སྙན་ལས་ཆོས་ཀྱི་སྒྲ་ཅི་ཕྱིར་མི་འབྱུང་སྟེ། བཞིན་བཟངས་དག་དེ་ལྟར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནི་བསམ་གྱིས་མི་ཁྱབ་བོ། །མི་འམ་ཅིའི་རྒྱལ་པོའི་
བུ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག། །།བམ་པོ་བཞི་པ། དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སླས་མི་འམ་ཅི་མོ་བརྒྱད་ཁྲི་བཞི་སྟོང་མུ་ཏིག་ཁ་
དོག་སྣ་ཚོགས་ཀྱི་དོ་ཤལ་ཐོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཇི་ལྟར་ཐོགས་པའི་མུ་ཏིག་གི་དོ་ཤལ་དེ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བཀབ་བོ། །མུ་ཏིག་གི་དོ་ཤལ་དེ་དག་ཕུལ་མ་ཐག་ཏུ་
སངས་རྒྱས་ཀྱི་མཐུས་དེ་དག་བཅོམ་ལྡན་འདས་ཀྱི་དབུ་གཙུག་གི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་མུ་ཏིག་གི་དོ་ཤལ་གྱི་ཁང་པ་བརྩེགས་པ་བརྒྱད་ཁྲི་བཞི་སྟོང་དུ་གྱུར་ཏེ། ཁང་པ་བརྩེགས་པ་དེ་དག་ཐམས་ཅད་ཀྱང་གྲུ་བཞི་ལྷམ་པ། ཀ་བ་བཞི་ཟུག་པ། ཆ་མཉམ་པ། ངོས་ཤིན་
ཏུ་རྣམ་པར་ཕྱེ་བ་ཤ་སྟག་གོ། །ཁང་པ་བརྩེགས་པ་དེ་དག་ནི་རིན་པོ་ཆེས་སྤྲས་པའི་ཁྲི་རྩ་བ་ཡང་རིན་པོ་ཆེ་ལས་བྱས་པ། ལྷའི་རས་བཅོས་མའི་ཟུང་དུ་མ་བཀྲམ་པ་དག་བྱུང་བར་གྱུར་ཏོ། །ཁྲི་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པའི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་
གཉིས་ཀྱིས་ལེགས་པར་བརྒྱན་པ་དག་བཞུགས་པར་ཀུན་ཏུ་སྣང་ངོ་། །དེ་ནས་མི་འམ་ཅི་མོ་བརྒྱད་ཁྲི་བཞི་སྟོང་གིས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་འདི་ལྟ་བུ་འདི་མཐོང་ནས། ཚིམ་ཞིང་མགུ་སྟེ་ཡིད་རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ་བསམ་པ་ཐག་པ་ནས་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དགའ་ཞིང་མཆོག་ཏུ་དགའ་སྟེ་དད་པ་ཐོབ་ནས། ཐམས་ཅད་ཀྱིས་སྒྲ་སྐད་དང་དབྱངས་གཅིག་ཏུ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་

མངོན་པར་བསྟོད་དོ། །བླ་ན་མེད་པའི་དགྲ་བཅོམ་མཆོག་གསུང་བ། །དོན་དགོངས་མཚུངས་པ་མ་མཆིས་བསམ་མི་ཁྱབ། །དོན་དང་ཆོས་དང་འདུལ་བ་རབ་བསླབས་པ། །སེམས་ཅན་མཆོག་ལ་མགོ་བོས་ཕྱག་འཚལ་ལོ། །འདོད་ཆགས་ཞེ་སྡང་གཏི་མུག་ཐ་བ་འཇིག །
དགོན་པར་བཞུགས་དགྱེས་བསྙེངས་པ་མི་མངའ་བ། །རིན་ཆེན་མཛོད་དང་རིན་ཆེན་སྟོན་པ་པོ། །བཅོམ་ལྡན་རྒྱལ་པོའི་རྒྱལ་ལ་ཕྱག་འཚལ་ལོ། །སྤྱན་སྔར་དྲི་བྲལ་ཉོན་མོངས་མི་མངའ་བ། །ས་ཡི་དབང་པོ་ཕ་རོལ་དགྲ་འཇོམས་པ། །པད་མོ་ལྟ་བུར་སྲིད་གསུམ་མི་གོས་པ། །བདེ་
གཤེགས་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བའི་ནང་ན་མིག་དང་འདྲར་སྤྱོད་ཅིང་། །ཉི་ཟླ་འདི་ཡི་འོད་ནི་སྤ་བཀོང་བ། །འཁོར་ལོས་སྒྱུར་བའི་རིགས་སུ་རྒྱལ་པོར་སྐྱེས། །འཁོར་ལོ་མཚན་མངའ་ཁྱོད་ལ་ཕྱག་འཚལ་ལོ། །མིང་དང་གཟུགས་ལ་ནམ་ཡང་མི་ཆགས་ཤིང་། །
མགོན་དང་དཔུང་དང་སྐྱབས་དང་དཔུང་གཉེན་གྱུར། །ཁྱོད་དང་མཚུངས་མེད་ལྷག་པ་ག་ལ་ཞིག །མཐའ་ཡས་དབྱངས་ལ་མགོ་བོས་ཕྱག་འཚལ་ལོ། །བརྙེས་དང་མ་བརྙེས་ནམ་ཡང་ཆགས་མི་མངའ། །འཇིག་རྟེན་ཆོས་རྣམས་ཟིལ་གྱིས་མནན་ཏེ་བཞུགས། །ཆགས་སྲེད་
འཁྲི་ཤིང་དྲ་བ་གྲོལ་མཛད་པ། །བཅོམ་ལྡན་འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །དུལ་བ་ཐུགས་ནི་རྟག་ཏུ་མཉམ་པར་གཞག །ཉོན་མོངས་བསྲེགས་ཏེ་སྟོབས་བཅུས་རབ་བཞུགས་ཤིང་། །འགྲོ་ལ་ཟང་ཟིང་མི་མངའ་སྦྱིན་སྩོལ་པ། །སྦྱིན་པའི་གནས་ལ་མགོ་བོས་
ཕྱག་འཚལ་ལོ། །སྨྲ་མཆོག་དམ་པ་མཚན་གྱི་འོད་འཕྲོས་པ། །ལམ་ལོག་ཕྱིན་ཅི་ལོག་ནི་རྣམ་པར་སྤངས། །འཇམ་ཞིང་སྣུམ་ལ་སྙན་པའི་གསུང་གསུང་པ། །སྲིད་པ་གསུམ་ལས་འཕགས་ལ་ཕྱག་འཚལ་ལོ། །མི་མཆོག་གདུང་བས་གདུངས་པ་མི་མངའ་བ། །རྫུ་
འཕྲུལ་གྱིས་ནི་བྱེ་བའི་ཞིང་དུ་གཤེགས། །འགྲོ་བ་རབ་ཏུ་སྒྲོལ་བའི་གྲུ་མཛད་པ། །བཅོམ་ལྡན་བྲན་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བརྩོན་འགྲུས་དག་ལ་སྟོན་མཛད་པ། །ཆགས་ཤིང་ཞེན་པའི་འགྲོ་དང་མངོན་ཤེས་དྲུག །ལྡན་ཞིང་མཁས་པའི་ཉན་ཐོས་

