Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 042_དཀོན་བརྩེགས།_ང
Văn bản gốc(Tây Tạng)
Trang 13 / 19 (50.000 ký tự/trang)
ཀྱི་ཕྱིར་སློབ་པ་མ་ཡིན། ཞེ་སྡང་གི་ཕྱིར་སློབ་པ་མ་ཡིན། གཏི་མུག་གི་ཕྱིར་སློབ་པ་མ་ཡིན་གྱི། བདག་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་རྒྱ་ཆེར་སློབ་པ་ཡིན་པས་ཆོས་རྣམས་ ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟས་ནས་ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པ་ཉིད་དུ་སྤྱད་ནས་ལས་དང་རྣམ་པར་སྨིན་པའི་རྒྱུ་རྐྱེན་ལ་བརྟེན་ཏེ་མཆོད་པ་དང་། སྡུག་བསྔལ་གྱི་དངོས་པོ་རྣམས་ཀྱང་སྔོན་གྱི་ལས་ཀྱི་སྤྱོད་པའི་རྐྱེན་ལས་གྱུར་པ་ཡིན་པར་རིག་པར་བྱས་ནས་དེའི་ཕྱིར་ རྗེས་སུ་འཐུན་པར་གྱུར་པའི་ཆོས་རྣམས་ལ་ཡང་དགའ་ཞིང་སྲེད་པ་མི་བསྐྱེད། དགེ་བའི་ཆོས་དང་འགལ་བ་ལ་ཡང་ཞེ་སྡང་མི་བསྐྱེད་པར་སེམས་ཡོངས་སུ་སྦྱངས་ཏེ་མནར་སེམས་མེད་པར་བྱས་ནས་འདོད་ཆགས་ཀྱི་རྗེས་སུ་འབྲང་བར་ཡང་མི་བྱ། ཞེ་སྡང་གི་རྗེས་སུ་འབྲང་བར་ཡང་མི་ བྱ། གཏི་མུག་གི་རྗེས་སུ་འབྲང་བར་ཡང་མི་བྱ། སྡིག་པའི་ཆོས་ཀྱི་རྗེས་སུ་འབྲང་བར་ཡང་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་ བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ངས་ནི་རྟག་ཏུ་ཤེས་རབ་བསྔགས། །ཚུལ་ཁྲིམས་བསྲུང་བའང་བསྔགས་པ་ཡིན། །བཟོད་པ་བསྒོམ་ལ་བསྔགས་བྱས་ཤིང་། །མང་དུ་ཐོས་པའང་བསྔགས་པ་ཡིན། ། ངས་ནི་དགེ་བའི་ཆོས་སྤྱོད་དང་། །བྱམས་སེམས་ཚིག་སྙན་སྨྲ་ལ་བསྔགས། །སེམས་ཅན་ལ་ནི་ཕན་གདགས་ཕྱིར། །ཡོན་ཏན་མང་པོ་ཅི་རིགས་བསྔགས། །ང་ནི་རྟག་ཏུ་འདོད་ལྔ་དང་། །ཁོང་ཁྲོ་འཁོན་འཛིན་གཏི་མུག་ཅན། །ཕྲ་དོག་ང་རྒྱལ་གཡོ་སྒྱུ་དང་། །འཁྲུག་ལོང་སེམས་ ཅན་གནོད་བྱེད་དམོད། །ལེ་ལོ་དང་ནི་སྙོམ་ལས་དང་། །བཀའ་བློ་མི་བདེ་སྨྲ་དགའ་དང་། །བྱས་པ་མི་གཟོ་ལམ་ལོག་ཅན། །ཉེས་པ་ཆུང་ལ་ཆེར་ཁྲོ་དང་། རྙེད་པ་ལ་ནི་གདུ་བ་དང་། །བདག་ནི་རྙེད་པར་རབ་དགའ་ཞིང་། །གཞན་གྱི་རྙེད་ལ་མི་དགའ་བ། །འདི་དག་ལ་ནི་ང་མི་བསྔགས། ། བློ་ཆུང་རྙེད་པ་བདག་འདོད་ཅིང་། །གཞན་གྱི་རྙེད་ལ་ཕྲག་དོག་ཆེ། །གཞན་གྱི་ཁྱིམ་ལ་སེར་སྣ་བྱེད། །འདི་དག་ལ་ནི་ང་མི་བསྔགས། །རྙེད་པ་དག་ནི་ཚོལ་བའི་ཕྱིར། །སྤྱོད་ལམ་དག་ནི་འཆོས་བྱེད་པ། །འདི་ནི་འཚོ་བ་དག་མིན་པས། །ང་ཡི་ཆོས་ལས་ཤིན་དུ་རིང་། །ལམ་གྱི་བསྒོམ་ པ་དག་ལ་ནི། །ཉེས་པ་འདི་དག་ཐམས་ཅད་ཡོད། །འདི་ནི་ངན་འགྲོའི་རྐྱེན་ཡིན་པས། །དངོས་པོ་འགའ་ཡང་བསྔགས་སུ་མེད། །སྡིག་པ་བདག་ལྟ་མ་སྤངས་ན། །འདོད་སྲེད་སེམས་ནི་རབ་ཏུ་མང་། །འདོད་སྲེད་སེམས་ནི་མང་བའི་ཕྱིར། །རྙེད་པ་དག་ལ་གདུ་བར་འགྱུར། ། བྱང་ཆུབ་སེམས་དཔའ་འདི་སྙམ་དུ། །བཟོད་བསྒོམས་སེམས་ཅན་ཕན་གདགས་ཤིང་། །ཁེངས་པའི་སེམས་ནི་རབ་བཏུལ་ནས། །མྱུར་དུ་སངས་རྒྱས་བྱ་བར་གསུངས། །བདག་གིས་བྱམས་སེམས་རབ་བསྒོམས་ཏེ། །བཟོད་པས་སེམས་ཅན་བརྩེ་བར་བྱ། །ཆོས་རྣམས་སྟོང་ཞིང་རྐྱེན་ལས་ བྱུང་། །འབྲེལ་བ་མེད་པར་ཤེས་པར་བྱ། །རྐྱེན་གང་གིས་ནི་ཆོས་རྣམས་ཡོད། །ཆོས་དེ་སེམས་ལས་བྱུང་བ་ཡིན། །མི་བདེན་འདུ་ཤེས་ཁོང་ཁྲོ་བསྐྱེད། །མཁས་པ་ཐམས་ཅད་སྟོང་པ་ཡིན། །མི་བདེན་འདུ་ཤེས་ཁམས་གསུམ་བསྐྱེད། །ལུས་ཀྱི་རྒྱུན་ནི་འཆད་མི་འགྱུར། །མི་ བདེན་འདུ་ཤེས་མི་རྟོག་ན། །ཉེས་དམིགས་འདི་དག་ཡོད་མི་འགྱུར། །རྟག་ཏུ་ཆོས་རྣམས་སེམས་པ་ན། །རྐྱེན་ལས་བྱུང་བར་རབ་ཏུ་ཤེས། །རྟག་ཏུ་ཆོས་རྣམས་སྟོང་ལྟ་བས། །ཐམས་ཅད་ཡོངས་སུ་བཟློག་པར་ནུས། །ཁྲིམས་སྤངས་སེམས་ཅན་སྡུག་བསྔལ་བ། །ང་ རྒྱལ་དག་གིས་སྨྲས་པ་ལ། །སྡུག་བསྔལ་ཉེར་ཞི་ཆོས་སྟོན་པས། །ཕན་པ་མང་པོ་རབ་ཏུ་བྱེད། །གང་ཞིག་ཤར་ནུབ་ལྷོ་བྱང་དང་། །ཕྱོགས་མཚམས་བཞི་པོ་དག་ནས་ནི། །མི་གཙང་དུག་གི་བུམ་ཐོགས་ནས། །མགོ་ཡི་སྟེང་དུ་བླུགས་གྱུར་ན། །སུས་བྱིན་སུས་ནི་ལེན་བྱེད་ཅེས། ། བདག་ནི་ཁོང་ཁྲོ་ཡོང་མི་སྐྱེད། །ཆོས་གང་ཞིག་ནི་བདག་ཡིན་ཞེས། །བརྟགས་ནས་བརྩོན་འགྲུས་རྩོམ་པར་བྱེད། །ཉེས་པ་ཅི་ཡོད་གནོད་བྱས་ཤེས། །ངན་སེམས་གཞན་ལ་ལྟ་མི་བྱེད། །ཤིན་དུ་བརྟན་པའི་བཟོད་བསྐྱེད་ནས། །བྱམས་སེམས་གཞན་ལ་ཕན་འདོགས་བྱེད། ། སྔོན་གྱི་ལས་ལས་གྱུར་ཤེས་པས། །རྣམ་སྨིན་འདི་མྱོང་སྙམ་དུ་སེམས། །དང་དུ་བླངས་ཏེ་བཟོད་བྱེད་པས། །བྱང་ཆུབ་ལམ་ལ་གནས་པར་བྱེད། །དམོད་དང་སྡུག་བསྔལ་དངོས་པོ་འདི། །གཞན་གྱིས་བྱས་པ་མ་ཡིན་གྱི། །འདི་ནི་ངེས་པར་ལས་ཀྱི་རྐྱེན། །ཡུན་རིང་ལོན་ཀྱང་ ཆུད་མི་ཟ། །སེམས་ཅན་འཇིག་རྟེན་གནས་པ་དག །རྟག་ཏུ་དགེ་སྡིག་ལས་སློང་བས། །དེང་བདག་སྡུག་བསྔལ་འདི་མྱོང་ཡང་། །ལས་རྐྱེན་ཡིན་པར་རབ་ཏུ་ཤེས། །གལ་ཏེ་ངན་པའི་ལས་བྱས་ན། །ཕྱིས་ཀྱང་སྡུག་བསྔལ་མྱོང་འགྱུར་ན། །ཅིའི་ཕྱིར་དངོས་པོ་ངན་པ་ཡིས། །དེ་དག་ལ་ནི་ གནོད་བྱ་སྙམ། །བླ་ན་མེད་པའི་ཆོས་གཉེར་ནས། །གཞན་དག་ལ་ནི་སྟོན་བྱེད་པས། །སེམས་ཅན་སྡུག་བསྔལ་ཇི་སྙེད་པ། །ཐམས་ཅད་ལས་ནི་ཐར་བར་བྱེད། །གལ་ཏེ་འགའ་ཞིག་མེ་ཏོག་སྤོས། །ཕྲེང་བ་དག་གིས་བདག་མཆོད་ཀྱང་། །རྗེས་སུ་ཆགས་པ་མི་སྐྱེད་པར། །མཉམ་ པར་བསྒོམ་པ་བསྒྲུབ་བྱ་སྙམ། །བྱམས་སྡང་དག་ནི་ལམ་མིན་པས། །རྟག་ཏུ་བཏང་སྙོམས་སྤྱོད་པར་བྱེད། །སུས་བྱིན་སུས་ནི་ལེན་བྱེད་ཅེས། །ཆོས་རྣམས་ཡང་དག་རྟོག་པར་བྱེད། །སྟོང་པས་བྱིན་ཞིང་སྟོང་ལེན་ན། །ཕྱི་ནང་གཉི་ག་སྟོང་པས་ན། །སྟོང་ལ་བྱིན་དང་ལེན་ མེད་པས། །ཐམས་ཅད་ཀུན་ལ་བདག་མེད་དོ། །སྟོང་ལ་འདོད་ཆགས་བྲལ་བ་མེད། །སྟོང་ལ་ཀུན་ནས་ཉོན་མོངས་མེད། །རྣམ་པར་བྱང་བའང་མེད་པས་ན། །དྲི་བྲལ་རྣམ་དག་སྟོང་པ་ཡིན། །སྟོང་ལ་རྣམ་པར་རྟོག་པ་མེད། །སྟོང་ལ་ངོ་བོ་ཉིད་རྣམས་མེད། །སྟོང་ནི་རྟག་ སྟོང་མཚན་མ་མེད། །དེ་ནི་རྣམ་དག་ལམ་ཡིན་ནོ། །གལ་ཏེ་འགའ་ཞིག་འོངས་གྱུར་ནས། །ལུས་ནི་དུམ་བུར་བཅད་གྱུར་ཀྱང་། །ལས་ཀྱི་རྐྱེན་ལས་བྱུང་རིག་པས། །དེ་ལ་ཞེ་སྡང་ཡོང་མི་སྐྱེད། །སེམས་ཅན་དགེ་སྡིག་སློང་བས་ན། །ལས་བཞིན་རང་ཉིད་འབྲས་བུ་ལེན། །བདག་ ཀྱང་ངེས་པར་སྔ་མའི་སྡིག །སྡུག་བསྔལ་རྣམ་སྨིན་འདི་མྱོང་སྙམ། །སྡིག་པའི་རྣམ་སྨིན་འདི་མྱོང་ཡང་། །ལུས་བརྟགས་གཟུགས་བརྙན་ཆུ་བུར་དང་། །སྒྱུ་མ་སྤྲུལ་པ་སྨིག་རྒྱུ་འདྲ། །སྟོང་ཞིང་མེད་པས་མཐར་ཡང་སྟོང་། །ཁ་ཅིག་ལུས་ཀྱི་ཡན་ལག་གཅོད། །ཁ་ཅིག་དྲིན་ནི་དྲན་གྱུར་ ནས། །མཆོད་པ་དག་ནི་བྱས་གྱུར་ཀྱང་། །དགའ་དང་མི་དགའ་ཡང་མི་བྱེད། །རྙེད་པ་ཐོབ་ཀྱང་དགའ་བ་མེད། །ཁ་ངན་བྱས་ཀྱང་ཁོང་མི་ཁྲོ། །འདི་གཉིས་སྒྲིབ་པ་ཡིན་པས་ན། །སངས་རྒྱས་ཡང་དག་ལམ་མིན་སེམས། །འདོད་ཆགས་ཞེ་སྡང་གཏི་མུག་སེམས། །དེ་དག་ཐམས་ཅད་ སྤོང་པར་བྱེད། །རྟག་ཏུ་སྟོང་དབེན་བསྒོམས་པས་ན། །སྒྲིབ་པ་རྣམས་ནི་སྤོང་པར་བྱེད། །བཟོད་པ་སྟོབས་བཅུའི་གཞི་ཡིན་ཏེ། །སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་གནས། །ཐོགས་མེད་ཡེ་ཤེས་སྙིང་རྗེ་ཡི། །རྩ་བ་དག་ནི་བཟོད་པ་ཡིན། །བདེན་བཞི་དྲན་དང་ཡང་དག་སྤོང་། ། དབང་སྟོབས་བྱང་ཆུབ་ལམ་ཡན་ལག །ཐམས་ཅད་བཟོད་པས་གཞི་བྱེད་པས། །མཁས་པ་གང་ཞིག་བཟོད་མི་སྒོམ། །ངས་ཀྱང་བཱ་ར་ཎཱ་སིར་ནི། །བླ་མེད་འཁོར་ལོ་བསྐོར་བ་ཡང་། །བཟོད་པ་དག་གིས་གཞི་བྱས་པས། །སངས་རྒྱས་རྟག་ཏུ་བཟོད་པ་བསྔགས། །ཁྱེད་ཀྱང་སྟོང་ བཟོད་བླ་མེད་གཞི། །ཡོངས་སུ་སྒོམ་པར་བྱེད་ན་ནི། །ཆོས་ཀྱི་ཆོས་ཉིད་དེ་ཡིན་པས། །སངས་རྒྱས་ཡོན་ཏན་ཐོབ་པར་འགྱུར། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འདོད་པ་ལྔ་པོ་དག་སྤངས་ནས་རྟག་པར་རབ་ཏུ་འབྱུང་བར་མོས་པས་སེམས་ཀྱིས་ རབ་ཏུ་འབྱུང་བའི་རྗེས་སུ་འབྲང་བར་བྱེད། རབ་ཏུ་འབྱུང་བ་ལ་གཞོལ་བར་བྱེད་པས་འདོད་པ་ལྔ་པོ་དག་ལ་མངོན་པར་ཞེན་པར་མི་བྱེད་དོ། །རབ་ཏུ་བྱུང་ནས་ཀྱང་འདུ་འཛི་རྣམས་སྤངས་ནས་ཤིན་དུ་ཐག་རིང་བའི་རི་དང་ནགས་ཚལ་དབེན་པ་དག་ཏུ་གནས་ཤིང་དགེ་བའི་ཆོས་ཆུད་མི་ཟ་བར་བྱེད་དོ། །བྱང་ ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། རབ་ཏུ་བྱུང་ལ་རྟག་མོས་པས། །རྟག་ཏུ་རབ་ཏུ་འབྱུང་བར་འགྱུར། །རི་དང་ནགས་ ཚལ་གནས་མོས་པས། །ཡོན་ཏན་འབྱུང་གནས་འཕེལ་བར་བྱེད། །དབེན་པར་གནས་ལ་སྟེན་བྱེད་པས། །འདོད་ལྔའི་ཆགས་པ་ཡོངས་སུ་སྤོང་། །དེ་ན་འདུ་འཛི་མེད་པས་ན། །དགེ་ཆོས་རྐྱེན་ནི་ཉམས་མི་འགྱུར། །ཕན་ཚུན་འདྲུལ་ཞིང་གཏམ་འདྲི་དང་། །ཚིག་གིས་སྨྲ་བར་མི་བྱེད་པས། །སྟོང་ དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་པར་དགོན་པ་བསྟེན་བྱ་ཞིང་། །གྲོང་ཁྱེར་ལ་ནི་ཆགས་མི་བྱ། །བསྟེན་ན་རྙེད་སེམས་སྐྱེ་བར་འགྱུར། །རྙེད་པ་ཐོབ་ན་རབ་ཏུ་དགའ། །སྟོར་བར་གྱུར་ན་མྱ་ངན་སྐྱེ། ། དེ་ཡིས་སངས་རྒྱས་མཆོད་བྱས་ཀྱང་། །མཆོད་པ་བྱས་ཞེས་མི་བརྗོད་དོ། །དེ་འདྲའི་ཉེས་དམིགས་སྤོང་འདོད་ན། །རྙེད་པ་རྣམས་ནི་སྤང་བར་བྱ། །སྤངས་ནས་གནས་དབེན་རབ་གནས་ནས། །སྟོང་པའི་ཆོས་ནི་བསྒོམ་པར་བྱ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་རྟག་པར་ ཆོས་གཉེར་བ་ཡོངས་སུ་སློབ་པར་བྱེད་པས་ཡོངས་སུ་གཉེར་ནས་ཀྱང་ཀློག་ཅིང་ཁ་ཏོན་དུ་བཏོན་ནས་འདི་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། སྦྱངས་པའི་ཡོན་ཏན་ཤིན་ཏུ་ཕྲ་བའི་ཆོས་ཡོངས་སུ་ཚོལ་བར་བྱེད་ཀྱི། འདོད་པ་མེད་པ་དང་། ཆོག་མི་ཤེས་པའི་ཆོས་ཡོངས་སུ་ཚོལ་བར་ མི་བྱེད་དོ། །འདོད་ཆགས་ཉེ་བར་ཞི་བ་ཡོངས་སུ་ཚོལ་བར་བྱེད་ཀྱི། འདོད་ཆགས་རྒྱས་པར་མི་བྱེད་དོ། །ཞེ་སྡང་གཞོམ་པ་ཡོངས་སུ་ཚོལ་བར་བྱེད་ཀྱི། ཞེ་སྡང་འཕེལ་བར་མི་བྱེད་དོ། །གཏི་མུག་གཅོད་པ་ཡོངས་སུ་ཚོལ་བར་བྱེད་ཀྱི། གཏི་མུག་སྐྱེད་པར་མི་བྱེད་དོ། །ཁེངས་པ་ གཞིལ་བ་ཡོངས་སུ་ཚོལ་བར་བྱེད་ཀྱི། ཁེངས་པ་སློང་བ་ཡོངས་སུ་ཚོལ་བར་མི་བྱེད་དོ། །ང་རྒྱལ་གཞོམ་པ་ཡོངས་སུ་ཚོལ་བར་བྱེད་ཀྱི། ང་རྒྱལ་འཕེལ་བ་ཡོངས་སུ་ཚོལ་བར་མི་བྱེད་དོ། །བདག་དང་བདག་གིར་འཛིན་པའི་ཆོས་སྤོང་བ་ཡོངས་སུ་ཚོལ་བར་བྱེད་ཀྱི། བདག་དང་བདག་གིར་ འཛིན་པའི་ཆོས་འཕེལ་བར་བྱེད་པ་ཡོངས་སུ་ཚོལ་བར་མི་བྱེད་དོ། །བདག་མེད་པའི་ཆོས་ཡོངས་སུ་ཚོལ་བར་བྱེད་ཀྱི། བདག་དང་། གང་ཟག་དང་། སེམས་ཅན་དང་། སྲོག་ལ་གནས་པའི་ཆོས་ཡོངས་སུ་ཚོལ་བར་མི་བྱེད་དོ། །རྟག་པར་ཤེས་རབ་ཆེན་པོ་ཐོབ་པར་འགྱུར་བའི་ཆོས་ཡོངས་ སུ་ཚོལ་བར་བྱེད་ཀྱི། ཤེས་རབ་ཆེན་པོ་ཉམས་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་མི་བྱེད་དོ། །རྟག་པར་མཚུངས་པ་མེད་པའི་ཤེས་རབ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་བྱེད་ཀྱི། ཤེས་རབ་རྒྱ་ཆུང་ངུ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་མི་བྱེད་དོ། །ཕུན་ སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བའི་ཆོས་རྣམས་ཡོངས་སུ་ཚོལ་བར་བྱེད་ཀྱི། ཡོན་ཏན་རྣམས་ཕུན་སུམ་ཚོགས་པར་མི་འགྱུར་བའི་ཆོས་ཡོངས་སུ་ཚོལ་བར་མི་བྱེད་དོ། །དེ་ལྟར་ཆོས་ཡོངས་སུ་བཙལ་ནས་ཀྱང་ཀློག་པར་བྱེད། ཁ་ཏོན་དུ་འདོན་པར་བྱེད། ཚུལ་བཞིན་དུ་ཡང་དག་ པར་ཡིད་ལ་བྱེད། ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་ཡིད་ལ་བྱེད། སྒྲུབ་པར་བྱེད། གཞན་དག་ལ་ཡང་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ཀྱང་འཇིག་རྟེན་པའི་ཁེ་ཡང་ཡོངས་སུ་ཚོལ་བར་མི་བྱེད་ལ། ཐ་ན་ལེགས་སོ་ཞེས་བྱ་བའི་བསྔགས་པ་བརྗོད་པ་ཙམ་ཡང་ཡོངས་ སུ་ཚོལ་བར་མི་བྱེད་པས་སེམས་ཅན་མང་པོ་ཆོས་དེ་ལ་འགོད་པར་བྱེད་དེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་ པ། བྱང་ཆུབ་སེམས་དཔའ་རབ་བྱུང་ནི། །ཚུལ་ཁྲིམས་སྦྱངས་པ་དག་ལ་མོས། །དེས་ན་ཤེས་རབ་ཡོངས་འཕེལ་ནས། །ཡེ་ཤེས་ཆར་ནི་འབེབས་པར་བྱེད། །རྣམ་དག་ཆོས་ཟབ་དེ་ཐོས་ནས། །ཡང་དག་དྲན་པས་དོན་སེམས་བྱེད། །ཇི་སྐད་བསྟན་པ་བཞིན་དུ་ནི། །དེ་བཞིན་ཡང་ དག་སྒྲུབ་པར་བྱེད། །རྟག་ཏུ་རྣམ་དག་སེམས་ཀྱིས་ནི། །གཞན་ལ་རྒྱ་ཆེར་རབ་བསྟན་ནས། །སེམས་ཅན་མང་ལ་ཕན་འདོགས་ཀྱང་། །སེམས་ལ་རེ་བ་ཅུང་ཟད་མེད། །ཡོན་ཏན་རྣམས་ཀྱི་རོ་རྙེད་ནས། །བདག་ཉིད་ཆོས་དེར་རབ་གནས་ཤིང་། །གཞན་ཡང་དེ་ལ་འགོད་བྱེད་པས། ། དེ་ཕྱིར་སངས་རྒྱས་ཆོས་འཕེལ་འགྱུར། །བསྐལ་པ་ཚད་མེད་རྣམས་སུ་ནི། །ཡོན་ཏན་མང་པོ་ཅི་བསགས་པ། །ཐམས་ཅད་མངོན་དུ་གྱུར་ནས་ནི། །བྱང་ཆུབ་ལམ་དུ་སྡུད་འཇུག་འགྱུར། །དེ་ཕྱིར་སངས་རྒྱས་བསྔགས་པ་ཡི། །ཆོས་ཟབ་དག་ནི་ཡོངས་བཙལ་ནས། །རྟག་པར་སེམས་ ཅན་བསྟན་པར་བྱ། །ཡོན་ཏན་རྣམས་ནི་དེ་ལས་སྐྱེ། །གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་སྦྱངས་པའི་ཆོས་ལ་རབ་ཏུ་གནས་པར་གྱུར་ན་དགེ་བའི་རྩ་བ་ཐམས་ཅད་ཕུན་སུམ་ཚོགས་པའི་བསོད་ནམས་དང་ལྡན་པར་འགྱུར་རོ། །གང་པོ་སྔོན་ བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ། ཚད་མེད་ཅིང་མཐའ་ཡས་པ། བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ་བྱུང་བ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ གཤེགས་པ་འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མེ་རོ་གན་དྷ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་སྐུ་ཚེའི་ཚད་ནི་ཚེ་ལོ་དྲུག་ཅུ་ཐོབ་པར་གྱུར་ཏོ། །འདུས་པ་རེ་རེ་ལ་ ཆོས་བསྟན་པའི་ཚེ་ཉན་ཐོས་བྱེ་བ་ཕྲག་བརྒྱད་ཅུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ ལས་འདས་པའི་འོག་ཏུ་ཞག་བདུན་ཚུན་ཆད་ཉན་ཐོས་ཆེན་པོ་ཇི་སྙེད་པ་ཕལ་ཆེར་དེ་བཞིན་གཤེགས་པའི་རྗེས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །གང་པོ་དེ་བཞིན་གཤེགས་པ་དེ་ཡང་ང་ཇི་ལྟ་བ་བཞིན་དུ་སྙིགས་མ་ལྔའི་དུས་ཀྱི་ཚེ་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། ཉན་ཐོས་ ཆེན་པོ་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་ཚེ་སྐྱེ་བོ་རྣམས་ཕལ་ཆེར་འདི་སྙམ་དུ་དགེ་སྦྱོང་གི་ཆོས་ནི་རབ་ཏུ་བདེ་ཞིང་སྐྱིད་པ་ཡིན་ན་བདག་ཅག་ཅིའི་ཕྱིར་སོ་སོ་ནས་རབ་ཏུ་མི་འབྱུང་སྙམ་དུ་བསམས་ནས། སོ་སོ་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ངུར་སྨྲིག་བགོས་ནས་ཁྱིམ་ནས་ ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་དངོས་པོ་གསུམ་པོ་རྟག་པར་ཁྱིམ་པའི་ཁྱིམ་དུ་འགྲོ་ཞིང་འདུ་བར་བྱེད་པ་དང་། རྙེད་པ་ལ་མངོན་པར་ཞེན་ནས་བདག་ཉིད་འཚོ་བར་བྱེད་པ་དང་། བདག་ཉིད་ཉམ་འཚག་འཚོ་བ་འབའ་ཞིག་ཏུ་སྦྱོར་ཞིང་བསོད་ནམས་དང་ཡེ་ཤེས་དང་མི་ལྡན་པ་ འབའ་ཞིག་སྤྱོད་པར་གྱུར་པས་དངོས་པོ་གསུམ་པོ་འདི་འབའ་ཞིག་སྤྱོད་པར་བྱེད་ཀྱི་ལས་གཞན་ནི་མངོན་པར་མི་སྒྲུབ་པར་གྱུར་ཏོ། །ལོ་བརྒྱ་འདས་པའི་འོག་ཏུ་ཉན་ཐོས་ཆེན་པོ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ཏེ་མ་ལུས་པར་གྱུར་པས་དགེ་སློང་མང་པོ་དེ་དག་ཁྱིམ་པ་རྣམས་དང་། འཐུན་པར་བྱེད་ཅིང་སངས་རྒྱས་ཀྱི་མདོ་སྡེ་ཟབ་མོ་རྣམས་དང་། ཚུལ་ཁྲིམས་སྲུང་བ་དང་། སྦྱངས་པའི་ཡོན་ཏན་སྤྱོད་ལམ་ཞིབ་མོ་གྱ་ནོམ་པའི་ཆོས་རྣམས་ནི་ཕལ་ཆེར་སྤངས་ནས་སུ་ཡང་ཀློག་ཅིང་འདོན་པ་མེད་པར་གྱུར་ཏོ། །གང་པོ་དེའི་ཚེ་དགེ་སློང་རྣམས་འདོད་པ་མང་པོ་དག་ལ་སྤྱོད་པར་ མོས་ཤིང་བཟའ་བ་དང་བཏུང་བའི་རོ་ལ་ཆགས་པར་གྱུར་པས་དེའི་ཚེ་རྒྱལ་པོའི་བུ་ད་མ་ཤི་རི་ཞེས་བྱ་བ་རྒྱལ་པོ་ཤིན་ཏུ་བྱམས་ཤིང་གཅེས་པར་བྱེད་པ་ཞིག་ཡོད་དེ། དེས་གནས་དབེན་པ་ཞིག་ཏུ་གནས་ནས་འདི་སྙམ་དུ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་ཆོས་ཇི་ལྟ་བུ་ ཞིག་བརྙེས་ན། དེང་དེའི་ཉན་ཐོས་རྣམས་བག་མེད་པར་སྤྱོད་ཅིང་ཁྱིམ་པ་རྣམས་དང་བྱེ་བྲག་མེད་པར་གྱུར་ཅེས་དེ་སྙམ་དུ་སེམས་ཤིང་ཐེ་ཚོམ་དུ་གྱུར་པ་དང་། དེའི་ཚེ་ལྷ་ཞིག་དེའི་ཐད་དུ་འོངས་ནས་ལུས་མི་སྣང་བར་བྱས་ཏེ། འདི་སྐད་དུ་ཀྱེ་རྒྱལ་བུ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་ བརྙེས་པའི་ཆོས་ནི་ཤིན་ཏུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་རྒྱལ་བུ་དེས་ལྷས་དེ་སྐད་སྨྲས་པ་ཐོས་པ་དང་། འདི་སྐད་དུ་ཀྱེ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་བརྙེས་པའི་ཆོས་ཤིན་དུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པར་གྱུར་བའི་ ཆོས་ཀྱི་དངོས་པོ་དེ་ཇི་ལྟ་བུ་ཞིག་ཡིན། ལྷས་སྨྲས་པ། རྒྱལ་བུ་ཆོས་དེ་ནི་གཟུགས་ཀྱང་མེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་མེད། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱང་མེད། འདོད་པ་ལྔ་ཡང་མེད། འདོད་པའི་སེམས་ཀྱང་མེད་དེ། དེ་བཞིན་གཤེགས་པ་མེ་རོ་གན་དྷས་དེ་ལྟ་བུའི་ཆོས་ཤིན་དུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པ་བརྙེས་པ་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ནས་རྒྱལ་བུ་དེས་ལྷ་དེ་ལ་སྨྲས་པ། བདག་གིས་དེ་ལྟ་བུའི་ཆོས་ཐོས་ཤིང་ཁོང་དུ་ཆུད་པར་འགྱུར་ནས་ཇི་སྐད་ བསྟན་པ་བཞིན་དུ་བསྒྲུབ་ཏུ་རུང་ངམ། ལྷས་སྨྲས་པ། ཀྱེ་རྒྱལ་བུ་ཁྱོད་སེམས་རྩེ་གཅིག་ཏུ་ནན་ཏན་བརྩོན་འགྲུས་བྱོས་ཤིག་དང་ཐོབ་པར་དཀའ་བ་མེད་དོ། །གང་པོ་དེའི་ཚེ་རྒྱལ་བུ་དེ་འདི་སྙམ་དུ་ངེས་པར་ལྷས་ཀྱང་བསྐུལ་ཏེ་བདག་ཁོང་དུ་ཆུད་པར་བྱས་ནས་བདག་རབ་ཏུ་བྱུང་ནས་ཆོས་ ཟབ་མོ་དེ་ཡོངས་སུ་གཉེར་བར་བྱའོ་སྙམ་དུ་བསམས་ནས། ཕ་མ་ག་ལ་བ་དེར་སོང་སྟེ་མགོས་གཏུགས་ཏེ་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་དེང་བདག་ནི་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་ལ་རབ་ཏུ་བྱུང་ནས་ལམ་ཡོངས་སུ་གཉེར་བར་འཚལ་ལོ། ། ཕ་མས་སྨྲས་པ། ཁྱོད་དེང་ངེད་སྤངས་ནས་རབ་ཏུ་བྱུང་བ་དེ་ཅི་དགོས། ད་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ནི་ཁྱིམ་པ་རྣམས་དང་བྱེ་བྲག་ཏུ་གྱུར་པ་ཅི་ཡང་མེད་དོ། །དེ་ནས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། དེ་ལྟར་དགེ་སློང་མང་པོ་རྣམས། །བག་མེད་འདོད་ པ་ལྔ་ཡང་སྦྱོང་། །ཞིང་རྨོད་ཉོ་ཚོང་བྱེད་པས་ན། ཁྱིམ་པ་རྣམས་དང་བྱེ་བྲག་མེད། །དབུལ་པོ་སྡུག་བསྔལ་རབ་མང་ཞིང་། །བདག་ཉིད་གསོ་བར་མི་ནུས་པ། །དེ་འདྲའི་སྐྱེ་བོ་མང་པོ་རྣམས། །ལུས་གསོའི་ཕྱིར་ནི་རབ་ཏུ་འབྱུང་། །ཁྱོད་ནི་རྒྱལ་རིགས་ཁྱིམ་དུ་སྐྱེས། །ཕྱུག་ ཅིང་འདོད་ལྔའི་བདེ་བ་མྱོང་། །ནོར་དང་རིན་ཆེན་རབ་མང་ན། །རབ་ཏུ་ཕྱུང་བས་ཅི་ཞིག་བྱ། །དེ་ནས་རྒྱལ་བུ་ད་མ་ཤི་རིས་ཕ་མ་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་ནི་དབང་ཕྱུག་མི་ཚོལ་ཏེ། །གལ་ཏེ་ཐོབ་ཀྱང་སྤོང་བར་བགྱིད། །དེང་བདག་སངས་རྒྱས་ཆོས་ཟབ་དང་། །རྣམ་དག་ ཚུལ་ཁྲིམས་འབའ་ཞིག་ཚོལ། །ལྷ་ཞིག་བདག་ནི་གོ་བགྱིས་ཏེ། །རབ་ཏུ་འབྱུང་བར་བསྐུལ་བས་ན། །སངས་རྒྱས་གསུངས་པའི་ཟབ་མོ་ཆོས། །བདག་ནི་རབ་ཏུ་རྟོགས་པར་འཚལ། །ལྷས་སྨྲས་བདག་གིས་ཐོས་པས་ན། །སེམས་ནི་རབ་ཏུ་དགའ་བར་གྱུར། །སངས་རྒྱས་ བསྟན་པ་ནུབ་ཏུ་ཉེ། །བདག་ནི་གྲོགས་བགྱི་བསྲུང་བར་སེམས། །དེ་ནས་ཕ་མས་ཚིགས་སུ་བཅད་དེ་དམ་ཤི་རི་ལ་སྨྲས་པ། མདོ་སྡེ་ཟབ་མོ་ཟད་ནུབ་པས། །ཁ་ཏོན་འདོན་པ་ཡོང་མེད་ན། །དེ་རིང་ཁྱོད་ཀྱིས་སུ་ལས་ནི། །སངས་རྒྱས་ཆོས་ཟབ་ཐོས་པར་འགྱུར། །གལ་ཏེ་འཁོར་ ནི་བཞི་པོ་ལ། །དོན་ཟབ་འདོན་པ་ཡོད་གྱུར་ན། །དེ་ལས་ཁྱོད་ཀྱིས་སྔར་མཉན་ནས། །དེ་འོག་རབ་ཏུ་འབྱུང་བའི་རིགས། །ད་མ་ཤི་རིས་ཚིགས་སུ་བཅད་དེ་ཕ་མ་ལ་སླར་སྨྲས་པ། དེང་བདག་ནན་ཏན་བརྩོན་འགྲུས་ཀྱིས། །ཚུལ་ཁྲིམས་བསྲུང་ཞིང་སྦྱངས་པ་སྤྱོད། །ཐག་རིང་རི་དང་ནགས་ ཚལ་ནས། །སངས་རྒྱས་ཆོས་ཟབ་རྣམ་དག་ཚོལ། །གང་པོ་ད་མ་ཤི་རིས་ཚིགས་སུ་བཅད་པ་འདི་སྨྲས་ནས་མགོ་བོས་ཕྱག་བྱས་ཏེ། རབ་ཏུ་འབྱུང་བར་གསོལ་བ་བཏབ་པ་དང་། ཕ་མ་གཉིས་ཀྱང་ཅང་མི་སྨྲ་བར་གནང་ངོ་། །དེ་ནས་དེ་དགེ་སློང་རྣམས་ཀྱི་ཐད་དུ་སོང་ནས་སྐྲ་དང་ཁ་སྤུ་བྲེགས་ ཏེ་ཆོས་གོས་ངུར་སྨྲིག་བགོས་ནས་རབ་ཏུ་བྱུང་སྟེ། བསླབ་པའི་དངོས་པོ་རྣམས་ཡང་དག་པར་བླངས་ནས་གུས་པའི་སེམས་ཀྱིས་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་རྗེས་སུ་བསྟན་པ་ཇི་ལྟ་བུ་ཞིག་གིས་སློབ་མ་རྣམས་ལ་རྗེས་སུ་བསྟན་པར་མཛད། བདག་གིས་ཐོས་པར་གྱུར་ན་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པར་འཚལ་ལོ་ཞེས་སྨྲས་པ་དང་། གང་པོ་དགེ་སློང་མང་པོ་རྣམས་ཀྱིས་དགེ་སློང་ད་མ་ཤི་རི་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་དེ་བཞིན་གཤེགས་པ་ལས་ཆོས་ཐོས་པ་ནི་མེད་ཀྱི། མཁན་པོ་དང་སློབ་དཔོན་རྣམས་ ཀྱི་རྗེས་སུ་སྤྱོད་པར་ཟད་པས་དེང་ཁྱོད་ཀྱང་འདི་ལྟ་བུའི་ཆོས་ལ་སྤྱོད་ཅིག །དེ་ནས་དགེ་སློང་ད་མ་ཤི་རིས་དགེ་སློང་རྣམས་ལ་སྨྲས་པ། ཁྱེད་ནི་གདོན་མི་ཟ་བར་དབུལ་པོ་དམངས་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་དེའི་ཕྱིར་དེང་ཁྱེད་གོས་ཟས་འབའ་ཞིག་ལྷུར་ལེན་པས་སྤྱོད་པ་རྣམས་ ཁྱིམ་པ་དག་དང་བྱེ་བྲག་ཏུ་གྱུར་པ་ཅི་ཡང་མེད་པས་དེང་ཁྱེད་བདག་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཆོས་ཟབ་མོ་ཡོངས་སུ་དག་པ་བཙལ་བར་བྱའོ། །དེ་ནས་དེའི་ཚེ་དགེ་སློང་མང་པོ་རྣམས་ཀྱིས་ཚིགས་སུ་བཅད་དེ་དགེ་སློང་ད་མ་ཤི་རི་ལ་སྨྲས་པ། བདག་ཅག་གིས་ནི་གང་བསྒྲུབས་ པ། །དངོས་པོ་དེ་ནི་ཐོབ་གྱུར་པས། །གོས་ཟས་དག་ནི་འབྱོར་ཅིང་ལྡན། །རྒྱལ་པོས་བཀོལ་བ་ལས་ཀྱང་ཐར། །ཤིན་ཏུ་བདེ་ཞིང་རབ་ཏུ་སྐྱིད། །བརྙས་ཤིང་ང་རྒྱལ་བྱེད་པ་མེད། །ཁྱིམ་པའི་སྡུག་བསྔལ་གང་ཡིན་པ། །དེ་དག་ད་ལྟར་གང་ཡང་མེད། །འདི་ཉིད་མྱ་ངན་ འདས་ཡིན་པས། །མཆོག་ཏུ་བདེ་བར་གྱུར་པ་ཡིན། །དངོས་པོ་འདི་ལས་ལྷག་པ་ནི། །བདག་ཅག་ལ་ནི་དགོས་པ་མེད། །ཁྱིམ་པས་རྟག་ཏུ་སྦྱོར་འབུལ་བས། །བདག་ཅག་ཆོས་གོས་ལྷུང་བཟེད་མང་། །སྨན་དང་ནོར་ཟས་ཤིན་དུ་མང་། །སྦྱིན་བདག་ཁྱིམ་ཡང་ རབ་ཏུ་མང་། །གང་པོ་དེའི་ཚེ་དགེ་སློང་ད་མ་ཤི་རིས་དགེ་སློང་མང་པོ་རྣམས་ཀྱིས་ཚིགས་སུ་བཅད་དེ་དེ་སྐད་སྨྲས་པ་ཐོས་པ་དང་། སེམས་ལ་རབ་ཏུ་གདུང་བ་སྐྱེས་ནས་མཆི་མ་བླགས་ཏེ་ངུས་ནས། གཙུག་ལག་ཁང་གཞན་དག་ཏུ་སོང་སྟེ། ཡང་དངོས་པོ་དེས་དགེ་སློང་མང་པོ་རྣམས་ ལ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་རྗེས་སུ་བསྟན་པ་ཇི་ལྟ་བ་ཞིག་གིས་སློབ་མ་རྣམས་ལ་རྗེས་སུ་བསྟན་པར་མཛད། བདག་གིས་ཐོས་པར་གྱུར་ན་ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པར་འཚལ་ལོ་ཞེས་སྨྲས་པ་དང་། དགེ་སློང་མང་པོ་རྣམས་ཀྱིས་ཀྱང་སྔ་མ་བཞིན་དུ་ལན་བཏབ་ པར་གྱུར་ཏོ། །དེ་ནས་དགེ་སློང་ད་མ་ཤི་རིས་དགེ་སློང་མང་པོ་དེ་དག་སྤངས་ནས་གཅིག་པུ་རི་དང་ནགས་ཚལ་དབེན་པར་སོང་ནས་སེམས་རྩེ་གཅིག་ཏུ་ཆོས་ཟབ་མོ་གཉེར་བ་ལ་འདུན་པར་གྱུར་པ་དང་། དེའི་ཚེ་སྔོན་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་ཉན་ཐོས་རྣམས་ཀྱི་ནང་ན་ཉན་ཐོས་ཆེན་ པོ་ཤིན་དུ་བརྟན་པ་ཞེས་བྱ་བ་རབ་ཏུ་དབེན་པའི་སྤྱོད་པ་མངོན་པར་བསྒྲུབས་པ། གཅིག་པུ་རི་ཕུག་དབེན་པར་གནས་པ། འདོད་པ་ཉུང་ཞིང་ཆོག་ཤེས་པ་ཡོངས་སུ་སྤོང་བ་ལ་སེམས་མངོན་པར་སྤྲོ་བ། བྱ་བ་བྱས་པ། མངོན་པར་ཤེས་པ་དྲུག་དང་། རིག་པ་གསུམ་དང་ལྡན་པའི་དགྲ་བཅོམ་ པ་ཆེན་པོ་ཞིག་བྱུང་བར་གྱུར་ཏེ། ཇི་ལྟར་ད་ལྟར་ངའི་བསྟན་པ་ལས་འོད་སྲུང་ཆེན་པོ་ཇི་ལྟ་བ་བཞིན་ནོ། །དེའི་ཚེ་དགེ་སློང་ཤིན་ཏུ་བརྟན་པ་དེས་བདག་ཉིད་གནས་པའི་རི་ཕུག་གི་བྲག་ངོས་ལ་ཚིགས་སུ་བཅད་པ་འདི་དག་ཡི་གེར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ། འདོད་པའི་རོ་ནི་མྱངས་པའི་ ཕྱིར། །འཁོར་བ་དག་ནི་རྒྱུན་མི་གཅོད། །དགྲ་ནི་གསོས་ནས་དུར་ཁྲོད་འཇུག །དོན་མེད་སྡུག་བསྔལ་མང་པོ་མྱོང་། །ལུས་འདི་མི་གཙང་རོ་དང་འདྲ། །བུ་ག་དགུ་ནས་མི་གཙང་འཛག །སྲིན་བུ་མི་གཙང་མོས་པ་བཞིན། །བླུན་པོ་ལུས་སྲེད་དེ་དང་འདྲ། །ཡང་དག་མ་ཡིན་ ཀུན་རྟོག་པ། །དེ་ནི་འདོད་ལྔའི་རྩ་བ་ཡིན། །མཁས་པ་དག་ནི་མི་རྟོག་པས། །འདོད་ལྔ་དག་ནི་འགག་པར་འགྱུར། །ལོག་རྟོག་ལས་ནི་འདོད་ཆེན་སྐྱེ། །འདོད་ཆེན་ལས་ནི་ཉོན་མོངས་སྐྱེ། །ཡང་དག་དྲན་ལ་ཞེན་མེད་པས། །ཉོན་མོངས་ལྷག་མའང་ཟད་པར་འགྱུར།། །། བམ་པོ་བཞི་པ། གང་པོ་དགེ་སློང་ཤིན་ཏུ་བརྟན་པས་རི་ཕུག་གི་བྲག་ངོས་ལ་ཚིགས་སུ་བཅད་པ་བཞི་པོ་འདི་དག་ཡི་གེར་བྲིས་པ་དགེ་སློང་ད་མ་ཤི་རི་རི་ཕུག་དབེན་པར་སོང་བས་ཡུན་རིང་ཞིག་ལོན་ནས་རི་ཕུག་གི་བྲག་ངོས་ལ་ཚིགས་སུ་བཅད་པ་བཞི་པོ་འདི་དག་ཡི་གེར་བྲིས་པ་མཐོང་ནས་ཁ་ཏོན་དུ་བསླབས་ཏེ། དེའི་དོན་གང་ཡིན་པ་ཡིད་ལ་བྱས་པ་དང་། རིང་པོ་མ་ལོན་པར་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མེ་རོ་གན་དྷ་སྔོན་ཞུགས་ལ་བཞེན་པའི་གནས་སུ་ཕྱིན་ནས་ཕྱག་བྱས་ཏེ། ལན་གསུམ་བསྐོར་བ་བྱས་ནས། སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ ནས་འདི་སྐད་ཅེས་བདག་གིས་གནས་འདིར་དེ་བཞིན་གཤེགས་པ་ཡང་མ་མཐོང་། ཆོས་གཞན་ཡང་མ་ཐོས་ཀྱི་བར་དུ་འདི་ལས་མི་ལྡང་ངོ་ཞེས་ཡི་དམ་བཅས་སོ། །གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷས་གསུངས་པའི་མདོ་སྡེ་སྒོ་སྟོང་ཕྲག་བརྒྱད་བརྒྱ་པ་ཞེས་བྱ་བ་བརྒྱ་བྱིན་ལྷའི་དབང་ པོས་ཁ་ཏོན་དུ་ཤེས་པས་བརྒྱ་བྱིན་ལྷའི་དབང་པོས་དགེ་སློང་ད་མ་ཤི་རིའི་ལྷག་པའི་བསམ་པ་སེམས་ཀྱིས་རྟོགས་ནས་སུམ་ཅུ་རྩ་གསུམ་ལྷའི་གནས་ནས་བབས་ཏེ། དེའི་དྲུང་དུ་ཕྱིན་ནས་དེ་ལ་མདོ་སྡེ་སྒོ་སྟོང་ཕྲག་བརྒྱད་བརྒྱ་པ་དེ་ཡང་དག་པར་བཤད་དོ། །གཞན་ཡང་མང་དུ་ཐོས་པའི་ དངོས་གཞིའི་ཚིག་བཞི་དང་། རྣམ་པ་སྣ་ཚོགས་ཀྱི་ཚིག་བདུན་དང་། སྒོའི་ཚིག་བཅུ་བཞི་པ་ཞེས་བྱ་བའི་གཟུངས་ཀྱང་བྱིན་ནོ། །དགེ་སློང་ད་མ་ཤི་རིས་ཐོས་ནས་ཀྱང་ཁ་ཏོན་དུ་བཏོན་ཏེ་ཡོངས་སུ་བཟུང་བས་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ་པར་གྱུར་ནས་དེ་བཞིན་གཤེགས་པ་མེ་རོ་ གན་དྷས་གསུངས་པའི་མདོ་སྡེ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པ། བྲལ་བའི་རྗེས་སུ་འཐུན་པ། ཟབ་མོ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་རྣམས་ཀྱང་རང་གི་ངང་གིས་སེམས་ལ་སྣང་བར་གྱུར་ཏོ། །གཞན་ཡང་དེ་བཞིན་གཤེགས་པ་མེ་རོ་གན་དྷ་དགེ་སློང་གི་དགེ་འདུན་གྱི་འཁོར་ དང་བཅས་པ་དང་། བཞུགས་པའི་གནས་དྲི་གཙང་ཁང་དང་། གདན་ཁྲི་དང་། འཁོར་བཞི་པོ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་བཅས་པའི་འཁོར་ཐམས་ ཅད་ཀྱང་མཐོང་བར་གྱུར་ཏོ། །དགེ་སློང་ད་མ་ཤི་རི་ཡང་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ་པར་གྱུར་པས་འདུག་པའི་སྟན་ལས་ལངས་ནས་མཐར་གྱིས་རང་གི་ཡུལ་དུ་སོང་སྟེ་ཕ་མའི་དྲུང་དུ་ཕྱིན་ནས་ཕ་མ་ལ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པ། བྲལ་བའི་རྗེས་སུ་འཐུན་པ། ཟབ་མོ་ཤིན་དུ་གྱ་ནོམ་པའི་མདོ་སྡེ་རྣམས་ཡང་དག་པར་བཤད་ནས། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཡོན་ཏན་གྱི་བསྔགས་པ་རབ་ཏུ་བརྗོད་པས། གང་པོ་དེའི་ཚེ་དགེ་སློང་ད་མ་ཤི་རིའི་ཕ་མ་དང་། ནང་གི་བཙུན་མོ་དང་། བློན་པོ་ཆེན་པོ་དང་། འཁོར་རྣམས་ཀྱིས་ཆོས་ དེ་ཐོས་ནས་ཤིན་དུ་མངོན་པར་ཡིད་ཆེས་པར་གྱུར་པས་གུས་པའི་སེམས་ཀྱིས་དགེ་སློང་ད་མ་ཤི་རི་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་བདག་ཅག་ཡོངས་སུ་བསྐྱབ་ཅིང་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་ལ་རབ་ཏུ་དབྱུང་དུ་གསོལ་ཞེས། གང་པོ་དེའི་ཚེ་སྲོག་ཆགས་བརྒྱད་ ཁྲི་བཞི་སྟོང་རྒྱལ་པོ་དང་། བཙུན་མོ་རབ་ཏུ་བྱུང་བའི་རྗེས་སུ་དུས་གཅིག་ཏུ་རབ་ཏུ་བྱུང་བར་གྱུར་ཏོ། །རབ་ཏུ་བྱུང་ནས་ཐམས་ཅད་ཀྱི་མིང་ད་མ་ཤི་རིའི་ཚོགས་ཀྱི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཏོ། །གང་པོ་དགེ་སློང་ད་མ་ཤི་རིས་དེ་ལྟར་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་ བསྟན་སླར་རྒྱས་པར་བྱས་ནས་སེམས་ཅན་མང་པོ་བདེ་བ་ལ་ཡང་དག་པར་བཀོད་དོ། །སྔོན་གྱི་ཚེ་རབས་ཀྱི་བྱམས་པ་དང་། སྙིང་རྗེ་ཆེན་པོའི་སེམས་ཀྱིས་དམ་པའི་ཆོས་བསྲུང་བར་སྨོན་ལམ་བཏབ་པའི་ཕྱིར་དེའི་ཚེ་དགེ་སློང་ད་མ་ཤི་རི་ལྗོངས་གཅིག་ནས་གཅིག་ཏུ། གྲོང་ཁྱེར་ གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས་དེ་བཞིན་གཤེགས་པ་མེ་རོ་གན་དྷ་དང་དེའི་ཉན་ཐོས་ཀྱི་བསྔགས་པ་ཡང་བརྗོད། གཞན་ཡང་ཡོངས་སུ་དག་ཅིང་། སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པ། བྲལ་བའི་རྗེས་སུ་འཐུན་པ། ཟབ་མོ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་རྣམས་ཀྱང་ སེམས་ཅན་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས་དེའི་ཚེ་དགེ་སློང་ད་མ་ཤི་རི་ཡང་སྐྱེ་བོ་མང་པོ་ཀུན་གྱིས་མཆོད་ཅིང་རིམ་གྲོ་དང་། བཀུར་སྟི་དང་། བླ་མར་བྱས་ཤིང་བསྔགས་པ་བརྗོད་པས་སྙན་པའི་གྲགས་པ་ཡང་ཀུན་ཏུ་གྲགས་པར་གྱུར་ཏོ། །གང་པོ་དགེ་སློང་ད་མ་ཤི་རིས་དེ་ལྟར་ སེམས་ཅན་མང་པོའི་དོན་རྒྱ་ཆེར་བྱས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་པ་དང་། དེའི་སློབ་མ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལྷན་ཅིག་འདུས་ཏེ། སྤོས་ཀྱི་ཤིང་ཐམས་ཅད་སྤུངས་ནས་མཆོད་པ་བྱས་ཏེ་བསྲེགས་ནས་རིང་བསྲེལ་གྱི་མཆོད་རྟེན་ཆུ་ཞེང་དུ་ རྒྱང་གྲགས་གཉིས་ཡོད་པ་བརྩིགས་ཏེ། མེ་ཏོག་དང་། སྤོས་དང་། བྱུག་པ་དང་། སྤོས་ཀྱི་ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་གུས་པར་མཆོད་ཅིང་རིམ་གྲོ་དང་བླ་མར་བྱས་ནས་བསྔགས་པ་བརྗོད་པར་གྱུར་ཏོ། །གང་པོ་དགེ་སློང་ད་ མ་ཤི་རི་འཆི་ཀའི་དུས་ཀྱི་ཚེ་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་སྨོན་ལམ་བཏབ་པ་བཞིན་དུ་རྒྱལ་རིགས་སུ་སྐྱེས་ནས་དྲན་པ་ཐོབ་པ་ཞེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་མེ་རོ་གན་དྷ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་སུམ་བརྒྱ་ལོན་ པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། སྔོན་གྱི་སྨོན་ལམ་དང་ཚེ་རབས་དྲན་པའི་ཤེས་པའི་དབང་གིས་སྒོ་རྣམས་ཀྱི་ཚིག་ཅེས་བྱ་བའི་གཟུངས་ཀྱི་ཚིག་ཀྱང་རང་གི་ངང་གིས་སླར་ཐོབ་པར་གྱུར་ཏོ། །གཟུངས་ཐོབ་པའི་སྟོབས་ཀྱི་དབང་གིས་སྔོན་མ་ཐོས་པའི་མདོ་སྡེ་རྣམས་སེམས་ཅན་ལ་རྒྱ་ཆེར་ ཡང་དག་པར་བསྟན་གྱི་ཚེ་རབས་སྔ་མ་ལ་སྔར་བཤད་པར་གྱུར་པ་དག་ནི་མ་བསྟན་ཏོ། །གང་པོ་དེའི་ཚེ་ད་མ་ཤི་རིའི་དགེ་སློང་མང་པོ་རྣམས་ལས་གང་ཤེས་རབ་ཟབ་ཅིང་གསལ་ལ་རྣོ་བ་དང་། དགེ་བའི་རྩ་བ་ལྷུན་སྟུག་པ་གང་ཡིན་པ་དེ་དག་ནི་དྲན་པ་ཐོབ་པས་བསྟན་པའི་མདོ་སྡེ་རྣམས་ཐོས་ པར་གྱུར་ནས་སེམས་ཀྱིས་རྗེས་སུ་ཡི་རང་ནས་མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་བྱེད། གུས་པས་མཆོད་པ་བྱས་ནས་དགེ་སློང་དྲན་པ་ཐོབ་པ་ལ་ཡང་ཡོངས་སུ་སྲུང་བར་བྱེད་དོ། །དགེ་སློང་དེ་དག་ལས་གང་གཟི་བྱིན་དང་ཡོན་ཏན་མེད་པ་དང་། དབང་པོ་རྟུལ་ཞིང་མི་གསལ་བ་དང་། དགེ་བའི་རྩ་བ་ཆུང་བ་དེ་དག་ནི་དགེ་སློང་དྲན་པ་ཐོབ་པས་གསར་དུ་བཤད་པའི་ཆོས་ཐོས་པར་གྱུར་ནས་མངོན་པར་ཡིད་ཆེས་པ་ཡང་མེད། དང་དུ་ལེན་པ་ཡང་མེད་ལ། འགལ་བདག་བྱས་ནས་སྐྱོན་འབྱིན་ཅིང་འདི་སྐད་དུ་འདི་ལྟ་བུའི་མདོ་སྡེ་འདི་དག་ནི་བདག་ཅག་གིས་མཁན་པོ་དང་། སློབ་དཔོན་ ལས་ཀྱང་མ་ཐོས། སྔོན་སློབ་དཔོན་ཆེན་པོ་ད་མ་ཤི་རི་ལས་ཀྱང་མ་ཐོས་སོ་ཞེས་ཟེར་རོ། །གང་པོ་དེ་དག་ལས་གང་ཤེས་རབ་ཟབ་ཅིང་ཡང་དག་པའི་དོན་ལ་རྟོན་པ་དེ་དག་ནི་ཚིག་གི་རྗེས་སུ་མི་འབྲང་བར་དོན་ལ་རྟོན་པའི་ཕྱིར་སེམས་ཀྱིས་ཀྱང་འགལ་བར་མི་བྱེད་དོ། །འགལ་བར་མི་བྱེད་པའི་ཕྱིར་དེ་ བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་ཡང་ཡང་དག་པར་སྲུང་བར་བྱེད་ལ། གུས་པས་དགེ་སློང་དྲན་པ་ཐོབ་པ་ལ་ཡང་སྲུང་བར་བྱེད་དོ། །གང་པོ་དེའི་ཚེ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་ཁྲག་ཁྲིག་ཕྲག་བརྒྱད་ཅུ་དགེ་སློང་དྲན་པ་ཐོབ་པས་བསྟན་ པའི་མདོ་སྡེའི་ཆོས་ཀྱི་རྗེས་སུ་ཞུགས་པར་གྱུར་ཏོ། །གང་པོ་དེའི་ཚེ་ད་མ་ཤི་རིའི་སློབ་མ་འཁོར་རྣམས་ལོགས་ཤིག་ཏུ་སྡེ་གཉིས་སུ་གྱེས་པར་གྱུར་ཏེ། གཅིག་གི་མིང་ནི་ད་མ་ཤི་རིའི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཏོ། །གཅིག་གི་མིང་ནི་དྲན་པ་ཐོབ་པའི་དགེ་སློང་གི་དགེ་འདུན་ཞེས་ བྱ་བར་གྱུར་ཀྱང་དེའི་ཚེ་དགེ་སློང་དྲན་པ་ཐོབ་པས་བདག་ནི་ད་མ་ཤི་རི་ཡིན་ནོ་ཞེས་ནི་མ་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དགེ་སློང་ད་མ་ཤི་རི་ནི་མང་པོ་ཀུན་གྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་གྱི། བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ་ཞེས་ཟེར་བས་གལ་ཏེ་བདག་ཉིད་ཀྱིས་སྨྲས་ པར་གྱུར་ན། མང་པོ་ཀུན་ཐེ་ཚོམ་ཟ་བར་གྱུར་པ་དང་། དགེ་སློང་དྲན་པ་ཐོབ་པ་ནི་དེའི་ཚེ་མང་པོ་ཀུན་གྱིས་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་གྱི། དགྲ་བཅོམ་པ་ནི་མ་ཡིན་ནོ་ཞེས་ཟེར་བས་སོ། །གང་པོ་དགེ་སློང་དྲན་པ་ཐོབ་པས་དེ་ལྟར་རྒྱ་ཆེར་སེམས་ཅན་རྣམས་ལ་ཕན་བཏགས་ནས་དེའི་ འོག་ཏུ་འཆི་བའི་དུས་བྱས་པར་གྱུར་པ་དང་། དེའི་སློབ་མ་མང་པོ་རྣམས་ཀྱིས་སྤོས་ཀྱི་ཤིང་ཐམས་ཅད་སྤུངས་ནས་མཆོད་པ་བྱས་ཏེ་བསྲེགས་སོ། །འཁོར་བཞི་པོ་རྣམས་འདུས་ནས་སྟོན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དེ་ལ་མཆོད་པ་བྱ་བའི་ཕྱིར་རིང་བསྲེལ་གྱི་མཆོད་རྟེན་ཆུ་ཞེང་དུ་རྒྱང་ གྲགས་གཅིག་ཡོད་པ་བརྩིགས་ནས་སྤོས་དང་། མེ་ཏོག་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་པ་དང་། ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་མཆོད་ཅིང་བཀུར་སྟིར་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ། །གང་པོ་དགེ་སློང་དྲན་པ་ཐོབ་ པ་འཆི་ཀའི་དུས་ཀྱི་ཚེ་བདག་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་སྨོན་ལམ་བཏབ་པ་བཞིན་དུ་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་པར་གྱུར་ཏེ། དེའི་མིང་ནི་ཡ་ཤ་ཞེས་བྱ་བར་གྱུར་ཏོ། །སྔོན་གྱི་སྨོན་ལམ་གྱི་དབང་གིས་སྔོན་གྱི་གནས་ རྗེས་སུ་དྲན་པ་ཐོབ་པར་གྱུར་པས་དེ་བཞིན་གཤེགས་པ་མེ་རོ་གན་དྷ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བཞི་བརྒྱ་པའི་བསྟན་པ་ལ་ལོ་བདུན་ལོན་ཏེ་རབ་ཏུ་བྱུང་ནས་གཟུངས་རྣམས་ཐོབ་པར་གྱུར་ཏོ། །གཟུངས་ཐོབ་པའི་མཐུས་སྐྱེ་བོ་མང་པོ་ལ་སྔོན་མ་ཐོས་པའི་ མདོ་སྡེ་རྣམས་ཡང་དག་པར་བསྟན་ཏོ། །དེའི་ཚེ་དགེ་སློང་དྲན་པ་ཐོབ་པའི་དགེ་སློང་རྣམས་དང་། ད་མ་ཤི་རིའི་དགེ་སློང་རྣམས་ལས་གང་དགེ་བའི་རྩ་བ་ལྷུན་སྟུག་པ་དེ་དག་ནི་ཡ་ཤས་བསྟན་པའི་ཆོས་རྣམས་ཐོས་ནས་སེམས་རབ་ཏུ་དགའ་ཞིང་ཐམས་ཅད་ཀྱིས་ཆོས་ཀྱི་བདེ་བ་ཐོབ་པར་གྱུར་ ཏོ། །གང་པོ་དགེ་སློང་མང་པོ་དེ་དག་ཡང་དག་པའི་དོན་ལ་རྟོན་ཅིང་ཚིག་གི་རྗེས་སུ་འབྲང་བར་ཀྱང་མི་བྱེད་པས་དེའི་ཕྱིར་དགེ་སློང་ཡ་ཤས་སྔོན་མ་ཐོས་པའི་མདོ་སྡེ་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་ཞིང་ཤིན་ཏུ་ཟབ་པ། དོན་དམ་པའི་རྗེས་སུ་འཐུན་པ་དག་ཡང་དག་པར་བསྟན་པ་ཐོས་པར་གྱུར་ནས་ མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་བྱེད། འགལ་བ་མེད་པར་ཡང་དག་པར་ལེན་ཅིང་ཁ་ཏོན་དུ་འདོན་པར་བྱེད་དེ། ཇི་སྐད་བསྟན་པ་བཞིན་དུ་རྗེས་སུ་བསྒྲུབས་པར་གྱུར་ཏོ། །གང་པོ་དགེ་སློང་དེ་དག་ལས་གང་དབང་པོ་རྟུལ་ཞིང་མི་གསལ་བ་དང་། དགེ་བའི་རྩ་བ་ལྷུན་མི་སྟུག་པ་ དེ་དག་ནི་དགེ་སློང་ཡ་ཤ་ལས་སྔོན་མ་ཐོས་པའི་མདོ་སྡེ་དོན་དམ་པའི་རྗེས་སུ་འཐུན་པ། སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་ཞིང་ཤིན་ཏུ་ཟབ་པ་དག་ཐོས་པར་གྱུར་ནས་མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་ཡང་མི་བྱེད། འགལ་བ་བྱས་ནས་འཇིག་ཅིང་དམོད་པར་བྱེད་དེ། འདི་སྐད་དུ་འདི་ལྟ་ བུའི་ཆོས་འདི་ནི་བདག་ཅག་གིས་མཁན་པོ་དང་། སློབ་དཔོན་ལས་ཀྱང་མ་ཐོས། སྔོན་སྟོན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དྲན་པ་ཐོབ་པ་ལས་ཀྱང་མ་ཐོས་སོ་ཞེས་ཟེར་རོ། །གང་པོ་དེའི་ཚེ་དགེ་སློང་ཡ་ཤ་ལས་ཆོས་ཐོས་ནས་རབ་ཏུ་དགའ་བ་དང་། སེམས་ཀྱིས་མངོན་པར་ཡིད་ཆེས་ ཤིང་དང་དུ་བླངས་པ་དེ་དག་ཐམས་ཅད་ནི་ད་མ་ཤི་རིའི་དགེ་སློང་རྣམས་དང་། དྲན་པ་ཐོབ་པའི་དགེ་སློང་རྣམས་ཀྱིས་སྡང་ཞིང་ཕྲག་དོག་གིས་དམད་ནས་ལྷན་ཅིག་གནས་སུ་ཡང་མི་སྟེར། ལྷན་ཅིག་ཀློག་པ་དང་། ཁ་ཏོན་འདོན་པ་དང་། ཆོས་བཤད་དུ་ཡང་མི་སྟེར་ཏེ། སྐུར་པ་བཏབ་ ནས་འདི་སྐད་དུ་འདི་ནི་སངས་རྒྱས་ཀྱི་ཆོས་ཀྱང་མ་ཡིན། སྟོན་པ་ཆེན་པོའི་བསྟན་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །གང་པོ་དེའི་ཚེ་དགེ་སློང་ཡ་ཤས་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་རྒྱ་ཆེར་ཡང་དག་པར་སྤེལ་ནས་གྲོང་ཁྱེར་གཅིག་ནས་གྲོང་ཁྱེར་གཅིག་ཏུ་རྒྱུ་ཞིང་སོང་ནས་ སེམས་ཅན་རྣམས་ལ་ཆོས་བསྟན་ཅིང་ཕན་པ་མང་པོ་བྱས་པས་སྲོག་ཆགས་ཁྲག་ཁྲིག་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དགེ་སློང་ཡ་ཤས་དེ་ལྟར་ཕན་པ་མང་པོ་བྱས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་པ་དང་། དགེ་སློང་ ཡ་ཤའི་རྗེས་སུ་ཕྱོགས་པའི་སྐྱེ་བོ་བདུན་ཁྲི་ཡོད་པ་དེ་དག་གིས་དགེ་སློང་ཡ་ཤའི་ཕྱིར་རིང་བསྲེལ་གྱི་མཆོད་རྟེན་བདུན་ཁྲི་བརྩིགས་ནས་སྤོས་དང་། མེ་ཏོག་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་པ་དང་། ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོ་སྣ་ཚོགས་ཀྱིས་མཆོད་ཅིང་ བཀུར་སྟིར་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ། །གང་པོ་དགེ་སློང་ཡ་ཤས་འཆི་ཀའི་དུས་ཀྱི་ཚེ་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་འཆི་བའི་དུས་བྱས་པའི་འོག་ཏུ་སྨོན་ལམ་བཏབ་པ་བཞིན་དུ་ཡང་རྒྱལ་རིགས་སུ་སྐྱེས་པར་གྱུར་ཏེ་དེའི་ ཚེ་ལྷ་མང་པོ་རྣམས་ཀྱིས་སྒྲ་ཆེན་པོ་ཕྱུང་སྟེ། འདི་སྐད་དུ་ཀྱེ་དེང་རྒྱལ་པོའི་བུ་བཙས་པ་འདི་ནི་སེམས་ཅན་ལ་ཕན་པ་མང་པོ་བྱེད་པ་ཡིན་ནོ་ཞེས་བསྒྲགས་པས། སྒྲ་དེའི་རྗེས་སུ་མིང་ཡང་རབ་ཏུ་འདྲེན་པ་ཞེས་བཏགས་སོ། །དེ་ལོ་བཅུ་བཞི་ལོན་པ་དང་། དེ་བཞིན་གཤེགས་པ་མེ་རོ་གན་དྷ་ཡོངས་ སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་བརྒྱ་པའི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ཏོ། །དགེ་སློང་རབ་ཏུ་འདྲེན་པ་དེ་ཡང་མདོ་སྡེ་དང་། བསྟན་བཅོས་མང་པོ་རྒྱ་ཆེར་ཁ་ཏོན་དུ་འདོན་པ་དང་། མང་དུ་ཐོས་ཤིང་ཟབ་མོ་ལ་འཇུག་པ་དང་། ཚིག་འབྲུ་དང་། སྤོབས་པ་ཡོངས་སུ་དག་པ་དང་། ཆོས་བསྟན་པའི་ཐབས་ལ་རབ་ཏུ་མཁས་པར་གྱུར་ཏོ། །གང་པོ་དགེ་སློང་རབ་ཏུ་འདྲེན་པ་དེ་གྲོང་རྡལ་གཅིག་ནས་གཅིག་ཏུ། གྲོང་ཁྱེར་གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས། དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་རྒྱ་ཆེར་སྤེལ་ནས་ཕན་པ་མང་པོ་བྱས་སོ། ། དེའི་ཚེ་ད་མ་ཤི་རི་དང་། དྲན་པ་ཐོབ་པ་དང་། ཡ་ཤའི་དགེ་སློང་གི་ཚོགས་རྣམས་གཅིག་ཏུ་འདུས་ནས་རབ་ཏུ་འདྲེན་པའི་ཐད་དུ་འོངས་ཏེ། དེའི་བསྟན་པ་དག་གཞིག་ཅིང་སྐུར་པ་བཏབ་པར་བཤམས་སོ། །དེ་ནས་དེའི་ཚེ་དགེ་སློང་རབ་ཏུ་འདྲེན་པས་དགེ་སློང་མང་པོ་ འོངས་པར་རིག་ནས་འདི་སྐད་དུ་ཀྱེ་དགེ་སློང་མང་པོ་ཁྱེད་དངོས་པོ་ཅི་ཞིག་གིས་ནི་རྒོལ་བར་སེམས། དངོས་པོ་གང་ཞིག་ནི་འདྲི་བར་སེམས་ཞེས་སྨྲས་པ་དང་། དགེ་སློང་མང་པོ་རྣམས་དེ་སྐད་སྨྲས་པ་ཐོས་ནས་མྱ་ངན་གྱིས་ནོན་ཅིང་མི་བདེ་བར་གྱུར་པས་ཅང་མི་ཟེར་བར་གྱུར་ཏེ། དགེ་སློང་ རབ་ཏུ་འདྲེན་པ་ལ་བགེགས་བྱ་བར་ཡང་མ་ནུས་སོ། །གང་པོ་བྱང་ཆུབ་སེམས་དཔའ་དེ་ཇི་སྲིད་དུ་འཇིག་རྟེན་ན་གནས་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་ཡང་རྒྱས་ཤིང་རབ་ཏུ་འཕེལ་བར་གྱུར་ཏོ། །དེ་ཡོངས་སུ་མྱ་ངན་ལས་འདས་པའི་རྗེས་སུ་སངས་རྒྱས་ཀྱི་བསྟན་པ་ཡང་ནུབ་པར་ གྱུར་ཏོ། །དགེ་སློང་རབ་ཏུ་འདྲེན་པ་དེ་མ་འོངས་པའི་དུས་ཐ་མ་ལ་དམ་པའི་ཆོས་ནུབ་ཏུ་ཉེ་བའི་ཚེ་གྲོང་རྡལ་གཅིག་ནས་གཅིག་ཏུ། གྲོང་ཁྱེར་གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས་སེམས་ཅན་མང་པོའི་ཆེད་དུ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་ འཐུན་པའི་མདོ་སྡེ་ཟབ་མོ་ཡང་དག་པར་བསྟན་པས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་དག་འཆི་བའི་དུས་བྱས་པའི་འོག་ཏུ་ཐམས་ཅད་ཀྱང་མཐོ་རིས་ལྷའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། །གང་པོ་དགེ་ སློང་རབ་ཏུ་འདྲེན་པས་དེ་ལྟར་ཕན་པ་བྱས་ནས་དེ་གང་གི་ནུབ་མོ་འཆི་བའི་དུས་བྱས་པ་དེའི་ཕྱི་དེ་ཉིན་པར་སངས་རྒྱས་ཀྱི་བསྟན་པ་ཡང་ནུབ་པར་གྱུར་ཏོ། །གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དྷའི་བསྟན་པ་ནུབ་པར་གྱུར་པའི་ཕྱིར་མདོ་སྡེ་ཟབ་མོ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་ རྗེས་སུ་འཐུན་པའི་ཆོས་རྣམས་ཀྱང་ནུབ་པར་གྱུར་ཏོ། །གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མདོ་སྡེ་ཟབ་མོ་དེ་ལྟ་བུས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་བདག་ཉིད་ཀྱི་དགེ་བའི་རྩ་བ་དང་། བསོད་ནམས་ཀྱང་ཕུན་སུམ་ཚོགས་པར་བྱེད་པ་ཡིན་ནོ། ། གང་པོ་བྱང་ཆུབ་སེམས་དཔའ་རབ་ཏུ་འདྲེན་པ་དེ་འཆི་བའི་དུས་བྱས་པའི་འོག་ཏུ་ཞིང་དེ་ཉིད་ཀྱི་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བཅུ་པར་སྐྱེས་པར་གྱུར་ཏེ། དེའི་ཚེ་ཞིང་དེའི་སངས་རྒྱས་ཀྱི་མཚན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ལེགས་པའི་སྤྱན་ཞེས་བྱ་སྟེ། དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་རབས་སྔ་མའི་དགེ་བའི་རྩ་བ་དང་། བསོད་ནམས་ཀྱི་རྒྱུ་དང་རྐྱེན་གྱིས་ཤེས་རབ་ཟབ་ཅིང་གསལ་ལ་རྣོ་བ་དང་། སྤོབས་པ་རྡུགས་པ་མེད་ཅིང་མྱུར་ལ་ཐོགས་པ་མེད་པར་གྱུར་ཏོ། །དགེ་སློང་རབ་ཏུ་འདྲེན་པ་དེ་ དེ་བཞིན་གཤེགས་པ་ལེགས་པའི་སྤྱན་གྱི་བསྟན་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་དགེ་བའི་ཆོས་རྣམས་མངོན་པར་བསྒྲུབས་ནས་འཆི་བའི་དུས་བྱས་པ་དང་། སླར་ཡང་དེ་ཉིད་དུ་དེ་བཞིན་གཤེགས་པ་རབ་ཏུ་འཕེལ་བའི་དཔུང་པ་ཞེས་བྱ་བ་དང་ཕྲད་པར་གྱུར་ནས་སངས་རྒྱས་དེའི་བསྟན་པ་ལ་ རབ་ཏུ་བྱུང་སྟེ། དགེ་བའི་རྩ་བ་རྣམས་མངོན་པར་བསྒྲུབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་གྱུར་ཏོ། །དེ་ནས་འཆི་བའི་དུས་བྱས་པའི་འོག་ཏུ་སླར་ཡང་ཞིང་དེ་ཉིད་དུ་སྐྱེས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ གདོན་མི་ཟ་བའི་སྤྱོད་པ་དང་ཕྲད་པར་གྱུར་ཏེ། སངས་རྒྱས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ལོ་བདུན་ཁྲིའི་བར་དུ་ནན་ཏན་བརྩོན་འགྲུས་ཀྱིས་དགེ་བའི་རྩ་བ་མངོན་པར་བསྒྲུབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་གྱུར་ཏོ། །དེའི་ཚེ་དེའི་མིང་ནི་ཤུ་ལ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་གདོན་མི་ཟ་བའི་སྤྱོད་པ་དེས་འདི་སྐད་དུ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་ཤུ་ལ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཐོགས་པ་མི་མངའ་བའི་སྤྱན་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་ བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཟབ་མོ་ཡི། །རྣམ་དག་ངེས་པའི་ཆོས་ཐོས་ནས། །བདག་ཉིད་དེ་ལ་གནས་བྱེད་ཅིང་། །གཞན་དག་ལ་ཡང་སྟོན་པར་བྱེད། །འཇིག་རྟེན་གཏིང་ནི་མི་དཔོགས་ཀྱང་། །བྱང་ཆུབ་སེམས་ དཔའ་བྱིང་མི་འགྱུར། །ཚུལ་ཁྲིམས་རྣམ་དག་རབ་གནས་ནས། །རྒྱ་ཆེར་སེམས་ཅན་ཕན་ཡང་འདོགས། །གླེང་གཞི་དང་ནི་རྟོགས་པ་བརྗོད། །སངས་རྒྱས་ལམ་ཞེས་འཁོར་ལ་སྟོན། །སངས་རྒྱས་རྣམས་ཀྱིས་གསུངས་པས་ན། །འདི་ནི་ངེས་པའི་ཆོས་ཡིན་ནོ། །བྱང་ཆུབ་ སེམས་དཔའ་ཕན་སྤྱོད་པ། །སེམས་ཅན་ལ་ནི་ཕན་ཡང་འདོགས། །སངས་རྒྱས་ཆོས་རྣམས་སྲུང་བྱེད་ཅིང་། །འཁོར་ལ་བྱང་ཆུབ་འདེམས་པར་བྱེད། །སེམས་ཅན་དག་གི་ཆོས་བཞིན་དོན། །བྱང་ཆུབ་སེམས་དཔས་ཐམས་ཅད་བྱེད། །འཁོར་ལ་སངས་རྒྱས་ལམ་སྟོན་པས། །བྱང་ ཆུབ་སེམས་ནི་ཉེ་བར་འགྱུར། །སངས་རྒྱས་ལམ་ནི་སྲུང་བྱེད་ཅིང་། །སེམས་ཅན་རྒྱ་ཆེར་ཕན་འདོགས་པས། །ལྷ་དང་ཀླུ་དང་འདྲེ་སྲིན་དང་། །གང་ཟག་ཆེན་པོས་བཀུར་བར་འགྱུར། །དེ་ཕྱིར་རྣམ་པར་དག་པ་ཡི། །སྟོང་ཟབ་གྱ་ནོམ་ཆོས་ཐོས་ནས། །རྩེ་གཅིག་སེམས་ཤིང་གཉེར་ བྱེད་ན། །ཤེས་རབ་དག་ནི་འཕེལ་བར་འགྱུར། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྤྱོད་པ་རྣམས་ཕུན་སུམ་ཚོགས་པར་བྱེད་དེ། སྤྱོད་པ་རྣམས་ཕུན་སུམ་ཚོགས་པར་གྱུར་བའི་ཕྱིར་དགེ་བའི་རྩ་བ་དང་། བསོད་ནམས་ཕུན་སུམ་ཚོགས་པར་བྱེད་ པར་འགྱུར་རོ། །དེ་ལ་སྤྱོད་པ་གང་ཞེ་ན། གང་པོ་བྱང་ཆུབ་སེམས་དཔའ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྦྱིན་པ་ཡོངས་སུ་གཏོང་བར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་མཉམ་པར་འཇོག་པར་བྱེད། ཤེས་རབ་དང་ ཐབས་མཁས་པ་སྒོམ་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གང་ཞེ་ན། བྱང་ཆུབ་སེམས་དཔས་གང་ལས་མདོ་སྡེ་དེ་ལྟ་བུ་དག་རྗེས་སུ་བསྟན་པའི་ཐབས་མཁས་པ་འཐོབ་པར་འགྱུར་བ། སངས་རྒྱས་དང་། ཉན་ཐོས་དང་། ལྷག་པའི་བསམ་པས་བྱང་ཆུབ་དོན་དུ་གཉེར་བར་བྱེད་ པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པ་འདི་དང་ལྡན་པར་གྱུར་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་ བཀའ་སྩལ་པ། ངས་ནི་བྱང་ཆུབ་སེམས་དཔའ་རྣམས། །སྤྱད་པར་བྱ་བའི་ཆོས་དག་ནི། །སྦྱིན་པ་བཏང་ནས་རབ་དགའ་ཞིང་། འགྱོད་པ་མེད་པ་ཡིན་ཞེས་བཤད། །དེ་ལ་དགའ་བ་གང་ཞེ་ན། །དགའ་བས་ལུས་ཀུན་ཁྱབ་པ་ཡིན། །རྟག་ཏུ་དགའ་སེམས་འདི་ཡིས་ནི། །བྱང་ཆུབ་ལམ་ནི་སྤྱད་པར་ བྱ། །བྱང་ཆུབ་སེམས་དཔས་སྦྱིན་བཏང་ནས། །བྱང་ཆུབ་ཏུ་ནི་སྔོ་བྱེད་ཅིང་། །སེམས་ཅན་རྣམས་ལ་ཕན་འདོགས་ན། །རང་དོན་དཔག་མེད་ཐོབ་པར་འགྱུར། །སློང་བ་དག་ནི་མཐོང་གྱུར་ན། །སངས་རྒྱས་འདུ་ཤེས་རབ་བསྐྱེད་དེ། །དེ་རིང་འདིར་ནི་འདི་འོངས་པས། །བདག་ལ་བྱང་ཆུབ་ལམ་ཡང་ བྱིན། །བདག་ནི་འདི་ཡི་དབང་གིས་ན། །རྣམ་དག་ཞིང་ནི་ཐོབ་པར་འགྱུར། །འདི་ཡིས་བདག་ལ་སངས་རྒྱས་བསྟན། །བདག་ལ་སངས་རྒྱས་ལམ་སྟོན་བྱེད། །དེང་བདག་འདི་དང་ཕྲད་པས་ན། །རྙེད་པ་ཆེན་པོ་རབ་རྙེད་ཅེས། །དགའ་བས་ལུས་ཀུན་ཁྱབ་ནས་ནི། །དངོས་པོ་གཞན་ལ་མོས་མི་བྱེད། །དགའ་ ཞིང་དྲུང་དུ་འོངས་གྱུར་ན། །རྒྱང་ནས་གསོང་པོར་སྨྲ་བར་བྱེད། །ཁྱོད་ནི་དངོས་པོ་ཅི་ཞིག་འདོད། །བདག་གིས་ཟད་པར་སྦྱིན་ཞེས་ཟེར། །གལ་ཏེ་དགོས་པ་མེད་ཟེར་ན། །བྱང་ཆུབ་སེམས་དཔའ་རབ་དགའ་ཞིང་། །འདིས་བདག་གདུལ་བར་འདོད་པའི་ཕྱིར། །དགོས་པ་མེད་ཅེས་ཟེར་བར་ཟད། །འཕགས་པ་འདིས་ ནི་གང་མོས་པའི། །འདོད་ཉུང་ཆོག་ཤེས་ཆོས་ཀྱིས་ནི། །འདིར་འོངས་བདག་ལ་གོ་བྱས་ནས། །བྱང་ཆུབ་རྐྱེན་ནི་ཐོབ་པར་བྱེད། །དེང་བདག་གང་ཟག་འདི་ཡི་རྒྱུས། །རྗེས་སུ་བསྟན་པའི་ཆོས་ཀྱང་ཐོབ། །ཁྱེད་ཀྱིས་དགོས་མེད་གང་སྨྲས་པ། །ཚིག་འདི་ལེགས་པ་ཡིན་ཞེས་ཟེར། །དངོས་པོ་འདི་ནི་འདོད་ཟེར་ཞིང་། ། བདག་ལ་བྱིན་ཅིག་ཟེར་ན་ཡང་། །བྱང་ཆུབ་སེམས་དཔས་ཅི་བདོག་པ། །ཐམས་ཅད་དགའ་བས་ཁྱེར་ཞེས་ཟེར། །གལ་ཏེ་སྦྱིན་པ་བཏང་ནས་ནི། །ཕྱིས་ཀྱང་འགྱོད་པ་མེད་གྱུར་ན། །སངས་རྒྱས་ལམ་ནི་དྲན་པའི་ཕྱིར། །སེམས་ནི་རྟག་ཏུ་དགའ་བ་འཐོབ། །སེམས་ཅན་ཀུན་ལ་སྐལ་ཡོད་པས། །ཐམས་ཅད་ ཕོངས་པ་མེད་འགྱུར་ཞིང་། །མ་ལུས་ཐམས་ཅད་ཚིམ་བྱ་ཞེས། །སྦྱིན་པ་གཏོང་ཚེ་སྔོ་བར་བྱེད། །བྱང་ཆུབ་ལམ་ནི་སྤྱོད་པའི་ཚེ། །སེམས་ཅན་བདག་གི་མིང་ཐོས་པ། །རང་གི་ངང་གིས་ཆོག་ཤེས་ཤིང་། །སེར་སྣ་ཆགས་སེམས་མེད་པར་ཤོག །བདག་གི་ཡུལ་གྱི་སེམས་ཅན་ ཀུན། །ལམ་སྤྱོད་ཐམས་ཅད་ཆོག་ཤེས་ཤིང་། །འདོད་ལྔ་ཆགས་པ་ཀུན་སྤངས་ནས། །ཐམས་ཅད་རབ་འབྱུང་མོས་པར་ཤོག །དེ་འདྲའི་སྤྱོད་པ་ཚད་མེད་དང་། །སྦྱིན་པ་ཡོངས་སུ་བསྔོས་པ་ཡིས། །རྟག་པར་སྦྱིན་པ་རབ་གཏོང་ཞིང་། །སེམས་ཅན་བདག་རྗེས་སློབ་པར་ཤོག །བྱང་ཆུབ་སེམས་ དཔས་སྦྱིན་གཏོང་ཚེ། །བྱམས་སེམས་སེམས་ཅན་ཁྱབ་པས་ན། །འཇིག་རྟེན་དག་ནི་ཐམས་ཅད་ན། །དེ་འདྲའི་བདེ་བ་ཡོང་མེད་དོ། །དཔེར་ན་ཁྱིམ་བདག་ཕྱུག་པོ་ཞིག །ནོར་དང་རིན་ཆེན་ཤིན་ཏུ་མང་། །བུ་ནི་གཅིག་ཅིག་ཡོད་པ་ལས། །ལོ་ནི་མང་པོར་ལམ་རིང་སོང་། །ཁྱིམ་བདག་བུ་འོངས་ཐོས་གྱུར་ ནས། །དགའ་བས་ལུས་ཀུན་ཁྱབ་འགྱུར་ཞིང་། །ཡུན་རིང་ལོན་ནས་དེང་འོངས་ཤེས། །ད་གདོད་བཙས་བཞིན་རབ་ཏུ་དགའ། །བྱང་ཆུབ་སེམས་དཔས་སློང་མཐོང་ན། །དེ་ཡི་སེམས་ནི་རབ་ཏུ་དགའ། །ཁྱིམ་བདག་དེའི་དགའ་བས་ནི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སྦྱིན་པ་གཏོང་བར་ཐོས་གྱུར་ ན། །དེ་ཡི་སེམས་ནི་རབ་དགའ་བས། །བྱམས་སེམས་ལས་བྱུང་དགའ་བ་ཡི། །དཔེ་ཟླ་དག་ནི་ཡོང་མེད་དོ། །ཇི་ལྟར་རྒྱལ་པོས་ཉེས་བྱུང་བ། །ཡན་ལག་གཏུབས་ཞེས་བསྒོ་བས་ན། །གསོད་པས་གསད་སར་ཁྲིད་ནས་ནི། །མཚོན་གྱིས་གདབ་པར་གཟས་པ་དང་། །རྒྱལ་པོས་ལོངས་སྤྱོད་ཐབས་ བྱིན་ན། །མི་དེའི་རབ་ཏུ་དགའ་བས་ཀྱང་། །བྱང་ཆུབ་སེམས་དཔས་ཕོངས་པ་ལ། །སྦྱིན་བཏང་དགའ་བ་ཙམ་མི་ཕོད། །བྱང་ཆུབ་སེམས་དཔའ་ལམ་སྒོམ་ཚེ། །བསོད་ནམས་ཞིང་ནི་མི་ཚོལ་གྱི། །སློང་བ་ཡོད་ན་གཏོང་བྱེད་པས། །དེ་ཕྱིར་དགའ་བ་ཆེན་པོ་ཐོབ། །བྱང་ཆུབ་སེམས་དཔའ་སངས་རྒྱས་ དང་། །དགྲ་བཅོམ་རང་རྒྱལ་མཐོང་གྱུར་ན། །གུས་སེམས་ཕྲད་དཀའ་རིག་པས་ན། །དེ་ཕྱིར་དྲུང་འགྲོ་མཆོད་པར་བྱེད། །བྱང་ཆུབ་སེམས་དཔའ་གཟི་བྱིན་ལྡན། །གསལ་རྣོ་སེམས་ནི་དུལ་བས་ན། །ཡོན་ཏན་མོས་ཤིང་ལམ་གཉེར་ཕྱིར། །སངས་རྒྱས་དགེ་འདུན་མཆོད་པར་བྱེད། །སངས་རྒྱས་བཅོམ་ ལྡན་འདས་རྣམས་དང་། །དེ་ཡི་ཉན་ཐོས་མ་གཏོགས་པར། །ལྷག་པའི་བསམ་དང་གུས་སེམས་ཀྱིས། །ལྷ་ཀླུ་གཞན་ནི་མཆོད་མི་བྱེད། །གལ་ཏེ་རང་རྒྱལ་འགའ་ཞིག་གིས། །རང་བྱུང་མྱ་ངན་འདས་ཐོབ་པ། །དེ་འདྲའི་ཡོན་ཏན་བདེན་མཐོང་ན། །དེ་ལ་ཡང་ནི་མཆོད་པ་བྱེད། །བྱང་ཆུབ་སེམས་དཔའ་ བསོད་ནམས་ཞིང་། །དགེ་དང་མི་དགེ་རིག་པས་ན། །འཇིག་རྟེན་མཁས་པ་གང་ཡིན་པའི། །མུ་སྟེགས་སྡིག་ཅན་མཆོད་མི་བྱེད། །ཚུལ་ཁྲིམས་ཕྱོགས་ལ་རབ་གནས་ཤིང་། །བྱམས་སེམས་སེམས་ཅན་ཀུན་ལ་ཁྱབ། །བརྩོན་འགྲུས་དག་ཀྱང་དཔེ་ཟླ་མེད། །བཟོད་ཤེས་མང་ཐོས་རྒྱ་ཡང་ཆེ། ། དེ་འདྲའི་ཡོན་ཏན་ལྡན་པས་ན། །འཇིག་རྟེན་ཀུན་གྱི་གཙོར་གྱུར་ནས། །སངས་རྒྱས་བྱང་ཆུབ་མངོན་བྱས་ཏེ། །བླ་མེད་འཁོར་ལོ་སྐོར་བར་བྱེད། །བྱང་ཆུབ་སེམས་དཔའ་དེ་འདྲ་ཡི། །ཆོས་བཞི་དག་ནི་སྒྲུབ་བྱེད་ན། །དགེ་བའི་རྩ་བ་ཇི་སྙེད་པ། །ཐམས་ཅད་ཀུན་ནི་མངོན་དུ་འགྱུར། །བསྐལ་པ་བྱེ་བ་གྲངས་ མེད་དུ། །ཡོན་ཏན་རྣམས་ནི་གང་བསྒྲུབས་པ། །དེ་ཀུན་བྱང་ཆུབ་སེམས་དཔའི་ལམ། །འདིར་ནི་བསྡུ་བར་བྱ་བ་ཡིན། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་ཏུ་བྱམས་སེམས་བསྒོམ་པར་བྱ། །རབ་བྱུང་རི་དང་ཚལ་གནས་ཤིང་། །དགོན་པའི་གནས་ལ་མོས་པར་བྱ། །རྟག་པར་ཤིན་དུ་ རྣམ་དག་ཅིང་། །ཟབ་མོ་ངེས་པའི་ཆོས་བཙལ་ཏེ། །བྱང་ཆུབ་སྤྱོད་དང་ལྡན་བྱས་ནས། །དེ་ཡི་བདག་ཉིད་འཕེལ་བར་བྱ། །དགེ་བའི་རྩ་བ་དང་ལྡན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་མཐུས་སྐུའི་སྤུའི་བུ་ག་ཀུན་ནས་འོད་ཟེར་བྱེ་བ་ཕྲག་བརྒྱ་སྟོང་དུ་མ་ བཀྱེའོ། །གཞན་ཡང་སྤུའི་བུ་ག་རེ་རེ་ཀུན་ནས་མེ་རབ་ཏུ་འབར་བའི་ཕུང་པོ་རི་རབ་ལྷུན་པོ་དང་མཉམ་པ་དག་བྱུང་བར་གྱུར་ཏོ། །གཞན་ཡང་སྤུའི་བུ་ག་རེ་རེ་ཀུན་ནས་དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱུང་བར་གྱུར་ཏེ། འཁོར་འདུས་པ་ཐམས་ཅད་ཀྱིས་ཀྱང་དེ་ལྟ་བུའི་ རྫུ་འཕྲུལ་གྱི་མཐུ་བསྟན་པ་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་ལྟ་བུ་མངོན་དུ་མཛད་ནས་ཚེ་དང་ལྡན་པ་གང་པོ་ལ་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྤུའི་བུ་ག་ནས་བྱུང་བའི་རྫུ་འཕྲུལ་གྱི་མཐུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། ། གང་པོ་དེ་བཞིན་གཤེགས་པ་ནི་རྟག་པར་འདི་ལྟ་བུའི་རྫུ་འཕྲུལ་གྱི་མཐུ་དང་ལྡན་པ་རྒྱུན་ཆད་པ་མེད་པ་ཡིན་ན་དེང་ཉན་ཐོས་རྣམས་ནི་དེ་བཞིན་གཤེགས་པ་འདི་འབའ་ཞིག་ཏུ་བཞུགས་ནས་ཆོས་འཆད་པར་མཐོང་སྟེ། ད་ནི་ཡང་དག་པར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་ མ་སྙེད་ཀུན་དུ་རྒྱུན་ཆད་པ་མེད་པར་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་དེ་བཞིན་དུ་ཆོས་སྟོན་པར་མཛད་དེ། གང་པོ་གལ་ཏེ་འགའ་ཞིག་ཡང་དག་པའི་ཚིག་གིས་འདི་སྐད་དུ་མཚུངས་པ་མེད་ཅིང་དཔེ་ཟླ་མེད་པ་རྐང་གཉིས་ཀྱི་མཆོག །བསོད་ནམས་ཀྱི་ཞིང་ཤིན་ཏུ་ཟབ་ ཅིང་དཔག་པར་དཀའ་བ། སྤྱོད་པ་དཔག་ཏུ་མེད་པ་དང་ལྡན་པ། གོམ་པ་གཅིག་བོར་ན་ཡང་སེམས་ཅན་ཐམས་ཅད་ཀྱིས་སེམས་གང་དང་། སྤྱོད་པ་གང་གིས་རྐང་པ་བཏེག་ཅིང་བཞག་པ་ཤེས་པར་ཡང་མི་འགྱུར་ལ་གཞལ་བར་མི་ནུས་པ་དེ་གང་ཡིན་ཞེས་ཟེར་ན། དེ་ནི་ང་ཡིན་ནོ་ཞེས་སྨྲ་བར་བྱ་སྟེ། གང་པོ་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པས་དགོངས་པ་གང་དང་། བསམ་པ་གང་དང་། སྤྱོད་པ་གང་གིས་ཞབས་བཏེག་པ་དང་ཞབས་བཞག་པ་གཞལ་བར་མི་ནུས་པས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་ སྩལ་པ། བཅོམ་ལྡན་དགོངས་པ་གང་དག་དང་། །སྤྱོད་པ་གང་གིས་ཞབས་བཏེག་བཞག །གཡོ་དང་མི་གཡོ་སེམས་ཅན་གྱིས། །དངོས་པོ་འདི་ནི་རྟག་མི་རིག །རྫུ་འཕྲུལ་མཐུ་ཡང་ཚད་མེད་དེ། །སྤྱོད་པ་དག་ཀྱང་ཚད་མེད་དོ། །ཡོན་ཏན་དག་ནི་ཚད་མེད་ཕྱིར། །མཆོག་ཏུ་མཐོ་ཞིང་གཙོ་བོར་གྱུར། ། བློ་གྲོས་ཆེན་པོ་ཚད་མེད་པས། །སུས་ཀྱང་མཐར་ཐུག་ཤེས་མི་འགྱུར། །གལ་ཏེ་སེམས་ཅན་ཐམས་ཅད་ཀུན། །ཤེས་རབ་དང་ནི་རྫུ་འཕྲུལ་སྟོབས། །ཐམས་ཅད་ཤཱ་རིའི་བུ་དང་ནི། །མཽད་གལ་ལྟ་བུར་གྱུར་ཀྱང་ནི། །ང་ཡིས་རྐང་པ་བཏེག་བཞག་པའི། །དངོས་པོ་དག་ནི་རིག་མི་འགྱུར། གལ་ཏེ་སེམས་ཅན་ ཐམས་ཅད་ཀུན། །རང་རྒྱལ་བྱང་ཆུབ་གྲུབ་གྱུར་ཀྱང་། །ང་ཡི་གོམ་གཅིག་མི་རིག་ན། །ཆོས་ཟབ་གཞན་ལྟ་སྨོས་ཅི་དགོས། །ཉི་ཟླ་ཚད་མེད་ཇི་སྙེད་པ། །ཉི་མའི་དཀྱིལ་འཁོར་གཅིག་གྱུར་ཀྱང་། །དེ་བཞིན་གཤེགས་པའི་སྤུ་ཁུང་གཅིག །འོད་ཟེར་ཙམ་ཡང་མི་ཕོད་དོ། །གལ་ཏེ་འཇིག་རྟེན་ཁམས་བྱེ་བ། ། ཁྲག་ཁྲིག་ཕྲག་ནི་བདུན་ཁྲི་ཡི། །ཉི་མའི་དཀྱིལ་འཁོར་ཀུན་ཏུ་ཡང་། །ཞིང་ནི་ཚད་མེད་སྣང་བྱེད་པ། །དེ་འདྲའི་ཉི་མ་ཆེན་པོ་དག །ཕྱོགས་བཅུ་གང་གཱའི་བྱེ་མ་སྙེད། །ཐམས་ཅད་ཉི་མ་གཅིག་ཏུ་གྱུར། །འོད་ཟེར་གཅིག་ཀྱང་རི་རབ་ཙམ། །དེ་འདྲའི་ཉི་མ་ཆེན་པོ་དག །རྟག་པར་ཕྱོགས་བཅུ་གསལ་བྱེད་པ། །སངས་རྒྱས་འོད་ དང་བསྒྲུན་གྱུར་ན། །སྡོང་པོ་ཚིག་བཞིན་སྣང་མི་འགྱུར། །ཉི་མ་ཆེན་པོ་དེ་ཡི་འོད། །ལྗོན་ཤིང་ལོ་མ་མི་ཐལ་ཞིང་། །རི་དང་ཀླུང་དང་བྲག་རྣམས་ལ། །ཐམས་ཅད་དུ་ནི་ཐོགས་པར་འགྱུར། །དེ་བཞིན་གཤེགས་པའི་འོད་ཟེར་ནི། །རི་རབ་དང་ནི་ལྕགས་རི་དང་། །རྡོ་རྗེ་རི་ནི་ཐམས་ཅད་ལ། །ཐལ་བར་འགྲོ་ཞིང་ཐོགས་པ་ མེད། །འོད་ཟེར་རྫུ་འཕྲུལ་མཐུ་སྟོབས་དང་། །གཟི་བྱིན་དག་ནི་ཚད་མེད་པས། །ཡིད་ཆེས་མེད་པ་མ་གཏོགས་པར། །མཐོང་བ་སུ་ཞིག་སེམས་མི་སྐྱེད། །སེམས་ཅན་དེ་འདྲའི་འོད་ཟེར་དང་། །རྫུ་འཕྲུལ་མཐུ་ཆེན་མཐོང་འགྱུར་ན། །བདག་ཅག་ཀྱང་ནི་ཐོབ་འགྱུར་ཞེས། །ཕལ་ཆེར་བླ་མེད་སེམས་ཀྱང་སྐྱེད། ། དེ་ཚེ་བཅོམ་ལྡན་འཛུམ་མཛད་ནས། །ཀུན་དགའ་བོས་ནི་འདི་སྐད་གསོལ། །གང་སླད་བཅོམ་ལྡན་འཛུམ་པ་མཛད། །ཐོགས་མེད་མཁྱེན་པས་བཀས་བཤད་གསོལ། །བཅོམ་ལྡན་ཀུན་དགའ་བཀའ་སྩལ་པ། །སེམས་ཅན་རྣམས་ཀྱིས་དེང་ང་ཡིས། །རྫུ་འཕྲུལ་མཐུ་བསྟན་མཐོང་བས་ན། །སེམས་བསྐྱེད་ སངས་རྒྱས་གྲུབ་པར་སྨོན། །འཁོར་འདིར་སྲོག་ཆགས་སུམ་ཁྲི་ཡིས། །ཆོས་འདི་བསྲུང་བར་དམ་ཡང་བཅས། །བདག་ཅག་སངས་རྒྱས་འདས་འོག་ཏུ། །མདོ་སྡེ་འདི་ནི་གདོན་བྱ་སེམས། །དེ་དག་ང་ནི་འདས་པའི་འོག །མདོ་སྡེ་འདི་ནི་ཐོས་གྱུར་ནས། །བར་དང་ཐ་མའི་དུས་ཀྱི་ཚེ། །ཇི་སྐད་ བསྟན་བཞིན་སྒྲུབ་པར་འགྱུར། །བྱང་ཆུབ་སེམས་བསྐྱེད་ཤིན་ཏུ་དཀའ། །སངས་རྒྱས་ཆོས་མོས་པ་ཡང་དཀའ། །ཐ་མའི་དུས་ཚེ་མདོ་སྡེ་འདི། །འཛིན་ཅིང་འདོན་པ་དེ་བས་དཀའ། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན། །མ་འོངས་ཐ་མའི་དུས་ཀྱི་ཚེ། །མདོ་སྡེ་འདི་ བཤད་དེ་བས་དཀོན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ངས་མདོ་སྡེ་འདི་ཁྱོད་ལ་ཡོངས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་ན་ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་གནས་པ་དེ་སྲིད་དུ་སངས་རྒྱས་ཀྱི་ཆོས་ ཀུན་གནས་པར་འགྱུར་བས་སོ། །ཀུན་དགའ་བོ་འདི་ལྟ་བུའི་མདོ་སྡེ་ཟབ་མོ་འདི་ནུབ་པར་གྱུར་པའི་ཕྱིར་ཇི་སྐད་བསྟན་པ་བཞིན་དུ་མངོན་པར་བསྒྲུབ་པར་བྱ་བའི་ཆོས་ཀུན་ནུབ་པར་འགྱུར་རོ། །ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ནུབ་པར་གྱུར་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ཡང་ནུབ་པར་ འགྱུར་རོ། །ཀུན་དགའ་བོ་དེང་ཁྱེད་ཀྱིས་མཆོད་པའི་ཡོ་བྱད་མཆོག་དམ་པས་ང་ལ་མཆོད་པར་བྱའོ། །ཇི་ལྟར་ན་ཉན་ཐོས་རྣམས་ཀྱིས་མཆོད་པའི་ཡོ་བྱད་མཆོག་དམ་པས་ང་ལ་མཆོད་པར་འགྱུར་ཞེ་ན། ཁྱོད་ཀྱིས་འདི་སྙམ་དུ་མེ་ཏོག་དང་། སྤོས་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་སྤོས་དང་། གདུགས་དང་། རྒྱལ་མཚན་ དང་། བ་དན་དང་། ན་བཟའ་དང་། རོལ་མོ་སིལ་སྙན་མཆོག་དམ་པ་དང་། དེ་བཞིན་གཤེགས་པ་ལ་བསྔགས་པ་བརྗོད་པ་ནི་མཆོད་པ་མཆོག་དམ་པ་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། ཀུན་དགའ་བོ་དེ་ལྟ་བུ་དེ་དག་ནི་མཆོད་པ་མཆོག་དམ་པ་ཞེས་མི་བྱའི། གང་གིས་མདོ་སྡེ་ཟབ་མོ་འདི་ལྟ་བུ་ཐོས་ནས་ལེན་པ་དང་འཛིན་པ་ དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། ཇི་སྐད་བསྟན་པ་བཞིན་དུ་མངོན་པར་སྒྲུབ་པ་གང་ཡིན་པ་དེ་ནི་མཆོད་པའི་ཡོ་བྱད་མཆོག་དམ་པས་དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱས་པ་དང་། བཀུར་སྟི་བྱས་པ་དང་། བླ་མར་བྱས་པ་དང་། བསྔགས་པ་བརྗོད་པར་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱང་ཆོས་ལ་མཆོད་ཅིང་རིམ་གྲོ་དང་བསྙེན་བཀུར་མཛད་ཀྱི། འཇིག་རྟེན་པའི་མཆོད་པའི་ཡོ་བྱད་རྣམས་ལ་ནི་བཙུན་པར་མི་མཛད་པས་སོ། །དེ་ལྟ་བས་ན་ཀུན་དགའ་བོ་དེང་མདོ་སྡེ་འདི་ནན་ཏན་བརྩོན་འགྲུས་ཀྱིས་ཁྱོད་ལ་ཡོངས་སུ་གཏད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ངས་ཀྱང་མདོ་སྡེ་འདི་ ཡང་དག་པར་བསླབས་པས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བ་ཡིན་ནོ། །འདས་པའི་སངས་རྒྱས་རྣམས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་མདོ་སྡེ་འདི་ཡང་དག་པར་བསླབས་པས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏོ། །མ་བྱོན་པའི་སངས་རྒྱས་རྣམས་ཀྱང་མདོ་སྡེ་འདི་ཡང་དག་པར་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ འགྱུར་ཞིང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་ཡོངས་སུ་བསྐོར་བར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་ཐམས་ཅད་ཀྱང་མདོ་སྡེ་འདི་ཡང་དག་པར་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་སངས་རྒྱས་ནས་དེང་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་མཛད་པ་ཡིན་པས། དེའི་ཕྱིར་ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ནི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བའི་འཁོར་ལོའི་མདོ་སྡེ་ཞེས་བྱ་བར་ཡོངས་སུ་གཟུང་བར་བྱའོ། །དུས་ཡུལ་བཱ་ར་ཎཱ་སིའི་རི་ དགས་རྒྱུ་བའི་ཚལ་དུ་ཡང་ཉན་ཐོས་རྣམས་ལ་འདིས་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏོ། །ཀུན་དགའ་བོ་ངས་དེང་འོད་མའི་ཚལ་འདིར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་ཕྱིར་མི་ལྡོག་པའི་འཁོར་ལོ་འདི་ཡོངས་སུ་བསྐོར་ནས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཡོངས་སུ་བཅད་དོ། ། ཀུན་དགའ་བོ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་གསུངས་སོ། །མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ སྡེ་འདི་ཡང་དག་པར་གསུང་བར་འགྱུར་རོ། །ངས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་བཤད་པས་དེའི་ཕྱིར་ས་གཞི་འདི་ནི་དེ་བཞིན་གཤེགས་ པ་རྣམས་ཀྱི་མཆོད་རྟེན་ཆེན་པོ་ལྷ་དང་མིར་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པ་བྱ་བའི་གནས་སུ་གྱུར་པར་རིག་པར་བྱའོ། །ཀུན་དགའ་བོ་ས་གཞི་འདི་འབའ་ཞིག་ཐུན་མོང་མ་ཡིན་པའི་ཡོན་ཏན་འདི་ལྟ་སྟེ། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འདིར་མདོ་སྡེ་ཟབ་མོ་ འདི་ཡང་དག་པར་གསུངས་པ་དང་ལྡན་པས། ཀུན་དགའ་བོ་འདི་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བཅས་པའི་སེམས་ཅན་ཇི་སྙེད་པ་དེ་དག་འོད་མའི་ཚལ་འདིར་ཞུགས་པར་གྱུར་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སློང་བར་མི་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་གཙུག་ ལག་ཁང་གཞན་ན་ཡང་བཞུགས་པར་གྱུར་མོད་ཀྱི། དེ་དག་གང་ལ་ཡང་འདི་ལྟ་བུའི་ཡོན་ཏན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཀ་ལན་ད་ཀ་དང་འོད་མའི་ཚལ་འདིར་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དག་ཞུགས་པར་གྱུར་ན་ནི་འདོད་ཆགས་སྐྱེ་བར་མི་འགྱུར་ལ། བྱ་མང་ པོ་ཞུགས་པར་གྱུར་ན་ནི་དུས་མ་ཡིན་པར་སྒྲ་མི་འབྱིན་པས་སོ། །ཇི་ལྟ་ཞེ་ན། ཡུལ་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་སྤྱི་བོ་ནས་དབང་བསྐུར་ནས་དང་པོ་རྒྱལ་སར་ཞུགས་པའི་ཚེ་བཙུན་མོའི་འཁོར་དང་བཅས་ཏེ་སྐྱེད་མོས་ཚལ་འདིར་ཞུགས་ནས་ལྷན་ཅིག་ཏུ་རྩེ་བར་བྱས་པ་ལས་ཞུགས་མ་ ཐག་ཏུ་བདག་ཉིད་འདོད་ཆགས་ཀྱི་རྩེད་མོ་བྱ་བའི་བསམ་པ་མེད་པར་གྱུར་པར་ཚོར་བར་གྱུར་ཏོ། །བཙུན་མོའི་འཁོར་རྣམས་ཀྱང་སོ་སོ་ནས་འདོད་ཆགས་ཀྱི་སེམས་ཀྱིས་རྩེད་མོ་བྱ་བའི་བསམ་པ་མེད་པར་གྱུར་པ་ཚོར་བར་གྱུར་པ་དང་། དེའི་ཚེ་རྒྱལ་པོ་རབ་ཏུ་དགའ་བར་གྱུར་ནས་འདི་སྙམ་དུ་འཇིག་རྟེན་ན་ སངས་རྒྱས་འབྱུང་ཞིང་བདག་གི་ཡུལ་དུ་བྱུང་བར་གྱུར་ན་བདག་གིས་མཐོང་བར་གྱུར་ཅིག །མཐོང་ནས་ཀྱང་སེམས་ཀྱིས་མངོན་པར་ཡིད་ཆེས་པར་གྱུར་ཅིག །མངོན་པར་ཡིད་ཆེས་པར་གྱུར་ནས་ཀྱང་མཆོད་པ་བྱེད་པར་གྱུར་ལ། སྐྱེད་མོས་ཚལ་འདི་དེ་བཞིན་གཤེགས་པ་ལ་ཕུལ་ཏེ། དེ་བཞིན་གཤེགས་པ་ ཡང་འདིར་བཞུགས་པར་གྱུར་ནས་བདག་གིས་ཆོས་ཐོས་པར་གྱུར་ཅིག །དེ་ཅིའི་ཕྱིར་ཞེ་ན། སྐྱེད་མོས་ཚལ་འདི་ནི་མཆོད་གནས་སུ་གྱུར་པ་དག་གི་གནས་ཡིན་གྱི །འདོད་པ་ལྔ་དང་མ་བྲལ་བ་དག་གི་གནས་ནི་མ་ཡིན་ནོ་སྙམ་དུ་སེམས་པས་སོ། །ཀུན་དགའ་བོ་རྒྱལ་པོ་གཟུགས་ཅན་སྙིང་པོ་སྐྱེད་མོས་ཚལ་ འདིར་ཞུགས་པ་ན་དེ་ལྟ་བུའི་དགེ་བའི་སེམས་སྐྱེས་པ་ཡང་འདས་པའི་དུས་སུ་དེ་བཞིན་གཤེགས་པ་རྣམས་སྐྱེད་མོས་ཚལ་འདིར་བཞུགས་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་གསུངས་པས་ན་དེའི་ཕྱིར་སྐྱེད་མོས་ཚལ་འདིའི་ཡོན་ཏན་ཇི་སྙེད་ཡོད་པ་དེ་དག་ནི་གཞན་དག་དང་ཐུན་མོང་དུ་མ་གྱུར་པས་ ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་གུས་པས་ཕྱག་བྱེད་པ་ཡིན་ནོ། །ཀུན་དགའ་བོ་སྐྱེད་མོས་ཚལ་འདི་ན་ནི་སྦྲུལ་གདུག་པ་དང་། རྩངས་པ་དང་། སྦྲང་བུ་དང་། སྦྲང་བུ་མཆུ་རིངས་ལ་སོགས་པ་མེད་དོ། །གལ་ཏེ་གནས་པར་གྱུར་ན་ཡང་གདུག་པའི་སེམས་མེད་དོ། །འདི་ཡང་ འོད་མའི་ཚལ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ཏེ། གལ་ཏེ་ལོ་བརྒྱའི་བར་དུ་ཚལ་འདིའི་ཡོན་ཏན་བརྗོད་ན་ཡང་མཐར་ཐུག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འོད་མའི་ཚལ་གྱི་དྲི་གཙང་ཁང་འདི་ནི་ཡོན་ཏན་ཚད་མེད་པ་སྙེད་དང་ལྡན་གྱི་གཞན་ནི་དེ་ལྟ་མ་ཡིན་པས་སོ། །བཅོམ་ལྡན་ འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གིས་སྔོན་འོད་མའི་ཚལ་འདི་འདི་ལྟ་བུའི་ཡོན་ཏན་དང་ལྡན་པར་མ་འཚལ་ལགས་སོ། །བཅོམ་ལྡན་འདས་བདག་གིས་སྔར་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་བགྱི་བར་མ་མོས་པའི་སྡིག་པ་གང་ལགས་པ་དེང་བདག་བཤགས་ པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དང་པོ་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་པ་དེ་ཉིད་ཀྱི་ཚེ་སྡིག་པ་དེ་དག་བྱང་བར་གྱུར་ཏོ། །རྫུ་འཕྲུལ་གྱི་སྟོབས་ཀྱི་ལེའུ་སྟེ་ལྔ་པའོ།། །།བམ་པོ་ལྔ་པ། དེ་ནས་ཚེ་དང་ ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འདི་སྙམ་དུ་བཅོམ་ལྡན་འདས་ནི་འདི་ལྟར་ཐུགས་རྗེ་ཆེན་པོ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལེགས་པར་སྟོན་པར་མཛད་པས་བཅོམ་ལྡན་འདས་ནི་ཤིན་ཏུ་ངོ་མཚར་ཆེ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ ཚོགས་པར་སྒྲུབ་ཅིང་སྐྱེ་འགག་མེད་པའི་དོན་སེམས་ཅན་གྱིས་ཁོང་དུ་ཆུད་པར་བྱེད་པས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་སེམས་ཀྱི་བསམ་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་དེ་དེ་བཞིན་ནོ། །དེ་ དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ། །གལ་ཏེ་ངའི་ཉན་ཐོས་གང་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དོན་ཐོས་པར་གྱུར་ན་སེམས་མྱོ་མྱོ་པོར་འགྱུར་ཞིང་མོས་པར་ཡང་མི་འགྱུར་རོ། །མཽད་གལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ལྟ་རེ་ཤིག་ཞོག་གི །ངས་གལ་ ཏེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སྙིང་རྗེ་ཆེན་པོ་ཇི་སྙེད་ཅིག་དང་ལྡན་པ་ཡོངས་སུ་རྫོགས་པར་བརྗོད་པར་གྱུར་ན་ཡང་ཁྱོད་ཀྱི་སེམས་མྱོ་མྱོ་པོར་འགྱུར་ཞིང་མོས་པར་ཡང་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་ པོས་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ། །བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཐུགས་རྗེ་ཆེན་པོ་ཇི་ལྟ་བུ་མངའ་བ་ལས་ཕྱོགས་ཅུང་ཟད་ཅིག་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་ཤིན་དུ་ལེགས་པར་ ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཁྱོད་ལ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སྙིང་རྗེ་ཆེན་པོ་ལས་ཕྱོགས་ཅུང་ཟད་ཅིག་དཔེས་བསྟན་པར་བྱའོ། །སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིང་རྗེ་ཆེན་པོ་ཇི་སྙེད་ཅིག་སྤྱད་པ་བརྗོད་ཀྱིས་མི་ལང་མོད་ཀྱི། སྙིང་རྗེ་ཆེན་པོ་དེ་ནི་དངོས་ པོ་རྣམ་པ་བཞི་ལ་གནས་པར་འགྱུར་རོ། །བཞི་གང་ཞེ་ན་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སྙིང་རྗེ་ཆེན་པོ་ལ་གནས་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབས་པར་གྱུར་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །མཽད་གལ་ང་ནི་སྔོན་སེམས་ཅན་རྣམས་ ལ་འདི་ལྟ་བུའི་སྙིང་རྗེ་ཆེན་པོ་དང་ལྡན། འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་ལྡན་པས་སེམས་ཅན་ཇི་སྙེད་ཅིག་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ན་སྡུག་བསྔལ་རྣམས་མྱོང་བར་གྱུར་པ་དང་། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་དང་། བསྡུས་འཇོམས་དང་། ཡང་སོས་དང་། ངུ་འབོད་ དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དག་ན་སྡུག་བསྔལ་མྱོང་བར་གྱུར་པ་དག་ལ་ཡང་ངས་རྟག་ཏུ་སེམས་ཅན་དེ་དག་གི་ཆེད་དུ་སེམས་ཅན་དམྱལ་བ་ཆེན་པོ་ན་སྡུག་བསྔལ་ཇི་སྙེད་ཡོད་པ་དག་སྡིག་པའི་ལས་མ་བྱང་བ་དེ་སྲིད་དུ་སྡུག་བསྔལ་རྣམས་མྱོང་བར་གྱུར་ཀྱང་སེམས་ལ་འགྱོད་ པ་མེད་པར་གྱུར་ཏོ། །མཽད་གལ་གལ་ཏེ་སེམས་ཅན་གྱི་དོན་དུ་འགྱུར་བའི་རྒྱུ་དང་རྐྱེན་ཅིག་ཡོད་པར་གྱུར་ན་ངས་དེ་དག་ཐམས་ཅད་དང་དུ་བླངས་ནས་སེམས་ཅན་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ལས་ཐར་བར་བྱས་ནས་ང་ཉིད་སྡུག་བསྔལ་དང་དུ་ལེན་པར་བྱེད་པས་སེམས་ཅན་གཅིག་གི་དམྱལ་བའི་སྡུག་བསྔལ་ཡང་སེམས་ ཅན་རྣམས་ཀྱི་སྡིག་པའི་ལས་མཐར་ཐུག་པའི་བར་དུ་དང་དུ་བླངས་ཀྱང་དེའི་ཚེ་ངའི་སེམས་ལ་འགྱོད་པ་ཅི་ཡང་མེད་དོ། །མཽད་གལ་ངས་ནི་འདི་ལྟ་བུའི་སྨོན་ལམ་དང་བརྩོན་འགྲུས་ཆེན་པོ་བསྐྱེད་ནས་བློ་དང་ལྡན་པ་འདི་ལྟ་སྟེ། སངས་རྒྱས་དང་། དེའི་ཉན་ཐོས་དག་ལ་འདི་ལྟར་རིགས་པའི་ཚུལ་ དྲི་བའི་རྒྱུ་དང་རྐྱེན་ཡོད་པར་གྱུར་ན་སྡུག་བསྔལ་དང་དུ་བླངས་ནས་སེམས་ཅན་རྣམས་སེམས་ཅན་དམྱལ་བ་ལས་ཐར་བར་བྱེད་པས་མཽད་གལ་མཁས་པ་དག་གིས་ཐོས་པར་གྱུར་ན་ངའི་མང་དུ་ཐོས་པའི་བསྔགས་པ་བརྗོད་དེ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྦྱིན་པ་གཏོང་བར་བྱེད། ཚུལ་ཁྲིམས་སྲུང་བར་ བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། དགེ་བའི་བཤེས་གཉེན་ལ་བསྟེན་པའི་བསྔགས་པ་རྗོད་པར་བྱེད་དོ། །མཽད་གལ་ངས་དེ་ལྟ་བུ་ཐོས་ནས་བརྩོན་འགྲུས་ཆེན་པོ་བསྐྱེད་དེ་ཆོས་ཡོངས་སུ་གཉེར་བའི་ཕྱིར་ལྷག་པའི་བསམ་པ་བསྐྱེད་ནས་སངས་རྒྱས་རྣམས་ཀྱི་ཆོས་ ཕུན་སུམ་ཚོགས་པ་ཆེན་པོ་ཐོབ་པར་བྱ་བའི་ཆེད་དུ་བརྩོན་འགྲུས་བརྩམས་སོ། །ཕ་རོལ་དུ་ཕྱིན་པ་རྣམས་ཕུན་སུམ་ཚོགས་པར་བྱ་བའི་ཆེད་དུ་བཟོད་པ་ཡོངས་སུ་བསྒོམས་སོ། །མཽད་གལ་ངས་སྔོན་ཇི་ལྟར་བཟོད་པ་ཡོངས་སུ་