Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 043_དཀོན་བརྩེགས།_ཅ

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
ི་དང་ཡིད་གཉིས་ཟ་བར་གྱུར་ན། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་
སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་དེའི་ཚེ་དེའི་དུས་ན་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་དགེ་བའི་བཀོད་པ་དེའི་བུ་སྟོང་ཐམ་པར་གྱུར་པ་དེ་དག་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉི་དང་ཡིད་གཉིས་ཟ་བར་གྱུར་ན།
ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། བསྐལ་པ་བཟང་པོ་འདི་ཉིད་ཀྱི་སངས་རྒྱས་སྟོང་པོ་དག་དེའི་ཚེ་དེའི་དུས་ན་རྒྱལ་པོ་དགེ་བའི་བཀོད་པ་དེའི་བུ་སྟོང་ཐམ་པར་གྱུར་ཏོ། །ཤཱ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་
སྙམ་དུ་ཁྱོད་སོམ་ཉི་དང་ཡིད་གཉིས་ཟ་བར་གྱུར་ན། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཞེས་བྱ་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་སྔོན་གྱི་བྱང་ཆུབ་སེམས་དཔའ་བག་ཡོད་པ་རྣམས་ནི་ལྷག་པའི་བསམ་པ་དང་།

ཤེས་བཞིན་གྱི་སྤྱོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སྔོན་གྱི་ཚུལ་དང་ལྡན་པའི་གཏམ་འདི་བཤད་པ་ན་ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་ལས་སྲོག་ཆགས་སུམ་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
སེམས་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ནི་ལྷའི་བུ་དེད་དཔོན་འདི་དང་ལྷན་ཅིག་ཏུ་ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་སྤྱད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང་དགེ་བའི་རྩ་
བ་བསྐྱེད་པ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཚིག་བླ་དགས་ཡིན་ལ། ལམ་ནི་འདུས་བྱས་ཡིན་གྱི། ཁོ་བོ་ནི་འདུས་མ་བྱས་སུ་གཏོགས་པ་ཡིན་པས་དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་
པར་སྤྱོད་པ་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་སྤྱོད་པའི་མཚན་ཉིད་ཡིན་གྱི། ཁོ་བོ་ནི་སྤྱོད་པ་མེད་པ་དང་། རབ་ཏུ་སྤྱོད་པ་མེད་པ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་
གཉིས་སུ་སྦྱོར་བ་ཡིན་གྱི། ཁོ་བོ་ནི་གཉིས་སུ་སྦྱོར་བ་ཡང་མ་ཡིན་ལ། གཉིས་སུ་མེད་པར་སྦྱོར་བ་ཡང་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་ཉོན་མོངས་པའི་གཉེན་པོ་ཡིན་གྱི། ཁོ་བོ་ནི་
གཉེན་པོས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལས་འབྱོལ་བ་ཡིན་གྱི། ཁོ་བོ་ནི་གཟུགས་དང་།
སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལས་འབྱོལ་བ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་བདུད་ཀྱི་ལམ་ལས་ཡང་དག་པར་འདའ་བ་ཡིན་གྱི། ཁོ་བོ་ནི་བདུད་ཀྱི་ལམ་ལས་

ཡང་དག་པར་འདའ་བ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་དགེ་བའི་བཤེས་གཉེན་ཐམས་ཅད་ཡིན་གྱི། ཁོ་བོ་ནི་དགེ་བ་དང་སྡིག་པ་ལ་ངེས་པར་སྦྱོར་བར་མི་བྱེད་དེ། དེའི་ཕྱིར་
ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐྱོན་མེད་པ་ཐོབ་པ་ཡིན་གྱི། ཁོ་བོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐྱོན་མེད་པ་ཐོབ་པ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་
སྤྱད་པ་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་འཁོར་བ་ལས་འབྱོལ་བ་ཡིན་གྱི། ཁོ་བོ་ནི་འཁོར་བ་ལས་འབྱོལ་བ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་དེ་ནི་མྱ་ངན་ལས་འདས་
པའི་ལམ་དུ་འགྲོ་བ་ཡིན་གྱི། ཁོ་བོ་ནི་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱད་པ་མ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གང་ཡང་ཁྱོད་འདི་སྐད་དུ་འཇམ་དཔལ་ཁྱོད་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །ཞེས་ཟེར་བ་ནི།
བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ལ་ནི་བསྙེན་བཀུར་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་གཟུགས་མེད་ཅིང་བསྟན་དུ་མེད་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཚོར་བ་མེད་ཅིང་ཚོར་བ་ཐམས་ཅད་རྒྱུན་བཅད་པ་ཡིན་
པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་འདུ་ཤེས་མེད་ཅིང་འདུ་ཤེས་ཀྱི་མདུད་པ་ཐམས་ཅད་དང་བྲལ་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་འདུ་བྱེད་རྣམས་མེད་ཅིང་འདུས་མ་བྱས་བརྙེས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་
མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་རྣམ་པར་ཤེས་པ་མེད་ཅིང་ཡིད་གནས་པ་མེད་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་མིག་དང་གཟུགས་ཀྱི་ཡུལ་མ་ཡིན་ཞིང་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་

གཤེགས་པ་ནི་རྣ་བ་དང་སྒྲའི་ཡུལ་མ་ཡིན་ཞིང་མཚན་མ་མེད་པའི་ཡུལ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་སྣ་དང་དྲིའི་ཡུལ་མ་ཡིན་ཞིང་གཉིས་དང་བྲལ་བ་ཡིན་པས། དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ལྕེ་དང་རོའི་
ཡུལ་མ་ཡིན་ཞིང་རྣམ་པར་རིག་པ་མེད་པའི་མཚན་ཉིད་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ལུས་དང་རེག་བྱའི་ཡུལ་མ་ཡིན་ཞིང་ཐོགས་པ་མེད་པའི་མཚན་ཉིད་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཡིད་དང་ཆོས་
ཀྱི་ཡུལ་མ་ཡིན་ཞིང་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་ལ་གནས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཡང་དག་པའི་མཐའ་དང་འཐུན་པར་ཞུགས་པ་ཡིན་
པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཆེན་པོ་སྟོང་པ་ཉིད་ལ་ཞུགས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་
ནི་རང་བཞིན་མཉམ་པ་ཉིད་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་སྤྲོས་པ་ཐམས་ཅད་ཡང་དག་པར་ཆད་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་དམིགས་པ་མེད་པ་ལ་ཞུགས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་
མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་རྣམ་པར་ཤེས་པ་ལ་མི་གནས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཁམས་གསུམ་ན་མི་གནས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཟག་པ་མེད་པ་ཡིན་པས་
དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་ལ་མི་གནས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཞི་ཞིང་རབ་ཏུ་ཞི་ལ་ཉེ་བར་ཞི་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་།

དེ་བཞིན་གཤེགས་པ་ནི་ལུས་དང་ངག་དང་ཡིད་དང་བྲལ་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་ཁ་དོག་དང་། གཟུགས་དང་། དབྱིབས་དང་བྲལ་བ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་
ཐམས་ཅད་དུ་མ་སྨད་ཅིང་ཁ་ན་མ་ཐོ་བ་མེད་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། དེ་བཞིན་གཤེགས་པ་ནི་སྤྱོད་ལམ་ཐམས་ཅད་ལ་ཡང་དག་པར་མི་གནས་པ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པ་དང་། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ནི་ཐམས་ཅད་
དུ་སྐུར་བ་གདབ་ཏུ་མེད་ཅིང་ནམ་མཁའ་ལ་བྲིས་པ་ལྟ་བུ་ཡིན་པས་དེ་ལ་བསྙེན་བཀུར་བྱ་བར་མི་ནུས་པའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གང་ཡང་ཁྱོད་འདི་སྐད་དུ་འཇམ་དཔལ་ཁྱོད་ནི་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ་ཞེས་ཟེར་བ་ལ། བཙུན་པ་ཤ་ར་དྭ་ཏིའི་བུ་དགེ་བའི་རྩ་བ་དེ་ནི་འཇིག་ཚོགས་
རྩ་བ་མ་ཡིན་པ་དང་། མ་རིག་པ་དང་། སྲིད་པའི་སྲེད་པ་རྩ་བ་མ་ཡིན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྩ་བ་མ་ཡིན་པ་དང་། ཕྱིན་ཅི་ལོག་བཞི་རྩ་བ་མ་ཡིན་པ་དང་། ཕུང་པོ་ལྔ་རྩ་བ་མ་ཡིན་པ་དང་། སྐྱེ་མཆེད་དྲུག་རྩ་བ་མ་ཡིན་པ་དང་། རྣམ་པར་ཤེས་པའི་གནས་
བདུན་རྩ་བ་མ་ཡིན་པ་དང་། ལོག་པ་བརྒྱད་རྩ་བ་མ་ཡིན་པ་དང་། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་རྩ་བ་མ་ཡིན་པ་དང་། སེམས་ཅན་གྱི་གནས་དགུ་རྩ་བ་མ་ཡིན་པ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །བཙུན་པ་ཤ་ར་དྭ་
ཏིའི་བུ་བགྲོད་པ་གཅིག་པའི་ལམ་ལ་མངོན་པར་ཞེན་པ་རྩ་བ་མ་ཡིན་པ་དང་། རིག་པ་དང་རྣམ་པར་གྲོལ་བ་ལ་ཡོངས་སུ་རྟོག་པ་རྩ་བ་མ་ཡིན་པ་དང་། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པས་རློམ་སེམས་སུ་བྱེད་པ་རྩ་
བ་མ་ཡིན་པ་དང་། བདེན་པ་བཞི་པོ་དག་ལ་ཡོངས་སུ་རྟོག་པ་རྩ་བ་མ་ཡིན་པ་དང་། དབང་པོ་ལྔར་འདུ་ཤེས་པ་རྩ་བ་མ་ཡིན་པ་དང་། མངོན་པར་ཤེས་པ་དྲུག་ལ་དམིགས་པ་རྩ་བ་མ་ཡིན་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྒྲོ་འདོགས་པ་རྩ་བ་མ་ཡིན་པ་དང་། འཕགས་པའི་ལམ་ཡན་ལག་