རྣམས་ཀྱང་འགྲེལ། །འགྲོ་དྲུག་ཉེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། །གསེར་གྱི་ཁ་དོག་འདྲ་ལ་ཕྱག་འཚལ་ལོ། །ཞི་གནས་དབང་པོ་དུལ་ལ་ཕྱག་འཚལ་ལོ། །སྟོན་གྱི་ཟླ་འདྲའི་ཞལ་ལ་ཕྱག་འཚལ་ལོ། །མི་མཆོག་ཡོན་ཏན་མངའ་ལ་ཕྱག་འཚལ་ལོ། །ཉོན་མོངས་
བསྲེགས་ཤིང་བསྙེངས་པ་མི་མངའ་བ། །སྐྱེ་དགུ་འདི་དག་བསྒྲལ་དཀའ་ཆུ་བཞི་སྒྲོལ། །བསྒོམས་ཤིང་དབང་པོ་ཐུལ་བའི་བཅོམ་ལྡན་འདས། །ཁྱོད་ལ་སྐྱབས་སུ་མཆི་བར་མཆིད་ཀྱིས་འཚལ། །ཐུབ་པས་སྦྱིན་པ་བསམ་གྱིས་མི་ཁྱབ་སྩལ། །བསླངས་ན་དབང་པོ་
དགྱེས་པར་རབ་འགྱུར་བ། །ཕ་རོལ་དག་ལ་སྦྱིན་པ་མཆོག་སྩོལ་བ། །གཏོང་དཔའ་བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ང་རྒྱལ་རྒྱགས་ཁེངས་གཏི་མུག་པ། །རྒྱུ་དང་རྐྱེན་དང་བྱ་བ་འགལ་བགྱིད་རྣམས། །འཕགས་པ་བླ་ན་མེད་པའི་ལམ་མཆོག་ལ། །རྣམ་པར་
འདྲེན་པ་ཆེན་པོ་ཁྱོད་ཀྱིས་བཀོད། །ཕུང་པོ་རང་བཞིན་གྱིས་ནི་སྟོང་མཁྱེན་ནས། །ལས་དང་ཉོན་མོངས་ཟིལ་གྱིས་མནན་ཏེ་བཞུགས། །འདྲེན་པ་འགྲོ་བ་རྣམས་ཀྱི་སོམ་ཉི་གཅོད། །བཅོམ་ལྡན་དུས་གསུང་ཁྱོད་ལ་ཕྱག་འཚལ་ལོ། །བདེན་པའི་ཆོས་ལ་དགྱེས་ཤིང་མཉམ་
པར་བཞག །ཆོས་རྣམས་ཀུན་ལ་མངའ་དབང་ཕ་རོལ་ཕྱིན། །བླ་ན་མེད་པ་ཁ་ལོ་སྒྱུར་བ་མཆོག །བཅོམ་ལྡན་དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །འཆོས་པ་མི་མངའ་གཡོ་སྒྱུ་རྣམས་དང་བྲལ། །བདུད་ཀྱི་སྡེ་རྣམས་འཇོམས་པའི་སྟོབས་པོ་ཆེ། །མི་མཆོག་ལམ་དང་ལམ་
མ་ལགས་ལ་མཁས། །རླུང་དམར་ལྟ་བུར་ཅི་ལའང་ཆགས་མི་མངའ། །གཟིར་བར་གྱུར་གསལ་ཕ་རོལ་ཤིན་ཏུ་གནས། །ཐུབ་པ་བས་མ་འཚལ་བའི་བང་མཛོད་མངའ། །སྤྱད་པ་སྤྱོད་པའི་ཚེ་ན་གང་གཱ་ཡི། །བྱེ་མ་སྙེད་ཀྱི་མི་མཆོག་རྣམས་ལ་མཆོད། །མཐུ་བརྙེས་མི་གཡོ་
བསམ་གྱིས་མི་ཁྱབ་པ། །ཆགས་པའི་སྐྱོན་མི་མངའ་ཞིང་ཐང་ལ་བཞུགས། །གནས་ན་བཞུགས་པའི་རྒྱལ་བ་རྣམས་ཀྱིས་བསྟེན། །དེ་སླད་མི་རྣམས་མཆོག་ལ་ཕྱག་འཚལ་ལོ། །སྐྱེ་དང་ན་དང་རྒ་ཤི་རྣམ་པར་སྤངས། །ཚེ་རབས་བྱེ་བ་བསམ་མི་ཁྱབ་པ་དགོངས། །བཅོམ་

ལྡན་འདས་ཀྱི་མཁྱེན་པའི་གདུགས་འོད་ཀྱིས། །འཇིགས་པ་ཆེན་པོའི་དྲ་བ་རབ་ཏུ་འདྲལ། །འདྲེན་པ་རྨི་འདྲར་ཆོས་རྣམས་ཐུགས་སུ་ཆུད། །ཕྱག་དང་ཞབས་ལ་བཀྲ་ཤིས་མཚན་མངའ་ཞིང་། །བཀྲ་ཤིས་བགྱིད་ལས་འཇམ་པའི་རན་སློང་བ། །བཅོམ་ལྡན་
བཀྲ་ཤིས་མཛད་ལ་ཕྱག་འཚལ་ལོ། །གཟུངས་རྣམས་ལ་ནི་དབང་གི་ཕ་རོལ་ཕྱིན། །ཟང་ཟིང་མི་མངའ་ཆོས་ཀྱི་སྦྱིན་པ་སྩོལ། །ཐུབ་པ་ཆོས་ཀྱི་རྔ་ནི་རབ་བརྡུངས་པ། །ཆོས་རྗེ་བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཤཱཀྱའི་རིགས་དུས་རྒྱལ་པོའི་ལས་བྱུང་བ། །དབང་
པོ་ཞི་ཞིང་ཐུགས་ཀྱང་རབ་ཏུ་ཞི། །སྟོན་པ་སྲིད་གསུམ་འཇིག་རྟེན་རྣམ་གཟིགས་པ། །བདེ་གཤེགས་ཞི་ཐུགས་ཁྱོད་ལ་ཕྱག་འཚལ་ལོ། །བདུད་རྣམས་དཔུང་དང་བཅས་པས་རྣོ་བ་ཡི། །རལ་གྲི་ཐོགས་ནས་བྱང་ཆུབ་དྲུང་ལྷགས་ཀྱང་། །ཁྱོད་ཀྱི་བ་སྤུ་ཙམ་ཡང་མ་གཡོས་ཏེ། །
བཅོམ་ལྡན་རི་རབ་མཚུངས་ལ་ཕྱག་འཚལ་ལོ། །མི་ཡི་དམ་པ་བཟོད་པའི་ཕ་རོལ་ཕྱིན། །སྐུ་རྣམས་ཀུན་ལ་ནོངས་པ་བགྱིས་ཀྱང་བཟོད། །ཡང་འབྱུང་བ་དང་སྐྱེ་དང་འཆི་བས་དཔའ། །བཟོད་གསུང་བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །མཐུ་བརྙེས་བདེ་བར་གཤེགས་པ་མི་
གཡོ་བ། །གནས་དང་གནས་མིན་མཁས་པ་བསྙེངས་མི་མངའ། །ཁྱོད་ཀྱིས་སེམས་ཅན་མང་པོ་བྱང་ཆུབ་བཀོད། །ཆོས་གནས་རྒྱལ་བ་ཁྱོད་ལ་ཕྱག་འཚལ་ལོ། །འདུས་བགྱིས་ཉམ་ཆུང་སྙིང་པོ་མེད་པར་མཁྱེན། །སྐྱེ་བའི་ཚོགས་ནི་ཉུང་བ་མ་ལགས་སེལ། །ཁྱོད་ཀྱི་
མཁྱེན་པ་སྲིད་གསུམ་ཁྱད་པར་འཕགས། །ཡེ་ཤེས་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །སེམས་ཅན་ལོང་བ་སྡུག་བསྔལ་མགོན་མེད་པ། །དེ་དག་ཁྱོད་ཀྱིས་དཀོན་མཆོག་གསུམ་ཚིམ་བགྱིས། །ཁྱོད་ནི་བདུད་དཔུང་བཅས་པ་སྐྲག་མཛད་པ། །བཅོམ་ལྡན་མགོན་གྱུར་ཁྱོད་ལ་
ཕྱག་འཚལ་ལོ། །སྟོབས་དང་བསམ་གཏན་དང་ནི་དབང་པོ་བསྒོམས། །ཁྱོད་ཀྱིས་བདུད་ནི་དཔུང་དང་བཅས་པ་བཅོམ། །སྲིད་པ་རྣམས་ཀྱི་ནང་ན་མཆོག་གྱུར་པ། །ཐུབ་པ་དབང་པོ་བསྒོམས་ལ་ཕྱག་འཚལ་ལོ། །དད་པའི་རྩ་བ་རྒྱ་ཆེན་ཆོས་བསྟན་པ། །མཚུངས་མེད་བྱང་

