Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 042_དཀོན་བརྩེགས།_ང
Văn bản gốc(Tây Tạng)
Trang 11 / 19 (50.000 ký tự/trang)
་པོ་ཡོད་མིན་ཡང་། །གཟུགས་དང་འབྲེལ་པར་ ཡིད་བསྐྱོད་དོ། །རྣམ་པར་ཤེས་པར་བརྟགས་པའི་ཕྱིར། །ཚོར་བ་ཀུན་ཏུ་རྟོག་ཅེས་བརྗོད། །དེ་ལྟར་རིག་ནས་འཕགས་པ་རྣམས། །སྲིད་པའི་རྒྱུད་ལ་ཡིད་མི་རྟོན། །ཤེས་རབ་འཕགས་པས་ངོམས་གྱུར་ཏེ། །ཤིང་མེད་མེ་བཞིན་ཞི་བར་འགྱུར། །སྲིད་པ་མི་རྟག་བསྟན་བྱས་ཏེ། ། རྒྱལ་པོ་ཡུལ་འཁོར་མིར་བཅས་ལ། །ང་ནུས་དེ་སྐད་ལུང་བསྟན་ནས། །མི་ཡི་བདག་པོ་ནུབ་པར་གྱུར། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་དོགས་ཤིང་ཐེ་ཚོམ་ཟའམ། ནེམ་ནུར་དུ་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ང་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏེ། རྒྱལ་སྲིད་ཀྱི་དབང་ཕྱུག་རྒྱ་ཆེན་པོ་ལ་དབང་བྱས་ཀྱང་འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་དེ་ལྟར་རིག་པར་བྱས་ ལ་དབང་ཕྱུག་གི་དྲེགས་པ་སྤངས་ཏེ་བག་ཡོད་པར་བྱའོ། །བག་ཡོད་པ་ལ་གནས་ཏེ་ཁྱོད་ཀྱིས་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྒྲུབ་པར་བྱའོ། །རྒྱལ་པོ་ཆེན་པོ་བག་ཡོད་པ་ལ་མངོན་པར་དགའ་བ་ནི་དོན་འགྲུབ་པར་འགྱུར་གྱིས་རྒྱལ་པོ་ཆེན་པོ་བག་ཡོད་པར་ཁམས་མཉམ་པ་ཉིད་ ཡང་དག་པར་བསྒྲུབ་པར་བྱ་སྟེ། རྒྱལ་པོ་ཆེན་པོ་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ནི་བུད་མེད་མ་ཡིན། སྐྱེས་པ་མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་གྱིས་རྒྱལ་པོ་ཆེན་པོ་འདི་ལ་ཁྱོད་ཀྱིས་སེམས་ངེས་པར་གཞག་ཅིང་གཞན་གྱི་ དྲིང་མི་འཇོག་པར་བྱའོ། །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་བག་ཡོད་པ་ལྷུར་ལེན་པ་ཞིག་བྱུང་སྟེ། དེ་བྱ་བ་གང་དང་གང་རྩོམ་ཡང་དེ་དང་དེ་ཐམས་ཅད་ལ་བག་ཡོད་པར་སྤྱོད་ཅིང་བྱེད་དོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་མུ་ཁྱུད་དེ་ ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། འདས་པའི་དུས་ན་ཡང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ། །མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ན་ཡང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ་ཞེས་དུས་གསུམ་མཉམ་པ་ཉིད་ལ་བརྩོན་པར་གྱུར་ཏོ། ། དེས་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་མཐོང་བས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་གྱུར་ཏེ། དེས་སེམས་ཕྱིན་ཅི་ལོག་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་ པ་དང་། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་དག་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་སེམས་ཅན་འདི་དག་ནི་ཆོས་ཐམས་ཅད་སྟོང་པར་མ་མཐོང་བས། །ཀྱེ་མ་ཀྱི་ཧུད་འཇིག་རྟེན་གནས་པ་འདི་ནི་ཕུང་ངོ་། །ཀྱེ་མ་འཇིག་ རྟེན་གནས་པ་འདི་ནི་རྣམ་པར་ཕུང་ངོ་སྙམ་ནས་དེས་འདི་སྙམ་དུ་བསམས་ཏེ། བདག་གིས་སེམས་ཅན་འདི་དག་བསྡུ་བའི་དངོས་པོ་བཞིས་བསྡུ་བར་བྱའོ། །བདག་གིས་དེ་དག་བསྡུ་བའི་དངོས་པོ་བཞིས་བསྡུས་ན་ཆོས་ལ་སྦྱར་བ་ལ་དབང་དུ་འགྱུར་རོ་སྙམ་མོ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་ པོ་མུ་ཁྱུད་ཀྱིས་ཐབས་མཁས་པ་སྔོན་དུ་བཏང་སྟེ་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུས་ནས་དུས་གསུམ་མཉམ་པ་ཉིད་དུ་གདམས་ངག་གིས་བསྟན་ཏེ། ཀྱེ་སེམས་ཅན་དག་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། ཀྱེ་སེམས་ཅན་དག་ཆོས་གང་ལ་རང་བཞིན་མེད་པ་དེ་ནི་འདས་ པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ཕྱིར་ཏེ། འདས་པ་ཞེས་གདགས་པར་བྱ་བ་མ་ཡིན་མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་གདགས་པར་བྱ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ནས་སེམས་ ཅན་དེ་དག་རྒྱལ་པོ་མུ་ཁྱུད་དེས་དེ་ལྟར་དུས་གསུམ་མཉམ་པ་ཉིད་ལ་བསྐུལ་བས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཆོས་བཟང་ལྷའི་མདུན་ས་ན་འདུས་ཤིང་འཁོད་པའི་ནང་དུ་བར་སྐབས་སུ་འདི་ ལྟ་བུའི་གཏམ་བརྗོད་པ་བྱུང་སྟེ། འདི་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ་ཐབས་མཁས་པས་ཕྱིན་ཅི་ལོག་མེད་པ་ཡང་དག་པར་སྟོན་པ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཐབས་མཁས་པ་དང་ལྡན་པ་མུ་ཁྱུད་འདི་སུ་དག་གི་རྒྱལ་པོ་ཡིན་པའི་མི་རྣམས་ནི་ཀྱེ་མའོ་རྙེད་པ་དང་ལྡན་པ་སྟེ། ཀྱེ་མ་མི་རྣམས་ནི་རྙེད་པ་ལེགས་པར་རྙེད་པའོ་ཞེས་ཟེར་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཆོས་བཟང་ལྷའི་མདུན་ས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རང་གི་སྟན་ལ་འདུག་སྟེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། ཁྱེད་ད་ལྟར་འདི་ན་འཁོད་པ་རྣམས་གཏམ་ཅི་ཞིག་བྱེད་ བྱེད། དེ་སྐད་ཅེས་སྨྲས་པ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་བདག་ཅག་ཆོས་བཟང་ལྷའི་མདུན་ས་འདི་ན་མཆིས་པའི་ཚེ་བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པ་བྱུང་སྟེ། འདི་ལྟར་ ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ་ཐབས་མཁས་པས་གང་འདི་ཆོས་ཐམས་ཅད་རང་བཞིན་མེད་པའོ་ཞེས་ཕྱིན་ཅི་མ་ལོག་པར་སྟོན་པ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཐབས་མཁས་པ་དང་ལྡན་པ་མུ་ཁྱུད་འདི་སུ་དག་གི་རྒྱལ་པོ་ཡིན་པའི་མི་རྣམས་ནི་ཀྱེ་མའོ་རྙེད་པ་དང་ལྡན་པ་སྟེ། ཀྱེ་མའོ་མི་རྣམས་ནི་རྙེད་པ་ལེགས་པར་རྙེད་པའོ་ཞེས་བགྱིས་སོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གྲོགས་པོ་དག་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་དེ་ནི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་ པ་དང་ལྡན་པ་ཡིན་ན་རྒྱལ་པོ་མུ་ཁྱུད་དེ་འདིར་འོངས་ནས་མཐོང་བར་ཁྱེད་འདོད་དམ་མི་འདོད། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་སྨྲས་པ། ལྷའི་དབང་པོ་མུ་ཁྱུད་དེ་འདིར་མཆིས་ཏེ་མཐོང་བར་བདག་ཅག་ཀྱང་འཚལ་ལོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁ་ལོ་ སྒྱུར་བ་མ་ཏ་ལི་ལ་སྨྲས་པ། མ་ཏ་ལི་ཚུར་ཤོག །ཁྱོད་ལྷའི་ཤིང་རྟ་ཅང་ཤེས་རྩིབས་སྟོང་དང་ལྡན་པ་ཁྲིད་ལ་རྒྱལ་པོ་མུ་ཁྱུད་ག་ལ་བ་དེར་སོང་སྟེ། རྒྱལ་པོ་མུ་ཁྱུད་ལ་འདི་སྐད་གྱིས་ཤིག །རྒྱལ་པོ་ཆེན་པོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་རྟ་ཅང་ཤེས་རྩིབས་སྟོང་ དང་ལྡན་པ་འདི་བཀྲི་སྟེ་མཆིས་ན་རྒྱལ་པོ་ཆེན་པོ་ཐགས་ཐོགས་མ་མཆིས་པར་འདི་ལ་བཅིབས་སུ་གསོལ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་ཁྱོད་མཐོང་བར་དགའོ་ཞེས་གྱིས་ལ་ཤིང་རྟ་ལ་ཞོན་པ་དང་འདི་སྐད་ཅེས་གྱིས་ཤིག །རྒྱལ་པོ་ཆེན་པོ་ལམ་གང་ནས་གཤེགས་ པར་བགྱི། གང་གིས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིན་ཅི་ལོག་གི་ས་ནས་བཞུད་དམ། ཕྱིན་ཅི་ལོག་མ་མཆིས་པ་རྣམས་ཀྱི་ཕྱིན་ཅི་ལོག་མ་མཆིས་པའི་ས་ནས་བཞུད་ཅེས་གྱིས་ཤིག །ལེགས་སོ་ཞེས་སྨྲས་ནས། ཁ་ལོ་སྒྱུར་བ་མ་ཏ་ལིས་ལྷའི་དབང་པོ་བརྒྱ་བྱིན་གྱི་ ལྟར་མཉན་ནས་བབས་ཏེ་ཇི་སྐད་བསྒོ་བ་བཞིན་རྒྱལ་པོ་མུ་ཁྱུད་ལ་དེ་སྐད་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་མུ་ཁྱུད་ཀྱིས་ཁ་ལོ་སྒྱུར་བ་མ་ཏ་ལི་ལ་འདི་སྐད་ཅེས་སྨྲས་སོ། །མ་ཏ་ལི་དེ་ལྟ་བས་ན་ལམ་དེ་གཉི་ག་ནས་འདོང་ངོ་ཞེས་བྱས་པ་དང་། ཁ་ལོ་སྒྱུར་བ་མ་ཏ་ལིས་རྒྱལ་པོ་མུ་ ཁྱུད་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་ཕྱིན་ཅི་ལོག་གི་ས་དང་། ཕྱིན་ཅི་ལོག་མེད་པ་རྣམས་ཀྱི་ཕྱིན་ཅི་ལོག་མེད་པའི་ས་དེ་གཉི་ག་ནས་དྲངས་ཏེ་དོང་ངོ་། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་ཁ་ལོ་སྒྱུར་བ་མ་ཏ་ལི་ལ་སྨྲས་པ། མ་ཏ་ལི་དེ་བས་ན་ཕྱིན་ཅི་ལོག་ཏུ་གྱུར་པའི་ས་བལྟས་ཡུད་ཙམ་ཞིག་ཤིང་ རྟ་སྡོད་དུ་ཆུག་ཤིག །དེ་ནས་ཁ་ལོ་སྒྱུར་བ་མ་ཏ་ལིས་ཤིང་རྟ་སྡོད་དུ་འཇུག་པའི་ཡུན་ཇི་སྲིད་པ་དེ་ཉིད་ཀྱི་བར་སྐབས་སུ་རྒྱལ་པོ་མུ་ཁྱུད་ཀྱིས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུ་དེ་ཁོ་ན་ངེས་པར་བསྟན་པའི་ཏིང་ངེ་འཛིན་ལ་བཀོད་པར་གྱུར་ཏེ། འདི་ལྟར་བག་ཡོད་པ་དང་། མངོན་པར་ཤེས་པས་རྣམ་པར་རྩེ་ བའི་ཕྱིར་རོ། །དེ་དག་གིས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཁ་ལོ་སྒྱུར་བ་མ་ཏ་ལིས་ནི་རྒྱལ་པོ་མུ་ཁྱུད་ཀྱིས་ལས་ཅི་བྱས་པ་ཤེས་པར་མ་གྱུར་ཏོ། །དེ་ནས་ཁ་ལོ་སྒྱུར་བ་མ་ཏ་ལིས་དེ་བཞིན་དུ་དྲངས་ཏེ། རྒྱལ་པོ་མུ་ཁྱུད་དང་རི་རབ་ཀྱི་རྩེ་མོ་ལ་ཕྱིན་ཏོ། །དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་ རྒྱང་རིང་པོ་ནས་ནགས་ཚལ་སྟུག་པོ་རྣམ་པ་ཐམས་ཅད་དུ་སྔོ་བ་མཐོང་སྟེ་མཐོང་ནས་ཁ་ལོ་སྒྱུར་བ་མ་ཏ་ལི་ལ་འདི་སྐད་ཅེས་སྨྲས་སོ། །མ་ཏ་ལི་ནགས་ཚལ་སྟུག་པོ་འདི་ནི་ཐེ་ཚོམ་མེད་པར་ཕྱིན་ཅི་ལོག་མེད་པའི་སེམས་ཅན་རྣམས་ཀྱི་གནས་ཡིན་ནོ། །མ་ཏ་ལིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་སུམ་ཅུ་རྩ་ གསུམ་པའི་ལྷ་རྣམས་ཀྱི་ཆོས་བཟང་ལྷའི་མདུན་ས་ལགས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་འདིར་འདུས་ཀྱིས་རྒྱལ་པོ་ཆེན་པོ་ཐགས་ཐོགས་མ་མཆིས་པར་བཞུད་ཅིག །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་ཁྱོད་མཐོང་བར་འཚལ་ལོ། །རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་མུ་ཁྱུད་དེ་ཐགས་ ཐོགས་མེད་པར་ནང་དུ་སོང་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་མུ་ཁྱུད་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། །མཐོང་ནས་སྟན་གྱི་ཕྱེད་ལ་བདར་ཏོ། །དེ་ནས་རྒྱལ་པོ་མུ་ཁྱུད་ཀྱང་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་གོ །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་མུ་ཁྱུད་སྟན་ལ་འདུག་པར་ཤེས་ ནས་ལེགས་པར་ཤིན་དུ་དགའ་བར་བྱས་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་འཇིག་རྟེན་དུ་བཞག་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག ། རྒྱལ་པོ་མུ་ཁྱུད་འདི་ནི་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་སྟེ། འདི་ལྟར་སྐད་ཅིག་ཙམ་ལ་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུ་སངས་རྒྱས་ཀྱི་ཆོས་ལ་བཏུལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་བདག་ནི་ཕྱིར་འཛམ་བུའི་གླིང་ དུ་འགྲོ་བར་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། བདག་དེར་སོང་སྟེ། དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་གཟུང་བར་བྱའོ། །བརྒྱ་བྱིན་གྱིས་དེ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་གང་གི་དུས་ལ་དབབ་པར་མཁྱེན་ན་བཞུད་ཅིག །དེ་ནས་རྒྱལ་པོ་མུ་ཁྱུད་དེ་ཕྱིར་འཛམ་བུའི་གླིང་དུ་ཕྱིན་ནས་སྙིང་རྗེ་ཆེན་པོ་དང་ ལྡན་ཞིང་ཐབས་མཁས་པ་ལ་ཤིན་དུ་བསླབས་པས་སེམས་ཅན་བྱེ་བ་ཕྲག་དཔག་ཏུ་མེད་པ་དག་སངས་རྒྱས་ཀྱི་བསྟན་པ་ལ་བཏུལ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཐེ་ཚོམ་འམ། ནེམ་ནུར་ཟ་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་མུ་ཁྱུད་ཅེས་བྱ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་འདི་ལྟར་རྒྱལ་པོ་མུ་ཁྱུད་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་ལ་དགའ་བ་མེད་པས་མུ་ཁྱུད་ཀྱི་བག་ཡོད་པའི་སྟོབས་བསྐྱེད་པ་ལ་ལྟོས། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་ བག་ཡོད་པར་སངས་རྒྱས་ཀྱི་ཆོས་རྣམས་ལ་བརྩོན་པར་བྱའོ། །རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་གང་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱལ་པོ་ཟས་གཙང་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་དེའི་སླད་དུ་གལ་ཏེ་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལགས་ན་དེ་ལྟ་ན་ནི་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་དག་ཕྱིན་ཅི་མ་ལོག་པ་དེ་དག་ནི་སངས་རྒྱས་སོ། །རྒྱལ་པོ་ཆེན་ པོ་སངས་རྒྱས་ཞེས་བྱ་བ་དེ་ནི་དེ་ཁོ་ན་མཐོང་བའི་ཚིག་བླ་དགས་སོ། །དེ་ཁོ་ན་མཐོང་བ་ཞེས་བྱ་བ་དེ་ནི་ཡང་དག་པའི་མཐའི་ཚིག་བླ་དགས་སོ། །ཡང་དག་པའི་མཐའ་ཞེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་སོ། །རྒྱལ་པོ་ཆེན་པོ་ཆོས་ཀྱི་དབྱིངས་ཞེས་བྱ་བ་དེ་ནི་གཞན་དུ་ན་མིང་ཙམ་འམ། བརྡ་ ཙམ་འམ། ཐ་སྙད་ཙམ་འམ། ཀུན་རྫོབ་ཙམ་འམ། བརྗོད་པ་ཙམ་འམ། གདགས་པ་ཙམ་མ་གཏོགས་པར་བསྟན་པར་མི་ནུས་སོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་སྐྱེ་བ་མེད་པ་འདི་ནི་གཟུངས་ཀྱི་སྒོ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཆོས་ཐམས་ཅད་མི་གཡོ་མི་འགུལ་ཞིང་རློམ་སེམས་མེད་པས་དེའི་ ཕྱིར་དེ་ནི་གཟུངས་ཀྱི་སྒོའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འགག་པ་མེད་པ་དེ་ནི་གཟུངས་ཀྱི་སྒོ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཆོས་ཐམས་ཅད་མི་གཡོ་མི་འགུལ་ཞིང་རློམ་སེམས་མེད་པས་དེའི་ཕྱིར་དེ་ནི་གཟུངས་ཀྱི་སྒོའོ། །དེ་བཞིན་དུ་ཆོས་ཐམས་ཅད་མཚན་ཉིད་མེད་པ་དང་། མཚན་མ་མེད་པ་དང་། མ་སྐྱེས་པ་དང་། རང་བཞིན་མེད་པ་དང་། རྣམ་པར་རིག་པ་མེད་པ་དང་། མ་བྱས་པ་དང་། མངོན་པར་འདུས་མ་བྱས་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པ་དང་། སྤྲོས་པ་མེད་པ་དང་། མཚན་མ་མེད་ པ་དང་། བཏགས་པ་མེད་པ་དང་། ཀུན་ནས་དཀྲིས་པ་མེད་པ་དང་། བག་ལ་ཉལ་མེད་པ་དང་། ཀུན་ནས་ཉོན་མོངས་པར་གྱུར་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། རྗེས་སུ་ཆགས་པ་མེད་པ་དང་། ཁོང་ཁྲོ་བ་མེད་པ་དང་། བཅིངས་པ་མེད་པ་དང་། གྲོལ་བ་མེད་པ་དང་། འགྲོ་བ་མེད་པ་དང་། རྒྱུག་པ་མེད་པ་དང་། ལྡོག་པ་མེད་པ་དང་། དམའ་བ་མེད་པ་དང་། གནས་པ་མེད་པ་དང་། འདུག་པ་མེད་པ་དང་། མཉམ་པར་བཞག་པ་མེད་པ་དང་། ནོར་བ་མེད་པ་དང་། ཤེས་པ་པོ་མེད་པ་དང་། རྣམ་པར་ཤེས་པ་པོ་མེད་པ་དང་། མཐོང་བ་པོ་མེད་པ་དང་། མི་མཐོང་བ་མེད་པ་དང་། ཚུལ་ཁྲིམས་ མེད་པ་དང་། ཚུལ་ཁྲིམས་མ་ཡིན་པ་མེད་པ་དང་། འགྱོད་པ་མེད་པ་དང་། མི་འགྱོད་པ་མེད་པ་དང་། མཆོག་ཏུ་དགའ་བ་མེད་པ་དང་། མཆོག་ཏུ་མི་དགའ་བ་མེད་པ་དང་། དགའ་བ་མེད་པ་དང་། མི་དགའ་བ་མེད་པ་དང་། ཤིན་ཏུ་སྦྱངས་པ་མེད་པ་དང་། ཤིན་ཏུ་མ་སྦྱངས་ པ་མེད་པ་དང་། བདེ་བ་མེད་པ་དང་། མི་བདེ་བ་མེད་པ་དང་། ཏིང་ངེ་འཛིན་མེད་པ་དང་། ཏིང་ངེ་འཛིན་མ་ཡིན་པ་མེད་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་མེད་པ་དང་། ལོག་པ་མེད་པ་དང་། ཡིད་བྱུང་བ་མེད་པ་དང་། ཡིད་མ་བྱུང་བ་མེད་པ་དང་། འདོད་ཆགས་དང་བྲལ་བ་མེད་པ་དང་། འདོད་ཆགས་དང་མ་བྲལ་བ་མེད་པ་དང་། ལྟ་བ་མེད་པ་དང་། ལྟ་བ་མ་ཡིན་པ་མེད་པ་དང་། རྣམ་པར་གྲོལ་བ་མེད་པ་དང་། རྣམ་པར་མ་གྲོལ་བ་མེད་པ་དང་། ཤེས་པ་མེད་པ་དང་། མི་ཤེས་པ་མེད་པ་དང་། མཐོང་བ་མེད་པ་དང་། མ་མཐོང་བ་མེད་པ་དང་། ལས་མེད་པ་དང་། རྣམ་ པར་སྨིན་པ་མེད་པ་དང་། ཚུལ་བཞིན་མེད་པ་དང་། ཚུལ་བཞིན་མ་ཡིན་པ་མེད་པ་དང་། རྣམ་པའི་སྒོ་བདུན་ཅུ་པོ་དེ་དག་གིས་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ལ་འཇུག་པར་བྱའོ། །རྒྱལ་པོ་ཆེན་པོ་གཟུགས་ཀྱི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་ཚོར་ བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་གཟུགས་བརྙན་གྱི་གཟུགས་ཀྱི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་གཟུགས་ཀྱི་རང་བཞིན་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་བྲག་ཅའི་སྒྲའི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ པར་ཤེས་པའི་རང་བཞིན་ཡང་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་སྨིག་རྒྱུའི་ཆུའི་རང་བཞིན་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་མི་འབྱུང་ད་ ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་དབུ་བ་རྡོས་པ་ནི་སྙིང་པོ་མེད་དེ། མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་ཀྱི་རང་བཞིན་ནས་རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུ་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་རྨི་ལམ་གྱི་ ཡུལ་གྱི་བཟང་མོ་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་ཀྱི་རང་བཞིན་ནས་རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུ་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་རྨི་ལམ་གྱི་མོ་ཤམ་གྱི་བུའི་སྐྱེ་བ་ནི་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །དེ་བཞིན་དུ་གཟུགས་ ཀྱི་རང་བཞིན་ནས་རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུ་མ་བྱུང་མི་འབྱུང་ད་ལྟར་ཡང་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་གནས་མེད་དོ། །དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་གནས་མེད་དོ། །རྒྱལ་པོ་ཆེན་པོ་གཟུགས་ལ་ནི་སྐྱེ་བ་མེད་དོ། །དེ་བཞིན་དུ་རྣམ་པར་ ཤེས་པའི་བར་དུ་སྐྱེ་བ་མེད་དོ། །རྒྱལ་པོ་ཆེན་པོ་གཟུགས་ལ་ནི་འགག་པ་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་འགག་པ་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མྱ་ངན་ལས་འདས་པའི་དབྱིངས་ལ་སྐྱེ་བའམ་འགག་པ་མེད་དོ། །དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྐྱེ་བ་ འམ་འགག་པ་མེད་དོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཆོས་ཀྱི་དབྱིངས་ལ་སྐྱེ་བའམ་འགག་པ་མེད་དེ། དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྐྱེ་བའམ་འགག་པ་མེད་དོ། །རྒྱལ་པོ་ཆེན་པོ་འདི་དག་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལོ། ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སྤྱོད་ཡུལ་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན། ཕྲི་བ་མ་ཡིན། བསྣན་པ་མ་ཡིན། ཐོབ་པ་མ་ཡིན། སྟོར་བ་མ་ཡིན། མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན། མངོན་པར་རྫོགས་པར་སངས་མ་རྒྱས་ པ་མ་ཡིན། མངོན་པར་ཤེས་པ་མ་ཡིན། མངོན་པར་མ་ཤེས་པ་མ་ཡིན། ཡོངས་སུ་ཤེས་པ་མ་ཡིན། ཡོངས་སུ་མ་ཤེས་པ་མ་ཡིན། སྤངས་པ་མ་ཡིན། མ་སྤངས་པ་མ་ཡིན། བསྒོམས་པ་མ་ཡིན། མ་བསྒོམས་པ་མ་ཡིན། མངོན་དུ་བྱས་པ་མ་ཡིན། མངོན་དུ་མ་བྱས་པ་མ་ཡིན། བསྟན་པ་མ་ཡིན། མ་བསྟན་པ་མ་ཡིན། རབ་ཏུ་བསྟན་པ་མ་ཡིན། རབ་ཏུ་མ་བསྟན་པ་མ་ཡིན། བསྒྲགས་པ་མ་ཡིན། མ་བསྒྲགས་པ་མ་ཡིན། ཐོས་པར་བྱས་པ་མ་ཡིན། ཐོས་པར་མ་བྱས་པ་མ་ཡིན། ཐོས་པ་མ་ཡིན་མ་ཐོས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་གང་བསྣན་པར་བྱ་བའམ། དབྲི་བར་བྱ་ བའི་ཆོས་དེ་མི་དམིགས་ཏེ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མེད་པ་ཡིན་གྱིས། རྒྱལ་པོ་ཆེན་པོ་འདི་ལ་ཡིད་ཡོངས་སུ་དགའ་བར་བྱ་ཞིང་གཞན་གྱི་དྲིང་མི་འཇོག་པར་བྱའོ། །དེ་ནས་རྒྱལ་པོ་ཟས་གཙང་མས་འདི་སྙམ་དུ་སེམས་ཏེ། འདི་ལ་ནི་གང་རྟོགས་པས་སངས་རྒྱས་ཞེས་བྱ་བའི་ཆོས་དེ་གང་ ཡང་མི་དམིགས་མོད་ཀྱི། འོན་ཀྱང་དམིགས་སུ་མེད་པའི་ཆོས་རྣམས་ལ་དེ་བཞིན་གཤེགས་པས་གདགས་པ་བསྟན་ཏོ་སྙམ་ནས་དེའི་ཚེ་རྒྱལ་པོ་ཟས་གཙང་མ་ལ་སོགས་པ་ཤཱཀྱ་བདུན་ཁྲི་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་ འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་འོད་ཟེར་ཁ་དོག་སྣ་ཚོགས་ཅན། ཁ་དོག་དུ་མ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་རྒྱས་པར་བཀང་ནས་ཚངས་ པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། ཕྱིར་ལོག་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་ཞུས་པ། འཇིག་རྟེན་རྣམ་པར་འདྲེན་པ་པོ། །དཔའ་ཆེན་ཁྱོད་ཀྱིས་འཛུམ་མཛད་པ། །འཇིག་རྟེན་སྣང་བ་མཛད་པ་པོ། །འཛུམ་པའི་འཛུམ་རྒྱུ་བཀའ་སྩལ་གསོལ། །ཐམས་ཅད་མཁྱེན་པ་འདྲེན་པ་པོ། །རྒྱུ་གང་གིས་འཛུམ་བསྟན་པ། །ཁྱོད་ཀྱིས་འགྲོ་བ་རྣམས་ལ་སྟོན། ། བདག་གི་ཐེ་ཚོམ་མྱུར་དུ་ཁུམ། །ཤཱཀྱའི་ཚོགས་ཀྱི་དོན་སླད་དུ། །གོའུ་ཏ་མས་ནི་འཛུམ་པ་མཛད། །དཔའ་བོ་འགྲོ་བ་དགའ་མཛད་པ། །འགྲོ་བའི་ཐེ་ཚོམ་བསལ་དུ་གསོལ། །བསམ་གཏན་ཆེན་པོ་ཁྱོད་ཀྱི་གསུང་། །ཐོས་ན་འགྲོ་བའི་ཐེ་ཚོམ་འཆད། །མཆོག་ཏུ་དགའ་བའི་ཡིད་གྱུར་ཏེ། །ཀུན་ཀྱང་ཁྱོད་ཀྱི་བསྟན་ པ་འཐོབ། །རྒྱལ་བའི་འཛུམ་གྱི་ཕྲིན་ལས་འདི། །ཁྱོད་ཀྱི་སྲས་རྣམས་འཚལ་གྱུར་ན། །ནན་ཏན་གྱིས་ནི་རབ་ངེས་ཤིང་། །ཤེས་པས་རྗེས་སུ་མཆི་བར་འགྱུར། །རྒྱལ་བའི་ཁྱུ་མཆོག་ཁྱོད་ཀྱིས་ནི། །འགྲོ་བའི་ཐེ་ཚོམ་འདི་བསལ་གསོལ། །འཇིག་རྟེན་ཐེ་ཚོམ་ཆད་གྱུར་ན། ། བདེ་བ་རྒྱ་ཆེན་ཐོབ་པར་འགྱུར། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ངས་ནི་འཛུམ་ཞིང་གང་མཛད་པ། །རྟ་ཐུལ་དེ་ནི་ང་ལས་ཉོན། །ཤཱཀྱ་རྣམས་ཀྱི་བློ་ངེས་པ། །ཡང་དག་ཇི་བཞིན་ལུང་བསྟན་ཏོ། །ཆོས་རྣམས་དམིགས་སུ་ མེད་པར་ནི། །ཤཱཀྱ་རྣམས་ཀྱིས་ཡང་དག་ཤེས། །དེ་ཕྱིར་སངས་རྒྱས་ཆོས་རྣམས་ལ། །འདི་དག་ཡིད་ནི་ངེས་པར་བཞག །དམིགས་སུ་མེད་ལ་བརྟེན་ནས་ནི། །ཤཱཀྱ་གྲགས་པ་ཆེན་པོ་པ། །ཆོས་རྣམས་ཀུན་ལ་ངེས་གྱུར་ནས། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཤཱཀྱ་ངེས་པ་འདི་དག་ནི། །མི་ཡི་ ནང་ནས་ཤི་འཕོས་ནས། །བདེ་བ་ཅན་གྱི་འཇིག་རྟེན་དུ། །འོད་དཔག་མེད་ཀྱི་དྲུང་དུ་འགྲོ། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །བདེ་བ་ཅན་ན་གནས་པའི་ཚེ། །སངས་རྒྱས་བྱེ་བ་གྲངས་མེད་ལ། །ཕྱོགས་བཅུ་དག་ཏུ་མཆོད་བྱེད་འགྱུར། །མཁས་པ་རྣམས་ནི་ཁམས་གཅིག་ན། །སངས་རྒྱས་ བཞུགས་རྣམས་བསྙེན་བཀུར་བྱེད། །སེམས་ཅན་ཀུན་ལ་ཕན་ཚོལ་ཞིང་། །བྱང་ཆུབ་མཆོག་ཏུ་སྨོན་ལམ་འདེབས། །དེ་བཞིན་གཤེགས་རྣམས་མཆོད་བྱེད་ཅིང་། །ཞིང་ནས་ཞིང་དུ་རྣམ་པར་རྒྱུ། །གང་དུ་སངས་རྒྱས་འབྱུང་བར་ཡང་། །རྫུ་འཕྲུལ་སྟོབས་ཀྱིས་འདོང་བར་འགྱུར། །བསྐལ་པ་བྱེ་བ་ གྲངས་མེད་དུ། །མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས། །དེ་བཞིན་གཤེགས་པ་རྣམས་མཆོད་ནས། །དེ་ཡི་འོག་ཏུ་འདྲེན་པར་འགྱུར། །དེ་ཚེ་སངས་རྒྱས་རེ་རེ་ཞིང་། །སེམས་ཅན་ཁྲག་ཁྲིག་མང་པོ་དག །བྱང་ཆུབ་ཕྱིར་ནི་སངས་རྒྱས་ཀྱིས། །སངས་རྒྱས་དགོངས་ལ་འགྲོ་བ་འདུལ། །སངས་ རྒྱས་ཀུན་གྱི་ཞིང་རྣམས་ན། །བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན། །དེ་ན་སངས་རྒྱས་གང་ཡང་ནི། །ཉན་ཐོས་འདུལ་བར་ཡོང་མི་འགྱུར། །སངས་རྒྱས་དེ་དག་རེ་རེ་ཞིང་། །དེ་ན་ཚེ་ཚད་འགྱུར་བ་ནི། །བྱེ་བ་གྲངས་མེད་ལོ་རྣམས་སུ། །ཆོས་སྟོན་པ་དག་གནས་པར་འགྱུར། །དེ་དག་མྱ་ངན་ཡོངས་ འདས་ནས། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །རྒྱལ་བའི་སྲས་དག་ལོ་གྲངས་ནི། །བྱེ་བ་སྟོང་དུ་དམ་ཆོས་འཛིན། །མི་དབང་སྲས་པོ་དེ་དག་ཀྱང་། །སྟོང་པ་ཉིད་ཀྱི་ཆོས་བསྟན་པས། །སེམས་ཅན་བྱེ་བ་བསམ་ཡས་དག །བྱང་ཆུབ་ལ་ནི་འདུལ་ བར་འགྱུར། །བག་ཡོད་པ་ཡི་མི་རྣམས་ནི། །བག་ཡོད་པ་ལ་གནས་བཅས་ཏེ། །སྟོང་པ་ཉིད་ཀྱི་ཆོས་བསྟེན་ནས། །ཐམས་ཅད་མཁྱེན་དུ་ངེས་པར་འབྱུང་། །རྫོགས་སངས་རྒྱས་ཀྱིས་ཤཱཀྱ་ཡི། །བུ་ཡི་འགྲོ་བསྟན་འདི་ཐོས་ནས། །ལྷར་བཅས་འཇིག་རྟེན་དགར་ གྱུར་ཏེ། །བྱང་ཆུབ་ཕྱིར་ནི་ཡིད་ཀྱང་བཏང་། །ཤཱཀྱ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་ འདི་བྱང་ཆུབ་སེམས་དཔའ་མཐར་ཕྱིན་པ་རྣམས་ལ་བསྒྲག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཏིང་ངེ་འཛིན་འདི་ནི་གང་ཟག་མེད་པ་སྟེ། དེ་ལ་དེ་བཞིན་གཤེགས་པས་ཆོས་གང་ཡང་མ་དམིགས་སོ། །གང་མ་དམིགས་པ་དེ་ནི་མངོན་པར་རྫོགས་པར་སངས་མ་ རྒྱས་སོ། །གང་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་ནི་མ་བསྟན་པའོ། །གང་མ་བསྟན་པ་དེ་ནི་མ་ཤེས་པའོ། །གང་མ་ཤེས་པ་དེ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་སྟེ། དེ་ནི་དེ་བཞིན་གཤེགས་ པ་རྣམས་ཀྱི་ཆོས་ཀྱི་རྔ་ཆེན་པོ་ཡིན་གྱིས། ཅི་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་གཟུང་བ་དང་། བཀླག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བ་འདི་ཤཱ་རིའི་བུ་ཁྱོད་ལ་ཡོངས་སུ་གཏད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་ དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་བསྐལ་པ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་སྦྱད་པ་བས། ཤཱ་རིའི་བུ་གང་གིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་ འདི་ཐ་ན་ཐོས་པར་གྱུར་ཀྱང་དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་གང་གིས་བསྐལ་པ་བཅུའི་བར་དུ་མཉན་པ་བས་གང་གིས་སེམས་ཅན་གཅིག་ཅིག་ལ་འདི་བསྟན་ན་དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །གང་གིས་བསྐལ་ པ་བཅུའི་བར་དུ་མཉན་ཏེ་གཞན་ལ་བསྙད་པ་བས་གང་གིས་སེ་གོལ་གཏོགས་པ་ཙམ་དུ་འདི་བསྒོམས་ན་དེ་ཉིད་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་བས་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་རྣམས་ནན་ཏན་ཐམས་ ཅད་ཀྱིས་གདམས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་བསྒོམས་པས་ནི་མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པར་འགྱུར་ཏེ། ཤཱ་རིའི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་ ལུང་བསྟན་པའི་བྱང་ཆུབ་སེམས་དཔའི་ཚོགས་འདི་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ལ་རབ་ཏུ་གནས་པ་ཤ་སྟག་གོ །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་ པ་ཤཱ་རིའི་བུ་དང་། དགེ་སློང་དེ་དག་དང་། རྒྱལ་པོ་ཟས་གཙང་མ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་དེ་ཁོ་ན་ངེས་པར་བསྟན་པ་ཡབ་དང་སྲས་མཇལ་བ་ཞེས་བྱ་བའི་ལེའུ་སྟེ་ བཅུ་དྲུག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་། ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་བདུན་པ་སྟེ་གང་པོས་ཞུས་པ། བམ་པོ་དང་པོ། །རྒྱ་གར་སྐད་དུ། ཨཱརྱ་པཱུརྞྞ་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གང་པོས་ཞུས་པ་ཞེས་བྱ་བ་ཐེག་ པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་དགེ་སློང་གི་དགེ་འདུན་ཆེན་པོ་མང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་ མེད་ཚད་མེད་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཞུ་བ་ཅུང་ཟད་ཅིག་མཆིས་ན་དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ་རྗེས་སུ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་མའི་བུ་གང་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཡང་དག་པར་བསྟན་ ནས་ཁྱོད་ཀྱི་སེམས་རངས་པར་བྱའོ། །ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་ཡོན་ཏན་མཆོག་མངོན་པར་བསྒྲུབས་པ། གྲགས་པ་ཤིན་དུ་མཐོ་ཞིང་རྒྱང་རིང་བ། རྟག་པར་སེམས་ཅན་གྱི་བདེ་བ་ཡོངས་སུ་གཉེར་བར་བགྱིད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་ཞུ་བ་མཆིས་ལགས་སོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚིགས་སུ་བཅད་དེ་གསོལ་པ། ཡོན་ཏན་མཆོག་ནི་རབ་བསྒྲུབས་ནས། །གྲགས་པ་མཐོ་ཞིང་རྒྱང་རིང་དང་། །ཚུལ་ཁྲིམས་གཙང་ཞིང་ཆོས་མོས་པའི། །སྤྱོད་པ་གང་ ལགས་བདག་ཞུ་ལགས། །ཇི་ལྟར་སེམས་ནི་སྦྱོང་བར་བགྱིད། །ཇི་ལྟར་སྦྱིན་པ་རྒྱ་ཆེར་གཏང་། །ཇི་ལྟར་སེམས་ཅན་རབ་སྒྲོལ་ཅིང་། །དགའ་སེམས་རྟག་ཏུ་ལམ་སྒོམ་ལགས། །ཡང་བཅོམ་ལྡན་འདས་ལ་བྱམས་མའི་བུ་གང་པོས་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་སྐྱེས་བུ་དམ་ པ་དེ་དག་གི་སླད་དུ་དངོས་པོ་དེ་ལྟ་བུ་དག་ཞུ་བ་ལགས་ན་བྱང་ཆུབ་སེམས་དཔས། ཇི་ལྟར་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པས་ཡོངས་སུ་གཏུགས་པར་མི་འགྱུར་ལགས། ཇི་ལྟར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལ་ངེས་པའི་དོན་ཐོབ་ པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་ལགས། དེ་ནས་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །མང་ཐོས་རྒྱ་མཚོ་ལྟ་བུ་ཚོལ། །ཆོས་ལ་ངེས་པའི་དོན་ཐོབ་ནས། །བྱང་ཆུབ་ལམ་ནི་ལེགས་རྟོགས་འགྱུར། །ཇི་ལྟ་བུར་ན་ཚིག་གཅིག་ གིས། །ཚད་མེད་དོན་ནི་རབ་རྟོགས་ཏེ། །འདི་ལྟར་ཤེས་རབ་སྟོབས་དག་གིས། །ཆོས་རྣམས་ཐམས་ཅད་རྟོགས་འགྱུར་ལགས། །མང་ཐོས་མཐར་ཐུག་མ་མཆིས་པས། །རྒོལ་བ་མཆིས་ཀྱང་སེམས་མི་གཡོ། །སྙིང་བརྩེ་སླད་དུ་ཆོས་བསྟན་ནས། །སེམས་ཅན་ཐེ་ཚོམ་གཅོད་བགྱིད་ ལགས། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཡང་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་སའི་རྗེས་སུ་འབྲང་བའི་ཡེ་ཤེས་ཀྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་ལ་ཞུ་བ་གསོལ་བ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ལྡོག་པར་མི་འགྱུར་ལགས། དེ་ནས་ཡང་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་མི་ཁོམ་ཡོངས་སྤངས་ནས། །སངས་རྒྱས་མང་པོ་ཕྲད་གྱུར་ལགས། །སངས་རྒྱས་མང་པོ་མཐོང་ནས་ཀྱང་། །ཤིན་དུ་དང་བ་མྱུར་འཐོབ་ལགས། །བླ་མེད་ དང་བ་ཐོབ་གྱུར་ནས། །ཤིན་དུ་གཏང་དཀའ་གཏོང་བར་འགྱུར། །ཐམས་ཅད་ཡོངས་སུ་བཏང་ནས་ཀྱང་། །སྟོབས་ཀྱིས་ཐོགས་མེད་ལམ་སྤྱོད་ལགས། །ཇི་ལྟར་རབ་འབྱུང་མོས་གྱུར་ནས། །དབེན་གནས་སྟོང་པའི་ཡེ་ཤེས་སྒོམ། །ཇི་ལྟར་ཆོས་དང་འགལ་མི་བགྱིད། །དངོས་པོ་འདི་ ནི་བཀས་བཤད་གསོལ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཡང་གསོལ་པ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་རྣམས་མཁྱེན་པ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། རྫུ་འཕྲུལ་ཐམས་ཅད་ཀྱི་ཕ་རོལ་ཏུ་བྱོན་པ་དང་། ཁམས་གསུམ་ན་མཆོག་ཏུ་གྱུར་ པས་དཔེ་ཟླ་མ་མཆིས་པའི་ཡེ་ཤེས་ཆེན་པོ་གྱ་ནོམ་པ་བརྙེས་ནས་ཆོས་རྣམས་ལ་སྤྱོད་པ་ཐོགས་པ་མི་མངའ་བར་ཁོང་དུ་ཆུད་པས་ན་དེའི་སླད་དུ་དེང་བདག་དངོས་པོ་འདི་དག་ཞུ་བ་ལགས་སོ། །དེ་ནས་ཡང་ཚིགས་སུ་བཅད་དེ་གསོལ་པ། བཅོམ་ལྡན་ཡོན་ཏན་མཆོག་བཞུགས་པས། །རྫུ་ འཕྲུལ་ཕ་རོལ་རབ་ཏུ་བྱོན། །ཐོགས་པ་མི་མངའི་མཁྱེན་བརྙེས་པས། །དཔའ་བོ་ཁྱོད་ལ་བདག་ཞུ་ལགས། །ཆོས་རྣམས་ཐམས་ཅད་ལེགས་བསླབས་པས། །ཡོན་ཏན་མཐོ་ཞིང་མངོན་པར་འཕགས། མུན་བཅོམ་ཤེས་རབ་སྣང་བསྐྱེད་པས། །འཁོར་མང་ཐམས་ཅད་དགའ་བར་ མཛད། །དགྲ་ཟིན་བྱམས་སྡང་མི་མངའ་ཞིང་། །མྱ་ངན་མི་མངའ་སྐུ་མི་མངའ། །འཆི་བདག་ལས་ནི་རབ་རྒྱལ་ཞིང་། །བདུད་དཔུང་དག་ནི་ཕམ་པར་མཛད། །མཚོན་ཆ་ཐོགས་པ་མི་མངའ་བར། །དགྲ་རྣམས་ཐམས་ཅད་ཕམ་པར་མཛད། །རྟག་པར་བྱམས་པའི་ཐུགས་ལྡན་ཞིང་། །ཚུལ་ ཁྲིམས་རྣམ་དག་བརྟན་པར་གནས། །བཅོམ་ལྡན་གཡོ་སྒྱུ་མི་མངའ་ཞིང་། །ང་རྒྱལ་མི་མངའ་དྲེགས་མི་མངའ། །རྣམ་གྲོལ་རིག་པ་བརྙེས་པས་ན། །ཡོན་ཏན་ཀུན་གྱི་མཆོག་ཏུ་གྱུར། །ཇི་ལྟར་སྔོན་ནི་ལམ་སྤྱད་ནས། །མཁྱེན་པ་མཆོག་ནི་བརྙེས་པ་དང་། །ཇི་ལྟར་སྤྱད་ནས་སངས་རྒྱས་པ། ། བདག་ལ་དེང་ནི་བཀས་བཤད་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དངོས་པོ་དེ་ལྟ་བུ་དག་ཞུས་པ་དེ་ལེགས་སོ་ལེགས་སོ། །ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ ཁྱོད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་ནས་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཐམས་ཅད་མངོན་པར་བསྒྲུབ་པ་ཡང་དག་པར་བསྟན་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ངས་དེང་བྱང་ཆུབ་སེམས་དཔའ་རྣམས། །དང་པོ་བྱང་ ཆུབ་སེམས་བསྐྱེད་ནས། །རབ་ཏུ་བརྩོན་པའི་སྟོབས་དག་གིས། །བྱང་ཆུབ་ལམ་སྤྱད་བཤད་པར་བྱ། །བྱང་ཆུབ་སེམས་དཔས་སྤྱད་པ་ཡི། །ལྷག་པའི་བསམ་པ་སྣ་ཚོགས་ཀྱིས། །སངས་རྒྱས་ལུང་ནི་བསྟན་གྱུར་པ། །དངོས་པོ་དེ་དག་མདོར་བསྟན་ཏོ། །ལྷག་པའི་བསམ་པས་ ཆོས་མོས་སེམས། །ཚད་མེད་མཐའ་ཡང་ཡོད་མ་ཡིན། །སྤྱོད་པ་སྣ་ཚོགས་སྟོན་བྱེད་པ། །དངོས་པ་གཅིག་གིས་འགྲུབ་མི་འགྱུར། །དགའ་སེམས་ནང་ནི་རབ་རྒྱས་པས། །སྦྱིན་པ་དག་ནི་གཏོང་བར་བྱེད། །སྦྱིན་པ་གཏོང་ཡང་འགྱོད་མེད་པས། །དེ་ཡི་སེམས་ ནི་དགའ་བར་འགྱུར། །བྱང་ཆུབ་སེམས་དཔའ་འདི་སྙམ་དུ། །སེམས་ཅན་རྟག་ཏུ་རྒུད་པས་ན། །མང་དུ་ཐོས་པའི་ནོར་མི་ལྡན། །བདག་གིས་བཙལ་བྱ་སྙམ་དུ་སེམས། །སེམས་ཅན་རྟག་ཏུ་རྒུད་པ་ཡང་། །ལེ་ལོའི་དབང་ལས་གྱུར་པས་ན། །བདག་གིས་བརྩོན་འགྲུས་རབ་བསྐྱེད་དེ། ། བྱང་ཆུབ་ཐོབ་བྱ་སྙམ་དུ་སེམས། །བདག་གིས་སེམས་ཅན་ཆེད་དུ་ནི། །ཡིད་བཞིན་བཟོད་པ་རབ་བསྐྱེད་དེ། །ཚིག་ངན་སྨ་འབེབས་བརྡེགས་གྱུར་ཀྱང་། །ལན་ཡང་མི་སྨྲ་སྙམ་དུ་སེམས། །བདག་ལ་སྨྲ་འབེབས་སུ་ཞིག་ཡིན། །སྨ་འབེབས་དམིགས་པར་མི་འགྱུར་བས། །སྨྲ་ འབེབས་ཁོང་ཁྲོ་བྱེད་པ་ཡི། །དངོས་པོ་ཐམས་ཅད་སྟོང་སྙམ་སེམས། །དེ་ལྟར་ཡིད་ལ་སེམས་པས་ན། །སེམས་ལ་ཁོང་ཁྲོ་འཁོན་འཛིན་མེད། །རྟག་ཏུ་བཟོད་པ་བསྒོམས་པས་ན། །དེས་ན་མངོན་པར་འཚང་ཡང་རྒྱ། །སེམས་ཅན་དགེ་སེམས་མེད་པ་ལ། །འཇིག་རྟེན་སྒྲོན་མ་བྱས་ནས་ནི། ། མགོན་དང་སྐྱབས་ནི་བྱེད་པས་ན། །ནོར་མེད་ནོར་དང་ལྡན་པར་བྱེད། །སེམས་ཅན་ལམ་ལོག་སྤྱོད་པ་ནི། །དེ་དག་སྙིང་བརྩེའི་གནས་ཡིན་པས། །བདག་གིས་ཡོངས་སུ་བཟླས་ནས་ནི། །མྱ་ངན་འདས་ལ་གཞག་སྙམ་སེམས། །སེམས་ཅན་ཐམས་ཅད་རྒུད་པས་ན། །ཤེས་རབ་ནོར་དང་ ཡང་མི་ལྡན། །བདག་གིས་ཐམས་ཅད་མཁྱེན་ཐོབ་ནས། །དེ་དག་ཚིམ་པར་བྱ་སྙམ་སེམས། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས། །སེམས་ཅན་ཡོངས་སུ་བཟླ་བའི་ཕྱིར། །སེམས་བསྐྱེད་བྱང་ཆུབ་ཚོལ་བ་ན། །དེ་འདྲའི་སྨོན་ལམ་འདེབས་པར་བྱེད། །བཅོམ་ལྡན་འདས་ཀྱིས་ཚེ་ དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྒྱུ་རྐྱེན་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་ལ་ཆོས་སྟོན་པར་བྱེད་ཀྱང་ཆོས་འགའ་ཙམ་ལ་ཡང་གནས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ ཐམས་ཅད་ལ་ཡང་དག་པར་བསླབས་ནས་དེའི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་སོ། །བྱང་ཆུབ་སེམས་དཔའ་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་རྣམ་པ་བཞི་དང་ལྡན་པས་ཆོས་གཞན་གང་ཡང་དངོས་པོ་འདི་ལས་ལྷག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཞི་ གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་རྩོམ་པར་བྱེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་དང་པོ་ཞེས་བྱའོ། །ཁོང་ཁྲོའི་སེམས་ཅན་ནན་པོ་ཆེ་དག་གི་ནང་ན་བཟོད་པ་སྒོམ་པར་བྱེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ དངོས་པོ་གཉིས་པ་ཞེས་བྱའོ། །སེམས་ཅན་ལམ་ལོག་པ་ལ་སྤྱོད་པ་དག་མཐོང་ནས་བདག་ཉིད་ཡང་དག་པའི་ལམ་ལ་བརྩོན་པར་བྱེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་གསུམ་པ་ཞེས་བྱའོ། །སེམས་ཅན་འཁོར་བ་ལས་ཡོངས་སུ་བཟླ་བའི་ཕྱིར་ལྷག་པའི་བསམ་ པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་བཞི་པ་ཞེས་བྱའོ། །གང་པོ་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་མཆོག་ཅེས་ བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། སེམས་ཅན་ལེ་ལོ་ཅན་མཐོང་ན། །བརྩོན་འགྲུས་སེམས་ནི་སྐྱེད་བྱེད་པས། །བདག་གིས་དེ་ལ་ཆོས་མིན་པའི། །དངོས་པོ་བསྟན་སྙམ་ཡོང་མི་སེམས། །ཁོང་ཁྲོ་སྟོན་པར་མི་བྱེད་དེ། །ཁོང་ཁྲོ་སངས་ རྒྱས་ལམ་མིན་ཞེས། །རྟག་ཏུ་བྱམས་སེམས་སྒོམ་པས་ན། །བྱང་ཆུབ་དེ་ལས་སྐྱེ་བར་འགྱུར། །སེམས་ཅན་ལམ་ལོག་མོས་པས་ན། །ལོག་པའི་ལམ་ལ་གནས་པར་བྱེད། །བྱང་ཆུབ་སེམས་དཔའ་ཡང་དག་ལམ། །བཙལ་ནས་སེམས་ཅན་འགོད་པར་བྱེད། །འཁོར་བའི་ཉེས་ དམིགས་མཐོང་བས་ན། །རྩེ་གཅིག་སངས་རྒྱས་ཡེ་ཤེས་ཚོལ། །བླ་མེད་གཏེར་ནི་ཐོབ་གྱུར་ནས། །སེམས་ཅན་བཟླ་བྱ་སྙམ་དུ་སེམས། །རྨད་བྱུང་དངོས་པོ་འདི་དག་ལས། །ལྷག་པའི་གཞན་ནི་སུ་ཡང་མེད། །དེ་ལྟ་བས་ན་ཐོགས་མེད་ཆོས། །འཐོབ་པར་འགྱུར་བར་རིག་པར་བྱ། ། ལུས་ཀྱི་གོས་ནི་ཚིག་པ་དང་། །མགོ་ཐོད་མེ་ནི་འབར་བ་བཞིན། །ལེ་ལོའི་སེམས་ནི་སྐྱེས་གྱུར་ན། །མྱུར་བ་ཉིད་དུ་སེལ་བར་བྱེད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་དགའ་བའི་སེམས་སྐྱེ་བར་འགྱུར་ རོ། །བཞི་གང་ཞེ་ན། སེམས་ཅན་རྣམས་ནི་འཁོར་བ་ན་གནས་ཤིང་བརྩོན་འགྲུས་མི་རྩོམ་པར་མཐོང་ལ་བདག་ཉིད་ནི་སངས་རྒྱས་ཀྱི་ལམ་ལ་གནས་ནས་བརྩོན་འགྲུས་རྩོམ་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང་། སེམས་ཅན་རྣམས་ནི་རྟག་པར་ལེ་ལོ་ཅན་དུ་གྱུར་ བར་མཐོང་ལ་བདག་ཉིད་ནི་སངས་རྒྱས་ཀྱི་བསྟན་པ་ལ་གནས་ནས་བརྩོན་འགྲུས་རྩོམ་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང་། སེམས་ཅན་རྣམས་ནི་ཁོང་ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། ཕྲག་དོག་ཅན་དུ་གྱུར་པར་མཐོང་ལ་བདག་ཉིད་ནི་ཁོང་ཁྲོ་བ་དང་། འཁོན་ དུ་འཛིན་པ་དང་། ཕྲག་དོག་མེད་ཅིང་རྟག་པར་བྱམས་པའི་སེམས་དང་ལྡན་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབ་པར་བརྩོན་པར་གཞན་སུ་ཡང་བདག་དང་མཚུངས་པ་མེད་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་གང་ཡིན་ པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། སེམས་ཅན་ལེ་ལོ་ཅན་མཐོང་ན། །བདག་ཉིད་བརྩོན་འགྲུས་རྩོམ་བྱེད་པས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །བདག་ཉིད་དགའ་སེམས་འཐོབ་པར་འགྱུར། །འཁོར་བའི་ཉེས་དམིགས་མཐོང་བས་ ན། །སྐྱོ་བའི་སེམས་ནི་རབ་ཏུ་སྐྱེ། །ཁམས་གསུམ་བཙོན་རར་འཇིགས་པས་ན། །བརྩོན་པའི་སེམས་ཀྱིས་སྤོང་བར་བྱེད། །སེམས་ཅན་ཁོང་ཁྲོ་འཁོན་འཛིན་དགའ། །བདག་ཉིད་བྱམས་སེམས་གནས་པས་ན། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །དགའ་བདེ་སེམས་ནི་སྐྱེ་ བར་འགྱུར། །སེམས་ཅན་རྣམས་ཀྱིས་གང་བྱས་པ། །དེ་དག་ཐམས་ཅད་མི་བྱ་བར། །དེ་ཕྱིར་བདག་གིས་བླ་མེད་པའི། །སངས་རྒྱས་ལམ་ནི་བཙལ་སྙམ་སེམས། །སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི། །ཡང་དག་ཡེ་ཤེས་གང་ཡིན་པ། །བདག་གིས་ཡེ་ཤེས་དེ་བསླབས་ནས། ། སེམས་ཅན་ཀུན་གྱི་སྐྱབས་བྱ་སེམས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །རྟག་ཏུ་དགའ་སེམས་སྐྱེ་བས་ན། །འདུས་བྱས་མི་བདེན་དག་ལས་ནི། །ཡང་དག་ཆོས་ནི་སྐྱེ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མི་ ཁོམ་པ་རྣམས་དང་བྲལ་ཏེ། དལ་བ་ཕུན་སུམ་ཚོགས་པ་ཐོབ་ནས་སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབས་པ་ཆུད་ཟ་བར་མི་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་དམན་ཞིང་ཤིན་དུ་མཉེན་པས་ན་སེམས་ཅན་དག་མཐོང་བར་གྱུར་པའི་ཚེ་རྟག་པར་བདེ་བར་འོངས་ སམ་ཞེས་མདངས་དང་ལྡན་པས་གསོང་པོར་སྨྲ་ཞིང་ཕན་ཚུན་ཚིག་སྦྱིན་པར་བྱེད་པས་རྟག་པར་འཛུམ་པ་དང་ལྡན་པ་ཡིན། སེམས་རྩེ་གཅིག་ཏུ་ཆོས་གཉེར་ཞིང་རྟག་པར་འདྲི་རྟོག་ལ་རབ་ཏུ་མོས་པས་ན་དགེ་བའི་དོན་ཚོལ་ཞིང་བརྩོན་པ་ལ་ཆོག་ཤེས་པ་མེད་པ་ཡིན། དབེན་པའི་གནས་ལ་ མོས་ཤིང་གཅིག་པུ་འདུག་པ་ལ་དགའ་བ་ཡིན། བདག་ཉིད་བྱང་ཆུབ་ཀྱི་ལམ་ལ་གནས་ཤིང་སེམས་ཅན་གཞན་ཡང་བྱང་ཆུབ་ཀྱི་ལམ་ལ་གནས་པར་འཛུད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་པར་གྱུར་ན་མི་ཁོམ་པ་རྣམས་དང་བྲལ་ཏེ། དལ་བ་ཕུན་སུམ་ ཚོགས་པ་ཐོབ་ནས་སངས་རྒྱས་ཀྱི་མངོན་པར་བསྒྲུབས་པ་ཆུད་ཟ་བར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། མཉེན་པའི་སེམས་དང་རབ་ལྡན་ཞིང་། །རྟག་པར་བྱམས་སེམས་སྒོམ་པས་ན། །སེམས་ཅན་དག་དང་སྨྲ་བའི་ཚེ། ། སེམས་དམན་གསོང་པོར་སྨྲ་བར་བྱེད། །རྟག་ཏུ་སངས་རྒྱས་བསྔགས་པ་ཡི། །ཟབ་མོ་གྱ་ནོམ་ཆོས་ཀྱང་ཚོལ། །རྟག་པར་ཚུལ་ཁྲིམས་གཙང་སྲུང་ཞིང་། །སྦྱངས་པའི་སྤྱོད་ལ་མོས་པ་ཡིན། །སྦྱངས་པའི་ཆོས་ལ་རབ་གནས་ཀྱང་། །ཤེས་རབ་ཟབ་མོས་སྤྱོད་པས་ན། །དེ་ ཕྱིར་བྱང་ཆུབ་སེམས་དཔའ་དེ། །མི་ཁོམ་རབ་སྤངས་དལ་དང་ལྡན། །རྟག་ཏུ་སངས་རྒྱས་རྣམས་ལ་ནི། །ཆོས་ཟབ་རྣམས་ནི་ཞུ་བྱེད་པས། །དེ་ཕྱིར་ཤེས་རབ་འཕེལ་གྱུར་ནས། །མི་ཁོམ་གནས་སུ་སྐྱེ་མི་འགྱུར། །རྟག་པར་དགོན་པར་གནས་མོས་ཤིང་། །རྣམ་དག་སྦྱངས་པ་ སྤྱོད་པས་ན། །དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། །མི་ཁོམ་རབ་སྤངས་ཁོམ་དང་ལྡན། །བློ་ལྡན་མཁས་པ་གང་དག་གིས། །ཆོས་འདི་བཞི་ལ་སྟེན་བྱེད་ན། །མི་ཁོམ་ཐམས་ཅད་རབ་སྤངས་ནས། །སངས་རྒྱས་མང་པོ་མཐོང་བར་འགྱུར། །སངས་རྒྱས་ མང་པོ་མཐོང་ནས་ཀྱང་། །མི་འཇིགས་དད་དང་ལྡན་པས་ན། །བརྩོན་འགྲུས་མཆོག་ནི་རབ་བསྐྱེད་ནས། །སངས་རྒྱས་ཡེ་ཤེས་ཚོལ་བར་འགྱུར། །དེ་ཕྱིར་ཡེ་ཤེས་གཉེར་བ་དག །ཡང་དག་ཆོས་ནི་བསླབ་པར་བྱ། །ཡང་དག་ཆོས་ནི་བསླབས་གྱུར་ནས། །བྱང་ཆུབ་ལམ་ནི་ འཐོབ་མི་དཀའ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་སྟེ་དང་པོའོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས་ཡོངས་སུ་གཏུགས་པར་མི་ འགྱུར་ཞིང་རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཆོས་ཡོངས་སུ་ཚོལ་བར་བྱེད་པས་གསུང་རབ་ཡན་ལག་བཅུ་གཉིས་ པོ་འདི་ལྟ་སྟེ། མདོའི་སྣེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་དུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ ཀྱི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་རྣམས་ཡོངས་སུ་ཚོལ་བར་བྱེད་དེ། ཡོངས་སུ་བཙལ་ནས་ཀྱང་ཀློག་ཅིང་ཁ་ཏོན་དུ་འདོན་པར་བྱེད། ཀློག་ཅིང་ཁ་ཏོན་དུ་བཏོན་ནས་ཀྱང་ཡང་དག་པར་རྗེས་སུ་དྲན་པར་བྱེད། ཡང་དག་པར་རྗེས་སུ་དྲན་པར་བྱས་ ནས་ཀྱང་ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་སྒྲུབ་པར་བྱེད་དེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་གནས་པ་མེད་པས་བསམ་གཏན་དང་། ཏིང་ངེ་འཛིན་ལ་མཉམ་པར་བཞག་ཀྱང་གནས་པར་བྱ་བ་མེད་དོ། །གནས་པ་མེད་ པའི་ཕྱིར་ཆོས་རྣམས་ལས་གནས་པ་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་རོ། །གནས་པ་མེད་པའི་ཡེ་ཤེས་ཐོབ་པས་ཆོས་རྣམས་ལ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་འདོད་ཆགས་ཤིང་ཐོགས་པར་བྱ་བའི་ཆོས་གང་ཡང་མེད་པའི་ ཕྱིར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་ པར་ཁོང་དུ་ཆུད་པར་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་ཆོས་ཡོངས་སུ་གཉེར་བའི་རྒྱུ་དང་རྐྱེན་གྱིས་སངས་རྒྱས་རྗེས་སུ་དྲན་ཞིང་སངས་རྒྱས་ཀྱི་ཆོས་རྗེས་སུ་དྲན་པར་བྱེད་དོ། །དེས་ཆོས་ཀྱི་རྒྱུ་དང་རྐྱེན་གྱིས་སངས་རྒྱས་རྗེས་སུ་དྲན་ཞིང་སངས་རྒྱས་ཀྱི་ཆོས་རྗེས་ སུ་དྲན་པར་གྱུར་པ་ན་འདོད་ཆགས་པར་བྱ་བའི་ཆོས་འགའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་འདོད་ཆགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ལ་སེམས་ཀྱིས་མངོན་པར་ཞེན་པ་མེད་དོ། །དེས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་དྲིས་པ་རྣམས་ཀྱི་རྗེས་སུ་ ལན་འདེབས་པ་ལ་ཐོགས་པ་མེད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུ་བསགས་པ་ཡིན་པས་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ ལས་ངེས་པའི་དོན་ཐོབ་པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་དམིགས་པ་མེད་པའི་བྱམས་པ་ཕུན་སུམ་ཚོགས་པར་གྱུར་པས་སྤྱོད་པ་དག་ལ་ཐོགས་པ་མེད་དེ། དམིགས་པ་མེད་པའི་བྱམས་པ་ནི་དངོས་པོ་རྣམས་མི་ ལེན་པ་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་གང་མཚན་མ་འདི་ལ་གནས་པར་གྱུར་ན་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེད་པར་བྱེད་ལ། གང་མཚན་མ་དེ་ལ་གནས་པར་གྱུར་ན་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེད་པར་བྱེད་ པས་སོ། །དངོས་པོའི་མཚན་མའམ། རྫས་ཀྱི་མཚན་མའམ། ཕུང་པོའི་མཚན་མའམ། སྐྱེ་མཆེད་ཀྱི་མཚན་མའམ། ཁམས་ཀྱི་མཚན་མའམ། ཆོས་ཀྱི་མཚན་མའམ། ཆོས་མ་ཡིན་པའི་མཚན་མ་ལ་གནས་པར་གྱུར་ན་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེད་ པར་བྱེད་པས་དེའི་ཕྱིར་གང་པོ་ཇི་ཙམ་དུ་ལེན་པའི་མཚན་མ་དང་བཅས་པ་དེ་དག་ཐམས་ཅད་ནི་ལོག་པའི་ལྟ་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་མཚན་མ་དེ་དག་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཆེད་དུ་བྱམས་པའི་སེམས་སྒོམ་པར་བྱེད་པས་སེམས་ཅན་འཇིག་པའི་ཕྱིར་དང་། མཚན་མ་འཇིག་པའི་ཕྱིར་དངོས་པོ་ཡང་འཇིག་པ་ཉིད་དོ། །དངོས་པོ་འཇིག་པའི་ཕྱིར་ལྟ་བ་ཡང་འཇིག་པ་ཉིད་དོ་ཞེས་བྱང་ཆུབ་སེམས་དཔའ་དེའི་ཚེ་ཆོས་ཐམས་ཅད་རྣམ་པར་བཤིག་ནས་བྱམས་པ་སྒོམ་པར་བྱེད་དེ། དེ་ལྟ་བུའི་བྱམས་པ་གང་ཡིན་པ་འདི་ནི་དམིགས་པ་མེད་པའི་བྱམས་པ་ཞེས་ བྱའོ། །དེ་ལྟ་བུའི་དམིགས་པ་མེད་པའི་བྱམས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་བྱམས་པ་ཞེས་བྱའོ། །དེ་ལྟ་བུའི་ཆོས་ཀྱི་བྱམས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བྱམས་པ་ཞེས་བྱའོ། །གང་པོ་སངས་རྒྱས་ཀྱི་བྱམས་པ་གང་ཞེ་ན། མངོན་པར་འདུ་བྱེད་པ་མེད་ཅིང་འཇིག་པ་མེད་པ་གང་ཡིན་པ་དེ་ནི་སངས་ རྒྱས་ཀྱི་བྱམས་པ་ཞེས་བྱའོ། །གཞན་ཡང་གང་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་རབ་ཏུ་རྟོགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བྱམས་པ་ཞེས་བྱའོ། །གང་པོས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བགྱིས་ན་ཡང་དག་པ་ཇི་ལྟ་བ་བཞིན་ཆོས་ཐམས་ཅད་རབ་ཏུ་རྟོགས་ པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་རབ་ཏུ་རྟོགས་པ་ཞེས་བྱ་བ་འདི་ནི་ཆོས་སོ་ཞེའམ། འདི་ནི་ཆོས་མ་ཡིན་ནོ་ཞེས་སེམས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་གལ་ཏེ་ཆོས་ཡོད་དོ་ཞེས་ཟེར་ན་དེ་ནི་ཆོས་མ་ཡིན་པ་ཡིན་པས་གལ་ཏེ་ཆོས་མེད་ པར་གྱུར་ན་ཆོས་མ་ཡིན་པ་ཡང་མེད་པར་འགྱུར་བས་དེ་ལ་སྤྲོས་པ་ཅི་ཡང་མེད་པས་སོ། །སྤྲོས་པ་མེད་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། ཁྱོད་ཀྱིས་དེ་ལྟར་རབ་ཏུ་བརྟགས་ནས་དེ་ཤིན་དུ་ཐག་རིང་བ་ཞིག་ཡིན་ནམ། འོན་ཏེ་ཤིན་ཏུ་ཉེ་བ་ཞིག་ཡིན། གང་པོས་གསོལ་པ། དེ་ནི་ཐག་རིང་བ་ཡང་མ་ལགས་ལ། ཐག་ཉེ་བ་ཡང་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལྟ་བུའི་དོན་དེ་ལ་ནི་ཕྱོགས་ཀྱང་མ་མཆིས། གནས་ཀྱང་མ་མཆིས། ནང་ཞེས་བགྱི་བ་ཡང་མ་མཆིས། ཕྱི་ཞེས་བགྱི་བ་ཡང་མ་མཆིས་པས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དེ་བཞིན་དུ་གང་པོ་ཁྱོད་ཀྱིས་ཆོས་རྣམས་གྲངས་སུ་བགྲང་བར་བྱའོ། །བཅོམ་ལྡན་འདས་ཆོས་ཇི་ལྟ་བུ་ཞིག་ལ་གྲངས་སུ་བགྲང་བར་བགྱི་ལགས། གང་པོ་ཇི་ཙམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་པར་ཞེན་པར་བྱ་བའི་ཆོས་དེ་དག་ནི་དེ་བཞིན་གཤེགས་པས་དམིགས་ པར་མི་མཛད། སྒྲུབ་པར་མི་མཛད། མངོན་དུ་མི་མཛད་དོ། །ཞེས་དེ་ལྟ་བུའི་ཆོས་མི་རྟོགས་པ་གང་ཡིན་པ་དེ་ནི་གྲངས་སུ་བགྲང་བ་ཞེས་བྱའོ། །གང་པོ་ཆོས་རྣམས་ཀྱི་གྲངས་དེ་དག་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་མ་ཡིན་པའི་ཕྱིར། གང་པོ་དེང་ཁྱོད་ལ་འདི་ལྟར་རབ་ཏུ་དབེན་པའི་ ཆོས་མཆོག་དམ་པ་སངས་རྒྱས་ཀྱི་ལམ་ཡོངས་སུ་སྡུད་པར་གྱུར་པ་བཤད་པར་བྱའོ། །གང་པོ་མ་འོངས་པའི་དུས་ན་འཇིག་རྟེན་པའི་རྙེད་པ་ལ་གདུ་བ་དག་གལ་ཏེ་མདོ་སྡེ་འདི་ཐོས་པར་གྱུར་ན་མཉན་པ་དང་། ལེན་པར་མོས་པར་མི་འགྱུར་རོ། །གང་པོ་ངས་བྱང་ཆུབ་ཅེས་བརྗོད་པའི་ ཚིག་འདི་ཁྱེད་ཀྱིས་སྒྲ་དང་ཚིག་ཙམ་དུ་ཕྱོགས་ཅུང་ཟད་ཅིག་རྟོགས་པར་གྱུར་པར་ཟད་ཀྱི་དེའི་དོན་གྱི་ཚུལ་ནི་ཁྱེད་ཀྱིས་ཤེས་པར་མི་ནུས་སོ། །དོན་འདི་ནི་ཤིན་དུ་ཟབ་པས་ཚིག་གིས་བརྗོད་པར་བྱ་བ་མ་ཡིན་གྱི། མཁས་པ་དག་གིས་རང་གིས་རིག་པར་བྱ་བ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་གིས་དོན་ནི་མི་རྟོགས་པ། །སངས་རྒྱས་ཆོས་ལ་མྱ་ངན་སྐྱེ། །གལ་ཏེ་དོན་ནི་རིག་གྱུར་ན། །སངས་རྒྱས་དེ་ལ་སྟོན་པར་མཛད། །སངས་རྒྱས་སྟོན་པར་གང་སེམས་པ། །དེ་ནི་མྱ་ངན་འདས་གཉེར་བས། །འཐབ་རྩོད་སེམས་ནི་མེད་པར་ཡང་། ། ཡང་དག་ཆོས་ནི་སེམས་པར་བྱེད། །འདི་ལ་ཆོས་སྐྱེ་ཡོད་པ་མིན། །འགག་པའི་ཆོས་ཀྱང་ཡོད་མིན་ཏེ། །སྐྱེ་དང་འགག་པ་མེད་གྱུར་པ། །དེ་ནི་ཆོས་རྣམས་ཡང་དག་མཚན། །ཆོས་གང་སྐྱེ་བ་མེད་པ་ལ། །བྱེད་དང་འབྱུང་བའང་ཡོད་མི་འགྱུར། །ཡིན་དང་མ་ ཡིན་ཐ་དད་གཅིག །ཆོས་འདི་ལ་ནི་དེ་དག་མེད། །དེ་ནི་མྱ་ངན་འདས་ཡིན་ཏེ། །དེ་ན་འགག་པར་བྱ་བ་མེད། །ཐག་ནི་ཉེ་རིང་གང་ཟེར་བ། །དེ་དག་གཉི་ག་སྟོང་པ་ཡིན། །གང་ཞིག་སྟོང་པར་རྟོགས་གྱུར་པ། །དེ་ནི་མྱ་ངན་འདས་ཤེས་ཡིན། །མྱ་ངན་འདས་པ་གང་ཤེས་པ། ། ང་ཡི་སློབ་མ་ཞེས་བྱའོ། །གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་འདི་དང་ལྡན་པར་གྱུར་ན་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས་ཡོངས་སུ་གཏུགས་པར་མི་འགྱུར་ཞིང་རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལ་ངེས་པའི་དོན་ཐོབ་ པས་ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། རྟག་ཏུ་མང་ཐོས་གཉེར་འདོད་པ། །སངས་རྒྱས་རྣམས་ནི་བསྔགས་འགྱུར་ཞིང་། །ཡང་དག་ངེས་དོན་ཐོབ་འགྱུར་བས། །དེ་ཕྱིར་རྒྱ་མཚོ་ལྟ་ བུར་འགྱུར། །ཡི་གེ་འབྲུ་ནི་གཅིག་པུ་དང་། །ཚིག་གི་དོན་ནི་གཅིག་ཙམ་ཡང་། །བསྐལ་པ་བྱེ་བ་བརྒྱ་སྟོང་དུ། །བརྗོད་ཀྱང་ཟད་པར་མི་འགྱུར་རོ། །དེ་ཕྱིར་ཡང་དག་ཆོས་གཉེར་བྱ། །གཉེར་ནས་ཚུལ་བཞིན་བསམ་བྱ་ཡི། །ཆོས་ཀྱི་མཚན་ཉིད་མི་བླང་ཞིང་། །སངས་ རྒྱས་བསྔགས་ལ་ཞེན་མི་བྱ། །དེ་བཞིན་གཤེགས་པ་རྗེས་དྲན་ཞིང་། །ཡང་དག་ཆོས་ནི་དྲན་པར་བྱ། །འདོད་ཆགས་རྩོད་མེད་སེམས་ཀྱིས་ནི། །འདྲེན་པ་ཡོངས་སུ་གཉེར་བར་བྱ། །རྟག་པར་སེམས་ཅན་རྣམས་ལ་ནི། །བྱམས་པའི་སེམས་ནི་བསྒོམ་པར་བྱ། །སེམས་ཅན་ ལ་ནི་ཞེན་མེད་པར། །ཆོས་རྣམས་ཐམས་ཅད་ཞི་བར་བྱ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་གྱིས། །འདི་འདྲའི་ཆོས་ནི་སྒྲུབ་བྱེད་ན། །མྱུར་དུ་གཟུངས་ནི་འཐོབ་འགྱུར་བས། །མང་དུ་ཐོས་པ་དེ་ལས་སྐྱེ། །ཇི་ལྟར་ནམ་མཁའི་ངོ་བོ་ཉིད། །འཕེལ་ཞིང་འགྲིབ་པ་མེད་པ་ལྟར། ། ཆོས་ཉིད་ཀྱང་ནི་དེ་བཞིན་ཏེ། །འཕེལ་བ་མེད་ཅིང་འགྲིབ་པ་མེད། །ངས་ནི་ཤེས་རབ་སྟོབས་དག་གིས། །བསྐལ་པ་ཚད་མེད་གྲངས་མེད་དུ། །ཆོས་རྣམས་ཡོངས་སུ་བཤད་གྱུར་ཀྱང་། །འོན་ཀྱང་བཤད་པ་ཞེས་མི་བརྗོད། །སེམས་ཅན་ཉིད་ནི་ཇི་སྙེད་པ། །ཐམས་ཅད་མི་ལུས་ཐོབ་ གྱུར་ཏེ། །ཀུན་ཀྱང་རབ་ཏུ་བྱུང་ནས་ནི། །མང་ཐོས་ཀུན་དགའ་བཞིན་གྱུར་ཀྱང་། །གཟུངས་ཐོབ་བྱང་ཆུབ་སེམས་དཔའ་ཡིས། །སེམས་ཅན་དེ་དག་ཐམས་ཅད་ལ། །བསྐལ་པ་བྱེ་བར་ཆོས་བཤད་ཀྱང་། །དེ་ཡི་ཤེས་རབ་གཏུགས་མི་འགྱུར། །སངས་རྒྱས་མཁྱེན་པ་མཚུངས་མེད་ པས། །ནམ་མཁའ་འདྲ་བར་ཚད་ཀྱང་མེད། །ནམ་མཁའ་སྐྱེ་འབྱུང་མེད་པ་ལྟར། །མཁྱེན་པ་ཡང་ནི་དེ་བཞིན་ནོ། །ཀླུ་ཡིས་ཆུ་ནི་མ་བླངས་པར། །ཆར་ཆེན་དག་ནི་འབེབས་བྱེད་པ། །ཆུ་དེ་ལ་ནི་གནས་མེད་ཀྱང་། །ཆར་འབབས་པ་ལ་མཐར་ཐུག་མེད། །བྱང་ཆུབ་སེམས་དཔའ་ འང་དེ་བཞིན་དུ། །གཟུངས་འདི་ཐོབ་པར་གྱུར་པ་ན། །ཆོས་རྣམས་ལ་ནི་གནས་མེད་ཀྱང་། །རྐྱེན་དེ་བཤད་ན་ཟད་མི་འགྱུར། །དེ་ཕྱིར་མང་ཐོས་བཙལ་བར་བྱ། །བཙལ་ནས་ཚུལ་བཞིན་བསམ་བྱ་སྟེ། །ཆོས་དམིགས་སངས་རྒྱས་རྗེས་དྲན་ན། །མང་དུ་ཐོས་པ་དེ་ལས་སྐྱེ། །བྱམས་ པས་སེམས་ཅན་ཀུན་ཁྱབ་སྟེ། །སེམས་ཅན་མཚན་མ་ཞི་བྱེད་ཅིང་། །ཆོས་ཀྱི་མཚན་མའང་ཞི་བྱེད་ན། །མང་དུ་ཐོས་པ་དེ་ལས་སྐྱེ། །མང་དུ་ཐོས་པའི་ལེའུ་སྟེ་གཉིས་པའོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་ དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་ན་དོན་གྱི་ཚུལ་རབ་ཏུ་སེམས་པར་བྱེད་ཀྱི་འདི་མ་ཡིན་ནོ་ཞེས་སྨྲ་བར་མི་བྱེད་དེ། བྱང་ཆུབ་སེམས་དཔའ་གང་ ཆོས་དང་པོ་འདི་དང་ལྡན་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བདག་གི་ཡིད་དང་མི་འགལ་བའི། །མ་ཐོས་ཆོས་ནི་ཐོས་གྱུར་ན། །དོན་གྱི་ཚུལ་ནི་སེམས་བྱེད་ཀྱི། ། ཆོས་མིན་ཞེས་ནི་སྨྲ་མི་བྱེད། །གལ་ཏེ་སྟོང་པའི་ཆོས་ཐོས་ན། །རྟག་ཏུ་དོན་ཚུལ་ཚོལ་བྱེད་པས། །དེ་ཕྱིར་ཤེས་རབ་འཕེལ་འགྱུར་ཞིང་། །བྱང་ཆུབ་ལམ་ནི་དེ་ནས་སྐྱེ། མ་ཐོས་ཆོས་ནི་ཐོས་གྱུར་ན། །དོན་གྱི་ཚུལ་ནི་ཚོལ་བྱེད་པས། །བྱང་ཆུབ་ལས་ནི་མི་ལྡོག་ཅིང་། ། ཤེས་རབ་དག་ནི་འཕེལ་བར་འགྱུར། །མ་ཐོས་ཆོས་ནི་ཐོས་གྱུར་ན། །ང་རྒྱལ་ངན་པའི་སེམས་མི་འབྲང་། །གཡོ་སྒྱུ་དག་ཀྱང་སྐྱེད་མི་བྱེད། །གཡོ་སྐྱེད་པ་ནི་བྱང་ཆུབ་མིན། །མ་ཐོས་ཆོས་ནི་ཐོས་གྱུར་ན། །དེ་ཡི་དོན་ནི་ཚོལ་བྱེད་པས། །སྔོན་ཆད་ཐོས་པར་མ་གྱུར་ཀྱང་། །རྩེ་གཅིག་ཏུ་ནི་སེམས་ པར་བྱེད། །གང་ཟག་དེས་ནི་ཆོས་ཐོས་ཚེ། །ཡང་དག་ཆོས་ནི་ཐོས་འགྱུར་ཞིང་། །རྟག་པར་སངས་རྒྱས་མང་མཐོང་བས། །བྱང་ཆུབ་ལས་ནི་ལྡོག་མི་འགྱུར། །སངས་རྒྱས་མང་པོ་མཐོང་ནས་ཀྱང་། །ཚུལ་བཞིན་ཞུ་བ་ཞུ་བྱེད་པས། །ཉན་ཐོས་དག་གིས་ཐོས་ན་ཡང་། །ཐམས་ཅད་རབ་ཏུ་ དགའ་བར་འགྱུར། །འདི་ནི་ངོ་མཚར་རྨད་ལྡན་པས། །འདི་འདྲའི་ཞུ་བ་ཞུ་བར་བྱེད། །བདག་ཅག་བསམ་པའང་ཡོད་མིན་ན། །དངོས་པོ་འདི་ཐོས་ཅི་སྨོས་ཟེར། །ཉན་ཐོས་ངོ་མཚར་བརྗོད་པས་ན། །ལྷ་ཀླུ་ཐམས་ཅད་དགའ་འགྱུར་ཞིང་། །སངས་རྒྱས་བསྔགས་པ་བརྗོད་འགྱུར་བ། །འདི་ནི་ མང་ཐོས་འབྲས་བུ་ཡིན། །ཞུ་བ་གང་ཡོད་ཞུས་པའི་ཚེ། །སངས་རྒྱས་དེ་བཞིན་ལན་འདེབས་པས། །འཁོར་འདུས་མང་པོ་ཚད་མེད་པ། །ཐམས་ཅད་ཕན་པ་ཆེ་ཐོབ་འགྱུར། །བྱང་ཆུབ་སེམས་དཔས་ལན་འདེབས་པ། །མང་ཐོས་འདི་ནི་ཐོས་གྱུར་ན། །འཁོར་མང་ཚད་མེད་ཐམས་ཅད་ཀྱིས། ། བླ་མེད་ཆོས་མིག་ཐོབ་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་རྒྱུ་དང་རྐྱེན་དེས་ན་བྱང་ཆུབ་སེམས་དཔས་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་པ་ན་མངོན་པར་ཡིད་ཆེས་པས་དང་དུ་ལེན་ཅིང་འགལ་བ་མེད་པའི་སེམས་ཀྱིས་ཚུལ་བཞིན་དུ་བསམས་ནས་འདི་ནི་མ་ཡིན་ནོ། ། ཞེས་སྨྲ་བར་མི་བྱེད་ན། དེས་སེམས་ཅན་ཚད་མེད་པ་རྣམས་ཀྱི་དོན་བྱེད་པར་འགྱུར་བར་རིག་པར་བྱའོ། །གང་པོ་སྔོན་འདས་པའི་བསྐལ་པ་གྲངས་མེད། ཚད་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། གང་པོ་བཅོམ་ ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱད་ཅུ་ཐུབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེའི་འཁོར་འདུས་པ་རེ་རེ་ལ་ཡང་ཉན་ཐོས་ཀྱི་དགེ་འདུན་གང་གཱའི་ཀླུང་བརྗོད་ཀྱིས་མི་ལང་བའི་བྱེ་མ་སྙེད་ཆོས་རྣམས་ལ་ལེན་པ་མེད་ཅིང་ཟག་པ་ཟད་ནས་སེམས་ རྣམ་པར་གྲོལ་བའི་དགྲ་བཅོམ་པ་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཤ་སྟག་བྱུང་སྟེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གྲངས་ཀྱང་དེ་བཞིན་ནོ། །གང་པོ་བཅོམ་ལྡན་འདས་དེ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ནི་ལོ་དྲུག་ཁྲིར་གནས་པར་གྱུར་ཏོ། །དེ་ཡོངས་སུ་མྱ་ངན་ལས་འདས་ སུ་ཉེ་བའི་ཚེ་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་མང་པོ་ཐམས་ཅད་རྫུ་འཕྲུལ་གྱི་སྟོབས་ཀྱིས་དམ་པའི་ཆོས་བསྲུང་བའི་ཕྱིར་འཛམ་བུའི་གླིང་བྱེ་བ་བརྒྱ་ཕྲག་མང་པོ་ཀུན་དུ་ཁྱབ་པར་གྱུར་པས་འཛམ་བུའི་གླིང་རེ་རེ་ན་ཡང་བྱང་ཆུབ་སེམས་དཔའ་རེ་རེ་གནས་པར་གྱུར་ཏོ། །གང་པོ་བཅོམ་ལྡན་ འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་ཉན་ཐོས་རྣམས་ཁད་ཀྱིས་ལེ་ལོ་དང་། སྙོམ་ལས་ཅན་དུ་གྱུར་ནས་འདི་ལྟ་བུའི་མདོ་སྡེ་ཟབ་མོ་དག་ཁ་ཏོན་དུ་འདོན་ཅིང་ཡོངས་སུ་འཛིན་པ་མེད་པར་གྱུར་པས་ཆོས་རྣམས་སྟོང་པ་ཉིད་དང་ལྡན་པའི་མདོ་ སྡེ་དང་། ཚུལ་ཁྲིམས་རྣམ་པར་དག་ཅིང་སྦྱངས་པའི་ཡོན་ཏན་དང་ལྡན་པའི་མདོ་སྡེ་ཐམས་ཅད་ཀྱང་མཐར་གྱིས་ནུབ་པར་གྱུར་ཏེ། དེ་དག་གིས་བཀླག་པ་དང་། ཁ་ཏོན་དུ་འདོན་པ་དང་། རྣམ་པར་བཤད་པ་མ་བྱས་པའི་ཕྱིར་དེའི་བསྟན་པ་ལས་ཆོས་ཀྱི་སྡེ་སྣོད་ཤིན་དུ་ཡངས་ཤིང་རྒྱ་ཆེ་བ་ བརྒྱད་ཁྲི་བཞི་སྟོང་ཡོད་ལ། ཆོས་ཀྱི་སྡེ་སྣོད་རེ་རེ་ལ་ཡང་མདོ་སྡེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་དེ་མདོའི་སྡེ་རེ་རེ་ལ་ཡང་ཆེད་དུ་བརྗོད་པའི་སྡེ་སུམ་ཁྲི་དྲུག་བརྒྱ་ཡོད་དེ། ཆེད་དུ་བརྗོད་པའི་སྡེ་རེ་རེ་ལ་ཡང་ཚིགས་སུ་བཅད་པ་བྱེ་བ་ཕྲག་དྲུག་ཁྲི་བདུན་བརྒྱ་ཡོད་དེ། གང་པོ་དེའི་ཚེ་དེའི་ དུས་ཐ་མ་ལ་དམ་པའི་ཆོས་ནུབ་ཏུ་ཉེ་བ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྡེ་སྣོད་མང་པོ་དེ་དག་ལས་མདོའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་འབའ་ཞིག་ལུས་པར་གྱུར་ཏོ། །དེའི་ཚེ་ཆོས་སྨྲ་བའི་དགེ་སློང་མཐུ་བོ་ཆེ་ཞེས་བྱ་བ་ཞིག་ཡོད་དེ། འཛམ་བུའི་གླིང་འདིར་དེ་བཞིན་གཤེགས་ པའི་རྫུ་འཕྲུལ་གྱི་མཐུས་དམ་པའི་ཆོས་བསྲུང་བའི་ཕྱིར་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་མང་དུ་ཐོས་ཤིང་རྒྱ་ཆེ་བ། ཆོས་ལེགས་པར་སྟོན་པ། ཚིག་རྒྱན་དང་ལྡན་པ། དོན་གྱི་ཚུལ་གསལ་བར་རྟོགས་པ་དེས་རྟག་པར་སྔོན་མ་ཐོས་པའི་ཆོས་བསྒྲགས་པ་ལ་མོས་པར་གྱུར་ཏོ། །དེས་ཆོས་ བསྒྲགས་པར་གྱུར་པ་ན་སྐྱེ་བོ་མང་པོ་ཕལ་ཆེར་སྐུར་པ་འདེབས་ཤིང་འགལ་བར་བྱས་པར་གྱུར་པས་ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་དེ་འདི་སྙམ་དུ་འདི་ལྟར་སྐྱེ་བོ་མང་པོ་འདི་དག་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་ཀྱང་མངོན་པར་ཡིད་མི་ཆེས་པས་མཉན་པ་དང་། ལེན་པར་མོས་པ་ ཡང་མེད་ལ། གལ་ཏེ་ཐོས་པར་གྱུར་ན་ཡང་ཁོང་དུ་མི་ཆུད་པས་རྗེས་སུ་འབྲང་བར་མི་བྱེད་ཅིང་འགལ་བར་བྱས་ནས་སྐྱོན་འབྱིན་པར་བྱེད་པས་འདི་སྐད་དུ་འདི་ནི་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ལ། སྟོན་པ་ཆེན་པོའི་བསྟན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གིས་སྔོན་ཆད་ ནམ་ཡང་སློབ་དཔོན་དང་། མཁན་པོ་ལས་འདི་ལྟ་བུའི་མདོ་སྡེ་མ་ཐོས་ལ། གཞན་ཡང་དགེ་སློང་གནས་བརྟན་རྒན་རབས་གང་ཡང་སློབ་དཔོན་དང་། མཁན་པོ་ལས་འདི་ལྟ་བུ་བརྒྱུད་དེ་ཐོས་པར་མི་སྨྲ་བས་སོ་ཞེས་དགེ་སློང་མང་པོ་དེ་སྐད་ཀྱང་ཟེར་ལ། མདོའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་ ཙམ་ལས་མ་ལུས་པས་དེང་བདག་ཅིའི་ཕྱིར་གཅིག་པུ་གནས་དབེན་པར་མི་འགྲོ་སྙམ་མོ། །གང་པོ་ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་དེ། དེ་སྙམ་དུ་བསམས་ནས་གཅིག་པུ་རི་ཕུག་དབེན་པར་གནས་པར་གྱུར་ཏོ། །དེའི་ཚེ་འཛམ་བུའི་གླིང་ན་བསྐལ་པ་ཆགས་ཚུན་ཆད་གྲོང་ཁྱེར་ཆེན་པོ་ཆུར་ དཔག་ཚད་བཅུ་གཉིས་ཡོད་པ། ཞེང་དུ་དཔག་ཚད་བདུན་ཡོད་ཅིང་རབ་ཏུ་མཛེས་པར་བྱས་པ། ལམ་སྲང་རྣམས་ཐད་ཀར་འབབ་པ། སྐྱེ་བོ་མང་པོས་གང་བ། ལོ་ལེགས་ཤིང་བདེ་བར་གྱུར་པ་དྲུག་ཁྲི་བརྒྱད་སྟོང་ཡོད་པར་གྱུར་ཏོ། །དེའི་འོག་ཏུ་ཕྱིས་ཡང་གྲོང་ཁྱེར་ཆུང་ངུ་ཁ་ཅིག་ནི་དཔག་ཚད་ བདུན་ཡོད་པ། ཁ་ཅིག་ནི་དཔག་ཚད་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་ཡོད་པ་ནང་གི་ཆུང་བའི་ཚད་ཀྱང་དཔག་ཚད་གཅིག་ཡོད་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱས་པར་གྱུར་ཏེ། གང་པོ་དེའི་ཚེ་འཛམ་བུའི་གླིང་ན་གྲོང་ཁྱེར་ཆེན་པོ་རབ་ཏུ་དབེན་པ་ཞེས་བྱ་བ་ན་ཁྱིམ་བདག་ཤ་ནི་ཞེས་བྱ་བ་ ཞིག་བྱུང་བ་དེའི་བུ་ནི་མ་ཧཱ་ཤུ་མ་ཏ་ཞེས་བྱ་སྟེ། ཁྱིམ་བདག་དེའི་བུ་དེ་དབེན་པ་ན་གནས་པ་ལས་ལྷ་ཞིག་འོངས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་ནན་ཏན་ཆོས་དག་ལ། །བཙལ་ནས་ཚུལ་བཞིན་སོམས་ཤིག་དང་། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ། །ཁྱོད་འཚང་རྒྱ་བར་ལུང་ སྟོན་ཏོ། །གང་པོ་ལྷ་དེས་ཚིགས་སུ་བཅད་པ་འདི་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་གི་བུ་དེ་ཕའི་དྲུང་དུ་སོང་ནས་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ། འདི་སྐད་དུ་བདག་ནི་རབ་ཏུ་བྱུང་ནས་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོའི་བསྟན་པ་ལ་ཚངས་པར་སྤྱོད་ པར་འདོད་དོ་ཞེས་སྨྲས་པ་དང་། དེ་ནས་ཁྱིམ་བདག་ཤ་ནིས་ཚིགས་སུ་བཅད་དེ་སྨྲས་པ། ང་ཡི་ཁྱིམ་ན་རིན་ཆེན་མང་། །གསེར་དངུལ་དག་ནི་ཚད་ཀྱང་མེད། །འཛམ་བུའི་གླིང་ན་མེད་པ་ཀུན། །ང་ཡི་ཁྱིམ་ན་ལྡན་པར་ཡོད། །ངས་ནི་རིན་ཆེན་བཙལ་བ་ཡང་། །བུ་འདོད་སྤྱོད་ཕྱིར་བཙལ་བཙལ་ ན། །ཅི་ཕྱིར་རབ་ཏུ་འབྱུང་བྱེད་ཅིང་། །འཇིག་རྟེན་སྨོད་ལ་དགའ་བར་བྱེད། །དེ་ནས་ཁྱིམ་བདག་གི་བུ་དེས་ཚིགས་སུ་བཅད་དེ་ཕ་ལ་སྨྲས་པ། བདག་ནི་རྟག་ཏུ་ཆོས་ཚོལ་མོས། །བཙལ་ནས་ཡང་དག་ཚུལ་བཞིན་སེམས། །ལོངས་སྤྱོད་མྱོང་བར་མི་དགའ་བས། །འཇིག་རྟེན་འདྲེན་པ་བྱེད་པར་ དགའ། །ཁྱིམ་གྱི་རིན་ཆེན་མི་དགོས་པས། །བདག་ནི་འདོད་པ་ཉུང་ལ་མོས། །ཆོས་ཀྱི་གཏེར་ནི་དབྱུང་བའི་ཕྱིར། །རབ་ཏུ་འབྱུང་བར་མོས་པ་ཡིན། །སངས་རྒྱས་འབྱུང་བ་རབ་ཏུ་དཀོན། །ཆོས་བསྟན་པ་ཡང་རབ་ཏུ་དཀོན། །དེང་བདག་སངས་རྒྱས་བསྟན་ཕྲད་ན། །ཅིའི་ཕྱིར་ན་ གཏང་བར་བྱ། །གང་པོ་དེ་ནས་ཁྱིམ་བདག་གི་བུ་དེས་ཕའི་རྐང་པ་ལ་ཕྱག་བྱས་ཏེ་བསྐོར་བ་བྱས་ནས་ཕྱིར་བྱུང་སྟེ་འགྲོ་བའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕ་ནི་བྱེ་བ་འབུམ་ཡོད་ཅིང་། །མ་ནི་བྱེ་བ་བརྒྱ་ཡོད་ཀྱང་། །དེང་བདག་རབ་ཏུ་འབྱུང་བའི་སེམས། །གང་གིས་ཀྱང་ནི་ བཟློག་མི་ནུས། །དེང་བདག་ལུས་སྲོག་ཕ་མ་དང་། །གཉེན་འདབ་ཀུན་ནི་རབ་སྤངས་ནས། །སངས་རྒྱས་ཆོས་ནི་མི་སྤོང་བར། །རབ་བྱུང་སྤྱོད་པ་གཉེར་བར་བྱེད། །གང་པོ་དེའི་ཚེ་ཁྱིམ་བདག་གི་བུ་དེས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས་རབ་ཏུ་བྱུང་བར་གྱུར་ཏེ། ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་ག་ལ་བ་དེར་སོང་ནས་ཆོས་མཉན་པ་གཉེར་བར་གྱུར་པ་དང་། དེ་ནས་དེའི་ཚེ་ཆོས་སྨྲ་བ་མཐུ་ཆེན་པོ་ཐོབ་པས་ཀྱང་དེ་ལ་སྔོན་མ་ཐོས་པའི་མདོ་སྡེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །དེ་ནས་དགེ་སློང་མ་ཧཱ་ཤུ་མ་ཏས་སྔོན་མ་ཐོས་པའི་མདོ་སྡེ་ཐོས་པར་གྱུར་ ནས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་འདི་ལྟ་བུའི་མདོ་སྡེ་སྔོན་ཆད་མ་ཐོས་ན་མདོ་སྡེ་འདི་ལྟ་བུ་འདི་སུས་ནི་ཀློག་པར་བྱེད། །སུས་ནི་འདུན་པར་བྱེད། སུས་ནི་ཡང་དག་པར་བླངས་ནས་འཛིན་པར་བྱེད། གནས་གང་དུ་ནི་ཐོས་པར་འགྱུར། །མཐུ་ཆེན་ ཐོབ་པས་སྨྲས་པ། བདག་གིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པའི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་གྱིས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོའི་བྱིན་གྱི་རླབས་ཀྱི་མཐུའི་དབང་གིས་འདི་ལྟ་བུའི་མདོ་སྡེ་ཟབ་མོ་རང་གི་ངང་གིས་སེམས་ལ་གནས་པར་གྱུར་ཏོ། །གང་པོ་ དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ལྷག་པའི་བསམ་པ་བསྐྱེད་དེ་རྗེས་སུ་བསམ་པས་ཤེས་རབ་ཀྱི་མཐུ་སྐྱེས་པས་ཤེས་རབ་དང་། ཐབས་མཁས་པ་ཆེན་པོའི་སྟོབས་ཀྱིས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་དྲི་བ་དྲིས་པ་དང་། མཐུ་ཆེན་ཐོབ་པས་ཀྱང་དོན་གྱི་རྗེས་སུ་ ལན་ཡང་དག་པར་བཏབ་ནས་འདི་སྐད་དུ་སྔོན་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལ་དགེ་སློང་ཞིག་གིས་དངོས་པོ་འདི་དེང་ཁྱོད་ཀྱིས་ཇི་སྐད་དྲིས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་ལ་ཞུས་པ་དང་། དེ་བཞིན་གཤེགས་པ་དེས་ཀྱང་དེ་བཞིན་དུ་ཡང་དག་པར་ལན་ བཏབ་པ་དགེ་སློང་དེས་ཐོས་པར་གྱུར་ནས་ཤིན་ཏུ་དགའ་བར་གྱུར་ཏོ་ཞེས་སྨྲས་སོ། །གང་པོ་དེའི་ཚེ་ དགེ་སློང་མ་ཧཱ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་ཡང་འདི་སྐད་དུ་དྲིས་པ་ དང་། མཐུ་ཆེན་ཐོབ་པས་ཀྱང་འདི་སྐད་དུ་སྔོན་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལ་དགེ་སློང་ཞིག་གིས་དངོས་པོ་འདི་དེང་ཁྱོད་ཀྱིས་ཇི་སྐད་དྲིས་པ་དེ་བཞིན་དུ་ཞུས་པ་དང་། དེ་བཞིན་གཤེགས་པ་དེས་ཀྱང་དེ་བཞིན་དུ་ལན་ཡང་དག་པར་བཏབ་པ་དགེ་སློང་དེས་ ཐོས་ནས་ཤིན་ཏུ་དགའ་བར་གྱུར་ཏོ་ཞེས་སྨྲས་སོ། །གང་པོ་དེའི་ཚེ་དགེ་སློང་མ་ཧཱ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་དམ་པ་སྔོན་དེ་བཞིན་གཤེགས་པ་ལས་ཞུས་པ་དང་། ལན་འདེབས་པའི་དངོས་པོ་འདི་ལྟ་བུ་ལན་དུ་ཞིག་ཐོས་པར་གྱུར། མཐུ་ ཆེན་ཐོབ་པས་སྨྲས་པ། དངོས་པོ་འདི་ནི་ཤིན་དུ་ཡིད་ཆེས་པར་དཀའ་བས་དངོས་པོ་འདི་མ་དྲི་བར་ཞོག་ཤིག །གཞན་ཡང་གང་ལུས་ཀྱི་ཆོས་ཁྱད་པར་དུ་འཕགས་པ་མངོན་སུམ་དུ་མ་བྱས་པ་དག་གིས་ཀྱང་ཤིན་དུ་ཡིད་ཆེས་པར་དཀའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་མ་ ཧཱ་ཤུ་མ་ཏས་ཀྱེ་སྐྱེས་བུ་དམ་པ་སྔོན་དེ་བཞིན་གཤེགས་པ་ལས་ཞུས་པ་དང་། ལན་འདེབས་པའི་དངོས་པོ་འདི་ལྟ་བུ་ལན་དུ་ཞིག་ཐོས་པར་གྱུར། མཐུ་ཆེན་ཐོབ་པས་སྨྲས་པ། དངོས་པོ་འདི་མ་དྲི་བར་ཞོག་ཤིག །གལ་ཏེ་ཁོང་དུ་མ་ཆུད་པར་གྱུར་ན་དེང་ཁྱོད་ལ་དཔེས་ཉེ་བར་མཚོན་པར་བྱ་སྟེ། བློ་དང་ལྡན་པ་དག་ནི་དཔེས་ཉེ་བར་མཚོན་ན་རབ་ཏུ་རྟོགས་པར་འགྱུར་རོ། །དགེ་སློང་བདག་གིས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལས་སེམས་ཅན་གྱི་རང་བཞིན་ཐོས་པ་ནི་ས་ཆེན་པོའི་རྣམ་པ་བས་ཆེས་མང་ངོ་། །དགེ་སློང་གལ་ཏེ་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་སེམས་ཅན་གྱི་རྣམ་པ་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་མིའི་ལུས་ཐོབ་ནས་ཤེས་རབ་ཀྱི་སྟོབས་ དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་རེ་རེས་ཀྱང་ཡུན་སེ་གོལ་གཏོགས་པ་གཅིག་ལ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དྲི་བ་སོ་སོ་ནས་མི་འཐུན་པ་དག་དྲིས་པར་གྱུར། དགེ་སློང་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་སྙེད་ པ་དེ་དག་ཐམས་ཅད་ཀྱིས་ཀྱང་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ལྷག་པའི་བར་དུ་དྲི་བ་མང་པོ་དེ་ལྟ་བུ་དྲིས་པར་གྱུར། གཞན་ཡང་གང་ཟག་གཅིག་གིས་སེ་གོལ་གཏོགས་པ་གཅིག་ལ་གང