བརྒྱད་པས་རློམ་སེམས་སུ་བྱེད་པ་རྩ་བ་མ་ཡིན་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ལྟ་བ་སྐྱེད་པ་རྩ་བ་མ་ཡིན་པ་དང་། མི་སློབ་པའི་ཆོས་བཅུ་ལ་མངོན་པར་ཞེན་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །ཕུང་པོའི་བདུད་རྩ་བ་མ་ཡིན་པ་དང་།
ཉོན་མོངས་པའི་བདུད་རྩ་བ་མ་ཡིན་པ་དང་། འཆི་བདག་གི་བདུད་རྩ་བ་མ་ཡིན་པ་དང་། ལྷའི་བུའི་བདུད་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །སྒྲིབ་པ་རྩ་བ་མ་ཡིན་པ་དང་། ཆོད་པ་དང་ཀུན་ནས་ལྡང་བ་རྩ་བ་མ་ཡིན་པ་དང་། འགྱོད་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་
བ་ཡིན་ནོ། །བདག་ཏུ་ལྟ་བ་རྩ་བ་མ་ཡིན་པ་དང་། སེམས་ཅན་དུ་ལྟ་བ་རྩ་བ་མ་ཡིན་པ་དང་། སྲོག་ཏུ་ལྟ་བ་རྩ་བ་མ་ཡིན་པ་དང་། གསོ་བ་དང་། གང་ཟག་ཏུ་ལྟ་བ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །འབྱུང་བར་ལྟ་བ་རྩ་བ་མ་ཡིན་པ་དང་། འཇིག་པར་ལྟ་བ་རྩ་བ་མ་
ཡིན་པ་དང་། ཆད་པར་ལྟ་བ་རྩ་བ་མ་ཡིན་པ་དང་། རྟག་པར་ལྟ་བ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །ཚུལ་བཞིན་མ་ཡིན་པ་རྩ་བ་མ་ཡིན་པ་དང་། མ་རིག་པ་རྩ་བ་མ་ཡིན་པ་དང་། འདུ་བྱེད་རྩ་བ་མ་ཡིན་པ་དང་། རྣམ་པར་ཤེས་པ་རྩ་བ་མ་ཡིན་པ་དང་། མིང་དང་
གཟུགས་རྩ་བ་མ་ཡིན་པ་དང་། སྐྱེ་མཆེད་དྲུག་རྩ་བ་མ་ཡིན་པ་དང་། རེག་པ་རྩ་བ་མ་ཡིན་པ་དང་། ཚོར་བ་རྩ་བ་མ་ཡིན་པ་དང་། སྲེད་པ་རྩ་བ་མ་ཡིན་པ་དང་། ལེན་པ་རྩ་བ་མ་ཡིན་པ་དང་། སྲིད་པ་རྩ་བ་མ་ཡིན་པ་དང་། སྐྱེ་བ་རྩ་བ་མ་ཡིན་པ་དང་། རྒ་ཤི་རྩ་བ་མ་ཡིན་པ་དང་། ནད་དང་
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །འདོད་པའི་ཁམས་རྩ་བ་མ་ཡིན་པ་དང་། གཟུགས་ཀྱི་ཁམས་རྩ་བ་མ་ཡིན་པ་དང་། གཟུགས་མེད་པའི་ཁམས་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །སྦྱིན་
པས་རློམ་སེམས་སུ་བྱེད་པ་རྩ་བ་མ་ཡིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་དགེ་བའི་རྩ་བ་ཡིན་ནོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་

སྙོམས་ཀྱིས་རློམ་སེམས་སུ་བྱེད་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །ཉན་ཐོས་དང་། རང་སངས་རྒྱས་འདོད་པ་རྩ་བ་མ་ཡིན་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་རྩ་བ་དང་།
ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་འདོར་བའི་རྩ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྩ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའི་རྩ་བ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་རྩ་བ་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་རྩ་བ་དང་། ཚུལ་ཁྲིམས་དང་། བསླབ་པ་
ཐམས་ཅད་ཡང་དག་པར་ལེན་པའི་རྩ་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཡང་མི་འདོད་པའི་རྩ་བ་དང་། བཟོད་པ་དང་། ཞི་བ་དང་། དུལ་བ་དང་། དེས་པའི་རྩ་བ་དང་། བདག་དང་། གཞན་ལ་ཡང་མི་གནོད་པའི་རྩ་བ་དང་། བརྟན་པའི་བརྩོན་འགྲུས་ཆེན་པོ་རྩོམ་པའི་རྩ་བ་
དང་། དམན་པའི་ཆོས་ཡང་དག་པར་མི་སྡུད་པའི་རྩ་བ་དང་། བསམ་གཏན་གྱི་རྩ་བ་དང་། བསམ་གཏན་གྱི་རོ་མྱོང་བར་མི་བྱེད་པའི་རྩ་བ་དང་། ཤེས་རབ་ཀྱི་རྩ་བ་དང་། བཏང་སྙོམས་ཀྱང་མ་ཡིན་པའི་རྩ་བ་དང་། ཐབས་ཀྱི་རྩ་བ་དང་། ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་
སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པའི་རྩ་བ་དང་། སྟོབས་བཅུ་དང་། མི་འཇིགས་པའི་རྩ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྒྲུབ་པའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །ལུས་དང་། ངག་
དང་། སེམས་ཀྱི་རྒྱུན་གྱི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །གཟུངས་ཀྱི་ཤེས་པ་ཐོབ་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །སྤོབས་པ་མི་ཆོད་པའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །མངོན་པར་
ཤེས་པ་དང་། རིག་པ་ཐོབ་པའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་བྱིན་གྱིས་རློབ་པའི་རྩ་བ་གང་ཡིན་པ་དང་། ལན་

གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་རྩ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པས་དོན་གྱི་གཞི་རྣམ་པར་ངེས་པར་བསྟན་པ་གསུམ་པོ་འདི་བཤད་པ་ན་ཐམས་ཅད་དང་ལྡན་པའི་འཁོར་དེས་ལེགས་སོ་ཞེས་བྱ་བ་
བྱིན་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མེ་ཏོག་རྣམ་པ་སྣ་ཚོགས་དག་གིས་མངོན་པར་གཏོར་ནས་ཚིག་འདི་སྐད་དུ་སངས་རྒྱས་ཀྱི་ཞིང་གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་གནས་པ་དེར་ནི་དེ་བཞིན་གཤེགས་པ་གཉིས་བྱུང་
བ་ཡིན་པར་རིག་པར་བྱའོ། །སེམས་ཅན་གང་དག་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་ཐོས་ནས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་ནོ། །དེ་དག་གིས་ནི་བདུད་ཀྱི་ལས་ཐམས་ཅད་བཀག་པ་ཡིན་ནོ། །དེ་དག་ནི་ཐེག་པ་ཆེན་པོ་འདི་ལ་
སྣང་བ་ཐོབ་པ་ཡིན་ནོ་ཞེས་ཀྱང་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེས་སྨྲས་པ་ལ་རྗེས་སུ་ཐུགས་རང་བ་མཛད་ནས་ལྷའི་བུ་དེད་དཔོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་གང་དག་འཇམ་དཔལ་གཞོན་ནུར་གྱུར་པས་བཤད་པ་དེ་ཐོས་ནས་མོས་པར་འགྱུར་
བ་དེ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ཏེ། དེ་དག་ནི་དེ་ལས་གཞན་པའི་ཆོ་འཕྲུལ་རྣམས་ཀྱིས་སྐྲག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་འདི་ལྟ་སྟེ། རྟག་པར་འདུ་ཤེས་པའི་སེམས་ཅན་རྣམས་ལ་མི་རྟག་པར་བཤད་པ་དང་། བདེ་བར་འདུ་ཤེས་པ་རྣམས་ལ་སྡུག་བསྔལ་བར་བཤད་པ་དང་
བདག་ཏུ་འདུ་ཤེས་པ་རྣམས་ལ་བདག་མེད་པར་བཤད་པ་དང་། སྡུག་པར་འདུ་ཤེས་པ་རྣམས་ལ་མི་སྡུག་པར་བཤད་པ་དང་། དངོས་པོར་འདུ་ཤེས་པ་རྣམས་ལ་དངོས་པོ་མེད་པར་བཤད་པ་དང་། ལྟ་བར་འདུ་ཤེས་པ་རྣམས་ལ་སྟོང་པར་བཤད་པ་དང་། མཚན་མར་འདུ་ཤེས་པ་རྣམས་ལ་མཚན་
མ་མེད་པར་བཤད་པ་དང་། ཁམས་གསུམ་པར་འདུ་ཤེས་པ་རྣམས་ལ་སྨོན་པ་མེད་པར་བཤད་པ་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པར་འདུ་ཤེས་པ་རྣམས་ལ་ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བར་བཤད་པ་དེ་ནི་འཇིག་རྟེན་གྱི་འཇིགས་པ་ཆེན་པོ་ཡིན་ཏེ། གང་དག་དེ་ལ་སྐྲག་པར་མི་

འགྱུར་བ་དེ་དག་ནི་ཡང་དག་པར་དུལ་བ་ཡིན་པས་ན་ཡང་དག་པར་དུལ་བ་རྣམས་ནི་གང་ལ་ཡང་སྐྲག་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་གང་ལས་སྐྲག་པར་འགྱུར་བའི་ཆོས་འདི་ལྟ་སྟེ། ངར་འཛིན་པ་ཡོངས་སུ་འཛིན་པ་དང་། ང་ཡིར་འཛིན་པ་ཡོངས་སུ་འཛིན་པ་དེ་དག་དེས་ཡོངས་སུ་མ་བཟུང་བས་ཡོངས་སུ་
མ་བཟུང་བ་ལ་རྟེན་མེད་པ་དང་། རྟེན་མེད་པ་ལ་གཡོ་བ་མེད་པ་དང་། གཡོ་བ་མེད་པ་ལ་འགུལ་བ་མེད་པ་དང་། འགུལ་བ་མེད་པ་ལ་བླང་བ་མེད་པ་དང་། བླང་བ་མེད་པ་ལ་དོར་བ་མེད་པ་དང་། དོར་བ་མེད་པ་ལ་འཛིན་པ་མེད་པ་དང་། འཛིན་པ་མེད་པ་ལ་མཆོག་ཏུ་འཛིན་པ་མེད་པ་
དང་། མཆོག་ཏུ་འཛིན་པ་མེད་པ་ལ་ཕྱིན་ཅི་ལོག་མེད་པ་དང་། ཕྱིན་ཅི་ལོག་མེད་པ་ལ་ལོག་པ་ཉིད་མེད་པ་དང་། ལོག་པ་ཉིད་དང་བྲལ་བ་ནི་ཡང་དག་པར་སྒྲུབ་པ་ཡིན་པ་དང་། ཡང་དག་པར་སྒྲུབ་པ་ནི་ཡང་དག་པར་ལྟ་བ་ཡིན་པ་དང་། ཡང་དག་པར་ལྟ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་གྱི་
བར་དག་ཡིན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་ལ་རྣམ་པར་གཡེང་བ་མེད་པ་དང་། སེམས་རྣམ་པར་མི་གཡེང་བ་ལ་གནས་པ་མེད་པ་དང་། སེམས་མི་གནས་པ་ལ་གནས་མེད་པ་དང་། སེམས་ཀྱི་གནས་མེད་པ་ལ་རྣམ་པར་ཤེས་པའི་གནས་མེད་པ་དང་། རྣམ་པར་རིག་པ་
མེད་པ་ལ་བརྟག་ཅིང་བསལ་བ་མེད་པ་དང་། བརྟག་ཅིང་བསལ་བ་དང་བྲལ་བས་དམིགས་པ་སྤངས་པ་དང་། དམིགས་པ་མེད་པར་གནས་པ་ལ་སྒྲིབ་པ་མེད་པ་དང་། སྒྲིབ་པ་མེད་པར་གནས་པ་ལ་རློམ་སེམས་མེད་པ་དང་། གང་གི་ཚེ་རློམ་སེམས་མེད་པ་དེའི་ཚེ་ལྷག་པར་རློམ་པ་མེད་པ་དང་།
གང་གི་ཚེ་ལྷག་པར་རློམ་པ་མེད་པ་དེའི་ཚེ་བདག་དང་གཞན་དུ་མཐོང་བ་མེད་པ་དང་། མེད་པ་ལ་ཡོངས་སུ་གདུང་བ་མེད་པ་དང་། ཡོངས་སུ་གདུང་བ་མེད་པ་ལ་སྒྱིད་ལུག་པ་མེད་པ་དང་། སྒྱིད་ལུག་པ་མེད་པ་ལ་ཉོན་མོངས་པའི་རྒྱུ་མེད་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ལ་གསལ་བ་
སྣང་བ་དང་། གསལ་བ་ཐོབ་པས་ཡེ་ཤེས་མཐོང་བ་དང་། ཡེ་ཤེས་མཐོང་བ་ལ་གནས་པའི་སེམས་ཀྱི་ཤེས་པ་རྒྱ་ཆེ་བ་དང་། སེམས་ཀྱི་ཤེས་པ་རྒྱ་ཆེན་པོ་ལ་གནས་པ་ལ་བདུད་ཀྱིས་གླགས་མི་རྙེད་པ་དང་། བདུད་དང་ཕྱིར་རྒོལ་བ་ངེས་པར་བཅོམ་པ་ལ་སྒྲིབ་པ་མེད་པ་མངོན་དུ་གྱུར་པ་དང་།