ཆུབ་ལ་ནི་ཆགས་མི་མངའ། །གྲིབ་མ་ལྟ་བུར་མཁྱེན་ནས་བདེ་གསུངས་པ། །བཅོམ་ལྡན་གདུགས་འདྲ་ཁྱོད་ལ་ཕྱག་འཚལ་ལོ། །འདྲེན་པ་རྨི་འདྲར་ཆོས་རྣམས་ཐུགས་སུ་ཆུད། །འཕགས་པའི་འཁོར་ལོ་རྨི་འདྲ་རབ་ཏུ་བསྐོར། །འདུས་བགྱིས་ཡང་དག་ཏུ་ནི་རྨི་ལམ་འདྲར། །
མཁྱེན་ནས་སེམས་ཅན་མང་པོ་དྲན་པར་མཛད། །ཁྱོད་ཀྱི་ལྗགས་མཆོག་དག་པ་དྲི་མི་མངའ། །ལྗགས་ཀྱིས་རང་གི་ཞལ་གྱི་དཀྱིལ་འཁོར་ཁེབས། །ལྗགས་ནི་པད་མ་འདབ་མ་བརྒྱ་ལྟ་བུ། །ལྗགས་སྐྱོན་མི་མངའ་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་གསུམ་ཀུན་ལ་ཆགས་
པ་མི་མངའ་བ། །འགྲོ་བ་རྣམས་ལ་འདོད་པའི་སྐྱོན་མི་གསུང་། །འདོད་པའི་ཆགས་བྲལ་སྨད་པ་མ་ལགས་པ། །བྱང་ཆུབ་མཆོག་ལ་སྲོག་ཆགས་མོས་པར་མཛད། །ཉོན་མོངས་དགྲ་དང་སྡིག་པའི་དགྲ་སྤངས་པ། །སེར་སྣའི་འདོད་ཆགས་བྲལ་ཞིང་ཆགས་མི་མངའ། །མི་
ཡི་དམ་པ་གསེར་ལྟར་དཔལ་སྟུག་པ། །ཁྱོད་ཀྱི་མཚན་དང་གྲགས་པ་ཆུབ་པར་གྲགས། །གནས་དང་དབང་པོ་རྣམ་པར་འབྱེད་ལ་མཁས། །འདི་ན་བཞུགས་ཤིང་འགྲོ་བའི་མིག་ཏུ་གྱུར། །གནས་དང་ཡིག་འབྲུ་ཚིག་གི་དོན་བསླབས་པས། །ཁྱོད་ཀྱིས་ཆུ་བོ་བཞི་ལ་ཟམ་
པ་བཏགས། །གླང་པོ་རིན་ཐང་མ་མཆིས་སྦྱིན་པ་མཛད། །འདྲེན་པ་མི་དང་ལྷ་རྣམས་སྒྲོལ་བ་པོ། །ཁྱོད་ཀྱི་ཡོན་ཏན་མཐའ་མ་མི་རྙེད་དེ། །མགོན་པོ་ཁྱོད་ལ་བདག་ནི་ཐལ་མོ་སྦྱར། །མི་ཡི་མཆོག་ལ་རྡུལ་ནི་སྦྱིན་བྱིན་པས། །མི་མཇེད་འཛམ་བུའི་རྒྱལ་པོར་གྱུར་ལགས་
ན། །འདིར་ནི་དབང་པོ་དང་བས་ཐལ་སྦྱར་ནས། །སྐྱབས་སུ་ཉེ་བར་མཆི་བ་སྨོས་ཅི་འཚལ། །ཕུང་པོ་གསོག་སྟེ་ཉམ་ཆུང་སྙིང་པོ་མེད། །སྟོང་པ་སྒྱུ་མ་ཆུ་ཟླ་འདྲ་བར་ནི། །གཽ་ཏམ་ཁྱོད་ཀྱིས་དེ་དག་ཡང་དག་མཁྱེན། །ཕུང་པོ་ཁམས་མཁས་ཁྱོད་ལ་ཕྱག་འཚལ་ལོ། །སྲེད་
པའི་སྲད་བུས་དམ་དུ་མདུད་བོར་ཏེ། །སྲིད་པའི་འགྲོ་བར་དྲ་བར་རབ་གྲགས་པ། །སྲིད་པར་འགྲོ་བ་རྣམས་ཀྱི་དྲ་བ་དེ། །བདེ་གཤེགས་ཁྱོད་ཀྱི་མཁྱེན་པའི་འོད་ཀྱིས་དྲལ། །ཚངས་པའི་སྒྲ་སྐད་ལྟ་བུའི་གསུང་བརྗོད་པ། །ཤོ་བེ་མ་ལགས་མི་འགྱུར་འདྲིད་མ་ལགས། །

ཕུན་ཚོགས་གསུང་དེ་དེ་དག་ཐོས་ནས་ནི། །ཐལ་མོ་སྦྱར་ཏེ་སྐྱབས་སུ་ཉེ་བར་མཆི། །ཕྱག་གི་མཐིལ་གྱིས་ས་འདིར་རེག་པ་ན། །ནགས་ཚལ་བཅས་པར་རྣམ་པ་དྲུག་གཡོས་ཀྱང་། །འདིར་ནི་གཞན་ལ་གནོད་པར་འགྱུར་མ་མཆིས། །བདུད་ཕྱོགས་དགྲ་
བཅོམ་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་ཡི་རྒྱལ་པོ་ཆེ་དང་མཁས་པ་གང་། །ཁྱོད་ཀྱི་ཆོས་དོན་གཉེར་ཞིང་མཆིས་པ་རྣམས། །དེ་དག་སོ་སོར་ཆོས་བསྟན་ཐོས་ནས་སུ། །ཞབས་གཉིས་ལ་ནི་རབ་ཏུ་གཏུགས་པར་བགྱིད། །དེ་ནས་མི་འམ་ཅིའི་རྒྱལ་པོའི་སླས་རྣམས་ཀྱིས་བཅོམ་
ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ནས་བུད་མེད་ཀྱི་དངོས་པོས་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ན། ཇི་ལྟར་བདག་ཅག་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ། སྐྱེས་པའི་དངོས་པོ་འཐོབ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་ཆོས་
དེ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སླས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲིང་མོ་དག་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་
དང་། ཇི་ལྟར་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་འཐོབ་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ངས་ཁྱོད་ལ་བཤད་པར་བྱའོ། །མི་འམ་ཅིའི་རྒྱལ་པོའི་སླས་རྣམས་ཀྱིས་བཅོམ་ལྡན་
འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྲིང་མོ་དག་ཆོས་གཅིག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་ཅིང་མྱུར་དུ་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་དང་། མི་མཉམ་པ་དང་མཉམ་
པའི་སེམས་བསྐྱེད་པ་དང་། འཇིག་རྟེན་གསུམ་ལས་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་བརྗེད་པ་མེད་པའི་སེམས་བསྐྱེད་པ་སྟེ། སྲིང་མོ་དག་ཆོས་གཅིག་པོ་འདི་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་
པའི་ལུས་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་གཉིས་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་ལུས་ཐོབ་པར་འགྱུར་རོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཕྲག་དོག་མེད་པ་དང་། སེར་སྣ་མེད་པ་སྟེ། སྲིང་མོ་དག་ཆོས་འདི་གཉིས་དང་
ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་གསུམ་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་སྡོམ་པ་
གསུམ་ཡོངས་སུ་དག་པ་དང་། ངག་གི་སྡོམ་པ་བཞི་ཡོངས་སུ་དག་པ་དང་། ཡིད་ཀྱི་སྡོམ་པ་གསུམ་ཡོངས་སུ་དག་པ་སྟེ། སྲིང་མོ་དག་ཆོས་གསུམ་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །
སྲིང་མོ་དག་གཞན་ཡང་ཆོས་བཞི་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། གཡོ་མེད་པར་སྦྱིན་པ་སྦྱིན་པ་དང་། གཡོ་མེད་པར་བསླབ་པའི་གནས་འཛིན་པ་དང་། གཡོ་མེད་པར་ཚུལ་ཁྲིམས་སྟེན་
པ་དང་། གཡོ་མེད་པར་ཆོས་ཉན་པ་སྟེ། སྲིང་མོ་དག་ཆོས་བཞི་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་ལྔ་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་

པོ་ཐོབ་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། ཆོས་དོན་དུ་གཉེར་བ་དང་། ཆོས་ཐོས་ནས་ཚུལ་བཞིན་དུ་སོ་སོར་རྟོག་པ་དང་། བསམ་པ་ཐག་པ་ནས་བུད་མེད་ཀྱི་དངོས་པོ་ལ་སྨོད་པ་དང་། རྟག་པར་རྒྱུན་དུ་སྐྱེས་པའི་ལུས་འཐོབ་པར་
སེམས་སྐྱེད་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་སྟེ། སྲིང་མོ་དག་ཆོས་ལྔ་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་དྲུག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ། སྐྱེས་
པའི་དངོས་པོ་ཐོབ་པར་འགྱུར་རོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། དྲང་བ་དང་། མཉེན་པ་དང་། སྒྱུ་མེད་པ་དང་། གཡོ་མེད་པ་དང་། བསྩལ་བ་མེད་པ་དང་། བཅོས་པ་མེད་པ་སྟེ། སྲིང་མོ་དག་ཆོས་དྲུག་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་
སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་བདུན་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །བདུན་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་སྐུ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་དང་། སངས་
རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་ཕྱིར་ཆོས་རྗེས་སུ་དྲན་པ་དང་། རང་གིས་ཕྱིར་མི་ལྡོག་པའི་དགེ་འདུན་བསྡུ་བའི་ཕྱིར་དགེ་འདུན་རྗེས་སུ་དྲན་པ་དང་། སྨོན་ལམ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ཉོན་མོངས་པ་ཐམས་ཅད་ཡོངས་སུ་དོར་བའི་ཕྱིར་གཏོང་བ་
རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པར་བྱ་བའི་ཕྱིར་ལྷ་རྗེས་སུ་དྲན་པ་དང་། དེ་དག་དགྲོལ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སེམས་པ་སྟེ། སྲིང་མོ་དག་ཆོས་བདུན་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་
འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་བརྒྱད་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཟས་ལ་སྲེད་པ་མ་ཡིན་པ་དང་། སྐོམ་ལ་སྲེད་པ་མ་ཡིན་པ་དང་། མེ་ཏོག་དང་། སྤོས་དང་ཕྲེང་

བ་དང་། བྱུག་པ་དང་། ཕྱེ་མ་ལ་སྲེད་པ་མ་ཡིན་པ་དང་། སྐྱེད་མོས་ཚལ་དུ་འགྲོ་བར་སྲེད་པ་མ་ཡིན་པ་དང་། རྒོད་པ་དང་འཇོ་བ་ལ་སྲེད་པ་མ་ཡིན་པ་དང་། གླུ་དང་གར་དང་རོལ་མོའི་དབྱངས་སྒྲ་ལ་སྲེད་པ་མ་ཡིན་པ་དང་། དགའ་བ་དང་རྩེ་བ་ལ་སྲེད་པ་མ་ཡིན་པ་དང་། རྣ་
བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་ལ་དགའ་བ་ལ་སྲེད་པ་མ་ཡིན་པ་སྟེ། སྲིང་མོ་དག་ཆོས་བརྒྱད་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་
ཆོས་དགུ་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །དགུ་གང་ཞེ་ན། འདི་ལྟ་སྟེ། ཆད་པར་ལྟ་བ་མ་ཡིན་པ་དང་། རྟག་པར་ལྟ་བ་མ་ཡིན་པ་དང་། བདག་ཏུ་སྨྲ་བ་མ་ཡིན་པ་དང་། སེམས་ཅན་དུ་སྨྲ་བ་མ་ཡིན་པ་དང་། སྲོག་
ཏུ་སྨྲ་བ་མ་ཡིན་པ་དང་། གང་ཟག་ཏུ་སྨྲ་བ་མ་ཡིན་པ་དང་། འབྱུང་བར་ལྟ་བ་མ་ཡིན་པ་དང་། འཇིག་པར་ལྟ་བ་མ་ཡིན་པ་དང་། རྒྱུ་དང་རྐྱེན་ལ་འཇུག་པ་ལ་མཁས་པ་ཡིན་ཏེ། སྲིང་མོ་དག་ཆོས་དགུ་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་
པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་ཆོས་བཅུ་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པར་གནས་པ་དང་། གཞན་གྱི་ལོངས་སྤྱོད་ལ་བརྣབ་སེམས་མི་
སྐྱེད་པ་དང་། སྐྱེས་པའི་སེམས་སུ་ཡིད་ལ་བྱེད་པ་སྐྱེད་པ་དང་། སྲོག་གི་ཕྱིར་ཡང་རྫུན་གྱི་ཚིག་མི་སྨྲ་བ་དང་། ཕྲ་མའི་ཚིག་མི་སྨྲ་བ་དང་། ཞེ་གཅོད་པའི་ཚིག་མི་སྨྲ་བ་དང་། ཚིག་ཀྱལ་པ་མི་སྨྲ་བ་དང་། ཕ་རོལ་པོ་དགའ་ཞིང་རྩེ་བ་ལ་ཕྲག་དོག་མེད་པ་དང་། གནོད་སེམས་
ཀྱི་བག་ལ་ཉལ་མངོན་པར་སྒྲུབ་པ་དང་། ཡང་དག་པར་ལྟ་བ་དང་ལྡན་པར་འགྱུར་བ་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པ་སྟེ། སྲིང་མོ་དག་ཆོས་བཅུ་པོ་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་པར་འགྱུར་རོ། །སྲིང་མོ་དག་གཞན་ཡང་

