Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 041_དཀོན་བརྩེགས།_ག

Văn bản gốc(Tây Tạng)

Trang 12 / 19 (50.000 ký tự/trang)
ོན་པ་མེད་པ་དང་། སྣོད་དུ་ཤེས་ནས་བར་ཆད་མེད་པར་སེམས་རྩེ་གཅིག་ཏུ་ཆོས་སྟོན་པ་དང་། དེས་ཆོས་དེ་ཐོས་ནས་ཆོས་ཀྱི་ཚོགས་
ལ་བརྩོན་པར་བྱེད་དེ། གང་ཆོས་ཀྱི་ཚོགས་ལ་བརྩོན་པར་བྱེད་པ་དེ་ཉིད་དེའི་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པ་ཡིན་ནོ། །དེ་ལ་ཆོས་ཀྱི་ཚོགས་ལ་བརྩོན་པ་གང་ཞེ་ན། འདི་ལྟ་སྟེ་དོན་ཉུང་བ་དང་། བྱ་བ་ཉུང་བ་དང་། སྒྲ་ཉུང་བ་དང་། སྲོད་དང་ཐོ་རངས་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་
པ་དང་། འབྲེལ་བའི་དོན་ལ་ཡོངས་སུ་རྟོག་པ་དང་། ཕྱིར་ཞིང་ཡོངས་སུ་ཚོལ་བ་དང་། སེམས་ལ་རྙོག་པ་མེད་པ་དང་། སྒྲིབ་པ་གནོན་པ་དང་། ལྟུང་བ་ལས་འབྱུང་བར་ཤེས་པ་དང་། འགྱོད་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པ་དང་། ནན་ཏན་སྙིང་པོར་བྱེད་པ་དང་།
ཆོས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། ཆོས་ལ་བབ་པ་དང་། ཆོས་ལ་རྟུལ་བ་དང་། རྟག་པར་མགོ་དང་། གོས་ལ་མེ་འབར་བ་ལྟ་བུ་དང་། ཡེ་ཤེས་ཚོལ་བ་དེ་ཉིད་ལ་གནས་པ་དང་། མི་ལྷོད་པ་དང་། བརྩོན་འགྲུས་མི་གཏོང་བ་དང་། ཁྱད་པར་དུ་འགྲོ་བ་དང་། འདུ་འཛི་ལས་
དབེན་པ་དང་། གཅིག་པུར་དགའ་བ་དང་། དགོན་པ་བདེ་བ་ཡིད་ལ་བྱེད་པ་དང་། འཕགས་པའི་རིགས་ལ་དགའ་བ་དང་། སྦྱངས་པ་ལས་མི་འགྱུར་བ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང་། འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ལ་རི་མོར་མི་བྱེད་པ་དང་། འཇིག་རྟེན་ལས་
འདས་པའི་ཆོས་ཚོལ་བ་ལ་དྲན་པ་མི་ཉམས་པ་དང་། རྟོགས་པ་ལ་དོན་རྟོགས་པའི་རྗེས་སུ་འགྲོ་བ་དང་། བློ་གྲོས་ལ་ལམ་གྱི་རྗེས་སུ་འཐུན་པར་བྱེད་པ་དང་། མོས་པ་ལ་གདམས་པ་དང་། རྐྱེན་ལ་ཡེ་ཤེས་ཀྱི་རྗེས་སུ་རིག་པ་དང་། ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པའི་རྒྱན་དང་།

སངས་རྒྱས་ཀྱི་འགྲོས་ཀྱི་རྗེས་སུ་འགྲོ་བ་དང་། མི་ཤེས་པ་སེལ་བ་དང་། མ་རིག་པ་དང་། གཏི་མུག་གི་ལིང་ཏོག་སེལ་བ་དང་། ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང་། རབ་ཏུ་རྣམ་པར་དག་པ་དང་། བློ་རྒྱ་ཆེན་པོ་དང་། བློ་མ་ཞུམ་པ་དང་། བློ་རབ་ཏུ་ཐ་དད་པ་དང་། མངོན་སུམ་དུ་
ཤེས་པ་དང་། གཞན་ལ་རག་མ་ལུས་པའི་ཡོན་ཏན་དང་། རང་གི་ཡོན་ཏན་གྱིས་མི་སྙེམས་པ་དང་། ཕ་རོལ་གྱི་ཡོན་ཏན་ལ་རྟོག་པ་དང་། ལེགས་པར་བྱ་བའི་ལས་བྱེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་མི་འགལ་བར་བྱེད་པ་དང་། ལས་ཡོངས་སུ་དག་པར་ཤེས་པ་སྟེ།
དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་ཀྱི་ཚོགས་ཞེས་བྱའོ། །གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་སྦྱིན་པ་བཞི་སྟེ། ཆོས་སྨྲ་བ་ལ་གྲོ་ག་དང་། སྨྱུ་གུ་དང་། སྣག་ཚ་དང་། གླེགས་བམ་སྦྱིན་པ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་སྟན་སྣ་ཚོགས་སྦྱིན་པ་དང་། ཆོས་
སྨྲ་བ་ལ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ཐམས་ཅད་སྦྱིན་པ་དང་། ཆོས་སྨྲ་བ་ལ་ཆོས་ཀུན་བསྡུ་བའི་ཕྱིར་གཡོ་མེད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པ་སྟེ། སྦྱིན་པ་བཞི་པོ་དེ་དག་ནི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་བའོ། །ཀུན་སྲུང་བ་བཞི་རྣམས་ཡེ་ཤེས་ཀྱི་
ཚོགས་སོགས་པར་འགྱུར་ཏེ། །བཞི་གང་ཞེ་ན། ཆོས་སྨྲ་བ་རྣམས་ཀྱི་ལུས་ཡོངས་སུ་སྲུང་བ་དང་། དགེ་བ་སྲུང་བ་དང་། ཡུལ་དང་ལྗོངས་སུ་འཇུག་པ་ལ་ཡོངས་སུ་སྲུང་བ་དང་། ཕན་པའི་དངོས་པོ་ཡོངས་སུ་སྲུང་བ་སྟེ། ཀུན་སྲུང་བ་ནི་བཞི་པོ་དེ་དག་གོ །ཉེ་བར་རྟོན་པ་བཞི་ཡེ་
ཤེས་ཀྱི་ཚོགས་སུ་འགྱུར་ཏེ། བཞི་གང་ཞེ་ན། ཆོས་སྨྲ་བ་རྣམས་ཀྱི་ཆོས་ཉེ་བར་རྟོན་པ་དང་། ཡེ་ཤེས་ཉེ་བར་རྟོན་པ་དང་། ཟང་ཟིང་ཉེ་བར་རྟོན་པ་དང་། བྱང་ཆུབ་ཉེ་བར་རྟོན་པའོ། །སྟོབས་ལྔ་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མོས་པའི་ཕྱིར་དད་པའི་སྟོབས་
དང་། ཐོས་པ་ཚོལ་བའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཕྱིར་དྲན་པའི་སྟོབས་དང་། མཉམ་པ་ཉིད་ཀྱི་ཆོས་ལ་ངེས་པར་རྟོགས་པའི་ཕྱིར་ཏིང་ངེ་འཛིན་གྱི་སྟོབས་དང་། ཐོས་པའི་སྟོབས་ཀྱི་ཕྱིར་ཤེས་རབ་ཀྱི་སྟོབས་ཏེ། སྟོབས་ལྔ་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སུ་

འགྱུར་རོ། །ཚུལ་ཁྲིམས་བཞི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་ངེས་པའི་ཚུལ་ཁྲིམས་དང་། ཆོས་ཚོལ་བའི་ཚུལ་ཁྲིམས་དང་། ཆོས་ལ་ངེས་པར་རྟོག་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཏུ་བསྔོ་བའི་ཚུལ་
ཁྲིམས་ཏེ། ཚུལ་ཁྲིམས་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །བཟོད་པ་བཞི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་ངན་དུ་སྨྲ་བ་དང་། ངན་དུ་བརྗོད་པའི་ཚིག་རྣམས་བཟོད་
པ་དང་། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་རླུང་དང་། ཚ་བ་དང་། གྲང་བ་དང་། དྲོ་བ་དང་། སྐོམ་པ་དང་། བཀྲེས་པ་བཟོད་པ་དང་། ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་སློབ་དཔོན་དང་། མཁན་པོའི་རྗེས་སུ་འཇུག་པ་དང་། ཆོས་ཚོལ་བ་ལ་མངོན་པར་བརྩོན་
པས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་བཟོད་པ་སྟེ། བཟོད་པ་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །བརྩོན་འགྲུས་བཞི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པའི་བརྩོན་འགྲུས་དང་།
གཟུངས་ཀྱི་བརྩོན་འགྲུས་དང་། བརྟན་པའི་བརྩོན་འགྲུས་དང་། ནན་ཏན་གྱི་བརྩོན་འགྲུས་ཏེ། བརྩོན་འགྲུས་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །བསམ་གཏན་གྱི་ཡན་ལག་བཞི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ།
དབེན་པ་དང་། གཅིག་པུར་དགའ་བ་དང་། ཡེ་ཤེས་དང་། མངོན་པར་ཤེས་པ་ཚོལ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་འཇུག་པ་སྟེ། བསམ་གཏན་གྱི་ཡན་ལག་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །ཤེས་རབ་སྣང་བའི་ཆོས་འདི་བཞི་ཡེ་ཤེས་ཀྱི་ཚོགས་
སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆད་པ་ལ་མི་གནས་པ་དང་། རྟག་པ་ལ་མི་འཇུག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། མི་འགལ་བ་དང་། བདག་མེད་པ་ལས་མོས་པ་སྟེ། ཤེས་རབ་སྣང་བའི་ཆོས་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །

ཆོས་འདི་བཞི་ཐབས་ཀྱི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་པའི་རྗེས་སུ་འཇུག་པ་དང་། མདོ་སྡེའི་རྗེས་སུ་འཇུག་པ་དང་། ཆོས་ཀྱི་རྗེས་སུ་འཇུག་པ་དང་། ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་སྟེ། ཆོས་བཞི་པོ་དེ་དག་ཐབས་ཀྱི་ཡེ་
ཤེས་ཀྱི་ཚོགས་སུ་འགྱུར་རོ། །ཆོས་འདི་བཞི་ལམ་གྱི་ཚོགས་ཀྱི་ཡེ་ཤེས་ལ་འཇུག་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལམ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་དང་། ཡན་ལག་བརྒྱད་པའི་ལམ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་
སུ་འགྲོ་བའི་ལམ་སྟེ། ཆོས་བཞི་པོ་དེ་དག་ལམ་གྱི་ཚོགས་ཀྱི་ཡེ་ཤེས་ལ་འཇུག་པར་འགྱུར་རོ། །མི་ངོམས་པ་འདི་བཞི་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པས་མི་ངོམས་པ་དང་། བསྟན་པས་མི་ངོམས་པ་དང་། དཔྱོད་པས་མི་ངོམས་
པ་དང་། ཡེ་ཤེས་ཀྱིས་མི་ངོམས་པ་སྟེ། མི་ངོམས་པ་བཞི་པོ་དེ་དག་ཡེ་ཤེས་ཀྱི་ཚོགས་སོགས་པར་འགྱུར་རོ། །གཞན་ཡང་ཡེ་ཤེས་ཀྱི་ཚོགས་ནི་གང་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། ཞིང་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་སྟེ། སྦྱིན་པ་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་
བལྟའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་བྱང་ཆུབ་སེམས་དཔའི་རྩོམ་
པ་དེ་ཐམས་ཅད་ཡེ་ཤེས་ཀྱི་ཁར་ལས་པ་ཡེ་ཤེས་སྔོན་དུ་འགྲོ་བ། ཡེ་ཤེས་ལ་རྟོན་པ་སྟེ། དེ་ཡེ་ཤེས་ལ་གནས་པས་ཡེ་ཤེས་ཅན་ཐམས་ཅད་ཀྱི་རྟོན་པར་འགྱུར་ཏེ། བདུད་ཐམས་ཅད་ཀྱིས་ཀྱང་དེ་ལ་གླགས་མི་རྙེད་དོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱང་འཐོབ། ཐམས་
ཅད་མཁྱེན་པའི་ཡེ་ཤེས་ལ་ཡང་གཞོག་པར་བྱེད་དོ། །དེ་གཉིས་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོགས་དེ་གཉིས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་

སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་ལ་མཁས་པ་གང་ཞེ་ན། འདི་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་སྒོམ་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ་དང་།
ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ་དང་། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པ་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །དེ་ལ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དྲན་པ་ཉེ་བར་གཞག་པ་སྒོམ་
པ་གང་ཞེ་ན། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་ལུས་ཀྱི་སྔོན་གྱི་མཐའ་ལ་ཡང་སོ་སོར་རྟོག །ལུས་ཀྱི་ཕྱི་མའི་མཐའ་ལ་ཡང་སོ་སོར་རྟོག །ལུས་ཀྱི་ད་ལྟར་བྱུང་བ་ལ་ཡང་སོ་སོར་རྟོག་སྟེ། ཀྱེ་མའོ་ལུས་འདི་ནི་ཕྱིན་ཅི་
ལོག་ལས་བྱུང་བ་སྟེ། རྒྱུ་དང་རྐྱེན་ལས་སྐྱེས་པ། གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། ཡོངས་སུ་འཛིན་པ་མེད་པ། འདི་ལྟ་སྟེ་དཔེར་ན། ཕྱི་རོལ་གྱི་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་དག་རྒྱུ་དང་རྐྱེན་ལས་འབྱུང་ཞིང་བདག་པོ་མེད་པ་ཡོངས་
སུ་འཛིན་པ་མེད་པ་དེ་བཞིན་དུ་ལུས་འདི་ཡང་རྩྭ་དང་། རྩིག་པ་དང་། ཤིང་དང་། བོང་བ་དང་། མིག་ཡོར་ལྟ་བུ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཡོངས་སུ་འཛིན་པ། བདག་དང་བདག་གི་འམ། རྟག་པ་འམ། བརྟན་པའམ། ཐེར་ཟུག་གམ། མི་འགྱུར་བའི་ཆོས་ཀྱིས་སྟོང་སྟེ།
ལུས་དེ་ལ་ང་ཡིར་མི་བྱའི་ལུས་སྙིང་པོ་མེད་པ་དེས་སྙིང་པོ་བླང་བར་བྱའོ། །དེ་ལ་སྙིང་པོ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུའོ། །དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ། རྡོ་རྗེའི་སྐུ། མི་ཕྱེད་པའི་སྐུ། སྲ་བའི་སྐུ། འཇིག་རྟེན་གསུམ་པོ་ཐམས་ཅད་དང་ཁྱད་ཞུགས་
པའི་སྐུ་བདག་གིས་བསྒྲུབ་པར་བྱའོ། །བདག་གི་ལུས་འདི་ཉེས་པ་དུ་མའི་སྐྱོན་ཆགས་མོད་ཀྱི། འོན་ཀྱང་ཉེས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ་ཐོབ་པར་བྱའོ། །ཞེས་དེ་སོ་སོར་རྟོག་པའི་མཐུས་ལེགས་པར་མཐོང་ནས་འབྱུང་བ་ཆེན་པོའི་གནས་ཀྱི་ལུས་ཡོངས་སུ་སྲུང་བར་

བྱེད་དེ། ངའི་ལུས་ནི་སེམས་ཅན་ཐམས་ཅད་ཀྱི་ཅི་དགོས་པར་ཟད་པར་བྱའོ། །འདི་ལྟ་སྟེ་དཔེར་ན། ཕྱི་རོལ་གྱི་འབྱུང་བ་ཆེན་པོ་བཞི་པོ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སྒོ་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། རྣམ་གྲངས་
སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ཡོངས་སུ་སྤྱོད་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཉེ་བར་འཚོ་བ་དེ་བཞིན་དུ་བདག་གི་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་ལུས་འདི་སྒོ་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། ཡོངས་སུ་སྤྱོད་པ་སྣ་
ཚོགས་ཀྱིས་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བར་གྱུར་ཅིག་སྙམ་མོ། །དེ་ལུས་མི་རྟག་པ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི་སྐྱེ་བ་དང་། ཤི་འཕོས་ཀྱང་མི་སྐྱོའོ། །ལུས་སྡུག་བསྔལ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི་ལུས་ཀྱི་སྡུག་བསྔལ་བས་ཀྱང་ཡོངས་སུ་མི་གདུང་ངོ་། །ལུས་བདག་
མེད་པ་ཉིད་དུ་ཡང་སོ་སོར་རྟོག་མོད། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡང་མི་སྐྱོའོ། །ལུས་ཞི་བ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི། ལུས་ཞི་བས་བཏང་སྙོམས་སུ་ཡང་མི་ལྟུང་ངོ་། །ལུས་སྟོང་པ་ཉིད་དང་། ལུས་དབེན་པ་ཉིད་དུ་ཡང་སོ་སོར་རྟོག་མོད་ཀྱི། དབེན་པའི་མུར་
ཡང་མི་ལྟུང་ངོ་། །དེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ལུས་ལ་རྫས་དང་སྙིང་པོར་རྗེས་སུ་མི་མཐོང་ངོ་། །ནང་གི་ལུས་ལ་ཡང་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ནང་གི་རྗེས་སུ་སོང་བའི་ཉོན་མོངས་པ་རྣམས་ཀྱི་གོ་སྐབས་མི་འབྱེད་དོ། །དེ་ཕྱི་རོལ་གྱི་ལུས་ལ་ལུས་
ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ཕྱི་རོལ་གྱི་རྗེས་སུ་སོང་བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་གནས་སོ། །དེ་ལུས་ཉོན་མོངས་པ་མེད་པས་ལུས་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པ་ཡིན་ནོ། །དེ་ལུས་ཡོངས་སུ་དག་ནས་མཚན་གྱིས་ཡང་དག་པར་བརྒྱན་པའི་སྐུ་འཐོབ་བོ། །
དེ་ལུས་མཚན་གྱིས་བརྒྱན་པར་གྱུར་ནས་ལྷ་དང་མི་རྣམས་མངོན་དུ་འདུལ་བར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །ཡང་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ཡིན་

ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་ཅི་ཚོར་ཡང་རུང་དེ་ཐམས་ཅད་སྡུག་བསྔལ་ལོ། །ཞེས་དེ་སྙམ་དུ་སེམས་ཏེ། དེ་ཡེ་ཤེས་ཀྱིས་རྟོགས་པ་དང་། ཤེས་རབ་ཀྱིས་རྟོགས་པ་དང་། ཐབས་ཀྱིས་རྟོགས་པའི་ཚོར་བ་ཤིན་ཏུ་རྟོགས་པས་བདེ་བར་ཚོར་བ་ཚོར་བར་བྱེད་
མོད་ཀྱི། འདོད་ཆགས་ཀྱི་བག་ལ་ཉལ་ཡང་བག་ལ་ཉལ་བར་མི་བྱེད་དོ། །སྡུག་བསྔལ་བའི་ཚོར་བས་རེག་ནས་ཀྱང་ངན་སོང་དུ་སྐྱེས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེད་ཅིང་ཁོང་ཁྲོ་བའི་བག་ལ་ཉལ་བ་ཡང་བག་ལ་ཉལ་བར་མི་བྱེད་དོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་
ཚོར་བས་རེག་ཀྱང་མ་རིག་པའི་བག་ལ་ཉལ་ཡང་བག་ལ་ཉལ་བར་མི་བྱེད་དོ། །དེ་ཚོར་བའི་རྗེས་སུ་སོང་བའི་དྲན་པས་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་གང་ཚོར་བ་ཡང་ཚོར་བ་དེ་དག་ལས་འབྱུང་བར་ལྟ་བ་ཡིན་ནོ། །སེམས་ཅན་ཐམས་
ཅད་ཀྱི་ཚོར་བ་ཡོངས་སུ་ཤེས་ཤིང་ཞི་བའི་ཕྱིར་ཡང་འཇུག་སྟེ། སེམས་ཅན་འདི་དག་ནི་ཚོར་བ་ལས་འབྱུང་བར་མི་ཤེས་པས་དེ་དག་བདེ་བའི་ཚོར་བ་ལ་དགའ་བར་བྱེད། སྡུག་བསྔལ་བའི་ཚོར་བ་ལ་ཞེ་སྡང་བར་བྱེད། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་
རྨོངས་པར་བྱེད་ཀྱི། བདག་ནི་ཤེས་རབ་དང་། ཡེ་ཤེས་ཀྱིས་རྗེས་སུ་རྟོགས་པའི་ཚོར་བ་ཐམས་ཅད་སོ་སོར་སྦྱངས་པ་དང་། ཐབས་མཁས་པ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་བའི་རྩོམ་པས་སེམས་ཅན་དེ་དག་གི་ཚོར་བ་ཐམས་ཅད་རྒྱུན་གཅོད་པའི་ཕྱིར་ཆོས་བསྟན་པར་བྱའོ། །ཅིའི་ཕྱིར་
ཚོར་བ་ཞེས་བྱ་ཞེ་ན། རྟོགས་པའི་ཚོར་བ་ནི་བདེ་བར་འགྱུར་རོ། །མ་རྟོགས་པའི་ཚོར་བ་ནི་སྡུག་བསྔལ་བར་འགྱུར་རོ། །དེ་ལ་རྟོགས་པའི་ཚོར་བ་གང་ཞེ་ན། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གང་ཡང་ཚོར་བར་བྱེད་པ་མེད་དེ། ཆགས་པ་ནི་ཚོར་བའོ། །
ཡོངས་སུ་འཛིན་པ་ནི་ཚོར་བའོ། །ལེན་པ་ནི་ཚོར་བའོ། །ཕྱིན་ཅི་ལོག་ནི་ཚོར་བའོ། །རྣམ་པར་རྟོག་པ་ནི་ཚོར་བའོ། །ལྟ་བའི་བག་ལ་ཉལ་ནི་ཚོར་བའོ། །མིག་ཏུ་འདུ་ཤེས་པ་ཚོར་བ་ཡིན་པ་ནས་ཡིད་ཀྱི་བར་དུ་འདུ་ཤེས་པ་ནི་ཚོར་བའོ། །གཟུགས་སུ་འདུ་ཤེས་པ་ཚོར་བ་ཡིན་པ་ནས་ཆོས་སུ་འདུ་ཤེས་

པའི་བར་དུ་ནི་ཚོར་བའོ། །གང་མིག་གི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བའམ་སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་བར་དུ་དེ་ནི་ཚོར་བ་ཞེས་བྱའོ། །གོང་མ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་སྦྱར་ཏེ། ཡིད་ཀྱི་བར་དུ་
འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་བར་དུ་དེ་ནི་ཚོར་བ་ཞེས་བྱའོ། །གཞན་ཡང་རྣམ་གྲངས་ཀྱིས་ཚོར་བ་གཅིག་སྟེ། དེ་ནི་སེམས་གཅིག་པུས་རྣམ་པར་རིག་པའོ། །ཚོར་བ་གཉིས་ཏེ།
ཕྱི་དང་ནང་གིའོ། །ཚོར་བ་གསུམ་སྟེ། འདས་པ་རྣམ་པར་རིག་པ་དང་། མ་འོངས་པ་རྣམ་པར་རིག་པ་དང་། ད་ལྟར་བྱུང་བ་རྣམ་པར་རིག་པའོ། །ཚོར་བ་བཞི་སྟེ། དེ་ནི་ཁམས་བཞི་རྣམ་པར་རིག་པའོ། །ཚོར་བ་ལྔ་སྟེ། དེ་ནི་ཕུང་པོ་ལྔ་ཡིད་ལ་བྱེད་པའོ། །ཚོར་བ་དྲུག་སྟེ། དེ་ནི་སྐྱེ་
མཆེད་དྲུག་ཡོངས་སུ་རྟོག་པའོ། །ཚོར་བ་བདུན་ཏེ། དེ་ནི་རྣམ་པར་ཤེས་པ་གནས་པ་བདུན་ནོ། །ཚོར་བ་བརྒྱད་དེ། དེ་ནི་ལོག་པར་ངེས་པའི་སྦྱོར་བ་བརྒྱད་དོ། །ཚོར་བ་དགུ་སྟེ། དེ་ནི་སེམས་ཅན་གྱི་གནས་དགུའོ། །ཚོར་བ་བཅུ་སྟེ། དེ་ནི་དགེ་བ་བཅུའི་ལས་ཀྱི་ལམ་མོ། །གོང་
མ་བཞིན་དུ་སྦྱར་ཏེ། ཐམས་ཅད་ནི་ཚོར་བ་སྟེ། དམིགས་པ་ཇི་སྙེད་པ་དང་། ཡིད་ལ་བྱེད་པ་ཇི་སྙེད་པ་དེ་ཐམས་ཅད་ཚོར་བར་བྱ་བའོ། །དེ་བས་ན་སེམས་ཅན་ཚད་མེད་པའི་ཚོར་བ་ཚད་མེད་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པས་སེམས་
ཅན་ཐམས་ཅད་ཀྱི་ཚོར་བ་སྐྱེ་བ་དང་། འཇིག་པ་དང་། གནས་པ་ལ་ཡེ་ཤེས་བསྐྱེད་པར་བྱ་སྟེ། གང་སེམས་ཅན་ཐམས་ཅད་ཀྱི་དགེ་བ་དང་། མི་དགེ་བའི་ཚོར་བ་ལ་ཚོར་བར་ཤེས་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ། །དེ་ལ་བྱང་ཆུབ་སེམས་
དཔའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་དེའི་མི་བརྗེད་པ་དང་། སྦ་བ་དང་། ཀུན་སྲུང་བ་དང་། མི་གཡེང་བའོ། །དེ་འདི་ལྟར་སོ་སོར་རྟོག་སྟེ། སེམས་ནི་སྐྱེས་ནས་འཇིག་ཅིང་ཞུ་སྟེ་མི་གནས་པས་ནང་ན་ཡང་མི་གནས། ཕྱི་རོལ་