སྒྲིབ་པ་མེད་པ་ལ་གནས་པ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པའི་ཕྱིར་རོ། །ལྷའི་བུ་གང་བྱས་པ་མེད་ཅིང་སྐྱེ་བ་མེད་པའི་ཆོས་རྣམས་ལ་ཆོས་ཀྱི་གོ་རིམས་ཀྱི་མཚམས་སྦྱར་བ་དེ་ལྟར་སྟོན་པ་དེ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འཇམ་དཔལ་གཞོན་
ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཅག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཅི་དང་ཅི་འདྲི་བ་དེ་དང་དེ་ཉིད་ཀྱི་ཚིག་གི་མཚམས་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་ངོ་། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་བདག་པོ་མེད་པ་སྟེ། དེ་དག་ནི་ཇི་ལྟར་
འདོད་པ་དེ་བཞིན་དུ་སྒྲུབ་པར་བྱེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་མི་ཟད་པ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་སྟོན་པར་བྱེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་བེམས་པོ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་རྗོད་པར་བྱེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་
ཐམས་ཅད་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་འཇོག་པར་བྱེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་མཐོང་བ་མེད་པ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་དགོད་པར་བྱེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་བཏང་
སྙོམས་པ་སྟེ། དེ་དག་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་འཆད་པར་བྱེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་དེ་དག་ནི་གང་ནས་ཀྱང་མ་བླངས། གང་དུ་ཡང་མ་ཁྲིད་པ་སྟེ། དེ་དག་ནི་བསགས་པ་ཡང་མ་ཡིན། སྤུངས་པ་ཡང་མ་ཡིན་ནོ། །དེ་དག་ནི་བཤད་ཀྱང་རུང་། མ་བཤད་ཀྱང་རུང་སྟེ།
ཆོས་ཀྱི་དེ་བཞིན་ཉིད་དེ་མི་འདོར་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཡི་གེ་འབྱུང་བ་གང་ཡིན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པའི་ཡི་གེ་འབྱུང་བ་གང་ཡིན་པའི་ཡི་གེ་དེ་དག་ཐམས་ཅད་ནི་ལུས་ལས་ཀྱང་མ་བྱུང་། སེམས་ལས་ཀྱང་མ་བྱུང་བ་སྟེ། རྒྱུ་དང་རྐྱེན་ཉིད་ལས་
བྱུང་བ་ཡིན་ནོ། །ཇི་ལྟར་ཡི་གེ་རྣམས་ལ་བསགས་པ་མེད་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ལ་ཡང་བསགས་པ་མེད་དོ། །ཇི་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ལ་བསགས་པ་མེད་པ་དེ་བཞིན་དུ་ཉོན་མོངས་པའི་དམིགས་པ་ཐམས་ཅད་ལ་ཡང་བསགས་

པ་མེད་དོ། །ཇི་ལྟར་ཉོན་མོངས་པའི་དམིགས་པ་ཐམས་ཅད་ལ་བསགས་པ་མེད་པ་དེ་བཞིན་དུ་ཤེས་པ་གང་གིས་ཉོན་མོངས་པ་རྣམས་སྤངས་པའི་ཤེས་པ་དེ་ལ་ཡང་བསགས་པ་མེད་དེ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་མི་གནས་པའི་ཤེས་པས་མི་གནས་པའི་ཉོན་མོངས་པ་རྣམས་སྤངས་
པ་དེ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །དེ་ནས་ལྷའི་བུ་དེད་དཔོན་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་གང་ཡིན་འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྡུག་བསྔལ་ཡོངས་སུ་ཤེས་པའི་ཤེས་པ་དང་། ཕུང་
པོ་ཡོངས་སུ་སྤངས་པ་ལ་ཡོངས་སུ་སྐྱོ་བ་མེད་པའི་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། དགེ་བའི་རྩ་བ་ཡང་དག་པར་བསྡུ་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། སྐྱེ་བ་ཤེས་པ་དང་། འབྱུང་བ་ཤེས་པ་དང་། ལམ་ཤེས་པ་དང་། ལམ་ངན་པ་རྣམ་པར་བཅད་པ་ཤེས་པ་དང་། རྒྱུ་
ཤེས་པ་དང་། ཆུད་མི་ཟ་བ་ཤེས་པ་དང་། འབྲས་བུ་ཤེས་པ་དང་། མངོན་སུམ་དུ་བྱ་བ་སྤང་བ་ཤེས་པ་དང་། རྐྱེན་ཤེས་པ་དང་། ཚོགས་བསགས་པ་ཤེས་པ་དང་། བདེན་པ་ཤེས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་ལྟ་ཞིང་ཐོབ་པར་བྱ་བ་ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་
དང་། འབྱུང་བ་ལ་མངོན་པར་ཞེན་པ་མེད་པ་ཤེས་པ་དང་། ཕུང་པོ་ཤེས་པ་དང་། ཕུང་པོའི་བདུད་སྤང་བ་ཤེས་པ་དང་། ཁམས་ཤེས་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་པ་དང་། སྐྱེ་མཆེད་ཤེས་པ་དང་། གྲོང་སྟོང་པ་ལྟ་བུར་སོ་སོར་རྟོག་པའི་ཤེས་པ་དང་། སྦྱིན་པ་ཤེས་པ་དང་། དུས་
དང་དུས་མ་ཡིན་པ་ལས་མི་འདའ་བ་ཤེས་པ་དང་། ཚུལ་ཁྲིམས་ཤེས་པ་དང་། ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཤེས་པ་དང་། བཟོད་པ་ཤེས་པ་དང་། སེམས་ཅན་རྗེས་སུ་སྲུང་བ་ཤེས་པ་དང་། བརྩོན་འགྲུས་ཤེས་པ་དང་། ལེགས་པར་བྱས་པའི་ལས་བྱ་བ་
ཤེས་པ་དང་། བསམ་གཏན་ཤེས་པ་དང་། བསམ་གཏན་ལས་ལྡོག་པ་ཤེས་པ་དང་། ཤེས་རབ་ཤེས་པ་དང་། ལྟ་བ་ཡོངས་སུ་ཤེས་པ་དང་། ཐབས་ཤེས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཤེས་པ་དང་། བྱམས་པ་ཤེས་པ་དང་། སེམས་ཅན་བསྐྱབ་པ་ཤེས་

པ་དང་། སྙིང་རྗེ་ཤེས་པ་དང་། ཡོངས་སུ་མི་སྐྱོ་བ་ཤེས་པ་དང་། དགའ་བ་ཤེས་པ་དང་། ཆོས་ལ་དགའ་ཞིང་རབ་ཏུ་དགའ་ལ་མཆོག་ཏུ་དགའ་བ་ཤེས་པ་དང་། བཏང་སྙོམས་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྒྲུབ་པ་ཤེས་པ་དང་། སེམས་ཅན་གཞུག་པ་ཤེས་པ་དང་།
ཐ་སྙད་ཤེས་པ་དང་། དྲན་པ་ཉེ་བར་གཞག་པ་ཤེས་པ་དང་། གནས་མེད་པ་ལ་གནས་པ་ཤེས་པ་དང་། ཡང་དག་པའི་སྤོང་བ་ཤེས་པ་དང་། མཉམ་པ་ཉིད་དང་མི་འགལ་བ་ཤེས་པ་དང་། རྫུ་འཕྲུལ་གྱི་རྐང་པ་ཤེས་པ་དང་། མངོན་པར་འདུ་བྱ་བ་མེད་པར་སོ་སོར་རྟོག་པ་ཤེས་པ་དང་། དད་པའི་
དབང་པོ་དང་། སྟོབས་ཤེས་པ་དང་། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་ཤེས་པ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། སྟོབས་ཤེས་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཚུགས་པ་ཤེས་པ་དང་། དྲན་པའི་དབང་པོ་དང་། སྟོབས་ཤེས་པ་དང་། ཆོས་ཐམས་ཅད་མི་བརྗེད་
པ་ཤེས་པ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། སྟོབས་ཤེས་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང་། ཤེས་རབ་ཀྱི་དབང་པོ་དང་། སྟོབས་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་ཤེས་པ་དང་།
རང་བྱུང་གི་ཡེ་ཤེས་རྗེས་སུ་རྟོགས་པ་ཤེས་པ་དང་། ལམ་ཤེས་པ་དང་། ལམ་ངན་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་ཤེས་པ་དང་། སྙིང་རྗེ་ཆེན་པོ་ལ་ལྷག་པར་དམིགས་པ་ཤེས་པ་དང་། ཟད་པ་ཤེས་པ་དང་། དགེ་བའི་རྩ་བ་ཐམས་ཅད་མི་ཟད་པ་ཤེས་པ་དང་། སྐྱེ་བ་མེད་པ་ཤེས་པ་
དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཤེས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་ཤེས་པ་དང་། སངས་རྒྱས་ཀྱི་སྐུ་ཡོངས་སུ་འགྲུབ་པ་ཤེས་པ་དང་། ཆོས་རྗེས་སུ་དྲན་པ་ཤེས་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཤེས་པ་དང་། དགེ་འདུན་རྗེས་སུ་དྲན་པ་ཤེས་པ་དང་། ཕྱིར་མི་ལྡོག་
པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་དག་པར་འདུ་བ་ཤེས་པ་དང་། གཏོང་བ་རྗེས་སུ་དྲན་པ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཤེས་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་ཤེས་པ་དང་། སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ཤེས་པ་དང་། ལྷ་རྗེས་སུ་