བུད་མེད་ཟབ་མོ་ལ་མོས་པ་ཡིན་ཏེ། དེ་གཟུགས་ལ་དབུ་བ་རྡོས་པ་ལྟ་བུར་སོ་སོར་རྟོག་ཀྱང་གཟུགས་ཀྱིས་རྒྱགས་ཤིང་མྱོས་པར་མི་འགྱུར་བ་དང་། ཚོར་བ་ལ་ཆུའི་ཆུ་བུར་ལྟ་བུར་སོ་སོར་རྟོག་ཀྱང་བདེ་བའི་ཚོར་བ་ལ་རྗེས་སུ་ཆགས་པ་མེད་པ་དང་། སྡུག་བསྔལ་གྱི་
ཚོར་བ་ལ་ཁོང་ཁྲོ་བར་མི་འགྱུར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའི་ཀུན་ཏུ་གཏི་མུག་པར་མི་འགྱུར་བ་དང་། འདུ་ཤེས་ལ་སྨིག་རྒྱུ་ལྟ་བུར་སོ་སོར་རྟོག་ཅིང་བུད་མེད་ཀྱི་འདུ་ཤེས་མི་སྐྱེད། སྐྱེས་པའི་འདུ་ཤེས་མི་སྐྱེད་པ་དང་། འདུ་བྱེད་རྣམས་ལ་ཆུ་
ཤིང་གི་ཕུང་པོ་ལྟ་བུར་སོ་སོར་རྟོག་སྟེ། འདུ་བྱེད་ཐམས་ཅད་ལ་སྙིང་པོ་མེད་པར་རྟོགས་ནས་འདུ་བྱེད་ཐམས་ཅད་ལ་མི་གནས་ཤིང་དེ་ལ་ཆགས་པ་མི་སྐྱེད་པ་དང་། རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་སྟེ། སེམས་དང་ཡིད་དང་རྣམ་པར་རིག་པ་དེ་སྒྱུ་མ་བྱས་པ་བཞིན་དུ་རྟོགས་
ནས་ཆོས་ཐམས་ཅད་ལ་ཆགས་པ་མེད་ཞེ་སྡང་མེད་གཏི་མུག་མེད་པ་དང་། ལུས་ལ་འབྱུང་བ་ཆེན་པོ་བཞི་དང་ལྡན་པར་སོ་སོར་རྟོག་སྟེ། འདི་ལྟ་སྟེ། སའི་ཁམས་དང་ལྡན་པ་དང་། ཆུའི་ཁམས་དང་ལྡན་པ་དང་། མེའི་ཁམས་དང་ལྡན་པ་དང་། རླུང་གི་ཁམས་དང་ལྡན་པར་ལུས་
ལ་སོ་སོར་རྟོག་གོ། །ལུས་འདི་ནི་བསྡུས་པ་རྩྭ་དང་། ཤིང་དང་། བོང་བ་དང་། རྩིག་པ་དང་། མིག་ཡོར་ལྟ་བུ་སྟེ། འདི་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེས་བུ་མ་ཡིན། གང་ཟག་མ་ཡིན་གྱི་ཕྱིན་ཅི་ལོག་སྔོན་དུ་སོང་བས་རྒྱུ་དང་བྱ་བ་དང་། ལས་
ཀྱི་བྱུང་བའོ། །གཞན་ཡང་བུད་མེད་མིག་ལ་ཁ་ཟས་ལས་སྐྱེས་པ་ཤའི་གོང་བུ་ངོ་བོ་ཉིད་ཀྱིས་སྟོང་པ་རང་བཞིན་གྱིས་དབེན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་ངོ་བོ་ཉིད་ཀྱིས་སྟོང་པ་དང་། རང་
བཞིན་གྱིས་དབེན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པའོ། །གཞན་ཡང་བུད་མེད་ལུས་ལ་གཟུགས་བརྙན་ལྟ་བུར་འཇུག་པ་དང་། ངག་ལ་བྲག་ཅ་ལྟ་བུར་འཇུག་པ་དང་། སེམས་ལ་སྒྱུ་མ་ལྟ་བུར་འཇུག་པའོ། །སྲིང་མོ་དག་ཆོས་འདི་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་

དངོས་པོ་ལས་གྱུར་ཏེ་སྐྱེས་པའི་དངོས་པོ་ཐོབ་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སླས་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལས་བུད་མེད་ཀྱི་དངོས་པོ་ལས་སྒྱུར་བའི་ཆོས་
ཀྱི་རྣམ་གྲངས་འདི་ཐོས་ནས་ཚིམ་ཞིང་མགུ་སྟེ། ཡི་རངས་ཤིང་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །དྲི་མེད་
དྲི་བྲལ་དྲི་མ་གཅོད་མཛད་པ། །རྡུལ་མེད་རྡུལ་བྲལ་ལྷག་པའི་གཟི་བརྗིད་མངའ། །པད་མའི་འདབ་འདྲའི་སྤྱན་དང་མཛེས་པའི་ཐུགས། །དྲི་མེད་ཟླ་ཞལ་ཁྱོད་ལ་ཕྱག་འཚལ་ལོ། །དགའ་མཛད་ཞི་མཛད་ཉོན་མོངས་གཅོད་མཛད་པ། །དགའ་བ་སྟོན་པ་རྟག་ཏུ་དགོན་པར་
དགྱེས། །རིན་ཆེན་འབྱུང་གནས་རིན་ཆེན་མཛོད་མངའ་བ། །ཡོན་ཏན་མཆོག་མངའ་ཁྱོད་ལ་ཕྱག་འཚལ་ལོ། །ཕ་རོལ་གཤེགས་པ་གཞན་གྱི་ཚོགས་རྣམས་འཇོམས། །པད་མ་ལྟ་བུར་སྟོང་མཆོག་བཀའ་མཆིད་གསུང་། །ལམ་མཆོག་སྩོལ་ཅིང་དམ་པའི་དོན་སྟོན་པ། །
མཆོག་ཏུ་དགའ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཆུ་བོ་བཞི་རྒལ་བདེན་བཞིའི་བཀའ་མཆིད་གསུང་། །ས་ལ་རྒྱུ་བ་འདི་ལ་མིག་སྩོལ་བ། །འཁོར་ལོ་མཆོག་གི་མཚན་ནི་སྟོང་མངའ་བ། །རྡུལ་མེད་ཕན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཉོན་མོངས་རྡུལ་བསལ་དམ་པ་མཐུ་
བོ་ཆེ། །མགོན་པོ་འགྲོ་ལ་མཆོག་གི་དོན་མཛད་པ། །བདུད་ཀྱི་དཔུང་རྣམས་སྟོབས་མེད་འཇིག་མཛད་པ། །བཅོམ་ལྡན་སྟོབས་བཅུ་ཁྱོད་ལ་ཕྱག་འཚལ་ལོ། །སྲེད་པའི་འཁྲི་ཤིང་གཅོད་མཛད་མཉམ་པ་མེད། །བརྙེས་པ་དག་དང་མ་བརྙེས་མཚུངས་མཉམ་ཐུགས། །
འཇིག་རྟེན་མཐར་འབྱིན་སྣང་བའི་སྒྲོན་མཛད་པ། །རྒྱ་མཚོ་ལྟ་བུ་ཁྱོད་ལ་ཕྱག་འཚལ་ལོ། །དུལ་ཞིང་སྟོབས་བཅུ་ཆེན་པོ་དམ་པ་མངའ། །སྦྱིན་པ་སྩོལ་ཅིང་རྟག་ཏུ་གཏོང་ལ་དགྱེས། །དུལ་བ་ཞི་གནས་ཡོན་ཏན་ཕ་རོལ་ཕྱིན། །ཉོན་མོངས་རྡུལ་བསལ་ཁྱོད་ལ་ཕྱག་འཚལ་