དུ་ཡང་མི་འཕོ་སྟེ། གང་བདག་གིས་ཐོག་མར་སེམས་བསྐྱེད་པ་དེ་ཡང་ཟད་མེད། རྣམ་པར་གྱུར་ཏེ། ཡུལ་ན་མི་གནས། ཕྱོགས་ན་མི་གནས་པས་དེ་རྙེད་པར་མི་ནུས་ཏེ། སེམས་གང་གིས་དགེ་བའི་རྩ་བ་བསྒྲུབས་པ་དེ་དག་ཀྱང་ཟད་མེད། རྣམ་པར་གྱུར།
ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ། །གང་ཡང་བྱང་ཆུབ་ཏུ་བསྔོས་པའི་སེམས་དེ་ཡང་ངོ་བོ་ཉིད་ཀྱིས་མཚན་ཉིད་མེད་པ་སྟེ། སེམས་ཀྱིས་སེམས་རབ་ཏུ་མི་ཤེས། སེམས་ཀྱིས་སེམས་མི་མཐོང་། སེམས་ཀྱིས་སེམས་མི་ཚོར་ན་གང་གིས་བདག་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་དེ་གང་ཡིན། གང་བྱང་ཆུབ་ཀྱི་སེམས་དེ་ནི་དགེ་བའི་རྩ་བའི་སེམས་དང་མི་འགྲོགས། གང་དགེ་བའི་རྩ་བའི་སེམས་དེ་ཡང་བསྔོ་བའི་སེམས་དང་མི་འགྲོགས། གང་བསྔོ་བའི་སེམས་དེ་ཡང་བྱང་ཆུབ་ཀྱི་སེམས་
དང་། དགེ་བའི་རྩ་བའི་སེམས་དང་མི་འགྲོགས་སོ། །ཞེས་དེ་དེ་ལྟར་སོ་སོར་རྟོག་པ་ན་མི་སྐྲག །མི་དངང་། དངང་བར་མི་འགྱུར་གྱི། དེ་ཡང་འདི་སྙམ་དུ་སེམས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྒྱུ་དང་འབྲས་བུ་ཆུད་མི་ཟ་བའོ། །གལ་ཏེ་སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་སེམས་ཀྱི་རང་
བཞིན་ཉིད་ཡིན་ཡང་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་པ། གཡོ་བ་མེད་པ། བྱེད་པ་མེད་པ། བདག་པོ་མེད་པ། ཇི་ལྟར་འདོད་པ་དེ་བཞིན་དུ་འགྲུབ་ཀྱིས་བདག་གིས་བསྒྲུབ་པ་ལ་བརྩོན་པར་བྱའོ། །སེམས་ཀྱི་ཆོས་ཉིད་དེ་མི་འབྲི་བར་བྱའོ། །དེ་ལ་སེམས་ཀྱི་ཆོས་ཉིད་གང་། སྒྲུབ་པ་
གང་ཞེ་ན། སེམས་ནི་སྒྱུ་མ་དང་འདྲ་བ་སྟེ། དེ་ལ་སྒྲིབ་པར་བྱེད་པ་ཡང་སུ་ཡང་མེད་དེ། དེ་ནི་སེམས་ཀྱི་ཆོས་ཉིད་དོ། །གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏང་ནས་སངས་རྒྱས་ཀྱི་ཞིང་རྣམ་པར་བསྒྲུབ་པའི་རྒྱན་དུ་སྔོ་བར་བྱེད་པ་དེ་ནི་སྒྲུབ་པར་བྱེད་པའོ། །སེམས་རྨི་ལམ་དང་འདྲ་བ་རབ་
ཏུ་ཞི་བའི་མཚན་ཉིད་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་ཚུལ་ཁྲིམས་སྡོམ་པའི་ཚོགས་སོགས་སོ་ཅོག་དེ་ཐམས་ཅད་མྱུར་བའི་མངོན་པར་ཤེས་པར་སྔོ་བ་དེ་ནི་སྒྲུབ་པའོ། །སེམས་སྨིག་རྒྱུ་ལྟ་བུ་ཤིན་ཏུ་ཟད་པས་ཟད་པར་གྱུར་པ་དེ་ནི་སེམས་ཀྱི་ཆོས་ཉིད་དེ་གང་ཡང་བཟོད་པའི་སྟོབས་དང་།

དེས་པ་བྱང་ཆུབ་ཀྱི་རྒྱན་བསྒྲུབ་པའི་ཕྱིར་སྔོ་བ་དེ་ནི་དེའི་སྒྲུབ་པའོ། །སེམས་ཆུ་ཟླ་ལྟ་བུ་ཤིན་ཏུ་དབེན་པས་དབེན་པ་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་བརྩོན་འགྲུས་རྩོམ་པ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྔོ་བ་དེ་ནི་དེའི་སྒྲུབ་པའོ། །
སེམས་གཟུང་དུ་མེད་པ་མི་མཐོང་བ་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། མཉམ་པར་གཞག་པ་ཐམས་ཅད་སངས་རྒྱས་ཀྱི་ཏིང་ངེ་འཛིན་དུ་སྔོ་བ་དེ་ནི་དེའི་སྒྲུབ་པའོ། །སེམས་གཟུགས་མེད་པ། མི་མཐོང་བ། མི་
ཐོས་པ། རྣམ་པར་མི་རིག་པ་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་དྲིས་པའི་ཚིག་ཐ་དད་པ་བསྟན་པ་ཐམས་ཅད་ཤེས་པས་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་སྔོ་བ་དེ་ནི་དེའི་སྒྲུབ་པའོ། །དམིགས་པ་སྣ་ཚོགས་ལ་སེམས་སྐྱེ་བ་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་དགེ་བའི་རྩ་བ་ལ་
དམིགས་པའི་སེམས་ཉེ་བར་སྦྱོར་བ་དེ་ནི་དེའི་སྒྲུབ་པའོ། །རྒྱུ་མེད་པ་ལས་སེམས་མི་སྐྱེ་བ་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྒྱུའི་སེམས་སྐྱེད་པ་དེ་ནི་དེའི་སྒྲུབ་པའོ། །གང་ཡུལ་མེད་པར་སེམས་མི་སྐྱེ་བ་དེ་ནི་སེམས་ཀྱི་ཆོས་ཉིད་དེ། གང་ཡང་སངས་
རྒྱས་ཀྱི་ཡུལ་གྱི་རྒྱུའི་སེམས་ཉེ་བར་སྦྱོར་བ་དེ་ནི་དེའི་སྒྲུབ་པའོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་པའོ། །དེ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་མངོན་པར་ཤེས་པ་ཐོབ་པའི་ཕྱིར་སེམས་ཤིན་ཏུ་
འབྲེལ་བར་བྱེད་དེ། དེ་མངོན་པར་ཤེས་པ་ཐོབ་ནས་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་རབ་ཏུ་ཤེས་ཏེ། ཤེས་ནས་ཀྱང་དེའི་རང་བཞིན་གྱི་ཆོས་འཆད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་སྙིང་རྗེ་ཆེན་པོ་ཐོབ་པའི་ཕྱིར་སེམས་
ཉེ་བར་འབྲེལ་བར་བྱེད་དེ། སྙིང་རྗེ་ཆེན་པོ་ཐོབ་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བའོ། །སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་སེམས་ཟད་པ་དང་། སེམས་འགག་པར་བྱ་བའི་ཕྱིར་སེམས་གནས་པར་མི་བྱེད་ཀྱི། འཁོར་བའི་རྒྱུན་

གྱི་ཀུན་ཏུ་སྦྱོར་བ་རྣམས་ཀྱིས་སེམས་མངོན་པར་སྒྲུབ་སྟེ། སེམས་ཀྱི་དྲན་པ་ཤེས་པ་དེ་མ་སྐྱེས་པ་དང་། མི་སྐྱེ་བ་ངེས་པར་གྱུར་པ་ལ་ཞུགས་པའི་ཆོས་རྣམས་ཀྱི་གནས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ངོ་། །སངས་རྒྱས་ཀྱི་ཆོས་
ཐམས་ཅད་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་སེམས་ཀྱི་རྒྱུད་དེ་རྒྱུན་ཆགས་པར་བྱེད་དོ། །སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་
དཔའ་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་མོ། །ཤཱ་རིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ཡིན་ཞེ་ན། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔས་འཕགས་པའི་ཤེས་རབ་ཀྱི་མིག་གིས་
ཆོས་གང་མཐོང་བ་དེ་དག་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བར་མ་དོར་རྨོངས་པར་མི་འགྱུར་ཏེ། དེ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་གང་སྟོང་པ་ཉིད་དུ་མ་གཏོགས་པ་དང་། མཚན་མ་མེད་པར་མ་གཏོགས་པ་དང་། སྨོན་པ་མེད་པར་མ་གཏོགས་པ་དང་། མི་སྐྱེ་བར་མ་གཏོགས་པ་
དང་། མ་སྐྱེས་པར་མ་གཏོགས་པ་དང་། མངོན་པར་འདུ་མི་བྱེད་པར་མ་གཏོགས་པ་དང་། དངོས་པོ་མེད་པར་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་མི་མཐོང་ངོ་། །གང་རྟེན་ཅིང་འབྲེལ་པར་འབྱུང་བ་མ་གཏོགས་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་
དཔའ་དེ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ཆོས་ཉིད་ཡང་དག་པར་རྗེས་སུ་མཐོང་གི །ཆོས་མ་ཡིན་པ་མི་མཐོང་ངོ་། །དེ་ལ་ཆོས་གང་ཞེ་ན། འདི་ལྟ་སྟེ། བདག་མེད་པའི་དོན་དང་། སེམས་ཅན་མེད་པའི་དོན་དང་། སྲོག་མེད་པའི་དོན་དང་། །གང་ཟག་མེད་པའི་དོན་ཏེ། དེ་ནི་ཆོས་ཞེས་བྱའོ། །
དེ་ལ་ཆོས་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། འབྱུང་བར་ལྟ་བ་དང་། འཇིག་པར་ལྟ་བ་སྟེ། དེ་ནི་ཆོས་མ་ཡིན་པ་ཞེས་བྱའོ། །ཡང་ཤཱ་རིའི་བུ་ཆོས་ཐམས་ཅད་ཆོས་སོ། །