དྲན་པ་ཤེས་པ་དང་། སྡིག་པ་ཐམས་ཅད་མི་བྱ་བར་ཤེས་པ་དང་། སེམས་ཅན་གྱི་དབང་པོ་ཤེས་པ་དང་། རིམ་པ་རྗེས་སུ་རྟོགས་པ་ཤེས་པ་དང་། ཐོས་པའི་ཚོགས་ཡོངས་སུ་རྫོགས་པར་བྱ་བ་ཤེས་པ་དང་། ཚོགས་ཐམས་ཅད་ཀྱིས་མི་ངོམས་པ་ཤེས་པ་དང་། སྨན་ཐམས་
ཅད་ཤེས་པ་དང་། རྐྱེན་ཇི་ལྟ་བ་བཞིན་དུ་སྦྱོར་བ་ཤེས་པ་དང་། གནས་དང་གནས་མ་ཡིན་པ་ཤེས་པ་དང་། གནས་མ་ཡིན་པ་མི་བྱ་བར་ཤེས་པ་དང་། སྟོབས་བཅུ་ཤེས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་དང་རྗེས་སུ་འཐུན་པ་ཤེས་པ་དང་། མི་འཇིགས་པ་ཤེས་པ་དང་།
བར་དུ་གཅོད་པ་དང་། བར་དུ་གཅོད་པ་མ་ཡིན་པའི་ཆོས་རྗེས་སུ་རྟོགས་པ་ཤེས་པ་དང་། འདས་པའི་དུས་ལ་མ་ཐོགས་པའི་ཤེས་པ་དང་། རྣམ་པར་ཤེས་པ་མི་གནས་པར་ཤེས་པ་དང་། མ་འོངས་པའི་དུས་ལ་མ་ཐོགས་པའི་ཤེས་པ་དང་། ཆོས་ཐམས་ཅད་ལས་ཡང་དག་པར་མི་འདའ་བ་ཤེས་པ་དང་།
ད་ལྟར་བྱུང་བའི་དུས་མ་ཐོགས་པའི་ཤེས་པ་དང་། གནས་པ་མེད་པ་དང་། རབ་ཏུ་གནས་པ་མེད་པ་ཤེས་པ་དང་། ལུས་སྔོན་དུ་འགྲོ་བ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་འཇུག་པ་ཤེས་པ་དང་། ངག་སྔོན་དུ་འགྲོ་བ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་རབ་ཏུ་དབྱེ་བ་
ཤེས་པ་དང་། ཡིད་སྔོན་དུ་འགྲོ་བ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམ་པར་གཡོ་བ་རྗེས་སུ་རྟོགས་པའི་ཤེས་པ་དང་། འཁྲུལ་པ་མེད་པའི་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པ་རྗེས་སུ་རྟོགས་པའི་ཤེས་པ་དང་། ཉོན་མོངས་པ་དང་བྲལ་བའི་ཤེས་
པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། རྩོད་པ་ཉེ་བར་ཞི་བར་བྱ་བ་ཤེས་པ་དང་། མི་བརྗེད་པའི་ཤེས་པ་དང་། སེམས་རྣམ་པར་གཡེངས་པའི་སེམས་ཅན་དྲན་པ་ལ་འཇོག་པ་ཤེས་པ་དང་། དགོངས་པ་རབ་ཏུ་འཛིན་པ་ཤེས་པ་དང་། སེམས་ཅན་ལེ་ལོ་ཅན་ཡོངས་སུ་གཟུང་
བ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཤེས་པ་དང་། གདུལ་བའི་སེམས་ཅན་འདུལ་བ་རྗེས་སུ་རྟོགས་པའི་ཤེས་པ་དང་། ཐབས་ཤེས་པ་དང་། ཤེས་རབ་ཤེས་པ་སྟེ། ལྷའི་བུ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་ཡིན་ཏེ། ཤེས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་

ནི་སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མེད་པ་འཐོབ་བོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པ་བསམ་གྱིས་མི་ཁྱབ་པ་དེ་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཤེས་པ་དེ་ནི་ངོ་མཚར་ཏེ། ཤེས་པ་དེ་ནི་གོ་ཆ་ངན་ངོན་དང་
ལྡན་པས་ཡང་དག་པར་བསྡུ་བར་མི་ནུས་སོ། །འཇམ་དཔལ་གང་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པ་དེ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ནོ།། །།བམ་པོ་གསུམ་པ་སྟེ་ཐ་མ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གོ་ཆ་ལེགས་པར་བགོས་པ་ཡིན། འཇམ་དཔལ་
གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་སེམས་ཅན་རྣམས་ལ་སྐྲག་པར་མི་འགྱུར་བ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ནི་གོ་ཆ་ལེགས་པར་བགོས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ།
སྨྲས་པ། ལྷའི་བུ་བྱང་ཆུབ་ཀྱི་གནས་ཀྱི་རྗེས་སུ་འཇུག་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ། སྨྲས་པ། ལྷའི་བུ་བརྩམས་པ་ཆེན་པོ་ཉམས་འོག་ཏུ་ཆུད་པར་བྱེད་པ་དང་། ཡེ་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པས་སེམས་
དཔའ་ཆེན་པོ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་སེམས་ཅན་མཆོག་ཅེས་བྱ། སྨྲས་པ། ལྷའི་བུ་ཤེས་རབ་ཀྱིས་གཟུང་བ་མེད་པའི་ཆོས་ལ་འཇུག་པ་དང་། ཐབས་ཀྱིས་ཆོས་ཐམས་ཅད་ཡང་དག་པར་བསྡུས་པས་དེའི་ཕྱིར་སེམས་ཅན་མཆོག་ཅེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་
ཕྱིར་སེམས་ཅན་དག་པ་ཞེས་བྱ། སྨྲས་པ། ལྷའི་བུ་གང་ཉོན་མོངས་པའི་དྲི་མ་རྣམས་དང་ལྷན་ཅིག་མི་གནས་ཤིང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་བརྩོན་འགྲུས་རྩོམ་པར་ཡང་བྱེད་པས་དེའི་ཕྱིར་སེམས་ཅན་དག་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་སེམས་ཅན་རྣམ་
པར་དག་པ་ཞེས་བྱ། སྨྲས་པ། ལྷའི་བུ་འདི་ལྟར་སེམས་ཅན་ཐམས་ཅད་ངེས་པར་འབྱུང་བའི་ལམ་རྣམ་པར་སྦྱོང་བར་བྱེད་པས་དེའི་ཕྱིར་སེམས་ཅན་རྣམ་པར་དག་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་འདྲེན་པ་ཞེས་བྱ། སྨྲས་པ། ལྷའི་བུ་འདི་ལྟར་ལམ་དེ་ལ་གནས་ནས་སེམས་ཅན་

གྲངས་མེད་དཔག་ཏུ་མེད་པ་དག་ཡོངས་སུ་སྨིན་པར་བྱེད་པས་དེའི་ཕྱིར་འདྲེན་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་རྣམ་པར་འདྲེན་པ་ཞེས་བྱ། སྨྲས་པ། ལྷའི་བུ་འདི་ལྟར་གདུལ་བའི་སེམས་ཅན་རྣམས་ཤིན་ཏུ་འདུལ་བ་ལ་རབ་ཏུ་འགོད་པར་བྱེད་པས། དེའི་ཕྱིར་རྣམ་པར་
འདྲེན་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དཔའ་བ་ཡིན། སྨྲས་པ། ལྷའི་བུ་ཇི་ཙམ་གྱིས་བདུད་དང་ཕྱིར་རྒོལ་བ་ངེས་པར་བཅོམ་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྲིད་པ་ལེན་པར་བྱེད་པ་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་དཔའ་བ་ཡིན་ནོ། །
སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐུལ་བར་དཀའ་བ་ཡིན། སྨྲས་པ། ལྷའི་བུ་འདི་ལྟར་སྔོན་དམ་བཅས་པ་དང་། སྔོན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དག་ལ་འདོད་པར་མི་བྱེད་པ་དེ་ལྟ་བུ་ནི་ཐུལ་བར་དཀའ་བ་ཡིན་
ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མངོན་པར་འཕགས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་འཕགས་པའི་ཤེས་རབ་དང་ཐབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་ཀུན་ཏུ་སྣང་བ་དེ་ཙམ་གྱིས་ན་བྱང་ཆུབ་
སེམས་དཔའ་མངོན་པར་འཕགས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་ཚིག་གིས་སེམས་ཅན་ཐམས་ཅད་ཀྱི་ཉེས་པར་སྨྲ་བ་ཟིལ་གྱིས་གནོན་པར་བྱེད་པ་དེ་ལྟ་བུ་ནི་
ཆོས་སྨྲ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་འདུལ་བ་སྨྲ་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་བདག་ཚུལ་ཁྲིམས་ལ་གནས་ལ་སེམས་ཅན་ཐམས་ཅད་ཀྱི་འགྱོད་པ་དང་། ཀུན་ནས་ལྡང་བ་རྣམ་པར་བསལ་བའི་ཕྱིར་ཆོས་སྟོན་པར་བྱེད་པ་དེ་ལྟ་བུ་ནི་འདུལ་བ་སྨྲ་བ་ཡིན་ནོ། །
སྨྲས་པ། འཇམ་དཔལ་ཇི་ལྟར་ན་དོན་སྨྲ་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཐོས་པ་ཐམས་ཅད་ལ་ནན་ཏན་སྙིང་པོར་བྱེད་ཅིང་དོན་རྗེས་སུ་རྟོགས་པ་དེ་ལྟ་བུ་ནི་དོན་སྨྲ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་ཕན་པའི་

གཞི་ཕུན་སུམ་ཚོགས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་དགེ་བའི་རྩ་བ་ཡང་དག་པར་བསྒྲུབས་པ་ཐམས་ཅད་སེམས་ཅན་རྣམས་ལ་སྟོབས་པར་བྱེད་པ་དེ་ལྟ་བུ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་གཞི་ཕུན་སུམ་ཚོགས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་
ཆུབ་སེམས་དཔའ་དྲང་པོ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་བདག་གི་ཉེས་པ་མི་འཆབ་པ་དེ་ལྟ་བུ་ནི་དྲང་པོ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དམ་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་
གྱ་གྱུ་ཅན་རྣམས་ལ་ཁོང་ཁྲོ་བར་མི་བྱེད་པ་དེའི་ཕྱིར་དམ་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་གཡོ་མེད་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཇི་སྐད་སྨྲས་པའི་ཚིག་ལས་མི་འདའ་བ་དེ་ལྟ་བུ་ནི་གཡོ་མེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་སྒྱུ་མེད་པ་ཡིན། སྨྲས་པ།
ལྷའི་བུ་གང་གི་ཚེ་ཇི་ལྟར་སེམས་ཀྱིས་མངོན་པར་བསྒྲུབ་པ་དེ་བཞིན་དུ་ཚིག་ཏུ་རྗོད་པ་དེ་ལྟ་བུ་ནི་སྒྱུ་མེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ང་རྒྱལ་མེད་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་ཅན་ཐམས་ཅད་ལ་འདུད་པར་བྱེད་ཅིང་མི་དགེ་བ་མི་བྱེད་པ་དེ་ལྟ་བུ་ནི་ང་རྒྱལ་མེད་པ་ཡིན་
ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྦྱིན་བདག་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཡོངས་སུ་བསྡུས་པའི་བྱང་ཆུབ་ཀྱང་གཏོང་བར་བྱེད་ན་དངོས་པོ་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་པའོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན།
སྨྲས་པ། ལྷའི་བུ་གང་ཚུལ་ཁྲིམས་འཆལ་པ་མཐོང་ན་སྲོག་གི་ཕྱིར་ཡང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བཟོད་པ་སྨྲ་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་གནོད་པ་བཟོད་ཅིང་གཞན་ལ་གནོད་པ་མི་བྱེད་པ་ཡིན་ནོ། །སྨྲས་པ། འཇམ་
དཔལ་ཇི་ལྟར་ན་བརྩོན་འགྲུས་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་གང་རྣམ་པར་བསམས་ན་ཆོས་འགའ་ཡང་མི་དམིགས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བསམ་གཏན་ལ་བསམ་གཏན་པ་ཡིན། སྨྲས་པ། ལྷའི་བུ་གང་འདོད་པའི་ཁམས་སུ་ཕྱིས་མི་སྣང་བ་ཡིན་ནོ། །

སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཤེས་རབ་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་གང་ཤེས་རབ་ཀྱི་བྱ་བ་སྦྱིན་པར་མི་བྱེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱམས་པ་ལ་གནས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་ཅན་གྱི་ཁམས་ལ་སྟོང་པ་ཉིད་དུ་
རྣམ་པར་ལྟ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་སྙིང་རྗེ་ལ་གནས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་ཤེས་ནས། བྱང་ཆུབ་ལ་བརྩོན་འགྲུས་མི་འདོར་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགའ་བ་ལ་གནས་པ་ཡིན།
སྨྲས་པ། ལྷའི་བུ་གང་གི་ཚེ་ཐུབ་ཅིང་ཞི་ལ་རབ་ཏུ་ཞི་བ་ཐོབ་ཅིང་ཆོས་ཡོངས་སུ་ཚོལ་བ་ལ་དགའ་བས་མི་ངོམས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བཏང་སྙོམས་ལ་གནས་པ་ཡིན། སྨྲས་པ། ལྷའི་བུ་སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་འཇིག་རྟེན་ན་སྤྱོད་ཀྱང་འཇིག་རྟེན་གྱི་
ཆོས་རྣམས་ཀྱིས་མི་འཕྲོགས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལུས་ཡོངས་སུ་དག་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་ཡིད་ལས་བྱུང་བའི་ལུས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་འཐུན་པར་སྟོན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་
ལྟར་ན་ངག་ཡོངས་སུ་དག་པ་ཡིན། །སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་ཅན་ཐམས་ཅད་ཀྱི་སྒྲ་ཡོངས་སུ་རྫོགས་པས་འབྲས་བུ་ཡོད་པར་ཆོས་སྟོན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་སེམས་ཡོངས་སུ་དག་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་གཅིག་གིས་སེམས་
ཅན་ཐམས་ཅད་ཀྱི་སེམས་རྣམས་རབ་ཏུ་ཤེས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལྷའི་མིག་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་གཟུགས་སྣང་བ་ཐམས་ཅད་ཀྱང་མཐོང་ལ་གཟུགས་དབེན་པར་ཡང་སྟོན་པ་ཡིན་ནོ། །སྨྲས་པ། འཇམ་
དཔལ་ཇི་ལྟར་ན་ལྷའི་རྣ་བ་ཐོབ་པ་ཡིན། །སྨྲས་པ། ལྷའི་བུ་གང་གི་ཚེ་སྒྲ་ཐམས་ཅད་ཐོས་ལ་སྒྲ་དབེན་པར་ཡང་སྟོན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཕ་རོལ་གྱི་སེམས་ལ་མཁས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་སྐྱེས་པ་ཞིག་པར་གྱུར་པ་རྣམས་ཀྱི་སེམས་

ཀྱི་རྒྱུན་རབ་ཏུ་ཤེས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་སྔོན་གྱི་གནས་ལ་མཁས་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སྔོན་གྱི་མཐའི་མུ་རྗེས་སུ་དྲན་ཞིང་ཡང་དག་པའི་མཐའ་ལས་ཀྱང་མི་གཡོ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་ཡིན། །སྨྲས་
པ། ལྷའི་བུ་གང་བདུད་ཐམས་ཅད་ཀྱང་སྟོན་ལ་བདུད་ཀྱི་ལས་རྣམས་ཀྱིས་ཀྱང་མི་གོས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དུལ་བ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་མ་དུལ་བ་རྣམས་འདུལ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བསྲུངས་པ་ཡིན། སྨྲས་པ།
ལྷའི་བུ་དབང་པོ་ཐམས་ཅད་མི་གཡེང་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་རྣམ་པར་དུལ་བ་ཡིན། །སྨྲས་པ། ལྷའི་བུ་གང་གི་ཚེ་མི་འཁྲུགས་པའི་ཆོས་སུ་གྱུར་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཞི་བ་ཡིན། སྨྲས་པ། ལྷའི་བུ་ཉོན་མོངས་པའི་ཡོངས་སུ་གདུང་
བ་ཐམས་ཅད་ཀྱིས་གདུང་བ་མེད་ལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་པའི་ཕྱིར་ཡང་ཆོས་སྟོན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དད་པ་ཡིན། སྨྲས་པ། ལྷའི་བུ་གང་སངས་རྒྱས་ཀྱི་སྐུའི་གཟུགས་ཀྱིས་ཕྱེ་ཡང་མི་ཕྱེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་
ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡིན། །སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ལ་རག་ལས་པར་མཐོང་བ་ཡིན་ནོ། །བསྟན་པ་འདི་བཤད་པ་ན་སྲོག་ཆགས་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་མིང་བཤད་པ་དེ་དང་། སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་དེ་དག་ལེགས་པར་སྨྲས་ཏེ། གཞན་ཡང་དཔག་ཏུ་མེད་པ་དག་ཡོད་དོ། །ལྷའི་བུ་དེད་དཔོན་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གཞན་ཡང་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་སྔོན་གྱི་དེ་བཞིན་གཤེགས་

པ་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་ན་ཁྱོད་སྤོབས་པ་འདི་ལྟ་བུ་དང་ལྡན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མ་སྤྲུལ་པའི་སྒྱུ་མའི་སྐྱེས་བུའི་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་འགགས་པ་དེ་སྙེད་ལའོ། །སྨྲས་པ། འཇམ་དཔལ་སྤྲུལ་པ་ཉིད་ལ་ཡང་སེམས་
དང་སེམས་ལས་བྱུང་བ་དག་མེད་ན་མ་སྤྲུལ་པ་ལ་ལྟ་ཅི་སྨོས། སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་དེ་དག་ཀྱང་ངོ་བོ་ཉིད་དེ་ལྟ་བུའི་མཚན་ཉིད་ཡིན་ལ། དེ་དག་ལ་བསྙེན་བཀུར་བྱ་བའི་མཚན་ཉིད་ཀྱང་དེ་ལྟ་བུ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། སྨྲས་པ། ལྷའི་བུ་གལ་ཏེ་དེ་བཞིན་གཤེགས་པའི་སྤྲུལ་པ་ཞིག་ལ་ཁྱོད་ཀྱིས་ཡུན་རིང་པོ་ཇི་སྲིད་ཅིག་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅེས་དྲིས་ན་ཅི་དེ་ལན་ལྡོན་པར་བྱེད་དམ། སྨྲས་པ། འཇམ་དཔལ་དེ་ནི་ཅུང་ཟད་ཀྱང་ལན་ལྡོན་པར་མི་བྱེད་དོ། །
སྨྲས་པ། ལྷའི་བུ་ཁོ་བོ་ཡང་སྤྲུལ་པ་དེ་ཉིད་ཀྱི་མཚན་ཉིད་ཡིན་པས་ན་ཁོ་བོས་ཇི་སྐད་དུ་ཁོ་བོ་ཡུན་རིང་པོ་འདི་ཙམ་ཞིག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་དོ། །ཞེས་ལན་གདབ་པར་བྱ། སྨྲས་པ། འཇམ་དཔལ་འོ་ན་ཅི་ཁྱོད་སེར་སྣ་ཅན་ཡིན་ནམ། སྨྲས་པ། ལྷའི་བུ་དེ་བཞིན་ཏེ།
ཁོ་བོ་ནི་སེར་སྣ་ཅན་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་གང་ཡོངས་སུ་མི་གཏོང་བ་དེ་སེར་སྣ་ཅན་མ་ཡིན་ནམ། སྨྲས་པ། འཇམ་དཔལ་ཁྱོད་ཅི་ཞིག་ཡོངས་སུ་མི་གཏོང་། སྨྲས་པ། ལྷའི་བུ་ཁོ་བོ་ནི་སངས་རྒྱས་ཀྱི་ཆོས་ཐམས་
ཅད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་སེར་སྣ་ཅན་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཇི་སྐད་སྨྲས་པའི་དོན་ཁོ་བོས་ཤེས་པ་ལྟར་ན་ཁྱོད་ནི་ཚུལ་ཁྲིམས་འཆལ་བ་ཡིན་ནོ། །སྨྲས་པ། ལྷའི་བུ་དེ་བཞིན་ཏེ། ཁོ་བོ་ནི་ཚུལ་ཁྲིམས་འཆལ་
བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ། དེ་སྐད་སྨྲས། སྨྲས་པ། ལྷའི་བུ་གང་ཚུལ་ཁྲིམས་འཆལ་པ་དེ་ངན་སོང་གསུམ་པོ་དེ་དག་ཏུ་ལྟུང་བ་མ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །སྨྲས་པ། ལྷའི་བུ་ཁོ་བོ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་

ཕྱིར་བསམས་བཞིན་དུ་ངན་སོང་རྣམས་སུ་འགྲོ་སྟེ། དེའི་ཕྱིར་ཁོ་བོ་ནི་ཚུལ་ཁྲིམས་འཆལ་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཅི་ཁྱོད་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནམ། སྨྲས་པ། ལྷའི་བུ་དེ་བཞིན་ཏེ། ཁོ་བོ་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནོ། །སྨྲས་པ།
འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་གང་གནོད་སེམས་ཀྱི་སེམས་དང་ལྡན་པ་དེ་རྗེས་སུ་ཆགས་པ་མེད་པ་མ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །སྨྲས་པ། ལྷའི་བུ་ཁོ་བོ་ཡང་ཉོན་མོངས་པ་ཐམས་ཅད་དང་། བྱིས་པ་ཐམས་ཅད་དང་། ཉན་ཐོས་
དང་། རང་སངས་རྒྱས་ཀྱིས་ཐམས་ཅད་ལ་རྗེས་སུ་ཆགས་པ་མེད་དེ། དེའི་ཕྱིར་ཁོ་བོ་ནི་གནོད་སེམས་ཀྱི་སེམས་དང་ལྡན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཅི་ཁྱོད་ལེ་ལོ་ཅན་ཡིན་ནམ། སྨྲས་པ། ལྷའི་བུ་དེ་བཞིན་ཏེ། ཁོ་བོ་ནི་ལེ་ལོ་ཅན་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་
བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་ལེ་ལོ་ཅན་ཞེས་བྱ་བ་ནི་གང་ལུས་དང་། ངག་དང་། ཡིད་ཀྱིས་མི་རྩོམ་པ་ཡིན་ལ། ཁོ་བོ་ཡང་རྩོམ་པ་མེད་ཅིང་རྙེད་པར་མི་བྱེད་པ་དང་། ལེན་པ་མེད་པ་དང་། འདོར་བ་མེད་པ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ལེ་ལོ་ཅན་ཡིན་ནོ། །སྨྲས་པ། འཇམ་དཔལ་
ཅི་ཁྱོད་སེམས་རྣམ་པར་གཡེངས་པ་ཡིན་ནམ། སྨྲས་པ། ལྷའི་བུ་དེ་བཞིན་ཏེ། ཁོ་བོ་ནི་སེམས་རྣམ་པར་གཡེངས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་གང་གི་སེམས་རྣམ་པར་གྲོལ་བ་ལ་མི་གནས་པ་དེ་སེམས་རྣམ་པར་གཡེངས་པ་
མ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །སྨྲས་པ། ལྷའི་བུ་ཁོ་བོ་ཡང་འཕགས་པ་རྣམས་ཀྱི་རྣམ་པར་གྲོལ་བ་ལ་སེམས་མི་གནས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་རྣམ་པར་གཡེངས་བ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་སེམས་རྣམ་པར་གཡེངས་པ་ཡིན་
ནོ། །སྨྲས་པ། འཇམ་དཔལ་ཅི་ཁྱོད་ཤེས་རབ་འཆལ་པ་ཡིན་ནམ། སྨྲས་པ། ལྷའི་བུ་དེ་བཞིན་ཏེ། ཁོ་བོ་ནི་ཤེས་རབ་འཆལ་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ། དེ་སྐད་སྨྲ། སྨྲས་པ། ལྷའི་བུ་གང་འཁོར་བས་མི་སྐྲག་ཅིང་སེམས་ཅན་རྨོངས་པ་རྣམས་