ལོ། །མཚན་མཆོག་འགྲོ་བ་ཀུན་ལ་དམ་པ་སྩོལ། །སྐྱེ་བོའི་འདྲེན་པ་ལྷ་ཡི་མཆོག་པས་མཆོག །བྱམས་དང་སྟོབས་དང་བཟོད་ལ་ངེས་པར་དགྱེས། །མཆོད་འོས་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། །མར་མེ་ལྟ་བུ་དྲི་མེད་ཟླ་བ་འདྲ། །ཕྱི་ནང་ཉོན་མོངས་
དྲི་མ་གཅོད་མཛད་པ། །ཉོན་མོངས་སྤངས་པ་ཡོན་ཏན་བསོད་ནམས་གཏེར། །ཞི་བ་ཐུགས་ཞི་ཁྱོད་ལ་ཕྱག་འཚལ་ལོ། །དད་པ་སྩོལ་བ་དགེ་སྦྱོང་ཞི་མཛད་པ། །སྟོན་པ་སྐྱེ་མཆེད་དྲུག་ལས་ཐར་མཛད་པ། །རྗེས་སུ་དྲན་དྲུག་ཤིན་ཏུ་ཡོངས་དག་དྲན། །རྒྱལ་བ་དགེ་སྦྱོང་རྒྱལ་
ལ་ཕྱག་འཚལ་ལོ། །འདོམ་གང་འོད་ནི་གསེར་གྱི་ཁ་དོག་བལྟ། །གསུང་སྙན་དམ་པ་རྣམ་པར་དག་པའི་དབྱངས། །བཅོམ་ལྡན་གང་ཟག་དམ་པ་སྐྱེས་བུ་མཆོག །སྲིད་གསུམ་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་རབ་མུན་པ་མ་མཆིས་ཕ་རོལ་གཤེགས། །རྟག་ཏུ་
དཀའ་ཐུབ་བརྟུལ་ཞུགས་རབ་ཏུ་སྤྱོད། །དེ་བཞིན་ཁོ་ན་གཞན་མིན་དེ་བཞིན་གསུང་། །མུན་པར་སྒྲོན་མ་འཛིན་ལ་ཕྱག་འཚལ་ལོ། །བདེ་གཤེགས་གྲགས་ལྡན་ཡོན་ཏན་བས་མ་འཚལ། །དེ་བཞིན་ཉིད་ཀྱི་ཆོས་ཀྱི་གནས་སྟོན་པ། །ཡོན་ཏན་བརྗོད་པ་མཐོང་ཞིང་གྲགས་བསྒྲགས་
པས། །མཆོག་ཏུ་དགའ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །བསྔགས་ལ་གནས་ཤིང་བརྟུལ་ཞུགས་དཀའ་ཐུབ་འཕགས། །ཁེངས་དང་ང་རྒྱལ་རྒྱགས་པ་གཅོད་མཛད་པ། །ཡེ་ཤེས་འབྱུང་གནས་རྡུལ་བྲལ་བློ་གྲོས་མཆོག །སྐྱེ་བོ་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །ཀ་ལ་
བིང་ཀ་ཚངས་དབྱངས་ཐུགས་རྗེ་ཅན། །འདོད་པ་རྩོད་བགྱིད་དྲི་མ་སེལ་མཛད་པ། །ཕུང་པོ་ཡོངས་མཁྱེན་མཁས་པ་བདེ་བར་གཤེགས། །ཡོན་ཏན་ཚོགས་མཆོག་མངའ་ལ་ཕྱག་འཚལ་ལོ། །ཡོན་ཏན་སྟོན་པ་ཡོན་ཏན་བསྟོད་མཆོད་པ། །ཟབ་མོ་བལྟ་དཀའ་ཤིན་ཏུ་རྟོགས་པར་དཀའ། །འཛུམ་
ཞལ་ཟླ་འདྲ་གསོང་པོར་གསུང་མཛད་པ། །བདུད་སྟོབས་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མཉམ་ཐུགས་ཁ་ལོ་སྒྱུར་བ་རབ་དུལ་ཐུགས། །ཀུན་གྱིས་མངོན་བསྟོད་མཉམ་པའི་ལམ་ལ་གནས། །ཐུབ་པ་མཆོག་གསུང་བདེན་པའི་བཀའ་མཆིད་ཅན། །བདེ་གཤེགས་མཉམ་

ཐུགས་ཁྱོད་ལ་ཕྱག་འཚལ་ལོ། །ལམ་སྩོལ་སྙན་པ་ཤིན་ཏུ་འཇམ་པའི་དབྱངས། །བདུད་ཀྱི་སྡེ་མང་འཇོམས་མཛད་ང་རྒྱལ་དང་། །ལྷག་པའི་ང་རྒྱལ་མི་མངའ་ཚུལ་མི་འཆོས། །ཐུབ་པ་དགེ་སྦྱོང་རྒྱལ་ལ་ཕྱག་འཚལ་ལོ། །སྟོབས་དང་མཐུ་དང་བརྩོན་འགྲུས་བསམ་གཏན་དགྱེས། །
རྟག་ཏུ་འདོད་ཆགས་སྐྱོན་དང་རབ་རིབ་བྲལ། །བདེ་བར་གཤེགས་པ་མི་གཡོ་གནས་ལ་ཞུགས། །སྟོབས་བཅུ་མཆོག་མངའ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་དང་ཞབས་ནི་དྲི་མེད་དྲ་བས་འབྲེལ། །སྐྱེ་དང་རྒ་དང་འཆི་བ་མི་མངའ་བ། །རྒྱལ་བར་འོས་པ་འགྲོ་བ་ཀུན་ལས་རྒྱལ། །ནམ་
མཁའ་མཉམ་ཐུགས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སླས་མི་འམ་ཅིའི་བུ་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་གི་ལྷག་པའི་བསམ་པ་མཁྱེན་ནས་དེའི་ཚེ་བཅོམ་ལྡན་
འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་དུ་མ་ཁ་དོག་སྣ་ཚོགས་བྱུང་སྟེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་
དང་། ལེ་བརྒན་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུའོ། །དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་འོད་ཀྱིས་ཁྱབ་པར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ནས་ཉི་མ་དང་ཟླ་བའི་འོད་མོག་མོག་པོར་བྱས་ཏེ། སླར་ལོག་ནས་བཅོམ་
ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེ་ས་དང་བཅས་ཤིང་གུས་པ་དང་བཅས་པར་
བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདིས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཞུས་པ། བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །ཟླ་བ་དྲི་མ་མེད་ཞལ་ཁྱོད་ལ་ཞུ། །དྲི་མེད་གཟི་བརྗིད་