ཆོས་ཐམས་ཅད་ཆོས་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཤེས་པའི་ཕྱིར་ཆོས་ཐམས་ཅད་ཆོས་སོ། །བདག་དང་བདག་གིར་ལྟ་བའི་བག་ལ་ཉལ་བའི་ཕྱིར་ཆོས་ཐམས་ཅད་ཆོས་མ་ཡིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་
ཀྱི་རྗེས་སུ་ལྟ་ཞིང་གནས་པ་ན་ཆོས་དེ་དག་ལ་གང་ཡང་སངས་རྒྱས་ཀྱི་ཆོས་མ་ཡིན་པ་གང་ལས་བྱང་ཆུབ་ཏུ་མི་འགྱུར་བ་དང་། གང་ལས་སངས་རྒྱས་སུ་མི་འགྱུར་བ་དང་། གང་ལས་ལམ་དུ་མི་འགྱུར་བ་དང་། གང་ལས་ཐར་པར་མི་འགྱུར་བ་དང་། གང་ལས་འབྱུང་བར་མི་འགྱུར་བའི་ཆོས་རྡུལ་ཙམ་ཡང་
མི་མཐོང་སྟེ། དེ་ཆོས་ཐམས་ཅད་འབྱུང་བར་ཤེས་ནས་སྒྲིབ་པ་མེད་པ་ཞེས་བྱ་བའི་སྙིང་རྗེ་ཆེན་པོ་འཐོབ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ལ་ཡང་དེ་དག་ཉོན་མོངས་པ་དང་བཅས་པ་མ་ཡིན་གྱི། དེ་དག་ཉོན་མོངས་པ་མེད་པའོ་ཞེས་བཅོས་མར་འདུ་ཤེས་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།
དེ་ལྟར་དེ་དག་ནི་ངེས་པའི་དོན་ལ་ཡང་དག་པར་འཇུག་པ་སྟེ། ཉོན་མོངས་པ་རྣམས་ལ་བསགས་པ་འམ། ཕུང་པོའི་དངོས་པོ་མེད་དེ། དེ་དག་ཉིད་རྗེས་སུ་རྟོགས་པའི་ཕྱིར་བྱང་ཆུབ་བོ། །ཉོན་མོངས་པའི་རང་བཞིན་གང་ཡིན་པ་བྱང་ཆུབ་ཀྱི་རང་བཞིན་ཡང་དེ་ཡིན་ནོ། །བྱང་ཆུབ་ཀྱི་རང་བཞིན་གང་
ཡིན་པ་ཉོན་མོངས་པའི་རང་བཞིན་ཡང་དེ་ཡིན་ཏེ། དེ་ལྟར་དྲན་པ་ཉེ་བར་གཞོག་ཀྱང་ཅུང་ཟད་ཀྱང་ཉེ་བར་འཇོག་པ་མེད། རབ་ཏུ་འཇོག་པ་མེད། མི་འཇོག་པ་མེད་དེ། ཆོས་ཉིད་དེ་གནས་པ་ཉིད་དུ་རབ་ཏུ་ཤེས་སོ། །དེ་བས་ན་ཆོས་ཀྱི་དབྱིངས་དེ་ནི་གནས་པ་ཉིད་ཅེས་བྱའོ། །ཆོས་ཀྱི་དབྱིངས་གནས་
གང་ལ་གནས་པ་སེམས་ཅན་གྱི་ཁམས་ཀྱང་གནས་དེ་ལ་གནས་སོ། །སེམས་ཅན་གྱི་ཁམས་གནས་གང་ལ་གནས་པ་ནམ་མཁའི་ཁམས་ཀྱང་དེ་ལ་གནས་ཏེ། དེ་བས་ན་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་
གནས་པ་ན་སངས་རྒྱས་ཀྱི་ཆོས་ལ་རྟོན་པ་ཡིན། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་མོས་པར་བྱེད་དེ། དེ་ཟད་པར་ཤེས་པ་ཡང་སྐྱེད་མོད་ཀྱི། འདུས་མ་བྱས་པའི་ཟད་པ་ཡང་མངོན་དུ་མི་བྱེད། མི་སྐྱེ་བ་ཤེས་པ་ཡང་མངོན་པར་སྒྲུབ་མོད་ཀྱི། སེམས་ཅན་ལ་ལྟ་བའི་ཕྱིར་ཡང་སྐྱེ་ལ་མི་སྐྱེ་

བའི་མཐའ་དེ་ཡང་མི་གཏོང་ངོ་། །དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དྲན་པ་དེ་ལ་གཞོག་པར་བྱེད་ཅིང་ཉན་ཐོས་སམ། རང་སངས་རྒྱས་སམ། སངས་རྒྱས་ཀྱི་ཆོས་ཇི་སྙེད་ཆོས་སུ་གདགས་པ་དེ་དག་ཐམས་ཅད་མ་ལུས་པར་དྲན་པ་དེ་ལ་འཇོག་སྟེ།
དྲན་པ་དེ་ཡང་བརྗེད་པར་མི་བྱེད། ཕྱི་མའི་མཐའི་ཡང་བར་དུ་རྨོངས་པར་མི་བྱེད་དོ། །ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པའོ། །ཞེས་བྱ་བ་དེ་ནི་བསྟན་པ་དཔག་ཏུ་མེད་པ་སྟེ། ཀུན་ཏུ་སྤྱོད་ཡུལ་མ་ཡིན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་འདུ་བ། སེམས་
ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱེད་པ། བདུད་ཐམས་ཅད་འདུལ་བ། རང་བྱུང་བར་རྟོགས་པའི་ཕྱིར་ཏེ། ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་མོ། །དེ་དག་ནི་དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་སྟེ། ཤཱ་རིའི་བུ་དེ་ལྟར་
ན་བྱང་ཆུབ་སེམས་དཔའ་དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་འདི་བདུན་ཏེ།
བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་
ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། ཤཱ་རིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དྲན་པ་
གང་གིས་ཆོས་རྟོག་པར་བྱེད། ཆོས་ལ་སོ་སོར་རྟོག་པར་བྱེད། ཆོས་ལ་དཔྱོད་པར་བྱེད། ཆོས་ཡོངས་སུ་ཚོལ་བར་བྱེད་ཅིང་ཆོས་རྣམ་པར་འབྱེད་པར་བྱེད་པ་དང་། ཆོས་ལ་རྣམ་པར་རྟོག་པར་བྱེད་དེ། དེ་དྲན་པ་དེས་གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ་ཡང་རྗེས་སུ་རྟོགས་སོ། །

ཡང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཤེས་པ་གང་ཞེ་ན། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་སྟེ། གང་དེ་ལྟར་དྲན་ཞིང་ཁོང་དུ་ཆུད་པ་དེ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་
གང་ཞེ་ན། གང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་སྟེ། ངེས་པའི་དོན་ཀྱང་ངེས་པའི་དོན་དུ། དྲང་བའི་དོན་ཀྱང་དྲང་བའི་དོན་དུ། ཀུན་རྫོབ་ཀྱི་དོན་ཀྱང་ཀུན་རྫོབ་ཀྱི་དོན་དུ། དོན་དམ་པ་ཡང་དོན་དམ་པར། བརྡ་ཡང་བརྡར། རྣམ་པར་
གཏན་ལ་བབ་པ་ཡང་རྣམ་པར་གཏན་ལ་བབ་པར་ཆོས་དེ་དག་ཇི་ལྟར་རབ་ཏུ་དབྱེ་བར་བྱ་བ་དེ་བཞིན་དུ་དེ་དག་རྣམ་པར་འབྱེད་པར་བྱེད་དེ། དེ་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན།
གང་ཆོས་རྣམ་པར་འབྱེད་པ་དེ་ཉིད་ཀྱི་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་། ཡེ་ཤེས་ཀྱི་བར་ཏུ་འཛིན་པ་དང་། སྤྲོ་བ་དང་། སྟོབས་དང་། རྟུལ་བ་དང་། མི་ཟློགས་པའི་མོས་པ་དང་། མཐུ་དང་། བརྩོན་པ་མི་འདོར་བ་དང་། ལམ་མངོན་པར་
རྟོགས་པར་བྱ་བ་ལ་བརྩོན་འགྲུས་རྩོམ་པ་སྟེ། དེ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དགའ་བ་གང་དང་། ཆོས་ལ་དགའ་བ་གང་དང་། ཆོས་ལ་མཆོག་ཏུ་དགའ་བ་གང་གིས་སེམས་མི་ཞུམ་ཞིང་དང་བ་སྟེ། མ་
ཞུམ་པའི་དགའ་བ་དེས་གང་ལུས་སམ་སེམས་ཀྱང་ཤིན་ཏུ་བྱང་བར་བྱེད་ལ་ཀུན་ནས་ཉོན་མོངས་པ་ཡང་སེལ་བ་དེ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་
སྦྱངས་པ་དང་། ཉོན་མོངས་པ་ཤིན་ཏུ་སྦྱངས་པ་དང་། སྒྲིབ་པ་མེད་པ་དང་། ཏིང་ངེ་འཛིན་དུ་དམིགས་པ་ལ་སེམས་ཉེ་བར་གཞོག་པ་སྟེ། དེ་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་སེམས་

མཉམ་པར་བཞག་པས་ཆོས་ཤེས་པ་རྟོགས་པར་འགྱུར་ཏེ། སེམས་མཉམ་པར་མ་བཞག་པས་ནི་མ་ཡིན་པ་དང་། སེམས་མཉམ་པར་བཞག་པས་ཆོས་དེ་དག་མངོན་པར་རྫོགས་པར་འཚང་རྒྱའི་སེམས་མཉམ་པར་མ་བཞག་པས་མ་ཡིན་ཏེ། ཆོས་མཉམ་པ་ཉིད་དང་།
ཆོས་ལ་གཞོལ་བ་མ་གཏོགས་པར་རྗེས་སུ་ཆགས་པའི་ཀུན་ནས་དཀྲིས་པས་རྟོགས་པར་མི་བྱེད་དེ། དེ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་ལ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ཡིད་བདེ་བ་དང་། ཡིད་མི་བདེ་བའི་ཆ་དང་འཐུན་པའི་ཆོས་
རྣམས་ལ་སེམས་མི་འཛིན་པ་དང་། འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པ་དང་། མཐོ་དམན་དུ་མི་གནས་པའི་ཕྱིར་རབ་ཏུ་མི་གཡོ། མི་འཁྲུག །རབ་ཏུ་མི་འཁྲུག །ཡང་དག་པར་མི་འཁྲུག །ཆགས་པར་མི་བྱེད། ཞེ་སྡང་བར་མི་བྱེད་ཀྱི། འཕགས་པའི་ལམ་དེ་ཉིད་དང་འཐུན་པར་བྱེད་པ་སྟེ།
དེ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ།། །།བམ་པོ་བཅུ་དགུ་པ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་
མཁས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་འདི་བརྒྱད་དོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་།
ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡན་ལག་བརྒྱད་པའོ། །དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། ལྟ་བ་གང་འཕགས་པའི་འཇིག་རྟེན་ལས་འདས་པ་སྟེ། བདག་ཏུ་ལྟ་བ་ལས་ལངས་པ་མ་ཡིན། སེམས་ཅན་ཏུ་ལྟ་བ་
ལས་ལངས་པ་མ་ཡིན། སྲོག་ཏུ་ལྟ་བ་ལས་ལངས་པ་མ་ཡིན། གང་ཟག་ཏུ་ལྟ་བ་ལས་ལངས་པ་མ་ཡིན། ཆད་པ་དང་། རྟག་པ་དང་། འབྱུང་བ་དང་། འཇིག་པར་ལྟ་བ་ལས་ལངས་པ་མ་ཡིན། དགེ་བ་དང་མི་དགེ་བར་ལྟ་བ་ལས་ལངས་པ་མ་ཡིན་པ་ནས། མྱ་ངན་ལས་འདས་པར་ལྟ་བ་ལས་

ལངས་པ་མ་ཡིན་པ་སྟེ། དེ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན། རྟོག་པ་གང་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་གནས་པར་འགྱུར་བའི་རྟོག་པ་དེ་ལྡང་བར་མི་བྱེད་ཀྱི། རྟོག་པ་གང་གིས་ཚུལ་ཁྲིམས་
དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འབྱུང་བར་འགྱུར་བ་དེ་ལ་རྟོག་པ་སྟེ། དེ་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ངག་གང་ཞེ་ན། ཡང་དག་པའི་ངག་གང་གིས་བདག་དང་གཞན་ལ་མི་གདུང་ཞིང་དེ་
ཕན་པའི་རྗེས་སུ་སྦྱོར་བའི་ངག་དང་ལྡན་པ་ཡིན་ཏེ། ངག་དེས་ལམ་མཉམ་པ་ལ་འཇུག་པ་དེ་ནི་ཡང་དག་པའི་ངག་ཅེས་བྱའོ། །དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། གང་ལས་གནག་ལ་རྣམ་པར་སྨིན་པ་གནག་པ་དེ་ལྟ་བུ་མངོན་པར་འདུ་མི་བྱེད་པ་དང་། གང་ལས་དཀར་ལ་
རྣམ་པར་སྨིན་པ་དཀར་བ་དེ་ལྟ་བུའི་ལས་མངོན་པར་འདུ་བྱེད་པ་དང་། གང་ལས་དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་ཏུ་འགྱུར་བ་དེ་ལྟ་བུའི་ལས་མངོན་པར་འདུ་མི་བྱེད་པ་དང་། གང་ལས་དཀར་གནག་མ་ཡིན་ལ་རྣམ་པར་སྨིན་པར་མི་འགྱུར་བ་ལས་ཟད་པར་འགྱུར་བ་དེ་ལྟ་བུའི་ལས་
མངོན་པར་འདུ་བྱེད་པ་སྟེ། དེ་ལས་བདག་གིར་བྱ་བ། ལས་ལ་རྟོན་པ། ཡང་དག་པའི་ལས་ལ་བརྩོན་པས་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ། །དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན། གང་འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་མི་གཏོང་བ་དང་། ཁ་གསག་མེད་པ་
དང་། ཚུལ་འཆོས་པ་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། དགང་སླ་བ་དང་། གསོ་སླ་བ་དང་། ཆོ་ག་མི་ལྷོད་པ་དང་། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། བདག་གི་རྙེད་པས་ཆོག་ཤེས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། འཕགས་པས་གནང་བའི་འཚོ་བ་སྟེ། དེ་ནི་
ཡང་དག་པའི་འཚོ་བའོ། །དེ་ལ་ཡང་དག་པའི་རྩོལ་བ་གང་ཞེ་ན། རྩོལ་བ་གང་ལོག་པར་སྤྱོད་པར་བཤད་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་བག་ལ་ཉལ་བའི་རྩོལ་བ་དེ་མི་འདོད་ཀྱི། རྩོལ་བ་གང་འཕགས་པའི་ལམ་དང་བདེན་པ་ལ་འཇུག་པ། མྱ་ངན་ལས་འདས་