དང་ལྷན་ཅིག་ན་དགའ་བ་དེ་ཤེས་རབ་འཆལ་བ་མ་ཡིན་ནམ། སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །སྨྲས་པ། ལྷའི་བུ་ཁོ་བོ་ཡང་འཁོར་བས་མི་སྐྲག་ཅིང་དེ་དག་ཉིད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་རྨོངས་པ་རྣམས་དང་ལྷན་ཅིག་ན་དགའ་བ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ནི་ཤེས་
རབ་འཆལ་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་འཇིག་རྟེན་ན་སྦྱིན་གནས་སུ་ཡིན། སྨྲས་པ། ལྷའི་བུ་གང་དག་གསད་པ་གསོད་པའི་སེམས་སྐྱེད་པ་རྣམས་སོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་གསད་པ་ཞེས་བྱ་བ་ནི་འདོད་ཆགས་
དང་། ཞེ་སྡང་དང་། གཏི་མུག་རྣམས་ཏེ། གང་དེ་དག་གསོད་པར་བྱེད་པ་དེ་ནི་གསད་པ་གསོད་པར་བྱེད་པ་ཡིན་པས་དེ་ནི་འཇིག་རྟེན་ན་སྦྱིན་གནས་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་བཤད་པ་དེ་ལྟ་བུ་ནི་འཇིག་རྟེན་གནས་པ་སྐྲག་པར་འགྱུར་བ་ཡིན་ནོ། །སྨྲས་པ། ལྷའི་བུ་
གལ་ཏེ་ཡང་དག་པའི་མཐའ་སྐྲག་པར་འགྱུར་ན་ནི་འཇིག་རྟེན་གནས་པ་ཡང་སྐྲག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ནི་ཡང་དག་པའི་མཐའ་ལ་གནས་པ་ཡིན་པའི་ཕྱིར་རོ། །སྨྲས་པ། འཇམ་དཔལ་གང་དག་ཁྱོད་ཀྱིས་བཤད་པ་འདི་སྤོང་བར་འགྱུར་བ་དེ་དག་གང་དུ་འགྲོ་བར་
འགྱུར། སྨྲས་པ། ལྷའི་བུ་དེ་དག་ནི་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་རོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་ཕ་རོལ་གྱི་སྒྲ་ཉན་པ་མ་སྤངས་པར་ནི་འཕགས་པའི་རྣམ་པར་གྲོལ་བ་ཐོབ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱོན་
མེད་པར་ཞུགས་པ་ལ་ནི་ཡི་གེའི་འཇུག་པ་མེད་པས་ན་གང་དག་མོས་པར་འགྱུར་བ་དེ་དག་ནི་རྣམ་པར་གྲོལ་བར་མི་འགྱུར་བའི་ཕྱིར་རོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། ལྷའི་བུ་རྣམ་པར་གྲོལ་བ་ནི་ཡང་རྣམ་པར་གྲོལ་བར་འགྱུར་བ་མེད་དོ། །
སྨྲས་པ། འཇམ་དཔལ་དམ་པའི་ཆོས་སྤོང་བ་རྣམས་ནི་སེམས་ཅན་དམྱལ་བར་འགྲོ་བ་ཡིན་ནོ། །སྨྲས་པ། ལྷའི་བུ་གང་དག་རྣམ་པར་གྲོལ་བ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བར་འགྲོ་བ་ཡིན་ནམ། སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཆོས་བསྟན་པ་ནི་གཉེན་པོ་མེད་

པ་ཡིན་ནོ། །སྨྲས་པ། ལྷའི་བུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ནི་གཉེན་པོ་བརྗོད་པར་མི་ནུས་སོ། །སྨྲས་པ། འཇམ་དཔལ་སྟོང་པ་ཉིད་ལ་གནས་པ་ཅི་ཞིག་ལ་གནས་པ་ཡིན། སྨྲས་པ། ལྷའི་བུ་སྟོང་པ་ཉིད་ལ་གནས་པ་ནི་སེམས་ཅན་ཐམས་ཅད་ལ་
བྱམས་པར་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མ་གཏོགས་པར་སྟོང་པ་ཉིད་མེད་པའི་ཕྱིར་རོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ཀྱི་མཐའ་ཁོང་དུ་ཆུད་པ་ཡིན། སྨྲས་པ། ལྷའི་བུ་གང་གི་ཚེ་སེམས་ཅན་ཐམས་ཅད་རྟེན་
ཅིང་འབྲེལ་པར་འབྱུང་བར་མཐོང་ཞིང་དེ་ལ་རྟག་པ་དང་ཆད་པའི་མཐར་ལྟ་བར་ཡང་མི་ལྟུང་བ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་ཁམས་ཀྱི་མཐའ་ཁོང་དུ་ཆུད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་སེམས་ཅན་གྱི་ཁམས་གང་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་སེམས་ཅན་
གྱི་ཁམས་ནི་ཆོས་ཀྱི་དབྱིངས་ཀྱི་ཁམས་དང་ལྡན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ཁམས་གང་དང་ལྡན་པ་ཡིན། སྨྲས་པ། ལྷའི་བུ་ནམ་མཁའི་ངོ་བོ་ཉིད་ཀྱི་ཁམས་དང་ལྡན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ནམ་མཁའི་ཁམས་གང་དང་ལྡན་པ་ཡིན། སྨྲས་
པ། ལྷའི་བུ་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཁམས་དང་ལྡན་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཡུལ་གང་སངས་རྒྱས་ཀྱི་ཡུལ་ཡིན། སྨྲས་པ། ལྷའི་བུ་མིག་གི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་མིག་དང་། གཟུགས་
དང་། རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །རྣ་བའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་རྣ་བ་དང་། སྒྲ་དང་། རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །སྣའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་སྣ་དང་། དྲི་དང་། རྣམ་
པར་ཤེས་པའི་ཡུལ་མ་ཡིན་ནོ། །ལྕེའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ལྕེ་དང་། རོ་དང་། རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །ལུས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ལུས་དང་། རེག་བྱ་དང་། རྣམ་པར་

ཤེས་པའི་ཡུལ་མ་ཡིན་ནོ། །ཡིད་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ཡིད་དང་། ཆོས་དང་རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །གཟུགས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་གཟུགས་སུ་རུང་བའི་
ཡུལ་མ་ཡིན་ནོ། །ཚོར་བའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་མྱོང་བའི་ཡུལ་མ་ཡིན་ནོ། །འདུ་ཤེས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ཀུན་ཏུ་གཡོ་བའི་ཡུལ་མ་ཡིན་ནོ། །འདུ་བྱེད་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་
ཏེ། སངས་རྒྱས་ཀྱི་ཡུལ་ནི་མངོན་པར་འདུ་བྱེད་པའི་ཡུལ་མ་ཡིན་ནོ། །རྣམ་པར་ཤེས་པའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་རྣམ་པར་རིག་པའི་ཡུལ་མ་ཡིན་ནོ། །མ་རིག་པའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་རྒྱུ་དང་རྐྱེན་
གྱི་ཡུལ་མ་ཡིན་ནོ། །རྒ་ཤིའི་བར་དག་གི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ཉིང་མཚམས་སྦྱོར་བའི་ཡུལ་མ་ཡིན་ནོ། །འདོད་པའི་ཁམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་འདོད་ཆགས་སོ་སོར་རྣམ་པར་རིག་པའི་
ཡུལ་མ་ཡིན་ནོ། །གཟུགས་ཀྱི་ཁམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་འདོད་ཆགས་ཀྱི་གཉེན་པོའི་ཡུལ་མ་ཡིན་ནོ། །གཟུགས་མེད་པའི་ཁམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་ལྟ་བ་ལས་རྣམ་པར་གྲོལ་བའི་ཡུལ་མ་ཡིན་ནོ། །
འདུས་མ་བྱས་ཀྱི་ཁམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་གཉིས་སུ་སྦྱོར་བའི་ཡུལ་མ་ཡིན་ནོ། །འདུས་བྱས་ཀྱི་ཁམས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། སངས་རྒྱས་ཀྱི་ཡུལ་ནི་མཚན་ཉིད་གསུམ་དང་ལྡན་པའི་ཡུལ་མ་ཡིན་ནོ། །ལྷའི་བུ་དེ་ནི་
སངས་རྒྱས་ཀྱི་ཡུལ་ཡིན་ཏེ། མཐའ་དང་མཐའ་མ་ཡིན་པའི་ཡུལ་ཡིན་པའི་ཕྱིར་ཡུལ་དེར་ནི་ཡུལ་ཐམས་ཅད་འདུས་ཤིང་ཁོངས་སུ་ཆུད་པ་ཡིན་ནོ། །ལྷའི་བུ་བྱང་ཆུབ་སེམས་དཔའ་ནི་ཡུལ་དེ་ལྟ་བུར་ཞུགས་ཤིང་དོན་གྱི་ཡུལ་ཐམས་ཅད་ལ་རྣམ་པར་སྤྱོད་ཀྱང་བདུད་ཀྱི་ཡུལ་ཐོབ་པ་ཡང་མ་ཡིན་ཏེ།

དེས་ནི་བདུད་ཀྱི་ཡུལ་དང་སངས་རྒྱས་ཀྱི་ཡུལ་ཡང་མཉམ་ཞིང་དབེན་པའི་ཡུལ་དུ་མངོན་པར་རྫོགས་པར་ཁོང་དུ་ཆུད་དོ། །ལྷའི་བུ་གང་མཉམ་པ་དང་མི་མཉམ་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་མཉམ་པ་ཉིད་ལས་ཀྱང་མི་འདའ་བ་འདི་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །དེ་ལ་
མཉམ་པ་ཉིད་ནི་གང་། མི་མཉམ་པ་ཉིད་ནི་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཉམ་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །གང་དག་སྟོང་པ་ཉིད་ལ་མི་འཇུག་པ་དེ་ནི་མི་མཉམ་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་དག་ཡོངས་སུ་སྨིན་པར་བྱེད་ཀྱང་སྟོང་པ་ཉིད་ཀྱི་མཉམ་
པ་ཉིད་ལས་ཀྱང་མི་གཡོའོ། །ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དུ་མཉམ་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །གང་དག་མཉམ་པ་ཉིད་དེ་ལ་མི་འཇུག་པ་དེ་དག་ནི་མི་མཉམ་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་དག་ཡོངས་སུ་སྨིན་པར་བྱེད་ཀྱང་མཚན་མ་མེད་
པའི་མཉམ་པ་ཉིད་ལས་ཀྱང་མི་གཡོའོ། །ཆོས་ཐམས་ཅད་སྨོན་པ་མེད་པར་མཉམ་པ་ཉིད་དུ་མཉམ་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །གང་དག་མཉམ་པ་ཉིད་དེ་ལ་མི་འཇུག་པ་དེ་དག་ནི་མི་མཉམ་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་དག་ཡོངས་སུ་སྨིན་པར་བྱེད་ཀྱང་སྨོན་པ་
མེད་པའི་མཉམ་པ་ཉིད་ལས་ཀྱང་མི་གཡོའོ། །ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པར་མཉམ་པ་ཉིད་དུ་མཉམ་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །གང་དག་མཉམ་པ་ཉིད་དེ་ལ་མི་འཇུག་པ་དེ་དག་ནི་མི་མཉམ་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་དེ་དག་ཡོངས་སུ་
སྨིན་པར་བྱེད་ཀྱང་མངོན་པར་འདུ་བྱེད་པ་མེད་པའི་མཉམ་པ་ཉིད་ལས་ཀྱང་མི་གཡོའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་མཉམ་པ་ཉིད་དང་། འབྱུང་བ་མེད་པར་མཉམ་པ་ཉིད་དང་། འགག་པ་མེད་པར་མཉམ་པ་ཉིད་དང་། འདོད་ཆགས་དང་བྲལ་བར་མཉམ་པ་ཉིད་དང་། དབེན་པར་མཉམ་པ་
ཉིད་དང་། དངོས་པོ་མེད་པར་མཉམ་པ་ཉིད་དང་། འགོག་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཉམ་པར་ཉིད་དུ་མཉམ་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །གང་དག་མཉམ་པ་ཉིད་དེ་ལ་མི་འཇུག་པ་དེ་དག་ནི་མི་མཉམ་པར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་