མངའ་བ་ཁྱོད་ལ་ཞུ། །གསེར་གྱི་ཁ་དོག་ལྟ་བུ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །དམ་པའི་གཟུགས་རྣམས་མངའ་བ་ཁྱོད་ལ་ཞུ། །འགྲོ་བ་རྣམས་ཀྱི་དོན་མཛད་ཁྱོད་ལ་ཞུ། །ལྷ་དང་མི་རྣམས་ཀྱིས་མཆོད་ཁྱོད་ལ་ཞུ། །བདེ་བར་
གཤེགས་པ་ཅི་སླད་འཛུམ་སྟོན་པ། །སྦྱིན་དང་དུལ་ལ་དགྱེས་པ་ཁྱོད་ལ་ཞུ། །ཚུལ་ཁྲིམས་ཡོངས་དག་གྱུར་པ་ཁྱོད་ལ་ཞུ། །བཟོད་པའི་སྟོབས་དང་སྟོབས་སྩོལ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །བརྩོན་འགྲུས་སྟོབས་དང་མཐུ་མངའ་ཁྱོད་ལ་ཞུ། །
བསམ་གཏན་མངོན་ཤེས་དགྱེས་པ་ཁྱོད་ལ་ཞུ། །ཤེས་རབ་ནམ་མཁའ་མཉམ་པ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །རྟག་ཏུ་བྱམས་པའི་ཐུགས་ཅན་ཁྱོད་ལ་ཞུ། །རྟག་ཏུ་ཐུགས་རྗེ་ལྡན་པ་ཁྱོད་ལ་ཞུ། །དགའ་དང་བཏང་སྙོམས་དགྱེས་པ་ཁྱོད་ལ་
ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །སྲིད་པ་གསུམ་པོ་མཐར་འབྱིན་ཁྱོད་ལ་ཞུ། །སྤྱན་གསུམ་དྲི་མ་མི་མངའ་ཁྱོད་ལ་ཞུ། །བདུད་རྩི་ཆོས་རྣམས་གསུང་བ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །བདུད་རྣམས་ཐ་མར་འབྱིན་པ་ཁྱོད་
ལ་ཞུ། །ངན་པའི་ཚོགས་རྣམས་འཇོམས་པ་ཁྱོད་ལ་ཞུ། །བདེན་པ་དམ་པ་གཟིགས་པ་ཁྱོད་ལ་ཞུ། །བདེ་བར་གཤེགས་པ་ཅི་སླད་འཛུམ་སྟོན་པ། །སྟོབས་བཅུ་དམ་པ་མངའ་བ་ཁྱོད་ལ་ཞུ། །ཐེ་ཙོམ་དག་ནི་གཅོད་མཛད་ཁྱོད་ལ་ཞུ། །ཡོན་ཏན་སྟོང་གིས་བརྒྱན་པ་ཁྱོད་
ལ་ཞུ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོའི་སླས་རྣམས་ང་ལས་དགེ་བའི་རྩ་བ་བསྐྱེད་དོ། །བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བུད་མེད་ཀྱི་དངོས་པོ་ལས་བསྒྱུར་ཞིང་སྐྱེས་པའི་དངོས་པོ་ཐོབ་པར་བྱ་བའི་ཕྱིར་ངའི་རྐང་པ་གཉིས་ལ་གཏུགས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་

བོ་མི་འམ་ཅིའི་སླས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་གིས་བསམ་པ་ཐག་པ་ནས་དགེ་བའི་རྩ་བ་བསྐྲུན་པ་འདིས་འདི་ནི་ཤི་འཕོས་ནས་བུད་མེད་ཀྱི་དངོས་པོ་ལས་གྱུར་ཏེ་སྐྱེས་པའི་ལུས་ཐོབ་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྷན་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྫོགས་པའི་བྱང་ཆུབ་འདི་ཀུན་འགྲོ་བ་བྱེད་པར་འགྱུར་རོ། །བྱམས་པ་དེ་བཞིན་གཤེགས་པ་བྱང་ཆུབ་ཐོབ་པ་ན་མཉེས་པར་བྱེད་ཅིང་དམ་པའི་ཆོས་ཀྱང་ཀུན་བགྲོ་བ་བྱེད་པར་འགྱུར་རོ། །
བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་རིམ་གྱིས་མཉེས་པར་བྱེད་པར་འགྱུར། དེ་དག་གིས་དམ་པའི་ཆོས་ཀྱང་ཀུན་བགྲོ་བ་བྱེད་པར་འགྱུར། འཛིན་པར་འགྱུར་རོ། །དེ་དག་རིམ་གྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་བསྒྲུབ་པར་བྱ་བ་ཐམས་ཅད་ཀུན་
ཏུ་རྫོགས་པར་བྱས་ནས། གང་གི་ཚེ་མི་འམ་ཅིའི་རྒྱལ་པོ་སྡོང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་དེ་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ཏེ། དེས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་
པར་ཡང་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་ཅག་ལ་སངས་རྒྱས་ཀྱི་མཛད་པ་མཛད་དོ། །ངན་སོང་ངན་འགྲོ་ཐམས་ཅད་ཀྱི་ལམ་བཀུམ་མོ། །བདེ་འགྲོ་ཐམས་ཅད་ཀྱི་
ལམ་རྣམ་པར་སྦྱངས་སོ། །བདག་ཅག་བྱང་ཆུབ་ཀྱི་ལམ་ལ་རབ་ཏུ་བཀོད་དོ། །བདག་ཅག་ལ་ཆོས་ཀྱི་གཏེར་བསྟན་ཏོ། །བདག་ཅག་ཡེ་ཤེས་ཀྱིས་ལ་བཀོད་དོ། །དགེ་བའི་རྩ་བ་ཐམས་ཅད་འབར་བར་བགྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཕྱོགས་བསྟན་ཏོ། །ཐབས་ལ་མཁས་པ་
བསྟན་ཏོ། །བདག་ཅག་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་པ་སྩལ་ཏོ། །ཆོས་བསྒྲགས་པས་རབ་ཏུ་དགའ་བར་མཛད་དོ། །དགའ་བ་དང་དང་བ་དང་། མཆོག་ཏུ་དགའ་བ་ཐོབ་པས་གཟེངས་བསྟོད་དོ། །ཆོས་ཟབ་མོའི་བཟོད་པ་ལ་རབ་ཏུ་དགའ་བར་མཛད་དོ། །བདག་

ཅག་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་བཀོད་དོ། །བདག་ཅག་ནི་བཅོམ་ལྡན་འདས་ལ་བྱས་པ་གཟོ་བ་ལགས་ཀྱི་བྱས་པ་མི་གཟོ་བ་མ་ལགས་ཀྱང་བཅོམ་ལྡན་འདས་བདག་ཅག་གིས་ཤ་དང་ཁྲག་གིས་ཀྱང་དེ་བཞིན་གཤེགས་པ་ལ་ལན་མི་ལོན་ན་གཞན་གྱིས་ལན་ལྡོན་པར་
མི་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། མ་ལ་མིའམ་ཅིའི་རྒྱལ་པོ་སྡོང་པོ་འདི་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། འདིའི་མིང་ནི་
ཇི་སྐད་ཅེས་བྱ་བར་འགྱུར། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཇི་སྙེད་ཅིག་ཏུ་འགྱུར། ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་ནི་ཇི་འདྲ་ཞིག་ཏུ་འགྱུར། དེའི་སེམས་ཅན་བཀོད་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ནི་ཇི་འདྲ་བ་ཞིག་ཏུ་འགྱུར་སྙམ་མོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་ཡོངས་སུ་མཁྱེན་ནས་འཛུམ་པ་མཛད་པ་དང་། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་དུ་མ་ཁ་དོག་ཐ་དད་པ་ཁ་དོག་བརྒྱ་སྟོང་ཕྲག་དུ་མ་བྱུང་སྟེ། ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེར་ཡང་སངས་
རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བར་བྱས་ཏེ། སེམས་ཅན་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས་ནས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་འདུན་པར་བྱས་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་སྟོང་དུ་བསྐོར་བ་བྱས་ཏེ། བཅོམ་ལྡན་
འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་སྔོན་ཆད་མ་མཛད་པའི་འཛུམ་པ་མཐོང་ནས་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་
འདས་ཀྱི་སྤྱན་སྔར་འདུག་སྟེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་གསོལ་པ། བདེ་བར་གཤེགས་ཀྱི་འཛུམ་པ་ཅི་འདྲ་བ། །དེ་རིང་ཕྱུང་སྟེ་ཐུག་