པ་འགྲོ་བའི་ལམ་དུ་འཇོག་པར་བྱེད་པའི་རྩོལ་བ་དེ་ནི་རྗེས་སུ་འགྲོ་བ་སྟེ། དེ་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ། །དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན། དྲན་པ་གང་ཤིན་ཏུ་ཉེ་བར་གཞོག་པ་དང་། ཐ་མལ་པ་མ་ཡིན་པ་དང་། དྲང་བ་དང་། གྱ་གྱུ་མེད་པ་དང་། འཁོར་
བའི་ཉེས་པ་དང་། སྐྱོན་ལ་ལྟ་བ་དང་། མྱ་ངན་ལས་འདས་པའི་ལམ་དུ་འདྲེན་པའི་དྲན་པ་དང་། དྲན་པར་བྱེད་པ་དང་། འཕགས་པའི་ལམ་མི་བརྗེད་པ་སྟེ། དེ་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། ཡང་དག་པ་ཉིད་དུ་མཉམ་པ་ཆོས་ཐམས་
ཅད་ལ་མཉམ་པ་སྟེ། ཏིང་ངེ་འཛིན་དེ་ལ་རབ་ཏུ་གནས་ན་ཡང་དག་པ་ཉིད་དུ་འཇུག་སྟེ། གང་ཡང་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལ་གནས་ན་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཡང་དག་པ་ཉིད་དུ་འཇུག་པ་དེ་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །འདས་
པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་མི་ཟད་པ་འདི། བྱང་ཆུབ་སེམས་དཔས་མངོན་པར་རྟོགས་ནས་འཆད་པ་དང་། སྟོན་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་དེ་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་དག་ནི་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ལམ་ལ་མཁས་པའོ། །གཞན་ཡང་ལམ་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡན་ལག་གཉིས་པ་སྟེ། ཡན་ལག་གཉིས་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་དང་ལྷག་
མཐོང་སྟེ། དེ་ནི་ལམ་ཡན་ལག་གཉིས་པ་ཞེས་བྱའོ། །དེ་ལ་ཞི་གནས་གང་ཞེ་ན། གང་སེམས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དང་། མི་གཡེང་བ་དང་། དབང་པོ་རྣམས་བསྡམས་པ་དང་། མི་རྒོད་པ་དང་། མ་ཁེངས་པ་དང་། མི་འཕྱར་བ་དང་། མུ་ཅོར་མི་སྨྲ་
བ་དང་། དེས་པ་དང་། སྦས་པ་དང་། གཡོ་མེད་པ་དང་། ཡིད་དུ་འོང་བ་དང་། གཅིག་པུར་དགའ་བ་དང་། འདུ་འཛི་སེལ་བ་དང་། དབེན་པར་དགའ་བ་དང་། ལུས་དབེན་པ་དང་། སེམས་མ་འཁྲུལ་པ་དང་། དགོན་པའི་སྒོ་ཡིད་ལ་བྱེད་པ་དང་། ཆོག་ཤེས་པ་དང་། འདོད་པ་ཉུང་བ་དང་།

འཚོ་བ་ཡོངས་སུ་དག་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ལམ་སྦས་པ་དང་། དུས་ཤེས་པ་དང་། ཚོད་ཤེས་པ་དང་། དྲོད་ཤེས་པ་དང་། དགང་སླ་བ་དང་། གསོ་སླ་བ་དང་། སོ་སོར་རྟོག་པ་དང་། མི་མཐོ་མི་དམའ་བ་དང་། ཚིག་ངན་པ་སྨྲས་པ་བཟོད་པ་དང་།
རྣལ་འབྱོར་གྱི་སྒོར་སེམས་བསྐྱེད་པ་དང་། ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་དང་། བསམ་གཏན་གྱི་ཡན་ལག་ཡིད་ལ་བྱེད་པ་དང་། བྱམས་པ་བསྐྱེད་པ་དང་། སྙིང་རྗེ་མངོན་པར་སྒྲུབ་པ་དང་། དགའ་བ་ལ་གནས་པ་དང་། བཏང་སྙོམས་སྒོམ་པ་དང་། བསམ་གཏན་
དང་པོ་ནས། བརྒྱད་ཀྱི་བར་དུ་མཐར་གྱིས་སྙོམས་པར་འཇུག་པ་སྟེ། དེ་ནི་ཞི་གནས་ཞེས་བྱའོ། །ཡང་ཞི་གནས་ཀྱི་ཚོགས་ཚད་མེད་པ་སྟེ། ཚོགས་དེ་ལ་གང་རྗེས་སུ་རྟོགས་པ་དེ་ནི་ཞི་གནས་ཞེས་བྱའོ། །དེ་ལ་ལྷག་མཐོང་གང་ཞེ་ན། གང་ཤེས་རབ་ཀྱི་ཆ་དང་འཐུན་པའི་སྒོམ་
པའི་ལམ་སྟེ། ཆོས་རྣམས་ལ་གཡོ་བ་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། ཕུང་པོ་རྣམས་ལ་སྒྱུ་མའི་ཕུང་པོར་མཐོང་བའི་ཤེས་པ་དང་། ཁམས་རྣམས་ལ་ཆོས་ཀྱི་ཁམས་སུ་མཐོང་བའི་ཤེས་པ་དང་། སྐྱེ་མཆེད་རྣམས་ལ་གྲོང་
སྟོང་པར་མཐོང་བའི་ཤེས་པ་དང་། མིག་ལ་རབ་ཏུ་རྣམ་པར་ཕྱེ་བར་མཐོང་བའི་ཤེས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མི་འགལ་བར་མཐོང་བའི་ཤེས་པ་དང་། སེམས་ཅན་དུ་ལྟ་བ་དང་བྲལ་བར་མཐོང་བའི་ཤེས་པ་དང་། རྒྱུ་དང་འབྲས་བུ་རྣམ་པར་སྨིན་པ་མཐོང་བའི་ཤེས་པ་དང་།
འབྲས་བུ་ཐོབ་པ་མངོན་སུམ་དུ་བྱ་བ་མཐོང་བའི་ཤེས་པ་དང་། ཡང་དག་པ་ཉིད་དུ་འཇུག་པ་ལ་འཇུག་པར་བྱེད་པ་མཐོང་བའི་ཤེས་པའོ། །ཡང་ལྷག་མཐོང་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་རྣམས་ཇི་ལྟ་བ་བཞིན་དུ་མཐོང་བ་དང་། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མཐོང་བ་དང་། ཆོས་
རྣམས་ཀྱི་གཞན་མ་ཡིན་པ་ཉིད་མཐོང་བ་དང་། ཆོས་རྣམས་ཀྱི་སྟོང་པ་ཉིད་མཐོང་བ་དང་། མཚན་མ་མེད་པ་མཐོང་བ་དང་། སྨོན་པ་མེད་པ་མཐོང་བའོ། །ཡང་ལྷག་མཐོང་ཞེས་བྱ་བ་ནི་རྒྱུས་མཐོང་བ་མེད་པ་དང་རྒྱུ་མེད་པར་མཐོང་བ་མེད་པ་དང་། སྐྱེ་བ་དང་། འཇིག་པ་དང་། གནས་

པའི་རྒྱུས་མཐོང་བ་མེད་པ་དང་། དམིགས་པའི་རྒྱུས་མཐོང་བ་མེད་ཅིང་ལྷག་པར་མཐོང་ཡང་ཅུང་ཟད་ལྷག་པར་མི་མཐོང་བའོ། །གཞན་ཡང་ལྷག་མཐོང་ནི་མཐོང་བས་ཀྱང་མཐོང་ལ་ལྟ་བ་ཡང་མི་མཐོང་བ་སྟེ། གང་གི་ཚེ་དེ་ལྟར་མཐོང་བ་དེའི་ཚེ་ཡང་དག་པར་མཐོང་བའོ། །
ཡང་དག་པར་མཐོང་ན་ལྷག་མཐོང་ལ་མཁས་པ་ཡང་རྗེས་སུ་འཐོབ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་ལྷག་མཐོང་དེ་ལྟར་མཐོང་ལ་མངོན་པར་འདུ་བྱེད་པར་ཡང་མི་ལྟུང་ཞིང་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ལ་ཡང་མི་གནས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ལྷག་མཐོང་ངོ་། །དེ་ལྟར་ན་བྱང་
ཆུབ་སེམས་དཔའི་ཞི་གནས་དང་། ལྷག་མཐོང་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ལམ་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་
པའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་
ཏུ་འཇོག་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཕྱིར་ཞིང་འབྱུང་བ་དང་། ཉམས་པར་མི་འགྱུར་བ་དང་།
ཆུད་མི་ཟ་བར་བྱ་བའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པའོ། །གང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་ཅེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་ཚིག་བླ་དགས་
སོ། །འབད་པར་བྱེད། བརྩོན་འགྲུས་རྩོམ་ཞེས་བྱ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་དེ་མི་གཏོང་བའོ། །སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་ཅེས་བྱ་བ་ནི་ཚུལ་བཞིན་ལ་སོ་སོར་རྟོག་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་ལ་རབ་ཏུ་སྦྱོར་བ་ནི་མི་དགེ་བའི་ཆོས་

རྣམས་མི་འབྱུང་བའི་ཕྱིར་རོ། །དེ་ལ་མི་དགེ་བའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་མི་འཐུན་པའི་ཕྱོགས་དང་། ཏིང་ངེ་འཛིན་གྱི་མི་འཐུན་པའི་ཕྱོགས་དང་། ཤེས་རབ་ཀྱི་མི་འཐུན་པའི་ཕྱོགས་སོ། །དེ་ལ་ཚུལ་ཁྲིམས་ཀྱི་མི་འཐུན་པའི་ཕྱོགས་
གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཉམས་པ་དང་། གང་གཞན་ལ་ལ་ཚུལ་ཁྲིམས་ཉམས་པར་འགྱུར་བའི་ཆོས་རྣམས་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་མི་འཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་མི་འཐུན་པའི་ཕྱོགས་གང་ཞེ་ན། གང་ཆོ་ག་ཉམས་པ་དང་།
གང་གཞན་ལ་ལ་སེམས་གཡེང་བར་བྱེད་པའི་ཆོས་ཏིང་ངེ་འཛིན་གྱི་ཕུང་པོའི་མི་འཐུན་པའི་ཕྱོགས་དེ་ནི་ཏིང་ངེ་འཛིན་གྱི་མི་འཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལ་ཤེས་རབ་ཀྱི་མི་འཐུན་པའི་ཕྱོགས་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཉམས་པ་དང་། གང་གཞན་ལ་ལ་ལྟ་བ་ཀུན་ནས་
ལྡང་བའི་སྒྲིབ་པར་བྱེད་པའི་ཆོས་གང་ཤེས་རབ་ཀྱི་ཕུང་པོའི་མི་འཐུན་པའི་ཕྱོགས་དེ་ནི་ཤེས་རབ་ཀྱི་མི་འཐུན་པའི་ཕྱོགས་ཞེས་བྱ་སྟེ། དེ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱའོ། །ཚུལ་བཞིན་ཡིད་ལ་བྱེད་པ་གང་གིས་སྡིག་པ་མི་དགེ་བའི་ཆོས་དེ་ལྟ་བུ་དེ་དག་སྤང་བའི་ཕྱིར་
འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་སྟེ། དེ་བས་ན་མི་དགེ་བའི་ཆོས་དེ་དག་སེམས་ལ་ཕུང་པོར་གྱུར་པ་མ་ཡིན། ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ། །གང་ཡང་མི་དགེ་བའི་ཆོས་དེ་
རྣམས་སེམས་ལ་རྒྱུ་བའི་སྡུག་པའི་རྣམ་པས་འདོད་ཆགས་སམ། ཁོང་ཁྲོ་བའི་རྣམ་པས་ཞེ་སྡང་ངམ། མ་རིག་པའི་རྣམ་པས་གཏི་མུག་གམ། རྒྱུ་དང་སྒྲིབ་པ་གང་དག་ལས་བྱུང་བ་ཤེས་ཤིང་དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་རྣམ་པ་མི་གཙང་བས་འདོད་ཆགས་ཞི་བར་བྱེད།
བྱམས་པས་ཞེ་སྡང་ཞི་བར་བྱེད། རྟེན་ཅིང་འབྲེལ་པར་འབྱུང་བས་གཏི་མུག་ཞི་བར་བྱེད་དེ། གང་ཀུན་ནས་ཉོན་མོངས་པ་དེ་དག་ཞི་བ་དེ་ནི་ཐ་སྙད་དུ་བཏགས་པའི་ཕྱིར་སྤོང་བ་ཞེས་བྱའོ། །གང་སྤོང་བ་དེ་ནི་གང་ཡང་རྙེད་པར་མི་འགྱུར་རོ། །མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མངོན་སུམ་པས་ན་དེའི་ཕྱིར་