དཔའ་ནི་དེ་དག་ཡོངས་སུ་སྨིན་པར་བྱེད་ཀྱང་མྱ་ངན་ལས་འདས་པའི་མཉམ་པ་ཉིད་ལས་ཀྱང་མི་གཡོ་སྟེ། ལྷའི་བུ་དེ་ལྟར་མཉམ་པ་དང་མི་མཉམ་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ། །དེ་ནས་ལྷའི་བུ་དེད་དཔོན་གྱིས་འཇམ་དཔལ་གཞོན་
ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ལ་སྤོབས་པར་གྱིས་ཤིག །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་
ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་ཡིན། སྨྲས་པ། ལྷའི་བུ་འདོད་ཆགས་ཀྱི་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡང་བསམ་གྱིས་མི་ཁྱབ་སྟེ། འདོད་ཆགས་དང་བྲལ་བའི་སྤྱོད་པ་ནི་མ་ཡིན་ནོ། །ཞེ་སྡང་
གི་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡང་བསམ་གྱིས་མི་ཁྱབ་སྟེ། ཞེ་སྡང་དང་བྲལ་བའི་སྤྱོད་པ་ནི་མ་ཡིན་ནོ། །གཏི་མུག་གི་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡང་བསམ་གྱིས་མི་ཁྱབ་སྟེ།
ཤེས་རབ་ཀྱི་བྱ་བ་སྒྲུབ་པར་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །སེར་སྣ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། སྦྱིན་པས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །འཆལ་བའི་ཚུལ་ཁྲིམས་དང་བྲལ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་
ཡིན་ཏེ། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །གནོད་སེམས་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། བཟོད་པས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །ལེ་ལོ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ།
བརྩོན་འགྲུས་ཀྱིས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །རྣམ་པར་གཡེང་བ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། བསམ་གཏན་གྱིས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །འཆལ་པའི་ཤེས་རབ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་

ཀྱི་སྤྱོད་པ་ཡིན་ཏེ། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །ཉོན་མོངས་པ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ཏེ། ཉོན་མོངས་པ་མེད་པས་རློམ་སེམས་སུ་བྱེད་པའི་སྤྱོད་པ་ནི་མ་ཡིན་ནོ། །ནང་དང་ཕྱིའི་དངོས་པོ་ཡོངས་སུ་གཏོང་བས་བརྩེ་བ་
མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །བུ་དང་། བུ་མོ་དང་། ཆུང་མ་ཡོངས་སུ་གཏོང་བས་མངོན་པར་དགའ་བ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །འདོད་པའི་ཡོན་ཏན་ལ་སྨོད་པས་རྟག་ཏུ་གནོད་སེམས་ཀྱི་སྤྱོད་པ་ནི་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །དགེ་བའི་རྩ་བ་ཡང་དག་པར་སྡུད་པས་མི་ལྟ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ལུས་དང་སྲོག་ལ་མི་ལྟ་བས་ལྟ་བ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སྡུག་པ་དང་མི་སྡུག་པ་ཡོངས་སུ་གཏོང་
བས་ཚམ་ཚོམ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །འཁོར་བ་དཔག་ཏུ་མེད་པས་མི་སྐྲག་པས་འཇིགས་པ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཁུར་སྒྲོལ་བས་ཁུར་ཆེན་པོ་སྒྲོལ་བའི་སྤྱོད་པ་ནི་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སྔར་དམ་བཅས་པ་ཉམས་སུ་ལོན་པར་བྱེད་པས་ཕྱིར་མི་ལྡོག་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །རྗེས་སུ་འགྱོད་པ་མེད་པས་ཡིད་ལ་གཅགས་པ་མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་
ཡིན་ནོ། །ཐེག་པ་ཐམས་ཅད་ཟིལ་གྱིས་མནན་པས་མངོན་པར་འཕགས་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཡི་དམ་མ་ཞིག་པས་གོ་ཆ་རྡོ་རྗེ་ལྟ་བུའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ལ་
ངེས་པར་སེམས་པས་རང་གི་སེམས་ལ་ངེས་པར་སེམས་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ལས་བྱས་པ་ཆུད་མི་ཟ་བས་ཆུད་མི་ཟ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་ཐ་དད་པ་

མེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །དགྲ་ཐམས་ཅད་ངེས་པར་བཅོམ་པས་དཔའ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སྐལ་པ་མཉམ་པའི་སྐྱེ་བོ་དང་། འཐུན་པར་འཇུག་པས་མ་འདྲེས་པའི་སྤྱོད་པ་ནི་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །གཤེ་བ་དང་སྡང་བ་ཐམས་ཅད་རབ་ཏུ་དགའ་བར་བྱེད་པས་རབ་ཏུ་དགའ་བར་བྱེད་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སངས་རྒྱས་བལྟ་བ་དང་། ཆོས་མཉན་པ་དང་། བླ་མ་ལ་བསྙེན་བཀུར་བྱ་བ་ལ་མཆོག་
ཏུ་དགའ་བས་དགའ་བ་དང་། རབ་ཏུ་དགའ་བ་དང་། མཆོག་ཏུ་དགའ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ལུས་དང་། ངག་དང་། སེམས་དང་། སངས་རྒྱས་ཀྱི་ཞིང་རྒྱན་པར་བྱེད་པས་རྒྱན་གྱི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །
མཉམ་པ་དང་མི་མཉམ་པའི་གཉེན་པོར་གྱུར་པས་ཟིལ་གྱིས་མི་ནོན་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སྐྱེ་བོ་མཁས་ཤིང་མཛངས་པ་རྣམས་ཀྱིས་རབ་ཏུ་བསྔགས་པས་ངན་པ་མ་ཡིན་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཚུལ་
བཞིན་གྱིས་ཉོན་མོངས་པ་རྣམས་ཤིན་ཏུ་ངེས་པར་བརྟགས་པས་མི་རྫི་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །ཁུར་བླངས་པ་ཉམས་སུ་ལོན་པས་སྐྱེས་བུ་དམ་པའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །བརྩོན་འགྲུས་བརྟན་པོས་ཕྱིར་མི་ལྡོག་པར་
ཁྱད་པར་དུ་འགྲོ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་སྡུད་པས་ཆོས་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་པས་བྱས་པ་ཤེས་ཤིང་བྱས་པ་གཟོ་བའི་སྤྱོད་པ་ནི་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །དཀོན་མཆོག་གསུམ་འབྲི་བར་མི་བྱེད་པས་དཀོན་མཆོག་གི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །སྡུད་པ་དང་ཡོངས་སུ་གཅོད་པས་ཤེས་རབ་དང་ཐབས་ཀྱི་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་

དཔའ་རྣམས་ཀྱི་སྤྱོད་པ་བསྟན་པ་འདི་བཤད་པ་ན་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ལྷའི་བུ་དེད་དཔོན་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་སྤྱོད་པ་དེ་ནི་ལེགས་པར་སྨྲས་སོ། །བྱང་ཆུབ་སེམས་དཔའ་གང་དག་སྤྱོད་པ་དེ་དང་མ་བྲལ་བ་དེ་དག་ནི་དེ་ཉིད་ཀྱིས་ལུང་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལྷའི་བུ་གང་གི་ཚེ་ང་སྤྱོད་པ་དེ་དང་མ་བྲལ་བར་གྱུར་
པ་དེའི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། དེར་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ལྷའི་བུ་གང་སྤྱོད་པ་རྣམ་པར་དག་པའི་མཚན་ཉིད་ཀྱི་ཆོས་རྣམས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དེ་ལྟ་བུ་
དེ་དག་རབ་ཏུ་འབྱེད་པར་བྱེད་པ་དེ་ཡང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དེད་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་སྐྱེ་བ་ཞེས་བགྱི་བ་ནི་ཅི་ལགས། འཇུག་པ་གང་གིས་ན། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་
ལ་བཟོད་པ་ཐོབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་མི་སྐྱེ་བ་ཞེས་བྱ་བ་དེ་ནི་གཟོད་མ་ནས་མ་སྐྱེས་པའི་མུའི་མཚན་ཉིད་ཀྱི་ཚིག་བླ་དགས་ཡིན་ཏེ། དེ་ནི་སྔོན་བྱུང་བར་གྱུར་ལ་ཕྱིས་མ་བྱུང་བར་གྱུར་པ་མ་ཡིན་ཏེ། དེ་ནི་གཟོད་མ་ནས་མ་བྱུང་བ་ཉིད་ཡིན་ནོ། །དེ་ནི་
སྔོན་སྲིད་པར་གྱུར་ལ་ཕྱིས་མི་སྲིད་པར་གྱུར་པ་མ་ཡིན་ཏེ། དེ་ནི་གཟོད་མ་ནས་མི་སྲིད་པ་ཉིད་ཡིན་ནོ། །དེ་ནི་སྔོན་སྐྱེས་པར་གྱུར་ལ་ཕྱིས་མ་སྐྱེས་པར་གྱུར་པ་མ་ཡིན་ཏེ། དེ་ནི་གཟོད་མ་ནས་མ་སྐྱེས་པ་ཉིད་ཡིན་ནོ། །དེ་ནི་སྔོན་མངོན་པར་འདུས་བྱས་པ་ཡིན་ལ་ཕྱིས་མངོན་པར་འདུས་མ་བྱས་
པ་མ་ཡིན་ཏེ། དེ་ནི་གཟོད་མ་ནས་མངོན་པར་འདུས་མ་བྱས་པ་ཉིད་ཡིན་ནོ། །དེ་ནི་སྔོན་ཡོད་པར་གྱུར་ལ་ཕྱིས་མེད་པར་གྱུར་པ་མ་ཡིན་ཏེ། དེ་ནི་གཟོད་མ་ནས་འགྱུར་བ་མེད་པ་ཉིད་ཡིན་ནོ། །དེ་ནི་སྔོན་གང་ཟག་ཏུ་བགྲང་བར་གྱུར་ལ་ཕྱིས་གང་ཟག་ཏུ་མི་བགྲང་བར་གྱུར་པ་མ་ཡིན་ཏེ། དེ་ནི་