མེད་བྱེ་བའི་ཞིང་། །རྒྱ་ཆེན་ཕྱོགས་བཅུའི་གང་གཱའི་རྡུལ་མཐའ་ཡས། །ཁྱབ་པ་དེ་འདྲ་སྔོན་ཆད་ཡོང་མ་མཐོང་། །ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་བ་དང་། །ནོར་བུ་མེ་དང་ཉི་མ་ཟླ་བའི་འོད། །མི་དབང་གཟི་བརྗིད་ཀྱིས་ནི་མོག་མོག་གྱུར། །འཛུམ་མཛད་འདི་ཡི་རྒྱུ་ནི་ལུང་བསྟན་
གསོལ། །སུ་ཡི་ཆེད་དུ་དཔའ་བོ་ཁྱོད་ཀྱིས་འོད་ཕྱུང་བས། །འདིར་ནི་ངན་སོང་གསུམ་ཞི་བྱང་ཆུབ་ཡན་ལག་རྫོགས། །ཆོས་ཀྱི་རྗེ་ཡིས་བདག་ཅག་རྣམས་ཀྱི་དོགས་པ་སོལ། །མི་རྣམས་ཀྱི་ནི་ཡིད་གཉིས་མ་ལུས་ལེགས་པར་ཁུམ། །འཁོར་ཀུན་དགའ་བས་རྟོག་བགྱིད་ན། །སུ་
སླད་དེ་རིང་འཛུམ་པ་བསྟན། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་བསྐོར་བ་བྱས་ཏེ་རང་གི་སྟན་ལ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཕྱོགས་བཅུར་གཟིགས་
ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདིས་ཚུལ་འདི་ལྟ་བུ་དང་། རྒྱ་ཆེ་བ་འདི་ལྟ་བུ་དང་། རྣམ་པ་འདི་ལྟ་བུ་འདིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་མཐོང་ངམ། གསོལ་པ། བཅོམ་
ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མི་འམ་ཅིའི་རྒྱལ་པོ་སྡོང་པོ་འདི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་འཚང་རྒྱ་སྟེ། དཀོན་མཆོག་འབྱུང་གནས་ཞེས་བྱ་བའི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་ཟླ་བ་དྲི་མ་མེད་ཅེས་བྱ་བར་ཡོན་ཏན་གྱི་རྒྱལ་པོར་སྣང་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་
སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འཇིག་རྟེན་དུ་འབྱུང་ངོ་། །ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་ཟླ་བ་དྲི་མ་མེད་པ་དེ་ནི་ལག་

མཐིལ་ལྟར་མཉམ་པར་འགྱུར་ཏེ། བཻདཱུརྱ་དཀར་པོ་ལས་གྲུབ་པ། ཟླ་བ་ལྟ་བུར་སྣང་བ། ཤིན་ཏུ་དྲི་མ་མེད་པ། ཤིན་ཏུ་རྣམ་པར་དག་པ། མཆིང་བུ་མེད་པའོ། །དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་ཚད་མེད་པར་
གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཤ་སྟག་གོ། །བྱང་ཆུབ་སེམས་དཔའ་དེ་དག་ནི་ནམ་མཁའ་ལ་ཁང་པ་བརྩེགས་པ་ན་ལོངས་སྤྱོད་དེ། དེ་དག་ནམ་མཁའ་ལ་ཁང་པ་བརྩེགས་
པ་ན་གནས་པ་ན་བཻདཱུརྱ་དཀར་པོ་ལས་གྲུབ་པའི་ས་ཆེན་པོ་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོན་ཏན་གྱི་རྒྱལ་པོར་སྣང་བ་དེའི་གཟུགས་བརྙན་མཐོང་བར་འགྱུར་རོ། །དེ་དག་གིས་མཐོང་མ་ཐག་ཏུ་ཆོས་འདི་དག་ཐམས་ཅད་ནི་གཟུགས་བརྙན་ལྟ་བུའོ་ཞེས་དྲན་པ་སྐྱེ་བར་
འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་ཆོས་གང་ལ་ཐེ་ཙོམ་ཟ་བ་ན་དེ་དེ་བཞིན་གཤེགས་པས་དེ་ལ་སྣང་བར་གྱུར་པ་དེ་ལ་ཞུ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེས་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཞུས་པའི་ལུང་བསྟན་པས་སེམས་རངས་པར་མཛད་པར་འགྱུར་རོ། །
བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་དེ་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་དེ་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཡོད་པར་མི་འགྱུར་
རོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ནམ་མཁའ་ལ་ཁང་པ་བརྩེགས་པ་ན་འཁོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེར་བུད་མེད་དུ་གདགས་པའང་མེད་པར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་པད་མའི་སྙིང་པོ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །འཇིག་རྟེན་
གྱི་ཁམས་དེ་ན་ཁ་ཟས་སུ་གདགས་པ་མེད་དེ། སེམས་ཅན་དེ་དག་ཐམས་ཅད་ནི་བསམ་གཏན་ལ་དགའ་བ་དང་། ཆོས་ལ་དགའ་བའི་ཟས་ཅན་དུ་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ན་གཞན་རྣམ་པར་གཞག་པ་མེད་དེ། སེམས་ཅན་དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་

ངེས་པར་འགྱུར་བ་དག་གོ། །འཇིག་རྟེན་གྱི་ཁམས་དེ་ན་ཚུལ་ཁྲིམས་ལོག་པར་ཞུགས་པའམ། ལྟ་བ་ལོག་པར་ཞུགས་པའམ། ཆོ་ག་ལོག་པར་ཞུགས་པའམ། འཚོ་བ་ལོག་པར་ཞུགས་པའི་སེམས་ཅན་འགའ་ཡང་མེད་པར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ནི་ནན་ཏན་
དང་ལྡན་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པར་འགྱུར་བ་ཤ་སྟག་གོ། །སངས་རྒྱས་ཀྱི་ཞིང་དེ་ན་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་འམ། གཞན་མུ་སྟེགས་ཅན་སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་དང་དམིགས་པའི་ལྟ་བ་ལ་མངོན་པར་ཞེན་པ་དང་། ཕ་རོལ་
རྒོལ་བ་མེད་པར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་ནི་ཟབ་མོའི་སྤྱོད་ཡུལ་སྟོང་པ་ཉིད་ཀྱི་ཕྱག་རྒྱས་བཏབ་པར་འགྱུར་རོ། །འཇིག་རྟེན་གྱི་