ཡང་དག་པར་སྤོང་བ་ཞེས་བྱ་སྟེ། དེ་ནི་ཡང་དག་པར་སྤོང་བ་གཉིས་པའོ། །གང་ཡང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་པ་ཞེས་བྱ་བ་དེ་
ནི་གནས་ཚད་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་དག་པར་བསྒྲུབ་པར་བྱ་བའི་དགེ་བའི་ཆོས་ཚད་མེད་པའི་ཕྱིར་རོ། །དེ་ལ་འདུན་པ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་རྩ་བའོ། །བརྩོན་འགྲུས་ཡང་དག་པར་སྒྲུབ་པ་ནི་དགེ་བའི་རྩ་བ་
ཐམས་ཅད་ཀྱི་རྩ་བའོ། །སེམས་རབ་ཏུ་འཛིན་པ་ཉམས་སུ་ལོན་པར་བྱེད་པ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་རྩ་བ་སྟེ། དེ་ནི་ཡང་དག་པར་སྤོང་བ་གསུམ་པའོ། །གང་ཡང་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། ཉམས་པར་མི་འགྱུར་བ་དང་། ཆུད་མི་ཟ་བར་བྱ་བའི་ཕྱིར་འདུན་པ་
སྐྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་ཅེས་བྱ་བ་དེ་ནི་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པ་ནི་མཐར་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སླར་ཆུད་ཟ་བར་མི་འགྱུར་རོ། །དེ་
ཅིའི་ཕྱིར་ཞེ་ན། དེ་ལྟར་ཁམས་གསུམ་ལ་མི་གནས་པར་སེམས་བསྐྱེད་པའི་ཕྱིར་རོ། །གང་ཁམས་གསུམ་ལ་གནས་པའི་དགེ་བའི་རྩ་བ་དེ་ནི་ཟད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སེམས་བསྐྱེད་པ་དེ་ནི་ཁམས་གསུམ་ལ་གནས་པའི་ཕྱིར་རོ། །གང་ཡང་དགེ་བའི་རྩ་བ་ཁམས་གསུམ་
ལ་མི་གནས་པ་ཐམས་ཅད་མཁྱེན་པར་བསྔོས་པ་དེ་ལ་ཟད་པ་གང་ཡང་མེད་དེ། དེ་ནི་ཡང་དག་པར་སྤོང་བ་བཞི་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལམ་ཡན་ལག་བཞི་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ལམ་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའི་
ལམ་ཡན་ལག་ལྔ་པ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བཞི་ལ་དད་པར་བྱེད་པ་སྟེ། བཞི་གང་ཞེ་ན། འཁོར་བ་ན་

སྤྱོད་པའི་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ལ་མངོན་པར་དད་དེ། དེ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཡིན། དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་དད་དེ། སྤྱོད་པ་ལ་ཞུགས་པ་དེ་ཐེག་པ་གཞན་ལ་འདོད་པར་མི་བྱེད་པ་དང་། དོན་དམ་པ་
ངེས་པའི་དོན་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དང་། སེམས་ཅན་ལ་རྣམ་པར་དཔྱོད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ལ་དད་དེ། ལྟ་བར་བྱ་བ་ཐམས་ཅད་བག་ལ་ཉལ་བར་མི་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་།
སྟོབས་དང་། མི་འཇིགས་པ་རྣམས་ལ་དད་ཅིང་ཐོས་ནས་ཐེ་ཚོམ་མེད་པ། ནེམ་ནུར་མེད་པར་ཆོས་དེ་རྣམས་སྡུད་པར་བྱེད་པ་དེ་ནི་དད་པའི་དབང་པོ་ཞེས་བྱའོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ལ་དད་པ་དེ་བརྩོན་འགྲུས་ཀྱི་དབང་པོས་སྐྱེད་པར་བྱེད་པ་སྟེ། དེ་ནི་བརྩོན་འགྲུས་ཀྱི་དབང་
པོ་ཞེས་བྱའོ། །ཆོས་གང་དག་བརྩོན་འགྲུས་ཀྱིས་སྡུད་པ་དེ་དག་དྲན་པའི་དབང་པོས་ཆུད་མི་ཟ་བར་བྱེད་པ་དེ་ནི་དྲན་པའི་དབང་པོ་ཞེས་བྱའོ། །ཆོས་གང་དག་དྲན་པའི་དབང་པོས་ཆུད་མི་ཟ་བར་བྱེད་པའི་ཆོས་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་དེ་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། །
ཆོས་གང་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་པར་བྱེད་པ་དེ་དག་ཤེས་རབ་ཀྱི་དབང་པོས་སོ་སོར་རྟོག་པར་བྱེད་དེ། གང་ཆོས་དེ་དག་ཤེས་པར་བྱེད་པ་དེ་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱའོ། །དེ་ལྟར་ན་དབང་པོ་ལྔ་པོ་དག་ལྷན་ཅིག་ཏུ་འབྲེལ་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་
ཡོངས་སུ་རྫོགས་པར་བྱེད། ལུང་བསྟན་པའི་ས་ཡང་ཐོབ་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དག་མངལ་ན་འདུག་པ་བུད་མེད་དང་སྐྱེས་པའི་དབང་པོར་མ་གྱུར་གྱི་བར་དུ་མངལ་ན་འདུག་པ་ལ་ལུང་མི་སྟོན་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་
ཀྱང་བྱང་ཆུབ་སེམས་དཔའ་དབང་པོ་ལྔ་པོ་དེ་དག་དང་མི་ལྡན་གྱི་བར་དུ་ལུང་མི་སྟོན་ཏེ། དེ་ནི་ལམ་ཡན་ལག་ལྔ་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལམ་ཡན་ལག་ལྔ་པ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ལམ་ཡན་ལག་ལྔ་ལ་མཁས་པ་གང་ཞེ་ན།

ཡན་ལག་ལྔ་ནི་འདི་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །དེ་ལ་དད་པའི་སྟོབས་གང་ཞེ་ན། གང་མོས་པ་དད་པ་མགོ་གཅིག་པ་མི་རྫི་བ་སྟེ་གལ་ཏེ་དེའི་དྲུང་དུ་
བདུད་སྡིག་ཅན་སངས་རྒྱས་ཀྱི་གཟུགས་སུ་བསྒྱུར་ཏེ་འོངས་ནས། ཆོས་ཀྱི་ཡེ་ཤེས་ལ་དད་པ་གང་ཡང་རུང་བ་ལ་ལ་ཞིག་གིས་ཆོས་འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ། །ཞེས་འབྲལ་བར་བྱེད། འདུན་པ་ཟློག་པར་བྱེད་ཀྱང་ཡོངས་སུ་བརྟག་པ་བཟུང་ན་འབྱུང་བ་ཆེན་པོ་བཞི་རྣམས་
ནི་གཞན་དུ་འགྱུར་གྱི། དད་པའི་སྟོབས་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སྟོབས་ལས་འབྲལ་བར་མི་ནུས་པ་དེ་ནི་དད་པའི་སྟོབས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་སྟོབས་གང་ཞེ་ན། གང་བརྩོན་འགྲུས་རྩོམ་
ཞིང་དགེ་བའི་ཆོས་གང་དང་གང་ལ་མངོན་པར་སྦྱོར་བ་དེ་དང་དེ་དག་ལ་བརྟན་པའི་སྟོབས་ཀྱི་མཐུ་ཐོབ་ཀྱང་གནས་དེར་མ་བསྒྲལ་གྱི་བར་དུ་སྟོབས་ཀྱི་མཐུ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་རྣམས་ཀྱིས་རྣམ་པར་བཟློག་པ་འམ་བསྟན་པ་འམ། རྣམ་པར་བསླང་བར་མི་ནུས་ཏེ། དེ་ནི་བྱང་ཆུབ་སེམས་
དཔའི་བརྩོན་འགྲུས་ཀྱི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་དྲན་པའི་སྟོབས་གང་ཞེ་ན། ཆོས་གང་དག་ལ་དྲན་པ་ཉེ་བར་གཞག་པས་སེམས་ཉེ་བར་གཞག་པ་སྟེ། དེ་ནི་ཉོན་མོངས་པ་གང་ཡང་རུང་བ་དག་གིས་གཏོར་བ་འམ་གཡེང་བར་མི་ནུས་ཏེ། དྲན་པའི་སྟོབས་བསྐྱེད་པ་
དེས་ཉོན་མོངས་པ་ཐམས་ཅད་འཛོམས་ཤིང་དྲན་པ་དེ་ཡང་མི་ཆོམས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་དྲན་པའི་སྟོབས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་གང་ཞེ་ན། གང་འདུ་འཛི་ཐམས་ཅད་དབེན་པར་སྤྱོད་པ་སྟེ། གང་དག་གི་ལམ་གྱི་སྒྲ་ཐམས་ཅད་ལ་
ཡང་རྟོག་ལ་དེའི་བསམ་གཏན་དང་པོའི་སྒྲའི་ཚེར་མ་ལ་སྒྲིབ་པར་མི་བྱེད་པ་དང་། དགེ་བར་རྟོག་པ་ལ་ཡང་རྣམ་པར་རྟོག་མོད་ཀྱི་བསམ་གཏན་གཉིས་པ་ལ་ཡང་སྒྲིབ་པར་མི་འགྱུར་བ་དང་། དེ་དགའ་བ་དང་། བདེ་བ་སྐྱེས་ཏེ་གནས་མོད། དེའི་བསམ་གཏན་གསུམ་པ་ལ་ཡང་སྒྲིབ་པར་མི་

འགྱུར་བ་དང་། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་བཏང་སྙོམས་པ་ཡང་མ་ཡིན་མོད་ཀྱི། བསམ་གཏན་བཞི་པ་ལ་ཡང་སྒྲིབ་པར་མི་འགྱུར་བ་སྟེ། དེ་བསམ་གཏན་དེ་བཞི་ལ་གནས་ན་བསམ་གཏན་དང་། རྣམ་
པར་ཐར་པས་གཞོམ་པར་མི་ནུས་ཏེ། དེ་ནི་ཏིང་ངེ་འཛིན་གྱི་གནས་ཀྱང་མི་གཏོང་ལ་ཏིང་ངེ་འཛིན་གྱི་དབང་གིས་ཀྱང་མི་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྟོབས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་གང་ཞེ་ན། གང་འཇིག་རྟེན་དང་འཇིག་
རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་མི་ཆོམས་པའི་ཡེ་ཤེས་ཏེ། བྱང་ཆུབ་སེམས་དཔའ་སྐྱེས་མ་ཐག་ཏུ་བཟོའི་གནས་འཇིག་རྟེན་ན་ཇི་སྙེད་སྤྱོད་པ་དམ་པ་དང་། དགའ་བར་བྱེད་པ་དང་། རྙེད་དཀའ་བ་དེ་དག་ཐམས་ཅད་སློབ་དཔོན་མེད་པར་མངོན་དུ་འགྱུར་ཏེ། གང་འཇིག་
རྟེན་ལས་འདས་པ་དག་ཀྱང་གང་གིས་འཇིག་རྟེན་དག་སྒྲོལ་བར་བྱེད་དེ། དེ་དག་བྱང་ཆུབ་སེམས་དཔའི་ཤེས་རབ་དང་། ཡེ་ཤེས་ཀྱི་སྟོབས་ཀྱིས་བྱུང་བ་ལྷ་དང་མི་རྣམས་ཀྱིས་མི་ཆོམས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་སོ། །འདི་ནི་ཡན་ལག་ལྔ་པའི་ལམ་
གཞན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡན་ལག་ལྔ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མགོ་གཅིག་པ་སྟེ། དེ་ནས་ལམ་བགྲོད་པ་གཅིག་པའོ། །འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་གཅིག་པུ་གཉིས་
སུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གྲོགས་མེད་པར་ཤིན་ཏུ་བརྩོན་པའི་སྟོབས་ཀྱི་མཐུ་ཡོངས་སུ་གཟུང་བའི་བསམ་པས་གོ་ཆ་བགོས་པ་སྟེ། གཞན་གྱིས་མ་བསྟན་པ། གཞན་གྱིས་དྲིང་མི་འཇོག་པ། བདག་ཉིད་བྱེད་པ། བདག་གིས་སྟོབས་ཀྱིས་ཡང་དག་པར་འཕགས་
པ་སྟེ། དེ་ལྟར་གོ་ཆ་སྲབ་བགོས་ནས་གང་སེམས་ཅན་ཐམས་ཅད་ཀྱིས་མ་ཐོབ་པ་དེ་བདག་གིས་ཐོབ་པར་བྱའོ། །གང་འཕགས་པ་ཐམས་ཅད་དང་། གང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མ་ཐོབ་པ་དེ་བདག་གིས་ཐོབ་པར་བྱའོ། །སྦྱིན་པ་ནི་ངའི་

