Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 048_མདོ་སྡེ།_ང
Văn bản gốc(Tây Tạng)
Trang 13 / 18 (50.000 ký tự/trang)
་ནུས་མ་ཡིན། །ཁ་དོག་དབྱིབས་ནི་ཅི་འདྲ་ཞེས། །ང་ཡི་ཐད་ལྷགས་གང་དག་ལྟ། །ཁ་དོག་སྣ་ཚོགས་ལྟ་བྱེད་ཀྱང་། །མཚན་མ་ཤེས་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ནི་སྐུ་མཐོང་ནས། །ཀུན་བརྗོད་པ་ཡི་ཆོ་འཕྲུལ་གྱིས། །སེམས་ཅན་དེ་དག་རབ་དགའ་ཞིང་། །ང་ཡི་ ལུས་ལའང་སྟོད་པར་བྱེད། །སེམས་ཅན་དག་ནི་ཐམས་ཅད་ཀྱིས། །སངས་རྒྱས་སྐུ་ནི་བལྟ་མི་ནུས། །ལྷ་ཡི་མིག་ཅན་གང་ལ་ཡང་། །སྣང་བར་འགྱུར་བ་མ་ཡིན་ནོ། །འདི་ལྟར་སངས་རྒྱས་བྱིན་བརླབས་དེ། །ཁྱེད་ཅག་གིས་ནི་འདིར་ལྟོས་ཤིག །སྐུ་དེ་བསམ་མི་ཁྱབ་ཡིན་ པར། །སངས་རྒྱས་སྐུ་ནི་ཤེས་པར་བྱོས། །སྤུ་ཡི་ཁུང་བུ་གཅིག་ནས་སུ། །ཆོ་འཕྲུལ་དག་ནི་དེ་འདྲ་དང་། །འཇིག་རྟེན་ཁམས་སུ་སེམས་ཅན་གྱི། །དོན་དེ་འདྲ་བ་བྱེད་པར་འགྱུར། །འོད་ཟེར་བྱེ་བ་མང་པོ་ནི། །སྤུ་ཡི་ཁུང་ནས་ཕྱུང་ནས་སུ། །ཞིང་རྣམས་མང་པོ་སྣང་བར་བྱེད། ། སངས་རྒྱས་ཞིང་ཡང་དེ་སྙེད་དོ། །སྟན་འདི་ལ་ནི་འདུག་ནས་སུ། །ཇི་ལྟར་སེམས་ཅན་ངས་ཤེས་ལྟར། །དེ་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི། །སེམས་ཅན་དེ་དག་ཉིད་ཀྱིས་ཤེས། །སངས་རྒྱས་ཀྱི་ནི་ཡེ་ཤེས་མཐའ། །ང་ཡིས་གཞག་པར་ནུས་མ་ཡིན། །ཀུན་མཁྱེན་ཡེ་ཤེས་ ངས་ཀྱང་ནི། །ཉན་ཐོས་རྣམས་ཀྱིས་འདིར་ཅི་སྨོས། །སངས་རྒྱས་ཐམས་ཅད་བསམ་མི་ཁྱབ། །སངས་རྒྱས་ཆོས་རྣམས་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པས། །དེ་དག་བསམ་མི་ཁྱབ་ཏུའང་འགྱུར། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་སྟེ་བཅུ་པའོ།། །། དེའི་ཚེ་འཁོར་དེ་ཉིད་དུ་སྐྱེས་ནས་ལོ་བདུན་ལོན་པ་ལྟ་བུའི་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ཚིགས་སུ་ བཅད་པ་དག་གིས་གསོལ་པ། སངས་རྒྱས་ཆོས་རྣམས་དེ་ཐོས་ཏེ། །དེ་ནས་གོ་ཆ་འཚལ་སྙམ་ནས། །བདག་ལ་ཀུན་ཏུ་འདུན་སྐྱེས་པས། །བདག་ཀྱང་དེ་འདྲར་འགྱུར་སྙམ་བགྱིད། །སྤྱན་ལྡན་ཆོས་ཀྱི་སྦྱིན་པ་ཡིས། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། །ཁྱུ་མཆོག་ གི་ནི་ཚིག་ཏུ་སྨྲ། །གཞན་དུ་མ་ལགས་དེ་བཞིན་བགྱི། །འདྲེན་པ་སླད་ཀྱིས་སྡུམ་པར་ནི། །བདག་གི་འདུན་པར་འཇུག་མ་ལགས། །འཇིག་རྟེན་མགོན་པོའི་བསྟན་པ་དེ། །འདི་ཉིད་ལ་ནི་རབ་ཏུ་འབྱུང་། །མངོན་པར་འབྱུང་དང་བརྩོན་འགྲུས་དང་། །ཡོན་ཏན་རྣམས་དང་བསམ་ གཏན་དང་། །ཏིང་འཛིན་ཤེས་རབ་འབྲས་དེ་ལགས། །དེ་ཉིད་བདག་གིས་བསྟེན་པར་བགྱི། །སྤྱན་ལྡན་དག་ལ་འདུན་པ་སྐྱེས། །མྱུར་དུ་བདག་ནི་རབ་ཏུ་ཕྱུང་། །ངུར་སྨྲིག་གོས་ནི་འཚལ་ནས་སུ། །ཆོས་ཀྱི་དམ་པ་སྤྱད་པར་བགྱི། །མེ་ལོང་ཡེ་ཤེས་ལྟ་ བུས་ཀྱང་། །འཇིག་རྟེན་དེ་ལ་རྣམ་སེམས་ཤིང་། །འཇིག་རྟེན་མཆོག་ཏུ་འགྱུར་བར་བགྱི། །ལེགས་པར་རབ་ཏུ་དབྱུང་དུ་གསོལ། །ཐམས་ཅད་ཀྱང་ནི་མ་མཆིས་པས། །སེམས་ཅན་འདུ་ཤེས་མི་གནས་ཤིང་། །བདག་མངོན་རྫོགས་པར་སངས་རྒྱས་ནས། །འདྲེན་པ་ཆོས་དེ་ བསྟན་པར་བགྱི། །བདུད་དཔུང་བཅས་པ་བཅོམ་ནས་སུ། །མུ་སྟེགས་གཞན་རྣམས་སྐྲག་བགྱིས་ཏེ། །ལྟ་བའི་དྲ་བ་རབ་བཅོམ་ནས། །སྲོག་ཆགས་རྣམས་ཀྱི་དོན་བགྱིའོ། །མྱ་ངན་འདས་བདེ་འཐོབ་སླད་དུ། །བདག་གིས་ལམ་ནི་བསྟན་པར་བགྱི། །དེ་ལ་སྐྱེ་བ་མ་མཆིས་ པས། །ལམ་དེ་བསམ་མི་ཁྱབ་པ་ལགས། །བདག་གིས་དྲ་བ་རྣམ་ཕྱེ་ནས། །བདག་གིས་ཆོས་ཀྱི་སྣང་བར་བགྱི། །རང་བཞིན་དེ་དང་མཚན་ཉིད་དེའི། །ཆོས་ནི་ཇི་ལྟ་བཞིན་དུ་བསྟན། །རྫུ་འཕྲུལ་སྟོབས་ཀྱིས་རྣམ་འཕྲུལ་བགྱི། །ཆོ་འཕྲུལ་དག་ནི་བསྟན་པར་བགྱི། །དེ་ལ་གང་ དག་བདག་ལ་ལྟ། །ཀུན་གྱི་ཐེ་ཚོམ་འཆད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེའུ་ངའི་བསྟན་པ་འདི་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་དམ། །དེས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཞིག་ངུར་སྨྲིག་མི་འཛིན་ཅིང་། །གང་དག་སྙིགས་མ་མེད་གྱུར་པ། །ང་ཡི་བསྟན་ལ་རབ་འབྱུང་བར། །བྱ་བའི་ཆོས་ནི་དེ་ཡིན་ནོ། །གང་གི་སྐྲ་དག་མ་བྲེགས་ཤིང་། །བཅིང་བ་ཐམས་ཅད་བཅད་གྱུར་ལ། །མ་བཅིངས་ པ་དང་མ་གྲོལ་བ། །འདི་ལ་རབ་ཏུ་བྱུང་བ་དེའོ། །གང་དག་བསླབ་ལ་མི་སློབ་པ། །བསླབ་པའང་འབོགས་པར་བྱེད་མ་ཡིན། །བསླབ་པ་ཀུན་ལ་བསླབས་པ་ནི། །འདི་ལ་རབ་ཏུ་བྱུང་བ་དེའོ། །གང་ཞིག་དམ་ཆོས་མི་འཛིན་ཅིང་། །ཆོས་རྣམས་ཐམས་ཅད་རྣམ་བསྒོམས་ལ། །ཆོས་ཀྱི་ འདུ་ཤེས་བསྩལ་གྱུར་པ། །དེ་ནི་འདི་ལ་རབ་ཏུ་བྱུང་། །གང་ཞིག་བདག་ཅེས་མི་སེམས་ཤིང་། །གང་ཞིག་སེམས་ཅན་ཞེས་མི་སེམས། །དེ་ལ་ཞུམ་པ་ཉིད་མི་འབྱུང་། །དེ་ནི་བྱང་ཆུབ་ཕྱིར་ཞུགས་པའོ། །གང་གིས་སེམས་ནི་བསྐྱེད་གྱུར་ལ། །ཆོས་གཞན་ཡང་ནི་མི་དམིགས་ ཤིང་། །སེམས་ལ་འཛིན་པར་མི་བྱེད་པ། །དེ་ནི་ང་ལ་རབ་ཏུ་བྱུང་།། །།བམ་པོ་བཅུ་དྲུག་པ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་སེམས་ཏེ། གང་བཅོམ་ལྡན་འདས་ཀྱིས་གནས་ཟབ་མོ་ཟབ་མོ་དག་བསྟན་པའི་ཁྱེའུ་དེས་ཡུན་ཅི་སྲིད་ཅིག་སྤྱད་པར་ འགྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚིགས་སུ་བཅད་པ་དག་གིས་གསོལ་པ། བཅོམ་ལྡན་ཟབ་མོའི་ཆོས་ཐོས་ནས། །མི་སྐྲག་ཞུམ་པར་མི་འགྱུར་བའི། །ཁྱེའུ་ནི་རྣམ་པར་རྒྱལ་སྲུང་གི། །སྤྱོད་པ་དེ་འདྲ་དེ་ཅི་ལགས། །གང་གིས་ཟབ་ མོའི་གནས་ཐོས་ནས། །དེ་ལ་སྐྲག་པ་མི་འབྱུང་བ། །སྔོན་ཆད་སྐྱེ་བ་གཞན་དག་ཏུ། །རྫོགས་པའི་སངས་རྒྱས་ཇི་སྙེད་མཐོང་། །གང་གིས་སྒྱིད་ལུག་མི་འགྱུར་བ། །གནས་རྣམས་ཀྱང་ནི་ཟབ་མོ་དག །སྔོན་གྱི་སངས་རྒྱས་རྐང་གཉིས་མཆོག །ཇི་སྙེད་ཅིག་ལ་ཞུས་པ་ ལགས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ཚིགས་སུ་བཅད་པ་དག་གིས་སླར་བཀའ་སྩལ་པ། འདས་པའི་དུས་ན་ངས་ཤེས་པ། །ས་ཡི་ཕྱོགས་ནི་འདི་ཉིད་དུ། །སངས་རྒྱས་སྟོང་ཕྲག་མང་པོ་ལ། །རྣམ་པར་རྒྱལ་བ་སྲུང་གིས་ཞུས། །ཨང་ག་མ་ག་ དྷཱ་དེར་ནི། །བྱང་ཆུབ་སྤྱད་པ་སྤྱོད་པ་ན། །གང་དག་ལ་ནི་སྔོན་ཞུས་པ། །སངས་རྒྱས་ཇི་སྙེད་པ་ཡང་ཤེས། །ཆོས་རྣམས་དང་ནི་ཁམས་རྣམས་དང་། །སྐྱེ་མཆེད་དག་དང་སྟོང་པ་དང་། །ཚད་མེད་དེ་དང་རྣམ་ཐར་གྱི། །གནས་དང་གནས་མིན་རབ་ཏུ་མཁས། །ཇི་ལྟར་ཨང་ག་མ་ག་དྷཱར། ། ཨེ་མ་སངས་རྒྱས་ཤེས་པ་བཞིན། །དེ་ལྟར་ཀ་ཤིའི་ཁྱིམ་རྣམས་སུ། །མཁས་པས་དེ་སྙེད་ཤེས་པ་ཡིན། །རྣམ་པར་རྒྱལ་སྲུང་ཁྱེའུ་དེ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་ཐོབ། །དཀར་ཆོས་རྣམས་ཀྱིས་བྱུང་བ་ཡིན། །དེ་ཕྱིར་དེ་ཤེས་དེ་འདྲ་བ། །འདིར་ནི་ཆོས་ལ་རེག་པར་བྱེད། ། ཡི་གེ་ཇི་བཞིན་ཕྱག་རྒྱ་གྲངས། །བཟོ་རྣམས་སྣ་ཚོགས་གཞན་ཡང་ཤེས། །དེ་ལས་གཞན་ཡང་བརྗེད་པ་མེད། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །འཇིག་རྟེན་འདས་པའི་ཤེས་ལས་གཞན། །འཇིག་རྟེན་པ་ཡི་ཤེས་མི་སྨྲ། །དེ་ལ་མཆོག་ ཏུ་འཛིན་མི་བྱེད། །གང་གིས་ཡེ་ཤེས་དེ་འདྲ་དང་། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །དེ་ལ་བསྐལ་པ་བརྒྱ་དག་ཏུའང་། །རྨོངས་པ་ཡོད་པ་མ་ཡིན་ནོ། །ཡེ་ཤེས་དེ་ནི་ཡེ་ཤེས་ཆེ། །ཉོན་མོངས་ཟད་བྱེད་རང་བཞིན་ཅན། །གང་ཞིག་སྟོང་པ་མི་འདོད་པ། ། དེ་ནི་ཆོས་ལ་འཇུག་མི་འགྱུར། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཁྱོད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ཁྱེའུ་རྣམ་པར་རྒྱལ་བ་སྲུང་ བས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བདག་ནི་རབ་ཏུ་བྱུང་ཟིན་པས་བདག་རབ་ཏུ་མི་འབྱུང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་ལ་ཚིགས་སུ་བཅད་པ་དག་གིས་སྨྲས་པ། ཁྱོད་ཀྱིས་གོས་དག་གང་བགོས་པ། །ངུར་སྨྲིག་ཁྱོད་ལ་ གནང་མ་ཡིན། །ཁྱོད་ཀྱི་སྐྲ་ཡང་བྲེགས་མ་ཡིན། །འདི་ལ་ཇི་ལྟར་རབ་ཏུ་བྱུང་། །ཁྱོད་ཀྱིས་བསླབ་ལ་བསླབས་མ་ཡིན། །ཁྱོད་ལ་སློབ་དཔོན་ཡོད་མ་ཡིན། །མཁན་པོ་ཡང་ནི་ཡོད་མ་ཡིན། །ཁྱོད་ནི་ཇི་ལྟར་རབ་ཏུ་བྱུང་། །ཁྱོད་ནི་ལྷུང་བཟེད་ཐོགས་མ་ཡིན། །ཁྱོད་ནི་ མཚམས་སུ་བྱུང་བ་ཡིན། །འདི་ལ་གང་གིས་རབ་བྱུང་བ། །ཁྱོད་ནི་ཇི་ལྟར་བསྡམས་པ་ཡིན། །གང་དུ་ཚོགས་ཀྱིས་རྫོགས་པར་བྱས། །ཁྱོད་ཀྱི་དེ་སྙེད་སུ་ཡིས་བྱས། །ཁྱོད་ནི་ཇི་ལྟར་རབ་ཏུ་བྱུང་། །བདག་གིས་དྲིས་པ་དེ་སྨྲོས་ཤིག །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བས་ཚིགས་སུ་བཅད་པ་དག་གིས་སླར་སྨྲས་པ། །གང་ཞིག་ངུར་སྨྲིག་འཛིན་བྱེད་པ། །སྙིགས་མ་མེད་པ་འཛིན་མི་བྱེད། །མ་སྐྱེས་པ་ཡང་འཛིན་པ་མེད། །ངུར་སྨྲིག་གྱོན་པ་དེ་ཡིན་ནོ། །ཡེ་ཤེས་གོས་ནི་བདག་གིས་བཟུང་། །དེ་ནི་ནམ་ ཡང་གོས་པ་མེད། །རྟག་ཏུའང་དྲི་མེད་རྣམ་དག་པའི། །ངུར་སྨྲིག་བདག་གིས་གྱོན་པ་ཡིན། །བདག་གིས་ཉོན་མོངས་ཐམས་ཅད་སྤངས། །བདག་གིས་སྐྲ་དག་བྲེག་པ་བྱས། །ཡེ་ཤེས་ཀྱིས་ནི་བདག་གིས་བྲེགས། །དེ་དག་ཕྱིན་ཅད་སྐྱེ་མི་འགྱུར། །ལྷུང་བཟེད་བསམ་མི་ཁྱབ་ ལས་བྱུང་། །ཆོས་རྣམས་ཀུན་གྱི་སྣོད་ཡིན་ཏེ། །གང་བ་མེད་ཅིང་བྲི་མེད་དེ། །ཆོས་རྣམས་ཀུན་གྱི་སྣོད་ཡིན་ནོ། །བདག་ནི་གཞན་གྱི་མན་ངག་ལ། །ནམ་ཡང་གནས་ཤིང་གནས་འགྱུར་མེད། །ཐམས་ཅད་མཁྱེན་ཅིང་རང་འབྱུང་འགྱུར། །བདག་གི་ཕུན་སུམ་ཚོགས་དེ་ཡིན། ། ཆོས་ཀུན་མཉམ་མཛད་སངས་རྒྱས་ཀྱིས། །བདག་ལ་གསོལ་བ་མཛད་ཟིན་ཏེ། །འདྲེན་རྣམས་གང་ནས་གཤེགས་པ་ཡི། །སངས་རྒྱས་ལམ་ནས་འགྲོ་བར་བྱ། །བདག་གི་རང་བྱུང་དེ་འདྲ་སྟེ། །བདག་གི་བསླབ་པ་དེ་འདྲ་ཡིན། །མྱ་ངན་འདས་པའང་དེ་འདྲ་སྟེ། །གསོལ་ བའི་ལས་ནི་དེ་འདྲ་ཡིན། །སྤྱོད་པ་ལ་ནི་དེ་རིང་བསླབས། །ནམ་ཞིག་འཇིག་རྟེན་མགོན་ཐད་དུ། །ཞིང་ནས་ཞིང་དུ་འགྲོ་བ་དག །བདག་གིས་ཀྱང་ནི་སྤྱད་པར་བྱ། །བྱང་ཆུབ་སྙིང་པོར་འདུག་ནས་སུ། །སྦྱིན་པ་བསམ་མི་ཁྱབ་པ་སྦྱིན། །གཅིག་པུས་སྤྱད་པར་མི་བྱ་སྟེ། །བདག་ གིས་སྲོག་ཆགས་བྱེ་བ་སྦྱིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་ལ་རྣམ་པར་གཟིགས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་པར་གཟིགས་མ་ཐག་ཏུ་ཡང་དེ་ནས་དེ་ཉིད་ཀྱི་ཚེ་གོས་ངུར་སྨྲིག་གྱོན་ཞིང་འདུག་པར་གྱུར་ཏེ། སྐྲ་བྲེགས་ནས་ཞག་བདུན་ལོན་པ་ལྟ་བུར་ཡང་གྱུར་ ཏོ། །སྐད་ཅིག་དེ་ཉིད་ལ་མངོན་པར་ཤེས་པ་ལྔ་ཡང་ཐོབ་བོ། །དེ་ནས་གཞོན་ནུ་རྣམ་པར་རྒྱལ་བ་སྲུང་བས་ཕྱོགས་དེ་ཉིད་དུ་འདུག་ནས་མི་སྣང་བར་གྱུར་ཏེ། དེ་མི་སྣང་བར་གྱུར་མ་ཐག་ཏུ་ས་ཆེན་པོ་ཡང་གཡོས་ཤིང་སྤུ་ཟིང་ཞེས་བྱེད་པ་དང་བཅས་པའི་སྐྲག་པར་ཡང་གྱུར། ལྷ་དག་ ཀྱང་སྟེང་གི་བར་སྣང་ལས་རྔ་རྡུང་ཞིང་ལྷའི་གླུ་དབྱངས་ལེན་པར་ཡང་གྱུར། འཇིག་རྟེན་དུ་སྣང་བ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་སུ་བྱུང་སྟེ། བྱུང་ ནས་ཀྱང་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ལ་ལན་གསུམ་བསྐོར་བ་བྱས་ནས་སྤྱི་གཙུག་གི་མཚམས་སུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་ཞུས་པ། མི་འདུལ་ཁ་ལོ་སྒྱུར་བ་སེམས་ཅན་མཆོག །སྤྱོད་པ་ཡོན་ཏན་ཁྱད་པར་འཕགས་ལ་གནས། །རྒྱལ་བ་ཡེ་ཤེས་མ་ཆགས་ཕ་རོལ་གཤེགས། །ཀུན་མཁྱེན་རྒྱལ་བ་བླ་ན་མེད་ལ་ཞུ། །ཞལ་ནས་འོད་ཟེར་ མང་པོ་བྱུང་ནས་སུ། །འོད་ཀྱིས་སངས་རྒྱས་ཞིང་ནི་ཐམས་ཅད་ཁྱབ། །སངས་རྒྱས་ཞིང་དེ་ལ་ནི་བསྐོར་བགྱིས་ནས། །དེ་དག་སླར་ལོག་ནས་ཀྱང་སྤྱི་གཙུག་ནུབ། །རྒྱུ་མ་མཆིས་པར་སངས་རྒྱས་འཛུམ་མི་སྟོན། །དེ་རིང་སུ་ཡི་དོན་སླད་འཛུམ་དེ་བསྟན། །ལུང་བསྟན་དེ་ནི་ སུ་ཡི་ལགས་པར་འགྱུར། །འཇིག་རྟེན་མགོན་པོ་བདག་གི་ཐེ་ཚོམ་ཆོད། །གང་གིས་འཛུམ་པ་དེ་འདྲ་བསྟན་གྱུར་ཅིང་། །སངས་རྒྱས་ཞིང་དེ་ཐམས་ཅད་སྣང་བགྱིས་པའི། །ཡངས་པའི་དོན་དེ་སུ་ཡི་ལགས་པར་འགྱུར། །ཡེ་ཤེས་མཆོག་གིས་འདིར་ནི་སུ་ལུང་སྟོན། །སངས་ རྒྱས་ཞིང་བརྒྱན་པ་ནི་མཛེས་པ་ལགས། །སེམས་ཅན་ཀུན་ཀྱང་བདེ་བར་གྱུར་པ་ལགས། །འདི་ལ་བག་མ་མཆིས་པར་སེམས་མི་འཇུག །ཆོ་འཕྲུལ་དེ་ལྟ་བུ་ནི་གདའ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དགའ་བོ་ཁྱོད་ཀྱིས་ས་ཕྱོགས་འདི་ཉིད་ན་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་གོས་ངུར་སྨྲིག་གྱོན་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱེའུ་རྣམ་པར་རྒྱལ་བ་སྲུང་བ་དེ་ནི་དེ་བཞིན་གཤེགས་པ་ མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བར་ལུས་དེ་ཉིད་ཀྱིས་འདུག་གོ། །དེའི་ཚེ་ཇི་སྲིད་པར་སངས་རྒྱས་ཀྱི་ཞིང་དེར་ཚངས་པར་སྤྱོད་པ་སྤྱད་ནས་ལུས་དེ་ཉིད་ཀྱིས་རྒྱལ་སྲིད་ཐོབ་སྟེ། འདི་ལྟ་སྟེ། དཔེར་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ད་ལྟར་ རྒྱལ་སྲིད་ཐོབ་པ་བཞིན་ནོ། །སངས་རྒྱས་ཀྱི་ཞིང་དེ་ནས་ཤི་འཕོས་ནས་ཀྱང་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཞིང་ནམ་དུ་ཡང་སངས་རྒྱས་དང་འབྲལ་བར་མི་འགྱུར་ལ། ཐམས་ཅད་དུ་ལུས་ཐོབ་པ་དེས་ཀྱང་རྒྱལ་སྲིད་ཐོབ་པར་འགྱུར་རོ། ། དེ་ཕྱིས་ཀྱང་བསྐལ་པ་གྲངས་མེད་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། །འཇིག་རྟེན་གྱི་ཁམས་རྟག་ཏུ་སྣང་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་མཐའ་ཡས་རྣམ་པར་ བསགས་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ཡེ་ཤེས་ཆེན་པོ་རྣམ་པར་བསགས་པའི་ཚེའི་ཚད་ནི་དཔག་ཏུ་མེད་པར་འགྱུར་ཏེ། བསྐལ་པ་འདི་སྙེད་དོ་ཞེས་དཔག་པའམ། བགྲང་བའམ། བསམ་པར་མི་ནུས་སོ། །དེ་བཞིན་གཤེགས་པ་དེའི་ སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་སེམས་ཅན་དེ་དག་ནི་མངལ་དུ་སྐྱེ་བར་མི་འགྱུར་ཏེ། སེམས་ཅན་དེ་དག་རྫུས་ཏེ་སྐྱེ་བར་འགྱུར་ཞིང་། པད་མ་དག་གི་སྟེང་དུ་སྐྱིལ་མོ་ཀྲུང་གིས་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་སངས་རྒྱས་ཀྱི་ཞིང་དེ་ནི་ཡོན་ཏན་ཁྱད་པར་ཅན་དཔག་ཏུ་མེད་ པ་གཞན་དག་གིས་ཀྱང་ལེགས་པར་བརྒྱན་པར་འགྱུར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཚེ་རྗེས་ནས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་རབ་ཏུ་འབྱུང་བ་འཐོབ་སྟེ། བཞི་གང་ཞེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་རབ་ཏུ་འབྱུང་བ་ལ་ མངོན་པར་ཆས་པ་ཡིན་ཞིང་། །གཞན་དག་ཀྱང་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་ལ། རྣམ་པ་ཐམས་ཅད་ཀྱིས་ཀྱང་རབ་ཏུ་འབྱུང་བ་རྟོན་པར་བྱེད་དེ། རབ་ཏུ་བྱུང་ནས་ཀྱང་ཆོས་དང་ལྡན་པའི་གཏམ་གྱིས་རངས་པར་བྱེད་ཅིང་། ཡང་དག་པར་འཛིན་དུ་འཇུག་ལ་ཡང་ དག་པར་གཟེངས་སྟོད་པ་ཡིན་ཏེ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་དང་པོ་དེ་དང་ལྡན་ན་ཚེ་རྗེས་ནས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་རབ་ཏུ་འབྱུང་བ་འཐོབ་པ་ཡིན་ནོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བའི་ཕྱིར་བདག་ཉིད་ ཀྱིས་ཀྱང་བརྩོན་འགྲུས་བརྩམས་པ་ཡིན་ཞིང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བའི་ཕྱིར་གཞན་དག་ཀྱང་བརྩོན་འགྲུས་རྩོམ་པ་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་གཉིས་པ་དེ་དང་ལྡན་ན་ཚེ་རྗེས་ནས་དགེ་སློང་ ཚུར་ཤོག་ཅེས་བྱ་བའི་རབ་ཏུ་འབྱུང་བ་འཐོབ་པ་ཡིན་ནོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་བཟོད་པ་དང་དེས་པ་དང་ལྡན་པ་ཡིན་ཞིང་། །གཞན་དག་ཀྱང་བཟོད་པ་དང་དེས་པ་ཕུན་སུམ་ཚོགས་པ་ལ་འགོད་པར་བྱེད་པ་ཡིན་ལ། །བདག་ཉིད་ཀྱང་ཡོ་བྱད་ བསྙུངས་པའི་ཡོན་ཏན་ལ་གནས་པ་ཡིན་ཞིང་། གཞན་དག་ཀྱང་ཡོ་བྱད་བསྙུངས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་འཇོག་པར་བྱེད་པ་ཡིན་ལ། །དེ་བདག་ཉིད་ཀྱང་ཤེས་རབ་དང་ལྡན་པ་ཡིན་ཞིང་། གཞན་དག་ཀྱང་ཤེས་རབ་ཕུན་སུམ་ཚོགས་པ་ལ་འཇོག་པར་བྱེད་པ་ཡིན་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་གསུམ་པ་དེ་དང་ལྡན་ན་ཚེ་རྗེས་ནས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་རབ་ཏུ་འབྱུང་བ་འཐོབ་པ་ཡིན་ནོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་ཐབས་ལ་མཁས་ཤིང་སྨོན་ལམ་གྱི་སྟོབས་དང་ལྡན་པ་ཡིན་ལ། གཞན་དག་ ཀྱང་ཐབས་ལ་མཁས་པ་ཡང་དག་པར་འཛིན་དུ་འཇུག་ཅིང་སྨོན་ལམ་གྱི་སྟོབས་ཀྱིས་འཇོག་པར་བྱེད་པ་ཡིན་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དང་ལྡན་ན་ཚེ་རྗེས་ནས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་རབ་ཏུ་འབྱུང་བ་འཐོབ་ཅིང་། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་ དུ་འགྲོ་ལ། །ཐམས་ཅད་དུ་ཡང་ལུས་དེ་ཉིད་ཀྱིས་རྒྱལ་སྲིད་འཐོབ་ཅིང་དེར་ཡང་བག་ཡོད་པ་ཡིན་ནོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་མི་ཉམས་པ་ཡིན་ཏེ། །བཞི་གང་ཞེ་ན། །ཀུན་ དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་ཡིན། དེ་བཞིན་གཤེགས་པའི་བསྟན་པ་ལ་ཡང་མངོན་པར་དགའ་བ་ཡིན། ཆོས་རྣམས་ཉན་པས་ཀྱང་ངོམས་མི་ཤེས་པ་ཡིན། མི་སླུ་བས་བདེན་པ་སྨྲ་ བ་ཡིན་ཏེ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་མི་ཉམས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལྷག་པའི་ བསམ་པས་ཕུན་ཚོགས་ནས། །སངས་རྒྱས་མཐོང་བ་ཚོལ་བར་བྱེད། །ཆོས་རྣམས་ཀྱིས་ནི་ཆོག་མི་ཤེས། །བདེན་པའི་ཚིག་ལ་རབ་ཏུ་གནས། །སེམས་ཅན་སྡུག་བསྔལ་རྣམས་མཐོང་ནས། །ལྷག་པའི་བསམ་པ་སྐྱེད་པར་བྱེད། །ལྷག་པའི་བསམ་པ་ཤེས་ནས་སུ། ། སེམས་ཅན་རྣམས་ལ་ཆོས་སྟོན་འགྱུར། །དེ་འདྲའི་ཆོས་དག་ཐོས་པ་ན། །ཆོས་རྣམས་ཀྱིས་ནི་ངོམས་པ་མེད། །གང་གིས་དེ་ཡི་ཤེས་འཕེལ་བ། །དེ་ལ་བརྩོན་འགྲུས་རྩོམ་པར་བྱེད། །རྟག་པར་བདེན་ཚིག་སྨྲ་བར་འགྱུར། །བདེན་པའི་ཚིག་ལ་རབ་ཏུ་གནས། ། ཇི་ལྟར་དེ་ནི་ཚིག་སྨྲ་བ། །དེ་བཞིན་ཡིན་ཏེ་གཞན་དུ་མིན། །ཆོས་བཞི་པོ་ནི་དེ་དག་ལ། །དུས་དུས་སུ་ནི་སྟེན་པར་བྱེད། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །མིག་གི་དམ་པ་འཕེལ་བར་བྱེད། །གང་གི་རྣམ་སྨིན་དཔག་མེད་ཅིང་། །བསམ་མི་ཁྱབ་པར་བཤད་པ་ཡི། ། ཆོས་དེ་འདྲ་བ་ཐོས་ནས་སུ། །ཆོས་རྣམས་ལ་ནི་སུ་མི་གནས། །ཀུན་དགའ་བོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་བཞི་དང་ལྡན་ན། །དྲན་པ་ཉམས་པར་མི་འགྱུར་ཞིང་ལྷས་བསྐུལ་བ་ཡང་ཐོབ་ལ། །སྦྱིན་གནས་དང་བྲལ་བར་ཡང་མི་འགྱུར་ཞིང་། གལ་ཏེ་སྦྱིན་ གནས་མེད་པར་གྱུར་ན་བདག་ཉིད་ཀྱང་སྦྱིན་གནས་སུ་བྱེད་པ་ཡིན་ཏེ། །བཞི་གང་ཞེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སེམས་ཅན་ཡང་དག་པར་འཛིན་དུ་འཇུག་པར་སྤྲོ་བ་དང་ལྡན་པ་ཡིན། དེ་ བཞིན་གཤེགས་པ་ལ་བསྟི་སྟང་བྱ་བ་སྤྲོ་བ་དང་ལྡན་པ་ཡིན། ཆོས་ཡོངས་སུ་བཙལ་བར་སྤྲོ་བ་དང་ལྡན་པ་ཡིན། ཆོས་སྨྲ་བ་རྣམས་ལ་ཡང་བདེ་བའི་ཡོ་བྱད་ཀྱིས་ཉེ་བར་གནས་པ་ཡིན་ཞིང་། སེམས་ཅན་སྡུག་བསྔལ་བ་དག་མཐོང་ནས་ཀྱང་མི་འཇིགས་པས་དབུགས་འབྱིན་པར་བྱེད་ པ་ཡིན་ཏེ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཚེ་རྗེས་ནས་བརྗེད་མི་ངས་ཡིན་ཞིང་སྦྱིན་གནས་དང་ཡང་མི་འབྲལ་བ་ཡིན། གལ་ཏེ་སྦྱིན་གནས་མ་རྙེད་ན་ཡང་བདག་ཉིད་སྦྱིན་གནས་ སུ་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྫོགས་སངས་རྒྱས་ལ་བསྟི་སྟང་བྱེད། །ཆོས་ལའང་གུས་དང་བཅས་པ་ཡིན། །ཆོས་སྨྲ་བ་ཡི་དགེ་སློང་ལའང་། །གུས་དང་བཅས་པས་བསྟི་སྟང་བྱེད། ། སེམས་ཅན་འཇིགས་པས་གཟིར་བ་དང་། །འདྲེན་མེད་སྡུག་བསྔལ་རྣམས་མཐོང་ནས། །དེ་དག་ལ་ནི་འཇིགས་མེད་སྦྱིན། །འཇིགས་གཟིར་དེ་དག་སྐྱོབ་པར་བྱེད། །དགེ་བའི་རྩ་བ་དེ་ཡིས་ནི། །སངས་རྒྱས་མཐོང་བ་ཐོབ་པར་འགྱུར། །ཁྱོད་ལོངས་བརྩོན་འགྲུས་རྩོམས་ ཤེས་ནི། །ལྷ་རྣམས་དག་ཀྱང་སྐུལ་བར་བྱེད། །གལ་ཏེ་སངས་རྒྱས་མ་མཐོང་ཞིང་། །ཉན་ཐོས་ཀྱང་ནི་མ་མཐོང་ལ། །འཇིག་རྟེན་འདི་ཡི་སྦྱིན་པའི་གནས། །རང་སངས་རྒྱས་དེ་མ་མཐོང་ན། །རང་ཉིད་མངོན་པར་བྱུང་ནས་སུ། །ཁྱིམ་མེད་པར་ནི་རབ་ཏུ་ འབྱུང་། །དགོན་པ་ཞི་བ་སྟེན་པར་བྱེད། །མངོན་ཤེས་ལྔ་པོ་མྱུར་དུ་འཐོབ། །མངོན་ཤེས་ལྔ་པོ་ཐོབ་ནས་ཀྱང་། །ས་འདི་ཀུན་ཏུ་རྣམ་པར་རྒྱུ། །གྲོང་དང་ཡུལ་འཁོར་རྣམས་སོང་ནས། །སེམས་ཅན་རྣམས་ནི་ཆོས་འཛིན་འཇུག །དེ་ལས་ཆོས་ནི་ཐོས་ནས་སུ། ། འགྲོ་བ་སྡིག་པ་སྤོང་བར་བྱེད། །ཕྱི་ནས་སྡིག་པའི་ལས་ཅན་མིན། །སེམས་ཅན་གུས་དང་བཅས་པར་འགྱུར། །དེར་ནི་མྱ་ངན་འདས་པ་འཐོབ། །ཆོས་ཀྱི་མཆོག་གིས་དེ་མཆོག་ལྟར། །དེ་བཞིན་འདི་ལ་བདག་བྱ་སྙམ། །དེ་ཡི་ཐད་དུ་རབ་ཏུ་འབྱུང་། །རང་གིས་ཆོས་ནི་ སྤྱོད་པ་ན། །གཞན་དག་དང་ནི་བདག་ཉིད་ཀྱི། །དེ་འདྲ་བ་ཡི་ཡོན་ཏན་འབྱུང་། །སུ་ཞིག་རྟག་ཏུ་ཆོས་མི་སྤྱོད། །དེ་བས་བྱང་ཆུབ་ཡོངས་ཚོལ་བས། །ཆོས་དེ་དག་ནི་ཀུན་ཏུ་སྤྱད། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །དེ་ནི་ཉམས་པར་འགྱུར་མ་ཡིན། །ངས་ཀྱང་ སྔོན་ཆད་དེ་དག་བསྟེན། །དེ་ཕྱིར་ང་ནི་མཆོག་ཏུ་འཕགས། །ཆོས་དེ་ལ་ནི་མངོན་བསླབས་ནས། །སངས་རྒྱས་བྱང་ཆུབ་རྙེད་མི་དཀའ། །ང་ནི་འཇིག་རྟེན་རྫོགས་སངས་རྒྱས། །ང་ནི་འཇིག་རྟེན་བླ་ན་མེད། །ཡེ་ཤེས་བླ་ན་མེད་པ་ཡི། །ཆོས་སྟོན་བྱེད་པ་ཨ་ལ་ལ། ། ཀུན་དགའ་བོ་དེ་ལྟ་བས་ན་རྣམ་གྲངས་དེས་ན་ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་དག་ལ་གནས་ཤིང་འདི་ལྟ་སྟེ། །ཆོས་རྣམས་ཀྱིས་དོན་བྱེད་པ་ཡིན་པ་དེ་ལྟ་བུར་རིག་པར་བྱའོ། །ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པར་གྱུར་པ་ དེའི་ཚེ་དེའི་དུས་ན་ནམ་མཁའ་ཡོངས་སུ་ཟིན་པ་འདིར་རྒྱལ་པོ་ཕྱོགས་རབ་སྒྲོགས་ཞེས་བྱ་བ་ཞིག་བྱུང་སྟེ། །ཀུན་དགའ་བོ་རྒྱལ་པོ་ཕྱོགས་རབ་སྒྲོགས་ཀྱི་ཆུང་མ་དམ་པ་གཙོ་མོ་ལས་བུ་ཞིག་བཙས་པར་གྱུར་ཏོ། །ཀུན་དགའ་བོ་གཞོན་ནུ་དེ་བཙས་མ་ཐག་ཏུ་འཇིག་རྟེན་དུ་སེམས་ཅན་ཆོས་ སྤྱོད་པ་ཞིག་བྱུང་ངོ་། །ཞེས་ལྷ་རྣམས་ཀྱིས་སྒྲ་སྐད་འཐུན་པར་བསྒྲགས་སོ། །ཀུན་དགའ་བོ་དེ་ནས་རྒྱལ་པོའི་གཞོན་ནུ་དེས་སྒྲ་དེ་ཐོས་ནས་ཅི་འདི་ཆོས་ཤིག་ཡིན་ནམ། འོན་ཏེ་ཆོས་མ་ཡིན་སྙམ་ནས་ཀུན་ཏུ་སྔངས་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་པོའི་གཞོན་ནུ་སྐྱེས་ནས་ལོ་བདུན་ལོན་པ་ ལྟ་བུ་དེ་རྒྱལ་པོ་ཕྱོགས་རབ་སྒྲོགས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོའི་རྐང་པ་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་རྒྱལ་པོ་ཕྱོགས་རབ་སྒྲོགས་ལ་སྨྲས་པ། ཡབ་འདི་ཅི་ཆོས་ཤིག་ལགས་སམ་འོན་ཏེ་ཆོས་མ་ལགས། དེ་ནས་ རྒྱལ་པོ་དེས་གཞོན་ནུ་ལ་ཚིགས་སུ་བཅད་པས་སྨྲས་པ། སྲོག་གཅོད་པ་ཡི་སྡིག་པ་སྤངས་ནས་སུ། །སྦྱིན་པ་དུལ་བ་ཚངས་སྤྱོད་ཡང་དག་སྡོམ། །དེས་དང་ཚུལ་ཁྲིམས་ཡོན་ཏན་རབ་གནས་པ། །ཆོས་དེ་འཕགས་པ་རྣམས་ཀྱིས་བསྟོད་པ་ཡིན། །ཀུན་དགའ་བོ་དེ་ནས་རྒྱལ་པོའི་ གཞོན་ནུ་དེས་ཕ་དེ་ལ་ཚིགས་སུ་བཅད་པས་སྨྲས་པ། ཡབ་ཅིག་བདག་ལ་ཆོས་གང་གསུངས་པ་དེ། །རྒྱལ་སྲིད་འཛམ་གླིང་དེ་ནི་རབ་སྟོན་པ། །ཁྱིམ་པས་ཆོས་དེ་བསྟེན་པར་ནུས་ལགས་སམ། །བདག་གིས་ཞུས་པ་དེ་ནི་ལུང་བསྟན་གསོལ། །གལ་ཏེ་དེ་ནུས་ལགས་ན་བདག་ལ་ གསུངས། །གལ་ཏེ་བདག་གིས་ནུས་ན་ཁྱོད་ཀྱིས་གསུངས། །བདེན་པ་སྨྲ་བ་སེམས་ཅན་དམྱལ་མི་མཆི། །དེ་དག་ངན་འགྲོའང་ཀུན་ཏུ་སྟེན་མི་འགྱུར། །མི་བདེན་སྨྲ་བ་ངན་འགྲོར་མཆི་བར་འགྱུར། །མནར་མེད་ཕྱིན་ཅིང་སྡུག་བསྔལ་མྱོང་བར་འགྱུར། །དེ་ཕྱིར་མི་བདེན་པ་ དག་སྤངས་ནས་སུ། །བདེན་ཚིག་བདེན་པ་བདག་ལ་གསུང་དུ་གསོལ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་ཕྱོགས་རབ་སྒྲོགས་ཀྱིས་རྒྱལ་པོའི་གཞོན་ནུ་དེ་ལ་ཚིགས་སུ་བཅད་པ་དག་གིས་སྨྲས་པ། རྒྱལ་སྲིད་འཛམ་གླིང་དེ་ནི་རབ་སྟོན་པ། །ཆོས་རྣམས་མཐའ་དག་བསྟེན་པར་ནུས་མ་ཡིན། ། དབྱུག་པ་མཚོན་གྱིས་ས་ནི་རབ་བསྟན་ན། །གཞོན་ནུ་གང་དུ་དེ་ལ་ཆོས་འབྱུང་འགྱུར། །སྲོག་ཆགས་རྣམས་ལ་ང་ཡིས་གནོད་སྤྱོ་བྱ། །ང་ཡིས་བསྒོ་བ་མྱུར་དུ་མི་བྱེད་པ། །དེ་ནི་ལོངས་སྤྱོད་ཕྲོགས་ཤིང་ཆད་པས་བཅད། །ཕྱིས་ཀྱང་བཙོན་རར་རབ་ཏུ་གཞུག་པར་བྱ། །ས་བཟང་བལྟ་བའི་ཕྱིར་ ནི་མངོན་པར་འབྱུང་། །དེ་ཚེ་གྲོང་རྡལ་པ་དག་སྐྲག་པར་འགྱུར། །རྒྱལ་པོ་འོང་ཞེས་སྐྲག་པ་འབྱུང་འགྱུར་ཞིང་། །དེ་དག་ཕྱོགས་ཕྱོགས་སུ་ནི་འགྲོ་བར་འགྱུར། །གང་ཚེ་ང་ནི་ཆོས་ལ་འདུག་གྱུར་ཚེ། །ལྷ་འདི་ནོངས་པ་འབྱུང་བའི་མི་ལགས་ན། །ཇི་ལྟར་ལྷས་མཁྱེན་ཆད་པས་ཆོད་ཅིག་ ཅེས། །ང་ལ་འབུལ་ཞིང་ངེས་པར་འབུལ་བར་བྱེད། །ང་ཡིས་ཉེས་པ་བྱུང་བ་དེ་མ་ཤེས། །གཞན་གྱི་དོན་གྱི་ཕྱིར་ནི་སྡིག་པ་བྱས། །ཅི་ནས་ཕྱིན་ཅད་ང་ཡི་བསྟན་པ་ལ། །དེ་དག་སྡིག་མི་བྱེད་པར་རྡེགས་ཆིངས་སོད། །དེ་ལ་བསླབས་ནས་གཞན་དག་བྱེད་གྱུར་ན། །དེ་ལྟར་ང་ཡི་ ཡུལ་འཁོར་སྡུག་བསྔལ་འགྱུར། །ཚར་བཅད་ནས་ནི་དེ་ལ་ཆད་པས་བཅད། །དེ་ལས་གྲོང་རྡལ་བ་དག་འཇིགས་པར་འགྱུར། །རྒྱལ་པོ་གཏུམ་ཞིང་མི་རྣམས་དྲག་པོ་ཡིན། །དེ་ཡིས་འཕྲལ་དུ་སྲོག་ཆགས་འཇིགས་པར་བྱེད། །གནོད་པ་བྱེད་ཚེ་དེ་ལ་སྙིང་རྗེ་སྐྱེ། །རྣམ་པར་རྒྱལ་ལ་མ་ ཆགས་སྟོན་པར་འགྱུར། །དེ་ཚེ་གཞོན་ནུས་ཚིག་ནི་ཐོས་ནས་སུ། །ཕྱོགས་རབ་སྒྲོགས་ལ་ཚིགས་བཅད་འདི་དག་སྨྲས། །སྐྱོ་བ་ཐོབ་ཅིང་སྡུག་བསྔལ་གྱུར་པ་ལགས། །ཡབ་ཅིག་བདག་ནི་ཆོས་ལ་སྟེན་པར་འཚལ། །ཡབ་ཅིག་བདག་འདིར་རྒྱལ་སྲིད་དོན་མི་གཉེར། །གཞན་གྱི་དོན་གྱི་ ཕྱིར་ནི་སྡིག་བགྱིད་འགྱུར། །ཡབ་ཡུམ་དང་ནི་རྒྱལ་སྲིད་སྤངས་ནས་སུ། །ཡབ་ཅིག་བདག་ནི་ཆོས་ཡོངས་བཙལ་བར་འཚལ། །ཡབ་ཅིག་གལ་ཏེ་བདག་གཏོང་མི་མཛད་ན། །ང་ཉིད་བདག་ནི་འཆི་བའི་དུས་བགྱིའོ་ཡབ། །དུག་བཏུང་རི་ལས་གཡང་དུ་དོར་བར་བགྱི། ། མཚོན་གྱིས་འཆི་བའི་དུས་ཀྱང་བགྱིའོ་ཡབ། །རྒྱལ་པོས་ཚིག་དེ་ཐོས་ནས་མི་དགར་གྱུར། །བུ་ཁྱོད་ང་ཚིག་འདི་འདྲ་འདི་ཉོན་ཅིག །གཞོན་ནུ་ཁྱོད་ཀྱིས་རྟག་པར་འདོད་པ་སྤྱོད། །ང་ཡིས་རྒྱལ་སྲིད་དེ་ནི་བསྟེན་པར་བྱ། །བུ་ཁྱོད་ཁྱིམ་ནས་མངོན་པར་མ་འབྱུང་ཤིག །བུ་ཅིག་སྐྱེད་ མོས་ཚལ་དུ་རྩེ་དགའ་བྱོས། །ལོངས་སྤྱོད་ཡངས་ཤིང་མང་པོ་ཁྱོད་ལ་སྦྱིན། །བུ་ཁྱོད་རབ་ཏུ་བྱུང་བས་ཅི་འགྱུར་སྙམ། །འདོད་པ་མཛེས་པ་རིམ་གྱིས་སྤྱད་པར་བྱོས། །ལོངས་སྤྱོད་ཟད་པར་གྱུར་ནས་རབ་ཏུ་བྱུང་། །འདི་ལ་ཇི་སྲིད་སྐྱོན་ཉུང་ཤེས་ནས་སུ། །ཚེ་ཐུང་ཉིད་ན་མྱ་ ངན་འདས་པ་བསྐྱེད། །འདོད་པ་བསྟེན་པས་ངོམས་པར་འགྱུར་མ་ལགས། །སྐྱོན་དང་ཐ་བའི་ལས་ནི་བསྐྱེད་པར་བགྱིད། །སྐྱོན་མེད་མངོན་འབྱུང་ཆོས་ནི་སྤྱད་པར་བགྱི། །སྲོག་ཆགས་རྣམས་ལ་ཕན་ཕྱིར་བྱམས་པ་སྟེན། །དགོན་པའི་གནས་སུ་གཅིག་པུ་གནས་པར་བགྱི། ། དེ་ལས་བདེ་བ་ཆེན་པོ་འབྱུང་བར་འགྱུར། །ཚུལ་ཁྲིམས་གནས་པས་ཚངས་སྤྱོད་ཞི་བར་འགྱུར། །དེ་ཕྱིར་དགོན་པ་བརྒྱ་ནི་བསྟེན་པར་བགྱི། །བདག་གི་སླད་བཞིན་ཡབ་ཁྱོད་རབ་ཏུ་བྱུང་། །ཁྱོད་ལ་ཡུལ་འཁོར་གྲོང་རྡལ་ཅི་ཞིག་བགྱི། །གཞན་གྱི་དོན་དུ་སྡིག་པ་བགྱིས་པས་ནི། ། ངན་སོང་གནས་ཤིང་སྡུག་བསྔལ་མྱོང་བར་འགྱུར། །དེ་ཡི་ཚེ་ན་འཇིགས་པ་ཆེན་པོ་ཡི། །ལྕགས་ཀྱི་ཐུ་ལུམ་ཆེན་པོ་གསོལ་ཅིག་ཡབ། །སྡིག་བགྱིས་མི་མཉམ་པ་ནི་སྤྱད་པས་ན། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། །ལུས་ལ་ལྕགས་ཀྱི་ཕུར་བུས་བཏབ་ ནས་སུ། །དེ་ཚེ་ལྕགས་ཀྱི་སྒོ་གླེགས་སྟེང་ནས་འཇོམས། །གང་དག་དེ་ལུས་ཀུན་ནས་འཇོམས་པ་ཡི། །ལྕགས་ཀྱི་གཤོལ་དག་དེར་ནི་ཀུན་ནས་འབྱུང་། །རབ་དྲག་ལས་ཅན་སེར་སྐྱ་ལྗང་ཀུ་སྐྲས། །ཁས་བུབ་བུམ་པའི་ནང་དུ་རབ་ཏུ་འཇུག །ལྕགས་ཀྱི་གཏུན་དག་གིས་ ཀྱང་སྐྲག་པར་འགྱུར། །ལོ་གྲངས་མང་པོར་ཚོར་བ་བཟོད་པར་བགྱིད། །དེར་ནི་དེ་ཡང་འཆི་དུས་བགྱིད་མི་འགྱུར། །སྡིག་པའི་ལས་ཀྱིས་འཛིན་པར་བགྱིད་པ་ལགས། །ལས་བས་ནས་ནི་ཐར་པ་འཐོབ་ལགས་ཏེ། སྡིག་པའི་ལས་ཀྱི་འབྲས་བུ་དེ་འདྲ་ ལགས། །གང་ཚེ་ལུས་དེར་འཆི་བ་འབྱུང་བའི་ཚེ། །མེ་འོབས་རབ་ཏུ་འཇིགས་པར་དེ་དག་འཇུག །དེ་དག་གིས་ནི་ལུས་དེ་རབ་ཏུ་འབར། །དེ་ཚེ་རབ་འཇིགས་མེ་ཡིས་ཟིལ་གྱིས་ནོན། །གང་ཚེ་མེ་ཡི་འོབས་ལས་ཐར་གྱུར་ཚེ། །རབ་འཇིགས་ཀུན་འབར་ཀུན་ཏུ་རབ་འབར་བའི། ། བྲག་རི་ཆེ་མཐོ་ལ་ནི་འཛེག་པར་འགྱུར། །དེ་ཚེ་དེ་དག་མི་གཙང་འདམ་དུ་འཇུག །རབ་འཇིགས་ཀུན་འབར་ཀུན་ཏུ་རབ་འབར་ཞིང་། །དེ་ཚེ་ཁབ་འདྲའི་ཁ་ཡིས་ཟ་བ་ཡིས། །དེ་ཚེ་ལོ་ནི་བྱེ་བར་ཞུགས་ནས་སུ། །བརྒྱ་ལ་དེ་ལས་འབྱུང་བར་འགྱུར་བ་ལགས། །དེ་ཚེ་དེ་ནའང་འཇིགས་ པའི་མདའ་ཚལ་མཆིས། །དེར་ནི་ཤིན་ཏུ་མཆོག་ཏུ་སྡུག་བསྔལ་ལྟུང་། །རལ་གྲིའི་སོ་འདྲའི་ལོ་མ་རབ་འཇིགས་པ། །ཀུན་འབར་ཀུན་ཏུ་རབ་འབར་དག་གིས་གཅོད། །ཚལ་དེར་རབ་ཏུ་ཞུགས་པ་ཙམ་གྱིས་ཀྱང་། །ཕྱོགས་བཞི་དག་ནས་རླུང་གི་ཕུང་པོ་འབྱུང་། །གང་ཕྱིར་རླུང་ བསྐྱོད་རལ་གྲི་འཁྲུགས་ནས་སུ། །དེ་ཡིས་ལུས་ནི་ཀུན་ནས་རབ་ཏུ་འདྲ་ལ། །གང་ཚེ་ཚལ་དེ་ནས་ནི་མངོན་བྱུང་ཚེ། །དེར་ནི་འཇིགས་པ་ཆེན་པོའི་ཚལ་དུ་འཇུག །དེ་ཚེ་རལ་གྲིའི་སོ་འདྲའི་ལོ་མས་འགུམས། །སྤུ་གྲིའི་སོ་འདྲ་དག་གིས་འབྱིན་པར་འགྱུར། །རལ་གྲིའི་ཚལ་རབ་ འཇིགས་པར་ཞུགས་ཙམ་གྱིས། །ཕྱོགས་བཞི་དག་ནས་འཇིགས་པའི་རླུང་ལྡང་འགྱུར། །རླུང་བསྐྱོད་དེ་དག་རལ་གྲི་ལོ་མས་ཆོད། །དེ་ཚེ་ལུས་ནི་དུམ་བུ་དུམ་བུར་འཆད། །དེ་ཚེ་དེ་དག་ལུས་ལ་གཅོད་པ་ན། །རླུང་གིས་འཕངས་པའི་རལ་གྲི་ལྷུང་འགྱུར་ཞིང་། །ལུས་ལ་རལ་གྲི་འདབ་ མ་ཞུགས་པར་འགྱུར། །དེ་དག་དེ་ན་སྡུག་བསྔལ་ཚོར་བ་མྱོང་། །ལོ་ནི་མང་པོར་སྡུག་བསྔལ་མྱོང་ནས་སུ། །དེ་དག་འགྱུར་བྱེད་ཆུ་ཀླུང་རབ་ཚར་འཇུག །ལོ་ནི་མང་པོར་སྡུག་བསྔལ་མྱོང་ནས་སུ། །འགྱུར་བྱེད་ཆུ་ཀླུང་ཚ་མྱུར་འབབ་པར་འགྱུར། །ཟབ་མོ་གློང་སྟོང་འབབ་པར་བགྱིད་པ་ཡི། ། ཟངས་དང་ལྕགས་བསྐོལ་བ་ནི་འབབ་པ་དེར། །མི་ནི་གཞོལ་བས་འབབ་ཅིང་འཆི་བར་འགྱུར། །རྦ་གློང་ཤུགས་ཀྱིས་འབབ་པས་འཆི་བར་འགྱུར། །རྦ་གློང་ཆེན་པོའི་ཤུགས་ཀྱིས་རབ་འབབ་ཅིང་། །དེ་ན་འཇིགས་པའི་ཆུ་ཀླུང་དེར་འཇུག་འགྱུར། །གཏིང་མ་སླེབས་པར་འབབ་པས་འཆི་བར་ འགྱུར། །སྡུག་བསྔལ་དེ་ནི་ལྟ་བར་སུ་ཞིག་འཚལ། །གང་ཚེ་རྒལ་བར་གྱུར་པ་དེ་ཡི་ཚེ། །འགྲམ་ན་གནས་པའི་སྲིན་པོ་དྲག་འཇིགས་པ། །སོ་གཙིགས་ལྗང་ཁུ་དམར་སེར་སྐྲ་ཅན་གྱིས། །བརྒྱུགས་ནས་འབྲོས་པར་བྱེད་པ་འཛིན་པར་འགྱུར། །བཟུང་ནས་གྲོགས་པོ་ཅི་ཟ་བསྟན་པར་ གྱིས། །ཁྱོད་ནི་ཅི་འདོད་ཅེས་ཀྱང་འདྲི་བར་བགྱིད། །བདག་ནི་ཟས་ཤིག་བཟའ་བར་འཚལ་ལགས་ཏེ། །བདག་ནི་བཀྲེས་ཞེས་ཚིག་ཏུ་སྨྲ་བར་འགྱུར། །མཆོག་རབ་འཇིགས་དེ་དག་གིས་མྱུར་བཟུང་ནས། །ལྕགས་ཀྱི་ས་སྟེང་དུ་ནི་བོར་ནས་སུ། །གང་དག་ལུས་བཤིག་ནས་ནི་སར་ ལྟུང་བའི། །ལྕགས་ཀྱི་ཐུ་ལུམ་དེ་དག་དེར་སྦྱིན་འགྱུར། །ཁོང་དུ་འབར་ཞིང་ཕྱི་རོལ་རབ་འབར་བས། །བསྲེག་ཅིང་བཙོའོ་ཞེས་ནི་ཚིག་ཏུ་སྨྲ། །དེར་ནི་འགྱུར་བྱེད་ཆུ་ཀླུང་སྡུག་བསྔལ་ལྟུང་། །ཆུ་འདི་ཆུ་གྲང་སྙམ་དུ་སེམས་པར་བགྱིད། །ཕྱིས་ཀྱང་མི་གཙང་འདམ་དུ་འཇུག་པར་འགྱུར། ། རི་དང་སྤུ་གྲིའི་ས་འདྲ་དེ་དེ་བཞིན། །རབ་ཏུ་འཇིགས་པའི་མེ་འོབས་དེ་དེ་བཞིན། །ཡང་དང་ཡང་དུ་ཚོར་བ་དེ་མྱོང་འགྱུར། །ཁྱོད་ཀྱི་རྒྱལ་སྲིད་འདི་རྟག་མ་ལགས་ཡབ། །དབང་ཕྱུག་ཡུན་རིང་རྗེས་སུ་འཇུག་མ་ལགས། །སྲོག་དང་རྒྱལ་སྲིད་དེ་བཞིན་འདོད་པ་དང་། །ཐམས་ཅད་མི་རྟག་ ཅེས་ནི་རྒྱལ་བས་གསུངས། །དེ་སླད་བདག་གི་ཚིག་བཞིན་མཛོད་ཅིག་ཡབ། །ཐམས་ཅད་སྤངས་ནས་མངོན་པར་འབྱུང་བར་མཛོད། །འདི་ནས་ཤི་འཕོས་བདེ་འགྲོ་རྣམས་སུ་དགྱེས། །སྡུག་བསྔལ་ཀུན་ལས་ཐར་བར་འགྱུར་རོ་ཡབ། །ཚུལ་ཁྲིམས་བསམ་གཏན་གནས་ ཤིང་སེམས་རབ་བྱམས། །རབ་དབེན་དགོན་པ་ཞི་བར་གནས་པར་འགྱུར། །བདག་དང་མཚུངས་པར་སུ་ཡང་མ་དགོངས་ཤིག །དེར་ཁྱོད་ཚངས་པ་ལྟ་བུར་འགྱུར་བ་ལགས། །དེ་ལ་དེ་ལྟར་རྗེས་བསྟན་གཞོན་ནུ་ནི། །རྒྱལ་སྲིད་ཀུན་སྤངས་ཡང་དག་རབ་ཏུ་བྱུང་། །ཕྱོགས་རབ་སྒྲོགས་ དང་མ་ཡང་དེ་བཞིན་ཏེ། །དེ་ལ་བར་ཆད་སུ་ཡང་བྱེད་པ་མེད། །བསམ་གཏན་བདེ་བ་རྗེས་སུ་སྤྱོད་བྱེད་ཅིང་། །དེ་རབ་བྱུང་ནས་ཆོས་ནི་ཡོངས་སུ་བཙལ། །མངོན་པར་ཤེས་ཐོབ་དྲང་སྲོང་རྒྱལ་པོར་གྱུར། །འཇིག་རྟེན་ཕན་ཕྱིར་ཆོས་ནི་རབ་ཏུ་སྟོན། །བདག་མེད་ ཆོས་རྣམས་རབ་ཏུ་བསྟན་པས་ན། །དེ་ཡི་སེམས་ཞི་ཡིད་ཀྱང་རབ་ཏུ་ཞི། །དེ་ལ་བདག་མེད་བདག་གིའང་ཡོད་མ་ཡིན། །བདག་ཅེས་ཆོས་ནི་ནམ་ཡང་དམིགས་མ་ཡིན། །ཆོས་དེ་དྲང་སྲོང་རྒྱལ་པོས་བསྟན་པས་ན། །ཆོས་དེ་ཐམས་ཅད་མ་བཅིངས་མ་གྲོལ་བ། །གང་ལ་སེམས་ ཅན་མེད་ཅིང་བདག་གི་མེད། །དེ་ལ་སོམས་ཤིག་ཚུལ་བཞིན་སོ་སོར་རྟོགས། །དྲང་སྲོང་རྒྱལ་པོའི་ཆོས་ནི་ཐོས་ནས་སུ། །དེར་ནི་བརྒྱ་སྟོང་མང་པོ་དོང་བར་གྱུར། །དེ་ཚེ་རྒྱལ་པོ་ཕྱོགས་རབ་སྒྲོགས་རབ་བྱུང་། །དེ་ཡི་བསྟན་ལ་མ་ཡང་རབ་ཏུ་བྱུང་། །དྲང་སྲོང་ཐད་དུ་དེ་དག་རབ་ བྱུང་ནས། །གང་དག་ཆོས་དེ་འདྲ་བ་བྱུང་བ་དང་། །ཆོས་གང་དེ་ལ་དྲང་སྲོང་ཞུགས་གྱུར་པ། །དེ་ཉིད་བདག་གིས་ཀྱང་ནི་ཐོབ་བྱ་སྙམ། །དྲང་སྲོང་གིས་ནི་ཇི་ལྟར་བསྟན་སློབ་ཅིང་། །འདི་ལ་དེ་ཀུན་བྱང་ཆུབ་མཆོག་ཏུ་ཞུགས། །དེ་དག་ཀུན་ཀྱང་སངས་རྒྱས་ངེས་པར་གྱུར། །དེ་ཚེ་ བྱང་ཆུབ་སངས་རྒྱས་ཐམས་ཅད་ཞི། །དེ་ཚེ་རྒྱལ་བུ་དེ་ནི་གཞན་ཞིག་སྙམ། །གང་གིས་ཆོས་དེ་རྗེས་སུ་བསྟན་ནས་སུ། །ཆོས་ཀུན་ཚོལ་ཞིང་རབ་ཏུ་བྱུང་བདེའང་། །ཀུན་དགའ་འདི་ལ་ཁྱོད་ནི་ཐེ་ཚོམ་ན། །ཀུན་དགའ་ཁྱོད་ནི་ཐེ་ཚོམ་མ་ཟ་ཅིག །དེ་ཚེ་ང་ནི་རྒྱལ་བུ་དེར་གྱུར་ཏོ། ། ང་ཡིས་མི་རྣམས་ཀྱི་ནི་དོན་ཆེན་བྱས། །ང་ཡིས་དེ་དག་ཐེག་པ་མཆོག་ལའང་བཀོད། །དེ་ཚེ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །ང་ནི་ནམ་ཡང་བརྩོན་འགྲུས་ཉམས་མ་གྱུར། །ངས་ནི་ནམ་ཡང་འདུན་པ་བཏང་མ་གྱུར། །ང་ཡིས་རྟག་པར་བརྟན་པར་རྗེས་སུ་བསྒོམས། །ང་ཡིས་ ཆོས་དེ་དག་ནི་རྟག་པར་བསྟེན། །ང་ཡིས་ནམ་ཡང་ལེ་ལོ་བྱས་མ་གྱུར། །ང་ཡིས་བྱང་ཆུབ་ཐོབ་པར་མི་ནུས་ཤེས། །ང་ནི་ནམ་ཡང་ཞི་ལ་སོམ་ཉི་མེད། །ང་ཡི་བྱང་ཆུབ་འདུན་པ་རྟག་པར་བྱུང་། །ང་ཡིས་བརྩོན་འགྲུས་དམ་པ་རྟག་པར་བསྟེན། །ང་ཡིས་ལེགས་བཤད་ཆོས་ནི་རྟག་པར་ བཙལ། །དེས་ན་ང་ཡི་དགའ་བ་བླ་མེད་གྱུར། །དེ་ཕྱིར་གང་ཞིག་བྱང་ཆུབ་འདོད་བྱེད་པ། །ཇི་ལྟར་ངས་བསླབས་དེ་བཞིན་སློབ་བྱེད་ན། །སློབ་པ་བྱང་ཆུབ་ལས་ནི་ཉམས་མི་འགྱུར། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་འགྱུར། །མངོན་པར་འབྱུང་བ་ཡང་དག་པར་བརྗོད་པའི་ལེའུ་སྟེ་ བཅུ་གཅིག་པའོ།། །།ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དྲན་པ་དང་ལྡན་པ་ཡིན། རྟོགས་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། ཆོ་ག་དང་སྤྱོད་ཡུལ་དང་སྤྱོད་པ་དང་ལྡན་པ་ཡིན་ཏེ། བཞི་གང་ཞེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་ དཔའ་ཆོས་དེ་ལྟ་བུ་དེ་དག་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་རྩོམ་པ་ཡིན། རྙེད་ནས་ཀྱང་ཆོས་དེ་དག་ལ་སྒྲུབ་པ་ཡིན། བདག་ཉིད་ཀྱང་ཆོས་ལ་གནས་ནས་དེ་ཉིད་ལ་སྐྱེ་བོ་མང་པོ་ཡང་དག་པར་འཛིན་དུ་འཇུག་པ་ཡིན། ཡང་དག་པར་འཛིན་དུ་བཅུག་ནས་ཀྱང་ཆོས་དང་ལྡན་པའི་གཏམ་གྱིས་ རངས་པར་བྱེད་ཅིང་ཡང་དག་པར་གཟེངས་སྟོད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་དག་དེ་ཡི་བདེ་འདྲེན་པའི། །ཆོས་དེ་དག་ནི་ཡོངས་སུ་ཚོལ། །དེ་འདྲའི་ཆོས་དག་མ་རྙེད་པར། །དེ་ནི་བརྩོན་འགྲུས་འདོར་མི་བྱ། །དེ་འདྲའི་ ཆོས་དག་ཐོས་ནས་མང་དུ་ཐོས་པས་འཇལ། །རྟག་ཏུ་ཆོས་ལ་གནས་ཤིང་ཇི་སྐད་བཤད་ལ་སློབ། །བདག་དེ་ཇི་ལྟར་གནས་བཞིན་གཞན་དག་ཆོས་ལ་དགོད། །གང་དག་ཆོས་འདིར་གནས་ལ་ཅི་ཡང་འདོམས་མི་བྱེད། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་བདག་གིས་ཆོས་ དེ་དག་ཐོས་ནས་ནུབ་པར་གྱུར་ན་མི་རུང་ཞིང་། བདག་གིས་ཆོས་ཁ་ཅིག་ཆུད་གཟན་པར་གྱུར་ན་མི་རུང་ངོ་སྙམ་ནས། ཆོས་དེ་ལྟ་བུ་དེ་དག་གི་དོན་གྱི་ཕྱིར་རྟག་ཏུ་ཆོས་སྨྲ་བའི་རྗེས་སུ་འབྲང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་དག་ དགེ་སློང་རྟག་སྟེན་པ། །དེ་དག་མང་དུ་ཐོས་པར་འགྱུར། །ཆོས་ཀྱི་རྒྱལ་པོས་བཀུར་བ་ཡིན། །དེ་དག་འདི་ན་ང་ཡི་རྗེས་སུ་འབྲང་། །ང་ལ་ཆོས་རྣམས་མ་ཐོས་དོན་རྣམས་མ་ཤེས་པར། །ནུབ་པར་འགྱུར་ཞིང་ཕྱི་ནས་གཞན་ལས་ཐོས་མི་འཐོབ། །དེ་ཚེ་བརྩོན་འགྲུས་བརྟན་པོར་ཤེས་ནས་ ལས་ཀུན་འདོར། །གང་གིས་ཤེས་པ་རྣམ་འཕེལ་ངེས་པའི་ཆོས་རྣམས་ཚོལ། །དགེ་སློང་མཁས་པ་ཤེས་རབ་ཅན། །རྒྱལ་བས་བཀུར་རྣམས་སྟེན་པར་བྱེད། །མང་དུ་ཐོས་ནས་ཡིད་གཞུངས་པ། །དེ་འདྲའི་མདོ་སྡེ་ཚོལ་བར་བྱེད། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཇི་ལྟར་ཐོས་པ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གཞན་ལ་སྟོན་པར་བྱེད་ཀྱང་ཆོས་ལས་ཉམས་པ་མ་ཡིན་ནོ། །ཀུན་དགའ་བོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལས་ཉམས་པ་ཡིན་ཞེ་ན། འདི་ལྟ་སྟེ། ཟབ་མོ་སྟོང་པ་ཉིད་དང་ལྡན་ པའི་ཆོས་དེ་དག་བསྟན་ཀྱང་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ལ་གནས་ནས་སྟོན་པར་བྱེད་པ་ཡིན། ཟང་ཟིང་སྔོན་དུ་བཏང་སྟེ་སྟོན་པར་བྱེད་པ་ཡིན། ཅི་ནས་གཞན་དག་ལ་ཆོས་དེ་དག་བསྟན་ཀྱང་དེ་བཞིན་ཉིད་དུ་ཞུགས་པ་མ་ ཡིན་ཏེ། ཀུན་དགའ་བོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཆོས་ལས་ཉམས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དེ་འདྲའི་ཆོས་དག་ཐོས་ནས་སུ། །སྐྱེ་བོ་མང་ལ་རྒྱས་བྱེད་ཀྱང་། །བདག་ཉིད་ཉམས་པར་མི་འགྱུར་བར། །སྲོག་ དོན་གཉེར་བས་སྟོན་པར་བྱེད། །དེ་ཕྱིར་ལེགས་ཞེས་བྱ་བ་ཡང་། །ནམ་ཡང་བཙལ་བར་བྱ་མ་ཡིན། །གཞན་དུ་སྙིང་རྗེ་དོན་གཉེར་བས། །ཆོས་ཀྱི་དམ་པ་སྟོན་པར་བྱེད། །སེམས་ཅན་རྣམས་ལ་བརྩེ་བྱས་ཤིང་། །སྐྱེ་བོ་མང་ལ་སྙིང་རྗེ་ནས། །དེ་འདྲའི་ཆོས་ནི་སྟོན་པར་བྱེད། །སྲོག་ ཆགས་རྣམས་ལ་སྙིང་བརྩེར་བྱེད། །གང་ཞིག་རྙེད་པ་ཡོངས་ཚོལ་བས། །དེ་འདྲའི་ཆོས་ནི་སྟོན་བྱེད་དང་། །གང་ཞིག་དེ་ཡིས་ཆོས་ཚོལ་བས། །དེ་ནི་ཆོས་ལས་ཉམས་པ་ཡིན། །ཇི་ལྟར་བཤད་པའི་ཆོས་ལ་ནི། །མཁས་པ་དེ་བཞིན་གནས་པར་བྱེད། །དེ་ནི་རྙེད་པས་ཉམས་མི་འགྱུར། ། རྟག་ཏུ་ཆོས་ནི་རབ་ཏུ་འཛིན། །ལེགས་པར་ཆོས་ནི་སྟོན་བྱེད་ཅིང་། །ཆོས་ལ་ཡང་ནི་རབ་གནས་པ། །འཇིག་རྟེན་ཁམས་ཀྱི་སངས་རྒྱས་དེས། །དེ་ལ་ལེགས་ཞེས་བྱ་བ་སྦྱིན། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ཏེ། དེ་ནི་ཆོས་སྨྲ་བ་དེའི་སྙིགས་མ་འཛིན་པ་མ་ཡིན། ཉེས་པར་བཟུང་བ་འཛིན་པ་མ་ཡིན། ཆོས་ཀྱི་ཚུལ་ཡོངས་སུ་བཙལ་བ་ལ་རབ་ཏུ་གནས་པ་ཡིན། དེ་ནི་ཆོས་ལ་འཇུག་པའི་སེམས་ཀྱིས་ཆོས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །ཀུན་དགའ་བོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ ཡོངས་སུ་བཙལ་བ་ལ་གནས་པ་ཡིན་ཞེ་ན། གང་གི་ཚེ་མཁན་པོ་དང་། སློབ་དཔོན་དག་གི་བསྒོ་བའི་ཚུལ་ལ་རབ་ཏུ་གནས་པ་ཡིན། དེས་བྱས་པ་ཡང་བྱེད་པ་ཡིན། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ལ་སྤྲོ་བར་སྤྱོད་ པ་ཡིན་ཏེ། ཀུན་དགའ་བོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཡོངས་སུ་ཚོལ་བ་ལ་གནས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དེ་ནི་དེ་ན་ཆོས་རྣམས་ཚོལ། །དེ་ནི་ཀླན་ཀ་ཚོལ་མི་བྱེད། །གཞན་ལ་ཇི་ལྟར་བསྟན་པ་བཞིན། ། དེ་བཞིན་དེ་ནི་རབ་གནས་འགྱུར། །དེ་ན་ཆོས་ནི་ཡོངས་ཚོལ་བས། །ཇི་ལྟར་བཤད་བཞིན་གནས་པར་བྱེད། །དཔའ་བོ་དེ་ནི་ཆོས་གནས་ནས། །རྟག་ཏུ་ཆོས་ལའང་སྟེན་པར་བྱེད། །དེ་ཕྱིར་ཆོས་ནི་ཡོངས་ཚོལ་བས། །ཇི་ལྟར་བཤད་བཞིན་གནས་པར་བྱེད། །གང་ཞིག་ཆོས་ལ་རབ་ གནས་པ། །དེ་ནི་ཆོས་ཀྱི་དང་པོ་ཡིན། །ཇི་ལྟར་ང་ཡིས་རེག་བཞིན་དུ། །དེ་ནས་ཆོས་ལ་རེག་པར་འགྱུར། །ཆོས་དེ་དག་ལ་བསྟེན་ནས་ཀྱང་། །བླ་ན་མེད་པའི་བྱང་ཆུབ་ཐོབ། །ང་ཡིས་གང་ལས་ཐོས་པ་ལ། །སྟོན་པར་འདུ་ཤེས་ཀུན་ཤེས་ནས། །རྟག་ཏུ་ཆོས་ནི་ཡོངས་ཚོལ་བས། ། ཆོས་རྣམས་ལ་ནི་གུས་པར་བྱས། །གང་གིས་ང་ནི་ལམ་གནས་པ། །དེ་ནི་ང་ཡི་སློབ་དཔོན་ཡིན། །དེ་ནི་ང་ཡི་བདེ་འདྲེན་པ། །དེ་ནི་ང་ཡི་མིག་སྦྱོང་བའོ། །དེ་ནི་ང་ཡི་སྟོན་ཡིན་པས། །ང་ནི་རྟག་པར་གུས་པར་གནས། །ང་ནི་དེ་ལ་བརྟེན་ནས་སུ། །འཇིག་རྟེན་ཐ་མར་བདེ་བ་ ཡིན། །བསྐལ་པ་དག་ནི་གྲངས་མེད་པ། །བསམ་གྱིས་མི་ཁྱབ་ཡངས་པ་ན། །སྔོན་གྱི་དུས་སུ་དེ་བཞིན་གཤེགས། །ལྷུན་པོའི་རྒྱལ་པོ་བྱུང་བར་འགྱུར། །ལྷུན་རྒྱལ་མྱ་ངན་འདས་ནས་སུ། །ཉན་ཐོས་མཛངས་པ་བྱུང་བར་གྱུར། །མཁས་པའང་ཡིན་ཞིང་ཤེས་རབ་ཆེ། །ཆོས་མང་ལུང་ ནི་འབོགས་པར་བྱེད། །ཟབ་མོའི་དོན་ལ་ངེས་པའང་ཡིན། །ཕུང་པོ་ཁམས་ལ་རྣམ་པར་མཁས། །འདུལ་བ་ཡི་ནི་ཕ་རོལ་སོན། །ཆོས་མངོན་པ་ལའང་མཁས་པ་ཡིན། །བསླབ་པ་གསུམ་པོ་རྣམས་ལ་བསླབས། །སངས་རྒྱས་བྱང་ཆུབ་འཛིན་པར་བྱེད། །སངས་རྒྱས་ལྷུན་ པོའི་རྒྱལ་པོ་ཡིས། །དེ་ནི་བྱིན་རླབས་དེ་བྱུང་གྱུར། །སངས་རྒྱས་ཐེག་པ་མཆོག་ལ་ཞུགས། །ཟབ་མོ་ལ་ཡང་མཁས་པ་ཡིན། །མཛངས་པའི་ཡོན་ཏན་རྣམས་ཀྱི་མཐའ། །ཉེ་བར་བསྟན་པར་ནུས་མ་ཡིན། །རྒྱལ་ཁྱིམ་མེ་ཏོག་ཅན་དུ་ནི། །ཚོང་དཔོན་ནོར་ཆེན་བྱུང་བར་གྱུར། །ལོངས་ སྤྱོད་ཕུང་པོས་ཡངས་པ་ཡིན། །བསོད་ནམས་གཟི་ཡིས་གཟི་བརྗིད་བྱས། །མང་པོས་མཆོད་འོས་ཞེས་བྱ་བ། །དེ་ནི་དེ་ན་བྱུང་བར་གྱུར། །ཁྲིམས་ལྡན་ཡོན་ཏན་ཕུན་སུམ་ཚོགས། །བཟང་ལྡན་རྣམ་པར་གྲགས་པ་བྱུང་། །དེ་ཚེ་ཚོང་དཔོན་བཟང་ལྡན་ཡང་། །མཛངས་པའི་ཐད་དུ་ཉེ་བར་ སོང་། །ཤེས་རབ་ཆེན་པོ་ཐོས་མང་དེས། །དེ་ལ་ཆོས་ནི་བསྟན་པ་བྱས། །གྲགས་དང་ལྡན་པ་མཛངས་པ་ལས། །དེ་ཡིས་དམ་ཆོས་དེ་ཐོས་ནས། །ལོངས་སྤྱོད་ཕུང་པོ་མཐའ་ཡས་དང་། །ཆོས་དེ་ཐམས་ཅད་སོགས་པར་བྱེད། །གང་ཁྱོད་གཏོང་བ་དེ་འདྲ་ནི། །ཚོང་དཔོན་ཁྱོད་ཀྱིས་ དད་པ་ལེགས། །གང་ཐོས་ནས་ནི་རྣམ་ཤེས་པ། །དེ་ནི་ཆོས་ཀྱི་གཏེར་ཡིན་ནོ། །དེ་ཚེ་ཚོང་དཔོན་བཟང་ལྡན་ཡང་། །མཛངས་པ་ཡི་ནི་ཕྱི་བཞིན་གནས། །ལོ་ནི་མང་པོ་མི་ཉུང་བར། །དེ་ནི་དེ་ན་རྗེས་སུ་འབྲང་། །ཆོས་སྨྲ་བ་ལ་ཚོང་དཔོན་དེའང་། །ལོ་ནི་ཉི་ཤུར་རྗེས་འབྲང་བས། །དེ་ ལས་ཆོས་རྣམས་ཉན་བྱེད་པས། །དེ་ནི་ཉན་པས་ངོམས་པ་མེད། །སྐྱེ་བོ་མང་པོ་བསྙེན་བཀུར་གྱིས། །རྟག་ཏུ་སྤྲོ་བར་ཞུགས་གྱུར་ཀྱང་། །དེ་ཡི་སེམས་ལ་ནམ་ཡང་ནི། །ཡོངས་སུ་གདུང་བ་བྱུང་མ་གྱུར། །དུས་ཚོད་གཅིག་ཏུ་མཛངས་པ་ལ། །གསེར་ནི་བྱེ་བ་ཕྲག་ཉི་ཤུ། །ཚང་བར་ འབུལ་བར་བྱེད་པར་གྱུར། །དེ་ཚེ་མཛངས་པ་སྤྱོད་པར་བྱེད། །དེ་འདྲ་བ་ཡི་དུས་ཚོད་དུ། །དེ་ལ་གསེར་གྱི་ཕུང་པོ་འགྲོ། །དེ་འདྲའི་བསྙེན་བཀུར་བྱས་པས་ན། །དེ་ཡི་ཕྱིར་ཡང་དགའ་བར་གྱུར། །ཕྱི་ནས་དུས་ཚོད་སྟོང་དུ་ནི། །དགེ་སློང་རེ་རེའི་ཐད་དུ་འགྲོ། །མཛངས་པ་ཡིས་ནི་ཆོས་སྨྲས་པ། ། དེ་དག་དེ་ཡི་རྗེས་སུ་འབྲང་། །དུས་ཚོད་དེར་ནི་ཞུགས་ནས་སུ། །རྟག་ཏུ་ཉི་ཁྲི་རི་བ་ཡི། །ཆོས་གོས་གསུམ་ནི་སྦྱིན་པར་བྱེད། །འགྲོ་བ་ཀུན་ཏུའང་དེ་འདྲའོ། །དགེ་སློང་རེ་རེ་རེ་རེ་ཡི། །དོན་གྱི་ཕྱིར་ནི་གུས་བྱས་ནས། །གནས་ཁང་གཞན་དང་གཞན་དག་ནི། །བཟང་ལྡན་དེ་ནི་བྱེད་དུ་འཇུག ། གནས་ཁང་རེ་རེ་རེ་རེར་ཡང་། །བྱེ་བ་ཉི་ཤུ་ཚང་བ་ཡི། །གསེར་ནི་འཇུག་པར་བྱེད་པ་ཡིན། །རྟ་བབས་སྣ་ཚོགས་བཙུགས་པར་གྱུར། །དེ་ན་དུས་སུ་མཛངས་པ་ཡིས། །ཆོས་ཀྱི་དམ་པ་བསྟན་ནས་སུ། །སྲོག་ཆགས་རྣམས་ཀྱི་དོན་བྱས་ཏེ། །དེར་ནི་ལུས་ཀྱང་བོར་བར་གྱུར། །བཟང་ ལྡན་ཡང་ནི་སྤྲོ་གྱུར་ཏེ། །དེར་ནི་ལུས་ཀྱང་བསྲེགས་ནས་སུ། །ཀུན་ནས་དཔག་ཚད་བརྒྱད་པ་ཡི། །མཆོད་རྟེན་ཡངས་པ་བྱས་པར་གྱུར། །མཆོད་རྟེན་དེ་ཡང་རིན་ཆེན་བྱས། །མཆོད་རྟེན་རབ་གནས་བྱས་ནས་སུ། །མེ་ཏོག་སྤོས་དང་བྱུག་རྣམས་ཀྱིས། །ཉིན་དང་མཚན་དུ་ མཆོད་པ་བྱེད། །དེར་ནི་ཚོང་དཔོན་ནོར་ཆེན་པོ། །དེ་ཡང་འཆི་བའི་དུས་བྱས་ནས། །སངས་རྒྱས་མང་པོ་མཉེས་པར་བྱེད། །ནམ་ཡང་ངན་འགྲོར་སོང་མ་ཡིན། །དེ་ནི་དགེ་བའི་རྩ་བ་དེས། །བསྐལ་པ་བྱེ་ཕྲག་བརྒྱད་ཅུར་ནི། །རྟག་ཏུ་དེ་ནི་ཚངས་པར་འགྱུར། །རྟག་པར་རྒྱུན་ དུ་སངས་རྒྱས་མཐོང་། །བསྐལ་པ་བྱེ་ཕྲག་བརྒྱད་ཅུར་ནི། །རྟག་ཏུ་སུམ་ཅུ་རྩ་གསུམ་གྱི། །ལྷ་ཡི་རྒྱལ་པོ་བྱས་པར་གྱུར། །དེ་ནི་རྟག་ཏུ་སངས་རྒྱས་མཐོང་། །བསྐལ་པ་བྱེ་ཕྲག་བརྒྱད་ཅུར་ནི། །རྟག་ཏུ་འཁོར་ལོས་སྒྱུར་བར་གྱུར། །སངས་རྒྱས་ཀྱང་ནི་རྟག་པར་མཐོང་། ། དེ་མཐོང་ནས་ཀྱང་བསྟི་སྟང་བྱེད། །སངས་རྒྱས་བྱེ་བ་ཕྲག་མང་དང་། །བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ། །དེ་ཚེ་ཚོང་དཔོན་བཟང་ལྡན་ཞེས། །རྣམ་པར་གྲགས་པས་མཉེས་པར་བྱེད། །དེར་ནི་རྒྱལ་བ་མཉེས་བྱས་ནས། །མཆོད་པ་མཐའ་ཡས་བྱས་ནས་སུ། །དེ་ཚེ་ཆོས་ནི་ཞུས་ནས་ ཀྱང་། །ཆུང་མའི་ཐད་སོང་སྟོན་པར་བྱེད། །རྒྱལ་ཁྱིམ་མེ་ཏོག་ཅན་དུ་ནི། །དེ་ཚེ་བཟང་ལྡན་རྣམ་པར་གྲགས། །ཁྱིམ་བདག་བྱུང་དེ་གཞན་ཡིན་སྙམ། །ཀུན་དགའ་ཁྱོད་ནི་སེམས་གྱུར་ན། །དེ་ནི་དེ་ལྟར་བལྟ་མི་བྱ། །དགེ་སློང་མཛངས་པ་ཆོས་སྨྲ་བ། །དེ་ལ་མཆོད་བྱེད་གང་ཡིན་པ། ། བཟང་ལྡན་དེ་ནི་ང་ཡིན་ནོ། །ཆོས་ནི་ཡོངས་སུ་གཟུང་དོན་ཕྱིར། ང་ཡིས་དེ་འདྲའི་མཆོད་པ་བྱས། །དགེ་བའི་རྩ་བ་དེ་ཉིད་ཀྱིས། །འདིར་ནི་བྱང་ཆུབ་དེ་ཐོབ་ཡིན། །མཛངས་པ་ཆོས་ནི་སྨྲ་བ་ལ། །གང་དག་བསོད་ནམས་ཆེ་བྱས་པའི། །བསོད་ནམས་ཕུང་པོའི་ཟད་པ་ ནི། །ང་ལ་ད་དུང་ཡོད་མ་ཡིན། །བསོད་ནམས་གྲངས་ཡོད་མ་ཡིན་པ། །དཔག་ཏུ་མེད་པས་ཐོབ་པ་ཡིན། །ང་ཡིས་སངས་རྒྱས་རྟག་པར་མཐོང་། །དེ་དག་ལ་ནི་ཆོས་ཀྱང་ཞུས། །དེ་ལྟར་ཇི་ལྟར་བསྟན་པ་ལྟར། །ཀུན་ཀྱང་ང་ལ་དེ་སྐད་སྟོན། །བྱང་ཆུབ་ལམ་ནི་དེ་ཡིན་གྱིས། ། དེ་ཕྱིར་དེ་ལ་བསྟེན་པར་བྱོས། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འདི་ལྟར་བསོད་ནམས་འབྱུང་བ་ཤིན་ཏུ་ཡོངས་སུ་བརྙེས་པ་ལགས་ན། བཅོམ་ལྡན་འདས་ཀྱི་སྔོན་གྱི་སྐུ་རྣམས་ཀྱང་ཐམས་ཅད་དུ་ཁྱད་པར་ཅན་དུ་གྱུར་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་དགེ་སློང་མཛངས་པ་ཞེས་བགྱི་བ་བྱུང་བར་གྱུར་པ་དེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ དགའ་བོ་དགེ་སློང་དེ་ནི་ད་དུང་ཡོངས་སུ་མྱ་ངན་ལས་མ་འདས་ཏེ། ཀུན་དགའ་བོ་དགེ་སློང་དེ་ནི་ངའི་བསྟན་པ་འདི་ལ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚོང་དཔོན་བཟང་ལྡན་ཆོས་སྨྲ་བ་ མཛངས་པ་ལ་རིམ་གྲོ་དང་བསྙེན་བཀུར་བགྱིས་ནས་དགེ་བའི་རྩ་བའི་ཚོགས་དེས་དེ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལགས་ཀྱང་། དགེ་སློང་མཛངས་པ་ད་དུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་མ་རྒྱས་པ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་མཛངས་པ་ནི་ཇི་ལྟར་ང་ཡང་དག་པར་ཞུགས་པ་དེ་ལྟར་ཡང་དག་པར་ཞུགས་པ་མ་ཡིན་ཏེ། ཀུན་དགའ་བོ་དགེ་སློང་ མཛངས་པ་ནི་བདེ་བའི་ཐེག་པས་ཡང་དག་པར་ཞུགས་ཀྱི་སྡུག་བསྔལ་གྱི་ཐེག་པས་ཡང་དག་པར་ཞུགས་པ་མ་ཡིན་ལ། ཀུན་དགའ་བོ་འདི་ལ་ང་ནི་ཡུན་རིང་པོ་ནས་སྡུག་བསྔལ་གྱི་ཐེག་པས་ངེས་པར་བྱུང་བ་ཡིན་ནོ། །ཀུན་དགའ་བོ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་འདི་སྙམ་དུ་སེམས་ ཏེ། གང་གི་ཚེ་སེམས་ཅན་རྣམས་སྡུག་བསྔལ་བར་གྱུར་ཅིང་གང་ཕལ་ཆེར་ངན་སོང་ལས་གཞོལ། ངན་སོང་ལ་འབབ། ངན་སོང་ལ་བབ་པར་གྱུར་པ་ན། ང་དེའི་ཚེ་དེའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་སེམས་ཅན་དེ་དག་སྡུག་བསྔལ་རྣམས་ལས་ཡོངས་སུ་ཐར་བར་བྱའོ་ སྙམ་སྟེ། ཀུན་དགའ་བོ་ང་ནི་ཡུན་རིང་པོ་ནས་སྨོན་ལམ་དེ་སྐད་བཏབ་པོ། །ཀུན་དགའ་བོ་དགེ་སློང་མཛངས་པས་ཇི་ལྟར་ཡང་དག་པར་བླང་བ་བརྩམས་པ་དང་། ཡང་དག་པར་བླངས་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་དང་། ཀུན་དགའ་བོ་དགེ་སློང་མཛངས་པ་ཇི་ཙམ་དུ་ཡང་དག་པར་བླང་བ་ ཆེན་པོ་དེ་འདྲ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ནི་དཔེས་བསྟན་པར་མི་ནུས་ཏེ། དགེ་སློང་འཛངས་པ་ནི་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ལ། དེས་ནི་ཅི་ནས་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་གང་དག་གིས་མཐོང་བ་དེ་དག་ཐམས་ཅད་ཐེག་པ་ཆེན་པོའམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་གིས་ངེས་པར་འབྱུང་བར་གྱུར་ཅིག་སྙམ་ནས། དགེ་བའི་རྩ་བ་བསགས་པ་བྱས་ཤིང་བྱེད་པ་ཡང་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་གང་དེའི་ཚེ་བྱུང་བར་གྱུར་པའི་དགེ་སློང་མཛངས་པ་དེ་འཁོར་འདི་ན་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་དེའི་ཚེ་མཛངས་པ་ཞེས་བྱ་བ་བྱུང་བར་གྱུར་པའི་དགེ་སློང་དེ་ནི་འདི་ཉིད་ན་འདུག་སྟེ། ངའི་མདུན་ན་འདུག་པ་འདི་ཡིན་ ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་སེམས་ཅན་དག་པའི་འདུས་པ་འདི་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ ནོ། །དེ་དེ་བཞིན་ཏེ། ཀུན་དགའ་བོ་སེམས་ཅན་ཆེན་པོ་སེམས་ཅན་དག་པ་རྣམས་ཀྱི་འཁོར་འདུས་པ་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་འདུས་པ་ཡིན། སེང་གེའི་འདུས་པ་ཡིན། བག་ཚ་བ་མེད་པའི་འདུས་པ་ཡིན། གླང་པོ་ཆེན་པོའི་འདུས་པ་ཡིན་ནོ། །ཀུན་དགའ་བོས་ གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་འདི་སྐད་དུ་འདུས་པ་ཆེན་པོ་དང་། སེང་གེའི་འདུས་པ་ཞེས་བགྱི་ལགས། ཀུན་དགའ་བོ་མ་རིག་པའི་མུན་པ་ཆེན་པོ་འཇོམས་པ་ཉིད་ཀྱི་ཕྱིར་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་གོ་ཆ་བགོས་པས་དེའི་ཕྱིར་འདུས་པ་ཆེན་པོ་དང་སེང་གེའི་འདུས་པ་ཞེས་ བྱའོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་གང་དུ་གནས་འཆའ་བར་བྱེད་པ་དང་། གང་དུ་གནས་པར་བྱེད་པའི་ས་ཕྱོགས་དེ་ནི་མི་ནོན་པ་ཡིན་ཏེ། དེ་ལས་གཞན་པའི་རི་དགས་ཕྲ་མོ་དག་གིས་དྲི་ཡང་མི་བཟོད་པས་ཡོངས་སུ་སྤོང་བར་བྱེད་ལ། གང་གི་ཚེ་ས་ཕྱོགས་དེ་ གནོན་པ་དེའི་ཚེ། དྲི་དེ་ལ་བསྣམས་ནས་ས་ལ་ཁས་བུབ་ཏུ་བུབ་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་གང་ན་སེང་གེ་ཆེན་པོའི་འདུས་པ་གནས་པའི་ས་ཕྱོགས་དེ་ནི་ཀུན་དགའ་བོ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། དེ་ལས་གཞན་པའི་སེམས་ཅན་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཀྱིས་ མི་ནོན་པ་ཡིན་ནོ། །གལ་ཏེ་གནོན་དུ་ཟིན་ཀྱང་འོན་ཀྱང་སྡུག་བསྔལ་ཞིང་ཡིད་མི་བདེ་བས་འཁོར་དེ་ནས་ཕྱིར་འདོང་ཞིང་དེ་ཉིད་དུ་ཡང་མི་སྣང་བར་འགྱུར་ལ། བག་ཚ་བ་མེད་པ་སེང་གེ་ཆེན་པོ་དེ་དག་ཉིད་ཀྱི་གཟི་བརྗིད་ཀྱང་མི་བཟོད་པས་དེ་ཉིད་ནས་ཕྱིར་འདོང་བ་ཡིན་ནོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་གཟི་བརྗིད་དང་ལྡན་པ་དེ་ཉིད་ལན་གསུམ་དུ་སེང་གེའི་སྒྲ་སྒྲོགས་པ་ན་དཔག་ཚད་ཁོར་ཡུག་ཏུ་སྒྲ་འབྱིན་པར་བྱེད་ལ། དེ་ནས་ཕྱིས་ཀྱང་ཕྱོགས་ཐམས་ཅད་དུ་བར་དེ་ན་སེང་གེ་ཕལ་པ་གང་དག་ཡོད་པ་དེ་དག་ཀྱང་དེའི་ཚེ་སྐྲག་པར་འགྱུར་ན། དེ་ལས་གཞན་པའི་ རི་དགས་ཀྱི་རིགས་ཁོ་རེ་ཆུང་བ་རྣམས་ལྟ་ཅི་སྨོས་ཤིང་། སྤོས་ཀྱི་གླང་པོ་ཆེ་གང་དག་ཡོད་པ་དེ་དག་ཀྱང་སྒྲ་ཐོས་པས་གཅིན་རྟུག་གཏོར་ཅིང་འགྱེས་པར་ཡང་འགྱུར་ལ། གཅིག་ལ་གཅིག་ཀྱང་ཤིན་ཏུ་འབོད་པར་བྱེད་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་སེང་གེ་ཆེན་པོའི་འདུས་པ། རིགས་བཙུན་ པའི་འདུས་པ། བག་ཚ་བ་མེད་པའི་འདུས་པའི་འདུས་པ་དེ་ན། བྱང་ཆུབ་སེམས་དཔའ་དམུ་རྒོད་གང་དག་ཡོད་པ་ནི་མིང་གཅིག་པར་གཏོགས་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་སེང་གེ་ཕལ་པ་དེ་དག་ནི་སེང་གེའི་སྒྲ་ཡང་ཉན་པར་བྱེད་ལ། སྒྲ་དེ་ཐོས་ནས་ཀྱང་རི་སུལ་དུ་འཇུག་པར་བྱེད་དོ། །ཀུན་ དགའ་བོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་འདུས་པའི་འདུས་པ་དེ་ན། བྱང་ཆུབ་སེམས་དཔའ་དམུ་རྒོད་སྤྱོད་ལམ་ངན་པ་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་ལྷུར་ལེན་པ། བདག་གི་མིང་དང་། དབྱངས་དང་། སྒྲ་ལྷུར་ལེན་པ་གང་དག་ཡོད་པ་དེ་དག་ནི་སྐྲག་ཅིང་དངང་ལ་འབྲོས་ པར་འགྱུར་ཞིང་གཡང་ས་ཆེན་པོར་ཡང་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྟོང་པའི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དམིགས་པ་ལ་སྤྱོད་པ། བདག་ལ་མངོན་པར་ཞེན་པ། ཕུང་པོ་ལ་མངོན་པར་ ཞེན་པ། ཁམས་ལ་མངོན་པར་ཞེན་པ། སྐྱེ་མཆེད་ལ་མངོན་པར་ཞེན་པ། ཚུལ་ཁྲིམས་ལ་མངོན་པར་ཞེན་པ། ཏིང་ངེ་འཛིན་ལ་མངོན་པར་ཞེན་པ། ལམ་དང་མྱ་ངན་ལས་འདས་པ་དང་། འབྲས་བུ་ལ་མངོན་པར་ཞེན་པ། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མྱ་ངན་ལས་འདས་པ་ཆེན་པོ་ལ་ མངོན་པར་ཞེན་པ་དག་གིས་བཟོད་པར་བྱ་བ་མ་ཡིན་པའི་ཕྱིར་ཏེ། ཀུན་དགའ་བོ་འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྒྲ་དེ་ནི་སྒྲ་ཆེན་པོ་ཡིན་ནོ། །ཀུན་དགའ་བོ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པའོ་ཞེས་ཆོས་བསྟན་ཀྱང་གང་ཡང་ སྟོང་པ་མེད་དོ། །གང་གི་ཡང་སྟོང་པ་མེད་དོ། །གང་གིས་ཀྱང་སྟོང་པ་མེད་དོ། །གང་ལ་ཡང་སྟོང་པ་མེད་དོ། །ཀུན་དགའ་བོ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་རྣམས་མཚན་མ་མེད་པའོ་ཞེས་བསྟན་ཀྱང་དེ་དག་ནི་གང་ཡང་མཚན་མ་མེད་པ་མེད་དོ། །གང་གི་ཡང་མཚན་མ་མེད་པ་ མེད་དོ། །གང་གིས་ཀྱང་མཚན་མ་མེད་པ་མེད་དོ། །གང་ལ་ཡང་མཚན་མ་མེད་པ་མེད་དོ། །ཀུན་དགའ་བོ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྨོན་པ་མེད་པའོ། །ཞེས་བསྟན་ཀྱང་གང་ཡང་ཐོབ་པར་བྱ་བ་མེད་དོ། །གང་གི་ཡང་ཐོབ་པར་བྱ་བ་མེད་དོ། །གང་གིས་ཀྱང་ ཐོབ་པར་བྱ་བ་མེད་དོ། །གང་ལ་ཡང་ཐོབ་པར་བྱ་བ་མེད་དོ། །ཀུན་དགའ་བོ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་མངོན་དུ་བྱའོ་ཞེས་བསྟན་ཀྱང་གང་ཡང་མངོན་དུ་བྱ་བ་མེད་དོ། །གང་གི་ཡང་མངོན་དུ་བྱ་བ་མེད་དོ། །གང་གིས་ཀྱང་མངོན་དུ་བྱ་བ་མེད་དོ། །གང་ལ་ ཡང་མངོན་དུ་བྱ་བ་མེད་དོ། །ཀུན་དགའ་བོ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་བསྒོམ་པར་བྱའོ་ཞེས་བསྟན་ཀྱང་གང་ལ་ཡང་བསྒོམ་པར་བྱ་བ་མེད་དོ། །གང་གི་ཡང་བསྒོམ་པར་བྱ་བ་མེད་དོ། །གང་གིས་ཀྱང་བསྒོམ་པར་བྱ་བ་མེད་དོ། །གང་ལ་ཡང་བསྒོམ་པར་བྱ་བ་མེད་དོ། ། ཀུན་དགའ་བོ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་རྣམ་པར་བསྒོམས་སོ་ཞེས་བསྟན་ཀྱང་གང་ཡང་རྣམ་པར་བསྒོམས་པ་མེད་དོ། །གང་གི་ཡང་རྣམ་པར་བསྒོམས་པ་མེད་དོ། །གང་གིས་ཀྱང་རྣམ་པར་བསྒོམས་པ་མེད་དོ། །གང་ལ་ཡང་རྣམ་པར་བསྒོམས་པ་མེད་དོ། །ཀུན་དགའ་བོ་དེ་ལྟར་ ན་དེ་བཞིན་གཤེགས་པས་ཆོས་འདུས་བྱས་སོ་ཞེས་བསྟན་ཀྱང་གང་ཡང་འདུས་བྱས་མེད་དོ། །གང་གི་ཡང་འདུས་བྱས་མེད་དོ། །གང་གིས་ཀྱང་འདུས་བྱས་མེད་དོ། །གང་ལ་ཡང་འདུས་བྱས་མེད་དོ། །ཀུན་དགའ་བོ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་འདུས་མ་བྱས་སོ་ཞེས་བསྟན་ཀྱང་ གང་ཡང་འདུས་མ་བྱས་མེད་དོ། །གང་གི་ཡང་འདུས་མ་བྱས་མེད་དོ། །གང་གིས་ཀྱང་འདུས་མ་བྱས་མེད་དོ། །གང་ལ་ཡང་འདུས་མ་བྱས་མེད་དོ། །ཀུན་དགའ་བོ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་རྣམས་ཀུན་ནས་ཉོན་མོངས་པ་ཅན་ནོ་ཞེས་བསྟན་ཀྱང་གང་ཡང་ཀུན་ནས་ཉོན་མོངས་པ་ ཅན་མེད་དོ། །གང་གི་ཡང་ཀུན་ནས་ཉོན་མོངས་པ་ཅན་མེད་དོ། །གང་གིས་ཀྱང་ཀུན་ནས་ཉོན་མོངས་པ་ཅན་མེད་དོ། །གང་ལ་ཡང་ཀུན་ནས་ཉོན་མོངས་པ་ཅན་མེད་དོ། །ཀུན་དགའ་བོ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་རྣམས་རྣམ་པར་བྱང་བའོ་ཞེས་བསྟན་ཀྱང་གང་ཡང་རྣམ་པར་བྱང་བ་མེད་ དོ། །གང་གི་ཡང་རྣམ་པར་བྱང་བ་མེད་དོ། །གང་གིས་ཀྱང་རྣམ་པར་བྱང་བ་མེད་དོ། །གང་ལ་ཡང་རྣམ་པར་བྱང་བ་མེད་དོ། །ཀུན་དགའ་བོ་ཆོས་ཀྱི་ཕྱག་རྒྱ་དེ་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་མེད་པ་ཡིན་ནོ། །མ་བྱས་པའི་ཕྱག་རྒྱ་ཡིན་ནོ། །དབྱེར་མེད་པའི་ཕྱག་རྒྱ་ཡིན་ནོ། །ཀུན་དགའ་ བོ་གང་དག་ཕྱག་རྒྱ་དེས་བཏབ་པ་དེ་དང་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན། རིགས་བཙུན་པ་ཡིན། མིའི་སེང་གེ་ཡིན། སྤྱོད་པ་གཅིག་པ་ཡིན། བག་ཚ་བ་མེད་པ་ཡིན། སྒྲ་སྒྲོགས་པ་ཡིན། གཞན་མུ་སྟེགས་ཅན་དག་སྐྲག་པར་བྱེད་པ་ཡིན། བདུད་ཀྱི་སྡེ་འདུལ་བར་ བྱེད་པ་ཡིན། གཞན་མུ་སྟེགས་ཅན་དག་རི་སུལ་གྱི་ཕུག་ཏུ་འཇུག་པར་བྱེད་པ་ཡིན། དམིགས་པ་ཅན་དག་སྐྲག་པར་བྱེད་པ་ཡིན། ལྷག་པའི་ང་རྒྱལ་ཅན་དག་འབིགས་པར་བྱེད་པ་ཡིན། རྡེག་པར་བྱེད་པ་ཡིན། སངས་རྒྱས་ཀྱི་སྲས་བདུད་སུན་འབྱིན་པ་དག་མངོན་པར་དགའ་བར་བྱེད་པ་ཡིན། ཆོས་ཉིད་ཀྱང་རྣམ་པར་འབྱེད་པ་ཡིན། ཕྱོགས་བཅུར་ཆོས་ཀྱི་རྒྱལ་མཚན་ཡང་སྒྲེང་བར་བྱེད་པ་ཡིན། དེ་དག་ནི་ཆོས་ཀྱི་རྔ་རྡུང་བར་བྱེད་པ་ཡིན། ཆོས་ཀྱི་བཅུད་འཐུང་བར་བྱེད་པ་ཡིན། ལེགས་པར་བཤད་པས་རྒྱལ་བའི་ཐུགས་ཀྱི་སྲས་དག་ཚིམ་པར་བྱེད་པ་ཡིན་ནོ།། །། བམ་པོ་བཅུ་བདུན་པ། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་ནི་རང་གི་གནས་ནས་མངོན་པར་འབྱུང་ཞིང་ལན་གསུམ་དུ་སེང་གེའི་སྒྲ་སྒྲོགས་པ་ན། དེ་ན་སེང་གེའི་ཕྲུག་གུ་རིགས་བཙུན་པ་གང་དག་ཡོད་པ་དེ་དག་སྒྲ་དེ་ཐོས་ནས་རང་གིས་ལུས་མངོན་པར་སྟོན་པ་ཡིན། བག་ཚ་བ་ མེད་པ་ཡིན། སྐྲག་པ་མེད་པ་ཡིན། དགའ་བ་ཡིན། ཚིམ་པ་ཡིན། ཕྱོགས་བཞིར་རྣམ་པར་ལྟ་བར་བྱེད་པ་ཡིན་ནོ། །ཀུན་དགའ་བོ་དེ་བཞིན་དུ་སེང་གེའི་འདུས་པ། བག་ཚ་བ་མེད་པའི་འདུས་པ། རལ་པ་ཆེན་པོ་ཅན་འདུས་པ་དེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་ བསམ་པ་ལ་ཡང་དག་པར་ཞུགས་པ། དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དབང་པོ་ཡོངས་སུ་མ་སྨིན་པ་གང་དག་ཡོད་པ་དེ་དག་ནི་སྒྲ་དེ་ཐོས་ནས་ཀུན་དགའ་བོ་འདུས་པ་ཆེན་པོའི་འདུས་པ་དེ་ན་དགའ་བ་སྐྱེད་པར་བྱེད་པ་ཡིན། མགུ་བ་སྐྱེད་པར་བྱེད་པ་ཡིན་ནོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་རི་དགས་ ཀྱི་རྒྱལ་པོ་སེང་གེ་ནི་གང་དང་གང་དུ་འགྲོ་ཡང་ཐམས་ཅད་དུ་གཅིག་པུ་ཁོ་ནར་འགྲོ་བ་ཡིན། གྲོགས་མེད་པ་ཁོ་ནར་འགྲོ་བ་ཡིན་ནོ། །ཀུན་དགའ་བོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་འདུས་པ། བག་ཚ་བ་མེད་པ་རལ་པ་ཅན་གྱི་འདུས་པའི་འདུས་པ་དེ་ན། བྱང་ཆུབ་སེམས་དཔའི་སེང་གེ་གང་དག་ཡོད་པ་དེ་དག་ ནི་གང་དང་གང་དུ་གོ་ཆ་གྱོན་པར་བྱེད་ཀྱང་ཐམས་ཅད་དུ་གྲོགས་མེད་པ་ཁོ་ནར་གོ་ཆ་གྱོན་པར་བྱེད་པ་ཡིན། བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་ཞིང་། གྲོགས་མེད་པར་སངས་རྒྱས་ཀྱི་ཆོས་རྣམས་མངོན་དུ་བྱའོ་སྙམ་ནས། ཟླ་མེད་པ་ཁོ་ནར་ གོ་ཆ་གྱོན་པར་བྱེད་པ་ཡིན་ནོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་དེ་ཉིད་གང་གི་མངལ་ན་གནས་པ་ཡིན་པ་དེ་ནི་མངལ་ཅིག་ཤོས་འཛིན་པར་མི་བྱེད་ཅིང་། རི་དགས་ཀྱི་རྒྱལ་པོ་སེང་གེ་ལན་ཅིག་ཁོ་ན་དེའི་མངལ་ན་གནས་པ་ཡིན་ནོ། །ཀུན་དགའ་བོ་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་དེ་དག་ནི་སྐྱེ་བ་གཅིག་གིས་ཐོགས་པ། ཐེག་པ་ཆེན་པོའི་མངལ་ན་གནས་པ་ཡིན་ཏེ། དེ་དག་ནི་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་གཟུང་བར་མི་ནུས་སོ། །ཀུན་དགའ་བོ་དེ་ལྟར་ན་འདུས་པ་དེ་ནི་སེང་གེའི་འདུས་པ་ཡིན། བག་ཚ་བ་མེད་པའི་འདུས་པ་ཡིན། རལ་ པ་ཅན་གྱི་འདུས་པ་ཡིན་ནོ། །ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་ནི་སྟོབས་དང་ལྡན་པའམ། སྟོབས་ཆུང་ངུ་ཡང་རུང་སྟེ། སྲོག་ཆགས་ཀྱི་རིགས་གང་ལ་སྣུན་པར་བྱེད་ཀྱང་ཐམས་ཅད་དུ་བསྒྲིམས་ཏེ་སྣུན་པར་བྱེད་ཀྱི་མ་བསྒྲིམས་པས་ནི་མ་ཡིན་ནོ། །ཀུན་དགའ་བོ་དེ་ བཞིན་དུ་སེང་གེའི་འདུས་པའི་འདུས་པ་དེ་ན་བྱང་ཆུབ་སེམས་དཔའ་རལ་པ་ཅན་ཡོད་པ་དེ་དག་ནི་ཆོས་ཀྱི་གཏམ་གང་དང་གང་བྱེད་ཀྱང་གུས་པ་ཁོ་ནར་བྱས་ནས་སྟོན་པར་བྱེད་པ་ཡིན། འཛིན་དུ་འཇུག་པ་ཡིན། རབ་ཏུ་རྗོད་པར་བྱེད་པ་ཡིན། གཞན་དག་ཀྱང་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ཏེ། ཀུན་དགའ་ བོ་དེ་ལྟར་ན་དེ་ནི་སེང་གེའི་འདུས་པ་ཡིན། བག་ཚ་བ་མེད་པའི་འདུས་པ་ཡིན་ནོ། །འཁོར་དག་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེའི་ཚེ་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་འདུས་པར་གྱུར་ཏེ་འདུག་པ་དེ་སྟན་ལས་ལངས་ཏེ། རང་གི་བླ་གོས་ཐོགས་ནས་བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཤད་པའི་དོན་གྱི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ལ་མཆོད་པ་བགྱི་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བྱང་ཆུབ་ སེམས་དཔའི་སྤྱད་པ་ལ་ཡང་དག་པར་ཞུགས་པ་དེ་དག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ལ་གོས་འདི་ཆོས་ཀྱི་དགབ་པར་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་ཀྱིས་བླ་གོས་དེ་ཕུལ་ཏེ། བླ་གོས་ཅིག་ ཤོས་ཐོགས་ནས་གསོལ་པ། བཅོམ་ལྡན་འདས་སླད་མའི་ཚེ་ཆོས་སྨྲ་བ་གང་ལས་ཆོས་ཀྱི་རྣམ་གྲངས་དེ་ཉན་པ་དེ་ལ་ཡང་དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པའི་སླད་དུ་གོས་འདི་འབུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་བྱང་ཆུབ་སེམས་དཔའ་ཕུག་སྦས་ཀྱི་ཐད་དུ་སོང་ ནས་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་བོ་དེའི་ཕྱིར་དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པའི་ཆེད་དུ་དེ་བཞིན་གཤེགས་པ་ལ་བླ་གོས་དེ་འབུལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ཕུག་སྦས་གཉི་ག་གྱུར་ནས་བླ་གོས་དེ་ ཕུལ་ཏེ། བླ་གོས་དེ་ལས་ཀྱང་ཆོ་འཕྲུལ་རྣམ་པ་དུ་མ་སྣང་ངོ་། །ཚེ་དང་ལྡན་པ་ཀུན་དགའ་བོ་དང་འཁོར་བཞི་པོས་ཀྱང་ཆོ་འཕྲུལ་དེ་དག་མཐོང་སྟེ། མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ནི་ངོ་མཚར་ལགས་སོ། ། བདེ་བར་གཤེགས་པ་དེ་ནི་རྨད་དུ་བྱུང་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ལྟ་ངོ་མཚར་རྨད་དུ་བྱུང་བ་ཅི་ཞིག་ཁོང་དུ་ཆུད། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུས་པ། བྱང་ ཆུབ་གང་ཞུགས་དཔའ་བོ་དཔའ་རྣམས་ཀྱི། །བསྔགས་བརྗོད་རྫུ་འཕྲུལ་གྱིས་ནི་མཆི་བགྱིད་པ། །སྤྲུལ་པ་སྟོང་ཕྲག་མང་པོ་ཆོས་གོས་ལས། །འབྱུང་བ་དག་ནི་བདག་གིས་འདིར་མཐོང་ལགས། །འཇིག་རྟེན་མགོན་པོ་དེ་ཚེ་ཆོས་གོས་ལས། །ཆོས་གོས་སྟོང་ཕྲག་མང་པོ་བྱེ་ཕྲག་སྟོང་། ། དེ་ལས་ལྷག་པ་བྱང་ཆུབ་སེམས་དཔའ་རྣམས། །ཐོགས་ཤིང་མཆི་བར་བགྱིད་པ་བདག་གིས་མཐོང་། །འདིར་མཆིས་ནས་ནི་འདྲེན་པ་རྣམས་ལ་འབུལ། །རྒྱལ་བ་གང་དག་ཕྱོགས་བཅུའི་འཇིག་རྟེན་གནས། །དེ་དག་ཐད་དུ་དེ་དག་ཆོ་འཕྲུལ་སྟོན། །དེ་རིང་ཆོས་གོས་ལས་ནི་དེ་འདྲ་མཐོང་། ། དེ་ལས་གང་དག་རྒྱལ་ལ་ཆོས་གོས་འབུལ། །དེར་ནི་རིམ་གྱིས་སྤྱད་པ་སྤྱོད་པ་ཡིས། །དེ་འཚང་རྒྱ་ཞེས་འཇིག་རྟེན་མགོན་དེ་དག །དེ་ཚེ་བྱང་ཆུབ་མཆོག་ཏུ་ལུང་སྟོན་མཛད། །སེམས་ཅན་དག་པ་གང་དག་དེར་མཆིས་ནས། །དེ་ཚེ་སྤྱི་བོར་རྣམ་དག་གདུགས་འབྱུང་འགྱུར། ། སེམས་ཅན་དེ་དག་བྱང་ཆུབ་ཕྱིར་སྤྱོད་པས། །འདིར་ནི་སངས་རྒྱས་འབྱུང་སྙམ་སེམས་ཅན་སེམས། །དེ་ན་སྟོང་ཕྲག་མང་པོ་བྱེ་བ་ཕྲག །ཁྲག་ཁྲིག་མཆོག་ཏུ་སྒྲ་འབྱིན་མཆིས་ལགས་ཏེ། །དེ་ལས་ཆོས་ཀྱི་ཚིག་རྣམས་བྱུང་བར་འགྱུར། །ནམ་མཁའ་ལས་ནི་སངས་རྒྱས་སྒྲ་ཐོས་ལགས། ། འཛམ་གླིང་སངས་རྒྱས་རྣམས་ཀྱིས་ཁྱབ་པར་མཐོང་། །སྟོང་གསུམ་རྒྱལ་བ་རྣམས་ཀྱིས་ཁྱབ་པར་མཐོང་། །འདྲེན་པ་དེ་རིང་བདག་ལ་འདུ་ཤེས་བྱུང་། །སླན་ཆད་བདག་ལུས་ཉན་ཐོས་རློམ་མི་བགྱིད། །སློབ་དཔོན་དཔའ་བོ་ཁྱོད་ཀྱི་འཕྲུལ་འདི་འདྲ། །དེ་རིང་བདག་གི་མིག་རྨོངས་དྲན་པ་རྨོངས། ། འཕགས་པའི་ཡེ་ཤེས་བདག་གིས་རྣམ་པར་བལྟ། །ཁམས་གསུམ་པོ་དག་ཐམས་ཅད་སྟོང་པར་བལྟ། །སྟོང་པར་ཤེས་ལ་བདག་གི་དྲན་མི་རྨོངས། །གང་གིས་ཡེ་ཤེས་ཐོབ་པ་མིག་མི་འཚལ། །བཅོམ་ལྡན་གཞན་དུ་དེ་ལ་མངོན་བགྱིས་པས། །བསྐྱེད་པའི་དྲན་པ་རྨོངས་པ་དེ་མ་གཏོགས། ། དཔའ་བོ་འཁོར་ཀྱང་མཆོག་ཏུ་དགའ་བ་སྐྱེས། །བར་སྣང་ནམ་མཁའ་ལ་ནི་འཕགས་པར་གྱུར། །པད་མ་འདབ་སྟོང་པ་ཡིས་གནས་པ་ལགས། །མཁའ་ལ་པད་མ་གནས་པ་གདུགས་ཇི་བཞིན། །ཆོས་གོས་དེ་ལ་ཕྱོགས་བཅུའི་འཇིག་རྟེན་ན། །གང་དག་ཅི་མཆིས་ཀུན་ཀྱང་གདའ་བ་ལགས། ། འཇིག་རྟེན་དྲང་སྲོང་འདྲེན་པ་རྒྱལ་བ་མཆོག །དེ་དག་རྣམས་ཀྱི་དགེ་འདུན་རྒྱ་ཆེན་གདའ། །དེ་ལ་སེམས་ཅན་དཔའ་བོ་དེ་རབ་བྱུང་། །སྦྱིན་པ་བསམ་གྱིས་མི་ཁྱབ་རྒྱ་ཆེན་སྩོལ། །དེ་དག་བྱང་ཆུབ་དོན་དུ་འདྲེན་པ་བསྟེན། །སེམས་ཅན་དོན་སྤྱོད་བགྱིད་ཅིང་རབ་ཏུ་བྱུང་། །དེ་ཚེ་ཕྱོགས་བཅུ་རྣམས་སུ་ ཆོས་སྟོན་པས། །དཔའ་བོ་དེ་དག་དེར་ནི་སྤྲུལ་པར་བྱུང་། །འཇིག་རྟེན་མགོན་པོ་གང་དག་གོས་ལས་མཐོང་། །བགྲང་བའམ་མཐའ་ནི་གང་ཡང་མཆིས་མ་ལགས། །འཇིག་རྟེན་ཁམས་གསུམ་གང་དག་གོས་ལས་མཐོང་། །སེམས་དགའ་མགུ་ཞིང་གུས་དང་བཅས་པ་ལགས། །ཇི་ལྟར་ཚངས་ པ་དབང་བསྒྱུར་དབང་ཕྱུག་བཞིན། །རང་འོད་ལྡན་ཞིང་རྫུ་འཕྲུལ་སྟོབས་ལ་མཁས། །སྤོབས་དང་ལྡན་ཞིང་མང་དུ་ཐོས་པའང་ལགས། །དེ་ཚེ་གཟུངས་ཀྱི་སྒོ་ནི་ཀུན་གྱིས་ཐོབ། །རྒྱལ་བའི་ཚུལ་དང་འཐུན་པར་འཁོར་ལོ་བསྐོར། །ཞིང་དེ་དག་ཀྱང་ཆོས་གོས་རྣམས་ཀྱིས་ཁྱབ། །སྣ་ ཚོགས་རིན་ཆེན་ལས་བྱུང་དོ་ཤལ་སྡུག །ལ་ལའི་ཞིང་དུ་ཁ་དོག་གདའ་མ་ལགས། །གང་དུ་དཔའ་བོ་མཆིས་ཤིང་རྐང་བཞག་ནས། །འཇིག་རྟེན་ཁམས་འདིར་རྫུ་འཕྲུལ་ཀུན་ནས་གནས། །མེ་ཏོག་རྣམས་དང་སྤོས་དང་བྱུག་པ་དང་། །རྒྱལ་མཚན་བ་དན་རྣམས་ཀྱིས་ཀུན་ནས་ བརྒྱན། །གང་དུ་དཔའ་བོ་མཆིས་ནས་རྐང་བཞག་པའི། །ཞིང་དེ་དག་ནི་མགོན་པོ་བདག་གིས་མཐོང་། །ས་ཡི་སྙིང་པོར་སངས་རྒྱས་བཞུགས་པ་དང་། །དེ་ཚེ་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་། །རྒྱལ་བ་དེ་དང་ཆོ་འཕྲུལ་མཐོང་ནས་སུ། །འདི་ན་གོས་ལས་རྫུ་འཕྲུལ་དེ་འདྲ་ གདའ། །འཇིག་རྟེན་འདི་ན་གང་སུ་ལུས་མཆིས་པ། །ཐམས་ཅད་འདིར་ནི་ལུས་སུ་སྤྲུལ་ནས་སུ། །སྲོག་ཆགས་རྣམས་ལ་སྨན་ཕྱིར་ཆོས་སྟོན་ཅིང་། །དེར་ནི་བྱང་ཆུབ་སླད་དུ་ངེས་པ་ལགས། །དེ་རིང་འདི་ན་ངོ་མཚར་ཚུལ་བཞིན་གདའ། །དེས་ཀྱང་མཐོང་བ་དེ་ནི་ཡིད་ཆེས་གདའ། ། རྒྱལ་བ་མཁས་པས་སངས་རྒྱས་འཕྲུལ་དེ་གཟིགས། །བཅོམ་ལྡན་ཆོ་འཕྲུལ་དེ་འདྲ་གདའ་བ་ལགས། །བཅོམ་ལྡན་མི་རྣམས་ཀྱི་ནི་ཞིང་རྒྱ་ཆེ། །བློ་བུལ་རྣམས་ཀྱི་སྟོན་པ་དམ་པ་ལགས། །བཅོམ་ལྡན་སྐྱེ་དགུའི་སྲིད་ཆགས་བདེ་སྡུག་བསྔལ། །འབྲས་བུ་ཆེན་པོ་བསྐྱེད་པར་འགྱུར་ བ་ལགས། །གལ་ཏེ་བདག་གིས་སྙན་པ་བསྐལ་བརྗོད་ཀྱང་། །བསྐལ་པ་སྟོང་དུའང་ཟད་བགྱིད་རྔོ་མི་ཐོགས། །གང་དག་གོས་ལས་རྫུ་འཕྲུལ་བསྒྲུབས་གདའ་བ། །ཐུབ་པས་བསྟན་འདི་སུ་ཡི་དོན་བགྱིད་འགྱུར། །དེ་ནི་སུ་ཡི་རྒྱ་ཆེན་ཞིང་དུ་འགྱུར། །དེ་ལ་སུ་ཞིག་བྱང་ཆུབ་སྤྱད་སྤྱོད་ན། ། འདི་ལྟར་འདི་ན་རྫུ་འཕྲུལ་དཔག་མེད་གདའ། །འདྲེན་པ་དེ་རིང་བདག་ལ་ལུང་བསྟན་གསོལ། །ཤིང་རྟའི་ཕང་ལོ་ཙམ་གྱི་པད་མ་བརྩེགས། །ཇི་ལྟར་སྣ་ཚོགས་མཛེས་པ་བགྱིས་པ་ལགས། །ཇི་ལྟར་བྱང་ཆུབ་སེམས་དཔའ་མང་པོ་མཆིས། །ཕྱོགས་བཅུར་སངས་རྒྱས་ལ་ནི་ཕྱག་འཚལ་མཆི། ། སངས་རྒྱས་ཕྱག་འཚལ་སླར་ཡང་ཞིང་དུ་མཆི། །དེ་ཉིད་ནས་ནི་སླར་མཆིས་བྱང་ཆུབ་འཐོབ། །རྒྱ་ཆེན་ཞིང་དེ་རྣམ་པར་དག་པར་འགྱུར། །རྫུ་འཕྲུལ་བསམ་གྱིས་མི་ཁྱབ་གདའ་བ་ལགས། །བྱང་ཆུབ་སྤྱད་པ་སྤྱོད་པ་དག་ཀྱང་མཐོང་། །སངས་རྒྱས་ཞིང་འདི་ན་ནི་དཔའ་བོ་གཅིག ། གང་ཞིག་ཆོས་གོས་ཐོགས་ནས་གནས་པ་ལགས། །མ་བསླབས་པ་ཡིས་འདི་ལ་ཇི་ལྟར་བསླབ། །གང་གིས་སེམས་ཅན་ཐམས་ཅད་བདེ་མྱོང་བའི། །སྙོམས་པར་སྦྱིན་པའི་ལོངས་སྤྱོད་འཐུན་འཚལ་བ། །སེམས་ཅན་ཀུན་ལ་ཕན་པར་གྱུར་ཅིག་ཅེས། །སྔོན་ཆད་བདག་གིས་སྦྱིན་སྩལ་བསྔོས་ པ་ལགས། །མགོན་པོ་དོན་དེ་བདག་ལ་གསུང་བར་གསོལ། །འཇིག་རྟེན་མགོན་པོ་བདག་གི་ཐེ་ཚོམ་ཆོད། །སྨོན་ལམ་འདི་འདྲ་བརྟན་པའི་བློ་གྲོས་ཀྱིའམ། །དགེ་སློང་ཕུག་སྦས་ཀྱིའམ་སུ་ཡི་ལགས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་ཀྱིས་དྲི་བ་འདྲི་བར་འདོད་ཀྱིས། དྲི་བ་ལན་གདབ་པ་ལ་ཁྱོད་རེ་ཞིག་སྡོད་ཅིག་དང་། དེའི་འོག་ཏུ་ཁྱོད་ཀྱི་དྲི་བ་ལན་གདབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བ