གཟོད་མ་ནས་སྟོང་པ་ཉིད་ཡིན་ནོ། །དེ་ནི་སྔོན་མཚན་མར་བགྲང་བར་གྱུར་ལ་ཕྱིས་མཚན་མར་མི་བགྲང་བར་གྱུར་པ་མ་ཡིན་ཏེ། དེ་ནི་གཟོད་མ་ནས་མཚན་མ་མེད་པ་ཉིད་ཡིན་ནོ། །གང་གིས་དེ་ལྟར་རྗེས་སུ་རྟོགས་པ་དང་། སེམས་ཀྱིས་སྐྱེ་བ་དང་། འཇིག་པ་ལ་མངོན་པར་
ཞེན་པ་མེད་པར་རྟོགས་པ་དེ་ནི་མི་སྐྱེ་བ་ཞེས་བྱའོ། །དེ་ལ་བཟོད་པ་གང་ཞེ་ན། དེ་དག་ཇི་ལྟར་མི་སྐྱེ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་བཟོད་པ་དེ་ནི་བཟོད་པ་ཞེས་བྱའོ། །དེ་དག་ཇི་ལྟར་མི་སྐྱེ་བ་དེ་བཞིན་དུ་ཞིང་ཐམས་ཅད་ལ་ཡང་བཟོད་པ་དེ་ནི་བཟོད་པ་ཞེས་བྱའོ། །དེ་དག་
ཇི་ལྟར་མི་སྐྱེ་བ་དེ་བཞིན་དུ་སློབ་པ་དང་། མི་སློབ་པ་དང་། རང་སངས་རྒྱས་ཐམས་ཅད་ལ་ཡང་བཟོད་པ་དེ་ནི་བཟོད་པ་ཞེས་བྱའོ། །དེ་དག་ཇི་ལྟར་མི་སྐྱེ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། སངས་རྒྱས་ཐམས་
ཅད་ལ་ཡང་བཟོད་པ་དེ་ནི་བཟོད་པ་ཞེས་བྱའོ། །དེ་དག་ཇི་ལྟར་མི་སྐྱེ་བ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་བཟོད་པ་དེ་ནི་བཟོད་པ་ཞེས་བྱའོ། །བཟོད་པ་དེ་ཡང་སྐད་ཅིག་པ་ཡིན་ཏེ། གང་གིས་སྐད་ཅིག་པ་ཡིན་ཞེ་ན། སྐད་ཅིག་པ་ཉིད་ཀྱིས་སྐད་ཅིག་པ་ཡིན་ནོ། །སྟོང་པ་ཉིད་ནི་
སྟོང་པ་ཉིད་ཀྱིས་སྐད་ཅིག་པ་ཡིན་ནོ། །མཚན་མ་མེད་པ་ནི་མཚན་མ་མེད་པས་སྐད་ཅིག་པ་ཡིན་ནོ། །ཇི་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པ་སྟོང་པ་ཉིད་དང་། མཚན་མ་མེད་པས་སྐད་ཅིག་པ་ཡིན་པ་དེ་བཞིན་དུ་གཟུགས་ཀྱང་གཟུགས་ཀྱི་མཚན་ཉིད་ཀྱིས་སྐད་ཅིག་པ་
ཡིན་ནོ། །ཇི་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པ་སྟོང་པ་ཉིད་དང་། མཚན་མ་མེད་པས་སྐད་ཅིག་པ་ཡིན་པ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པའི་མཚན་ཉིད་ཀྱིས་སྐད་ཅིག་པ་ཡིན་ནོ། །ཇི་ལྟར་སྟོང་
པ་ཉིད་དང་། མཚན་མ་མེད་པ་སྟོང་པ་ཉིད་དང་། མཚན་མ་མེད་པས་སྐད་ཅིག་པ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཁམས་ཀྱང་ཆོས་ཀྱི་ཁམས་ཀྱི་མཚན་ཉིད་ཀྱིས་སྐད་ཅིག་པ་ཡིན་ནོ། །ཇི་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པ་སྟོང་པ་ཉིད་དང་། མཚན་མ་མེད་པས་སྐད་ཅིག་

པ་ཡིན་པ་དེ་བཞིན་དུ་སྐྱེ་མཆེད་ཐམས་ཅད་ཀྱང་སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་ཀྱིས་སྐད་ཅིག་པ་ཡིན་ཏེ། སྐད་ཅིག་པ་གང་ཡིན་པ་དེ་ནི་ཡ་མ་བརླ་ཡིན་ནོ། །ཡ་མ་བརླ་གང་ཡིན་པ་དེ་ནི་གསོག་ཡིན་ནོ། །གསོག་གང་ཡིན་པ་དེ་ནི་གསོབ་ཡིན་ནོ། །གསོབ་གང་ཡིན་པ་དེ་ནི་འདོད་ཆགས་
མེད་པ་ཡིན་ནོ། །འདོད་ཆགས་མེད་པ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ། །འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་མེད་པ་ཡིན་ནོ། །ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཡིན་ཏེ། དེ་ནི་ཆོས་ཐམས་ཅད་སྟོང་པ་དང་། སྐད་ཅིག་པ་དང་། ཡ་མ་བརླ་
དང་། དབེན་པ་དང་། གསོག་ཅེས་བྱ་སྟེ། ཆོས་ཐམས་ཅད་དེ་ལྟར་བཟོད་པ་གང་ཡིན་པ་དེ་ནི་བཟོད་པ་ཞེས་བྱའོ། །བཟོད་པ་དེ་ཡང་བཟོད་པ་ཉིད་ཀྱིས་སྐད་ཅིག་པ་ཡིན་ཏེ། དེ་ལྟར་མཉམ་པ་ཉིད་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་ལུང་བསྟན་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་
པ་ཡིན་ནོ། །བཟོད་པ་དེ་ཡང་དམིགས་པས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེ་ལ་དམིགས་པ་གང་ཞེ་ན། གང་གི་ཚེ་བདག་དང་བཟོད་པ་གཉི་གར་དམིགས་ན་དེ་ནི་དམིགས་པ་ཞེས་བྱའོ། །སེམས་ཅན་དང་། སྲོག་དང་། གསོབ་དང་། གང་ཟག་དང་། བཟོད་པ་གཉི་གར་དམིགས་ན་
དེ་ནི་དམིགས་པ་ཞེས་བྱའོ། །དེ་ལ་དམིགས་པ་མེད་པ་གང་ཞེ་ན། གང་གི་ཚེ་བདག་དང་བཟོད་པ་གཉི་གར་མི་དམིགས་པ་དེ་ནི་དམིགས་པ་མེད་པ་ཞེས་བྱའོ། །སེམས་ཅན་དང་། སྲོག་དང་། གསོབ་དང་། གང་ཟག་དང་། བཟོད་པ་གཉི་གར་མི་དམིགས་པ་དེ་ནི་དམིགས་པ་མེད་པ་
ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ངོ་བོ་ཉིད་གཏན་མེད་པ་ཡིན་ནོ། །ངོ་བོ་ཉིད་གཏན་མེད་པ་གང་ཡིན་པ་དེ་ནི་འདུས་མ་བྱས་པ་ཡིན་ཏེ། ངོ་བོ་ཉིད་དེ་དང་། བཟོད་པ་དེ་ལ་གཉིས་སུ་རྗེས་སུ་རྟོག་པར་
མི་བྱེད་པ་གང་ཡིན་པ་དེ་ནི་དམིགས་པ་མེད་པ་ཞེས་བྱའོ། །ལྷའི་བུ་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པར་སྤྱོད་པ་དེ་ཡང་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་བསྟན་པ་ཡིན་ནོ། །བཟོད་པ་བསྟན་པ་འདི་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་

གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །འཇིག་རྟེན་འདི་སྣང་བ་ཆེན་པོས་ཀྱང་ཁྱབ་པར་གྱུར་ཏོ། །སིལ་སྙན་བརྒྱ་སྟོང་ཡང་མ་དཀྲོལ་བར་སྒྲ་འཁྲོལ་བར་གྱུར་ཏོ། །མེ་ཏོག་གི་ཆར་དག་ཀྱང་རབ་ཏུ་བབ་བོ། །སྲོག་ཆགས་བཞི་ཁྲི་ཉིས་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དགུ་ཁྲི་དྲུག་སྟོང་གིས་ནི་ཆོས་རྣམས་ལ་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཇི་ལྟར་དེ་བཞིན་གཤེགས་པ་མར་མེ་མཛད་རྒྱལ་པོའི་ཕོ་བྲང་པད་མ་ཅན་དུ་ཞུགས་པར་གྱུར་
པ་དེ་ལྟ་བུ་ཡང་ཀུན་ཏུ་སྣང་བར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ཆོས་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་ཁ་དོག་འབུམ་ཕྲག་དུ་མ་འདི་ལྟ་སྟེ། སྔོན་
པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་བར་གྱུར་ཏེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། ཉི་མ་དང་ཟླ་བ་དག་གི་འོད་
ཀྱང་ཟིལ་གྱིས་མནན་ནས་ཡང་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་
ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་དེའི་ཚེ་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཐུབ་པ་ཅི་སླད་འཛུམ་པ་མཛད་གྱུར་པ། །མི་མཉམ་གཟི་བརྗིད་མངའ་བ་ཁྱོད་ལ་ཞུ། །འོད་ཀྱི་བཀོད་པ་མཛད་པ་ཁྱོད་ལ་ཞུ། །རབ་
རིབ་ཉོན་མོངས་སྤོང་བ་ཁྱོད་ལ་ཞུ། །བདེ་གཤེགས་ཅི་སླད་འཛུམ་པ་བསྟན་མཛད་པ། །ཕ་རོལ་ཚོགས་རྣམས་འཇོམས་པ་ཁྱོད་ལ་ཞུ། །བདུད་དཔུང་ཐ་མར་མཛད་པ་ཁྱོད་ལ་ཞུ། །སྟོབས་བཅུའི་སྟོབས་དང་ལྡན་པ་ཁྱོད་ལ་ཞུ། །རྒྱལ་བ་ཅི་སླད་འཛུམ་པ་བསྟན་མཛད་པ། །སུམ་ཅུ་རྩ་གཉིས་

ཡོན་ཏན་མཚན་བརྒྱན་པ། །བདེ་གཤེགས་རབ་དགའ་བདེ་བ་མཛད་པ་པོ། །གཟུགས་ཀྱི་དམ་པ་མངའ་བ་ཁྱོད་ལ་ཞུ། །བཅོམ་ལྡན་ཅི་སླད་འཛུམ་པ་བསྟན་མཛད་པ། །མཁྱེན་པ་མཐའ་ཡས་ཡོན་ཏན་སྟོན་པ་པོ། །ཡེ་ཤེས་འབྱུང་གནས་འགྲོ་བ་ཤེས་མཛད་པ། །ཡེ་ཤེས་ལྗོན་
ཤིང་མཁྱེན་པ་མཆོག་ལ་ཞུ། །འཇིག་རྟེན་གསུམ་གྲགས་གྲགས་པ་མཐའ་ཡས་པ། །གསུམ་རིག་དྲི་གསུམ་ཐ་མར་མཛད་པ་པོ། །འཇིག་རྟེན་གསུམ་རིག་རྣམ་ཐར་གསུམ་མཐར་བྱོན། །ཅི་ཡི་སླད་དུ་འཛུམ་པ་བསྟན་པ་མཛད། །སྨན་པ་དམ་པ་སྐྱེ་རྒ་མཐར་མཛད་པ། །བཅོམ་
ལྡན་ཞབས་ལ་དྲ་མཆོག་འཁོར་ལོ་མངའ། །སྲེད་མེད་སྲས་པོ་རྡོ་རྗེ་མཁྲེགས་པ་པོ། །ཐུབ་པ་འཛུམ་མཛད་སྦྱོར་བ་བཀའ་སྩལ་གསོལ། །གང་གིས་སྤྱོད་པ་དེ