གྲོགས་མ་ཡིན་གྱི། ང་ནི་སྦྱིན་པའི་གྲོགས་སོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ནི་ངའི་གྲོགས་མ་ཡིན་གྱི་ང་ནི་དེ་དག་གི་གྲོགས་སོ། །ང་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བསླང་བར་བྱ་བ་མ་ཡིན་གྱི། ཕ་
རོལ་ཏུ་ཕྱིན་པ་རྣམས་ངས་བསླང་བར་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ། དགེ་བའི་རྩ་བ་ཐམས་ཅད་ལ་རྒྱས་པར་ཤེས་པར་བྱའོ། །ང་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསླང་བར་བྱ་བ་མ་ཡིན་གྱི། དགེ་བའི་རྩ་བ་ཐམས་ཅད་ངས་བསླང་བར་བྱའོ། །ཞེས་དེ་ལྟ་བུའི་ཆོས་རྣམས་ལ་གྲོགས་མེད་ཅིང་
ང་གཅིག་པུ་གཉིས་སུ་མེད་པར་རྡོ་རྗེའི་གདན་ལ་འདུག་ནས་བདུད་སྟོབས་དང་བཅས་པ་བཏུལ་ཏེ། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་དེ་ལ་ངེས་པར་རྟོགས་པ་བསམ་པའི་སྦྱོར་བ་དེ་ནི། བྱང་ཆུབ་
སེམས་དཔའི་ལམ་བགྲོད་པ་གཅིག་པུ་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ལམ་བགྲོད་པ་གཅིག་པུ་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་མཁས་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ལ་མཁས་པ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་གང་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་སོང་སྟེ། ནང་དུ་ཡང་དག་བཞག་ནས་འདི་ལྟར་སེམས་ལ་རྟོག་པ་སྐྱེ་སྟེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་གང་ལས་འབྱུང་བར་འགྱུར་སྙམ་
པ་དང་། དེ་འདི་ལྟར་སེམས་ཏེ། ཚུལ་བཞིན་མ་ཡིན་པ་བྱུང་བའི་ཕྱིར་མ་རིག་པ་འབྱུང་། མ་རིག་པ་བྱུང་བའི་ཕྱིར་འདུ་བྱེད་འབྱུང་། འདུ་བྱེད་བྱུང་བའི་ཕྱིར་རྣམ་པར་ཤེས་པ་འབྱུང་། རྣམ་པར་ཤེས་པ་བྱུང་བའི་ཕྱིར་མིང་དང་གཟུགས་འབྱུང་། མིང་དང་གཟུགས་བྱུང་བའི་ཕྱིར་སྐྱེ་མཆེད་དྲུག་འབྱུང་། སྐྱེ་མཆེད་དྲུག་བྱུང་བའི་ཕྱིར་རེག་པ་
འབྱུང་། རེག་པ་བྱུང་བའི་ཕྱིར་ཚོར་བ་འབྱུང་། ཚོར་བ་བྱུང་བའི་ཕྱིར་སྲེད་པ་འབྱུང་། སྲེད་པ་བྱུང་བའི་ཕྱིར་ལེན་པ་འབྱུང་། ལེན་པ་བྱུང་བའི་ཕྱིར་སྲིད་པ་འབྱུང་། སྲིད་པ་བྱུང་བའི་ཕྱིར་སྐྱེ་བ་འབྱུང་། སྐྱེ་བ་བྱུང་བའི་ཕྱིར་རྒ་ཤི་འབྱུང་། རྒ་ཤི་བྱུང་བའི་ཕྱིར་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་

རྣམས་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ཡང་འདི་ལྟར་སེམས་ཏེ། ཇི་ལྟར་མི་གཡོ་བ་དང་། མི་བྱེད་པ་དང་། བདག་པོ་མེད་པ་དང་། དགེ་བའི་རྒྱུ་ལས་བྱུང་བ་དང་། མི་དགེ་བའི་རྒྱུ་ལས་བྱུང་བ་དང་། མི་གཡོ་བའི་རྒྱུ་ལས་བྱུང་བ་དང་། མྱ་ངན་ལས་འདས་པའི་རྒྱུ་ལས་བྱུང་བའི་ཆོས་དེ་དག་ཐམས་
ཅད་རྐྱེན་ལས་བྱུང་བ་སྟེ། གང་ཡང་ལས་ཀྱི་རྒྱུ་གང་དག་གིས་སེམས་ཅན་གང་དག་གི་དབང་པོའི་རྒྱུ་ཚད་མ་དང་། ལྷག་པའི་ཆོ་གའི་རྒྱུ་ཚད་མའི་འབྲས་བུའི་རྒྱུ་འགྲུབ་པ་དང་། དེ་ལྟར་ཟིན་པ་དང་། མ་ཟིན་པ་ལས་གང་རྒྱུ་འདུས་པ་བྱུང་བ་དེ་ཐམས་ཅད་རབ་ཏུ་ཤེས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་
འབྱུང་བ་ལ་མཁས་པ་ཞེས་བྱའོ། །དེ་ཡང་གང་འགག་ཅེ་ན། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་འགགས་པའི་ཕྱིར་མ་རིག་པ་འགག་གོ །མ་རིག་པ་འགགས་པའི་ཕྱིར་འདུ་བྱེད་འགག་པ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་གི་བར་དུ་འགག་པར་འགྱུར་རོ། །ཞེས་དེ་སྙམ་དུ་
སེམས་ཏེ། དེ་ལྟར་གང་དེ་ལ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ཞེས་བྱའོ། །དེ་ཡང་ཆོས་ཐམས་ཅད་ནི་རྒྱུ་ལ་རག་ལས། རྐྱེན་ལ་རག་ལས། འདུས་པ་ལ་རག་ལས་པ་སྟེ། གང་རྒྱུ་དང་། རྐྱེན་དང་། འདུས་པ་ལ་རག་ལས་པ་དེ་ནི་བདག་གི་བྱིན་གྱི་རླབས་མ་ཡིན། སྲོག་དང་གང་
ཟག་གི་བྱིན་གྱི་རླབས་མ་ཡིན་ཏེ། དེ་ལ་བགྲང་བ་གང་ཡང་མེད་དོ། །ཞེས་དེ་ལྟར་སེམས་ཏེ། གང་དེ་ལྟར་སེམས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་རྣམ་པའི་རྐྱེན་དུ་སློང་བར་བྱེད་ལ།
རྐྱེན་དེ་དག་ལ་ཡང་ཟད་པ་དང་། འགག་པར་སོ་སོར་རྟོག་ལ། སེམས་ཅན་ལ་ལྟ་བའི་ཕྱིར་ཟད་པ་དང་འགག་པ་མ་ཡིན་པ་ཡང་ཐོབ་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་མཁས་
པ་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། འདུས་བྱས་དང་འདུས་མ་བྱས་སོ། །དེ་ལ་བྱང་ཆུབ་སེམས་དཔས་འདུས་བྱས་དང་། འདུས་མ་བྱས་ལ་མཁས་པར་བྱ་སྟེ། དེ་ལ་འདུས་བྱས་ལ་མཁས་པ་གང་ཞེ་ན། གང་ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་

ཀྱི་འདུ་བྱེད་དོ། །གང་ལ་ལུས་དང་ངག་དང་། ཡིད་ཀྱི་དགེ་བའི་འདུ་བྱེད་ཀྱིས་འདུས་མ་བྱས་པའི་བྱང་ཆུབ་ལ་འདུས་མ་བྱས་པར་རྟོག་པས་ཐམས་ཅད་མཁྱེན་པ་ཉིད་དུ་སྔོ་བ་དེ་ནི་འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་འདུས་བྱས་ལ་
མཁས་པ་ནི་འདི་ལྟ་སྟེ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་སྡུད་པའོ། །གང་ཡང་འདུས་མ་བྱས་པའི་ཤེས་པས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ཀྱིས་སྨོད་པར་མི་བྱེད་ཅིང་ཕ་རོལ་ཏུ་ཕྱིན་པའི་ཚོགས་ཐམས་ཅད་ལ་མཁས་པ་དང་། ཟག་པ་མེད་པའི་བྱང་ཆུབ་དེ་ལ་མོས་པས་གང་ཐམས་ཅད་མཁྱེན་པ་ཉིད་དུ་སྔོ་བ་དེ་ནི་དེའི་འདུས་མ་བྱས་ལ་མཁས་པའོ། །གཞན་
ཡང་འདུས་བྱས་ལ་མཁས་པ་ནི་སེམས་ཅན་ཐམས་ཅད་ལ་འོད་ཟེར་ཐོགས་པ་མེད་པ་དང་། བསྡུ་བ་བཞིས་སེམས་ཅན་སྡུད་པའོ། །གང་ཡང་སྙེམས་པ་མེད་པའི་ཕྱིར་སེམས་ཅན་ལ་བདག་མེད་པར་འཛིན་པ་དག་བསྡུ་བ་ལ་མཁས་ཤིང་འདུས་མ་བྱས་པའི་བྱང་ཆུབ་ལ་མོས་
ནས་ཐམས་ཅད་མཁྱེན་པ་ཉིད་དུ་སྔོ་བ་དེ་ནི་དེའི་འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་འདུས་བྱས་ལ་མཁས་པ་ནི་གང་འཁོར་བའི་རྒྱུན་གྱི་ཀུན་ནས་སྦྱོར་བ་རྣམས་ཡང་དག་པར་མི་གཅོད་ལ་འཁོར་བའི་རྒྱུན་གྱི་ཉོན་མོངས་པ་རྣམས་ཡང་དག་པར་གཅོད་པ་དང་། བྱང་ཆུབ་ཏུ་
དམིགས་པའི་སྦྱོར་བ་རྣམས་རྒྱུན་ཆགས་པར་བྱེད་པ་དང་། སྦྱོར་བ་ཕྱོགས་གཅིག་པ་རྣམས་མི་སྡུད་པར་སྤྱོད་པ་དེ་ནི་འདུས་བྱས་ལ་མཁས་པ་ཞེས་བྱའོ། །གང་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ལ་འདྲིས་པར་བྱ་བ་ཤེས་ཤིང་
མངོན་སུམ་དུ་མཁས་པ་དང་། བྱང་ཆུབ་ཏུ་གཞན་གྱི་དྲིང་ལ་མི་འཇོག་ཅིང་འདུས་མ་བྱས་ཀྱང་མངོན་དུ་མི་བྱེད་པ་དེ་ནི་འདུས་མ་བྱས་ལ་མཁས་པའོ། །གཞན་ཡང་ཁམས་གསུམ་ན་སྤྱོད་ཀྱང་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཀྱིས་མི་གོས་པ་དེ་ནི་དེའི་འདུས་བྱས་ལ་

མཁས་པའོ། །གང་ཡང་ཁམས་གསུམ་ལས་འབྱུང་བའི་ཡེ་ཤེས་རབ་ཏུ་ཤེས་ཀྱང་འབྱུང་བའི་ཁམས་སུ་མི་ལྟུང་བ་དེ་ནི་འདུས་མ་བྱས་ལ་མཁས་པ་ཞེས་བྱའོ། །གང་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚིག་བླ་དགས་སོ། །གང་ཐམས་
ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྟོགས་པ་ཡོངས་སུ་རྫོགས་པ་དེ་ནི་ཤེས་རབ་དང་། མཁས་པ་མེད་ན་འབྱུང་བར་མི་འགྱུར་བས་དེའི་ཕྱིར་ཆོས་ཐམས་ཅད་ལ་མཁས་པ་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གནས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཤེས་རབ་རྣམ་པར་འབྱེད་པ་ལ་མཁས་ཤིང་མཁས་པ་བཅུ་པོ་དེ་དག་ལ་ཡང་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་དོ། །དེ་ལ་ཤེས་རབ་ནི་གང་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དོན་ནི་གང་ཞེ་ན། ཤེས་རབ་ཅེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པའོ། །ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་འཐུན་པའི་ཆོས་རྣམས་ཀྱི་མངོན་སུམ་མོ། །འཕགས་པའི་ཆོས་མངོན་སུམ་དུ་གྱུར་པའི་ཕྱིར་
ཚད་མར་གྱུར་པ་ནི་ཤེས་རབ་བོ། །ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་ཚད་མར་གྱུར་པའོ། །ཤེས་རབ་ནི་ལྟ་བར་གྱུར་པ་ཐམས་ཅད་དང་། ཀུན་ནས་ལྡང་བ་དང་། སྒྲིབ་པ་དང་། སྒྲིབ་པར་བྱེད་པའི་ཆོས་རྣམས་རབ་ཏུ་རྟོགས་པའོ། །ཤེས་རབ་ནི་འདོད་པ་དང་། ཚོལ་བ་དང་། སྨོན་
ལམ་ཐམས་ཅད་ཀྱི་སྨོན་ལམ་དང་བྲལ་བའོ། །ཤེས་རབ་ནི་ཤིན་ཏུ་སྦྱངས་པའི་ཕྱིར་སིམ་པར་བྱེད་པའོ། །ཤེས་རབ་ནི་ཆོས་ཀྱི་དགའ་བ་ལ་དམིགས་པ་རྣམ་པར་མི་གཅོད་པའི་ཕྱིར་རབ་ཏུ་དགའ་བར་བྱེད་པའོ། །ཤེས་རབ་ནི་ཡེ་ཤེས་ཐམས་ཅད་མངོན་སུམ་དུ་གྱུར་པའི་ཕྱིར་རྟེན་པའོ། །ཤེས་
རབ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སོ། །ཤེས་རབ་ནི་ཐེག་པ་ཇི་ལྟ་བ་བཞིན་གྱི་འབྲས་བུ་རྟོགས་པའི་ཕྱིར་ཐོབ་པའི་མཚན་ཉིད་དོ། །ཤེས་རབ་ནི་རང་བཞིན་གྱིས་ཡེ་ཤེས་སྣང་བ་རབ་ཏུ་ཤེས་པའི་མཚན་ཉིད་དོ། །ཤེས་རབ་ནི་ཆུ་བོ་ཐམས་ཅད་ལས་སྒྲོལ་བའི་ཕྱིར་

རབ་ཏུ་སྒྲོལ་བའོ། །ཤེས་རབ་ནི་ཡང་དག་པར་གྱུར་པ་ལ་འདྲེན་པའོ། །ཤེས་རབ་ནི་དགེ་བའི་ཆོས་ཐམས་ཅད་རབ་ཏུ་འཛིན་པའོ། །ཤེས་རབ་ནི་ཉོན་མོངས་པའི་བག་ལ་ཉལ་ཐམས་ཅད་དང་བར་བྱེད་པའོ། །ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་སྤྱི་བོ་ཐོབ་པའི་
མཆོག་གོ །ཤེས་རབ་ནི་རང་འབྱུང་བའི་ཡེ་ཤེས་རྟོགས་པར་བྱ་བ་ལ་དམ་པའོ། །ཤེས་རབ་ནི་ཁམས་གསུམ་དང་མ་འདྲེས་པས་རྒྱུ་བ་དང་བྲལ་བའོ། །ཤེས་རབ་ནི་འཕགས་པ་ཐམས་ཅད་ཀྱིས་ཤིན་ཏུ་བཟུང་བའོ། །ཤེས་རབ་ནི་མཚན་མར་ཡོངས་སུ་རྟོག་པ་ཐམས་
ཅད་སྤངས་པས་སྨོན་ལམ་རྣམ་པར་ཆད་པའོ། །ཤེས་རབ་ནི་མུན་པ་མུན་གནག་དང་བྲལ་བས་བག་མེད་པའི་གཉེན་པོའོ། །ཤེས་རབ་ནི་རྣལ་འབྱོར་སྤྱོད་པའི་ས་ལ་གནས་པ་ཐམས་ཅད་ཀྱི་སྦྱོར་བའོ། །ཤེས་རབ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་ལ་
གནས་པ་རྣམས་ཀྱི་རབ་ཏུ་འདྲེན་པའོ། །ཤེས་རབ་ནི་མ་རིག་པའི་རླུང་གི་མུན་པ་རབ་རིབ་ཀྱི་སྤྲིན་འཇོམས་པར་བྱས་པས་སྣང་བར་བྱེད་པའོ། །ཤེས་རབ་ནི་མིག་ལ་ཇི་ལྟར་མོས་པ་རྣམས་ཀྱི་མིག་ཐམས་ཅད་སྦྱིན་པར་བྱེད་པའོ། །ཤེས་རབ་ནི་མིག་དང་གཟུགས་ཀྱི་ལམ་ལས་
འདས་པའི་ཕྱིར་ཟག་པ་མེད་པའོ། །ཤེས་རབ་ནི་དབེན་པ་ལས་བྱུང་བ་དོན་དམ་པའོ། །ཤེས་རབ་ནི་ཤིན་ཏུ་དུལ་བའི་ཕྱིར་མི་འཁྲུགས་པའོ། །ཤེས་རབ་ནི་ཡེ་ཤེས་ཀྱི་སྒོའི་སྣང་བའོ། །ཤེས་རབ་ནི་ཐམས་ཅད་རྒྱུ་བ་མི་ཟད་པའོ། །ཤེས་རབ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་
པར་མཐོང་བའི་ཕྱིར་འགལ་བ་མེད་པའོ། །ཤེས་རབ་ནི་ལེན་པའི་འཆིང་བ་ཐམས་ཅད་གཅོད་པར་བྱེད་པས་ཐར་པའི་ལམ་མོ། །ཤེས་རབ་ནི་སྒྲིབ་པར་བྱེད་པའི་ཕྱིར་ཆོས་ཐམས་ཅད་དང་ལྷན་ཅིག་ཏུ་མི་གནས་པས་མ་འདྲེས་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཇི་སྙེད་
པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ལས་དང་། ཡེ་ཤེས་ཀྱི་སྤྱོད་པ་ཡང་དེ་སྙེད་དོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྤྱོད་པ་དང་ཡེ་ཤེས་ཀྱང་དེ་སྙེད་དོ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྒོ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་ཤེས་རབ་ལ་

འཇུག་པའི་སྒོ་ཡང་དེ་སྙེད་དོ། །ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་ཤེས་པ་ཇི་སྙེད་པ་ཤེས་རབ་གནས་པའི་གནས་ཀྱང་དེ་སྙེད་དེ། བྱང་ཆུབ་སེམས་དཔས་ཐམས་ཅད་ལ་བསླབ་པར་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་
ཅེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་དོན་གང་ཞེ་ན། ཤེས་རབ་གང་ཡིན་པ་ཕ་རོལ་ཏུ་ཕྱིན་པའི་དོན་ཀྱང་དེ་ཡིན་ཏེ། དགེ་བའི་ཆོས་རྣམས་རབ་ཏུ་ཤེས་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཞེས་བྱའོ། །གོང་མ་བཞིན་དུ་སྦྱར་ཏེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཚིག་ཀྱང་དེ་བཞིན་དུ་དཔྱད་པར་བྱའོ། །གཞན་ཡང་བྱང་
ཆུབ་སེམས་དཔའི་སྤྱོད་པའི་ཁྱད་པར་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །གཞན་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །འདུས་བྱས་དང་འདུས་མ་བྱས་པའི་ཆོས་ལ་མངོན་པར་མ་ཆགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །འཁོར་བའི་
ཉེས་པ་ཁོང་དུ་ཆུད་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཟད་མི་ཤེས་པའི་ཆོས་ཀྱི་མཛོད་སྟོན་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སྦྱིན་པ་མཉམ་པ་ཉིད་དང་། ཚུལ་ཁྲིམས་དང་། བཟོད་པ་དང་།
བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་མཉམ་པ་ཉིད་རྟོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །རྣམ་པར་ངེས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་འཇུག་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་
རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཕྱིར་མི་ལྡོག་པའི་ས་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །བྱང་ཆུབ་ཀྱི་སྙིང་པོ་ཡང་
དག་པར་ཐོབ་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །བདུད་ཐམས་ཅད་རབ་ཏུ་བཏུལ་བའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་གཞོག་པར་བྱེད་པའི་དོན་ནི་ཕ་རོལ་ཏུ་ཕྱིན་

པའི་དོན་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་བསླབས་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པར་འགྱུར་རོ། །ཤཱ་རིའི་བུ་དེ་བས་ན་ཐེག་པ་ཆེན་པོ་ལ་གནས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་
གྲངས་འདི་བླང་བར་བྱ། གཟུང་བར་བྱ། བཀླག་པར་བྱ། གཞན་ལ་ཡང་བཤད་པར་བྱ། རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མཉན། བླངས། བཟུང་། བཀླགས། ཀུན་ཆུབ་པར་བྱས། གཞན་
ལ་ཡང་བཤད། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ན་ཡོན་ཏན་བཅུ་པོ་འདི་དག་འཐོབ་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཚེ་རབས་གཞན་དུ་འཕོས་ནས་ཀྱང་བཟོའི་གནས་དང་ལས་ཀྱི་གནས་ཐམས་ཅད་ལ་རྟོགས་པར་ཁོང་དུ་ཆུད་པར་འགྱུར། རིགས་མཐོ་ཞིང་བཙུན་པར་འགྱུར།
དབང་ཆེ་བར་གྲགས་པར་འགྱུར། ཚིག་བཙུན་པར་འགྱུར། ལོངས་སྤྱོད་ཆེ་བར་འགྱུར། ལྷ་དང་མི་རྣམས་ལ་ཕངས་པར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཐོབ་པར་འགྱུར། ཚངས་པ་འཐོབ་པར་འགྱུར། ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་ཏེ། ཡོན་
ཏན་གྱི་ཕན་ཡོན་འདི་བཅུ་འཐོབ་པར་འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། གཅེར་བུ་པའི་རྩོད་པ་དང་། འདྲེས་པ་མ་ཡིན་པར་འགྱུར་བ་དང་། བདག་ཏུ་མི་ལྟ་བ་དང་། སེམས་ཅན་དུ་མི་ལྟ་བ་དང་། སྲོག་ཏུ་མི་ལྟ་བ་དང་།
གང་ཟག་ཏུ་མི་ལྟ་བ་དང་། ཆད་པར་མི་ལྟ་བ་དང་། རྟག་པར་མི་ལྟ་བར་འགྱུར་བ་དང་། དངོས་པོ་ཐམས་ཅད་ལ་མི་ལྟ་བ་དང་། རབ་ཏུ་འབྱུང་བ་ལ་དགའ་བར་སེམས་བསྐྱེད་པ་འཐོབ་པ་དང་། ཐོས་པའི་ཚིག་འབྲུ་མྱུར་དུ་ཁོང་དུ་ཆུད་པར་འགྱུར་བ་སྟེ། ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་འཐོབ་པར་
འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། བློ་གྲོས་དང་ལྡན་པར་འགྱུར་བ་དང་། རྟོག་པ་དང་ལྡན་པར་འགྱུར་བ་དང་། མོས་པ་དང་ལྡན་པར་འགྱུར་བ་དང་། ཤེས་རབ་དང་ལྡན་པར་འགྱུར་བ་དང་། དལ་བ་ཕུན་སུམ་

ཚོགས་པ་རྙེད་པར་འགྱུར་བ་དང་། ཚེ་རབས་དྲན་པར་འགྱུར་བ་དང་། རང་བཞིན་གྱིས་འདོད་ཆགས་ཆུང་སྟེ། འདོད་ཆགས་བདོ་བ་མ་ཡིན་ལ་དེ་ཤིན་ཏུ་འདོད་ཆགས་ཀྱི་གདུང་བས་ཡོངས་སུ་མི་གདུང་བ་དང་། རང་བཞིན་གྱིས་ཞེ་སྡང་ཆུང་སྟེ། ཞེ་སྡང་བདོ་བ་མ་ཡིན་ལ་དེ་ཤིན་ཏུ་ཞེ་སྡང་གི་
གདུང་བས་ཡོངས་སུ་མི་གདུང་བ་དང་། རང་བཞིན་གྱིས་གཏི་མུག་ཆུང་སྟེ། གཏི་མུག་བདོ་བ་མ་ཡིན་ལ་དེ་ཤིན་ཏུ་གཏི་མུག་གི་གདུང་བས་ཡོངས་སུ་གདུང་བར་མི་འགྱུར་བ་སྟེ། ཡོན་ཏན་གྱི་ཕན་ཡོན་བཅུ་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་གཞན་ཡང་ཡོན་ཏན་གྱི་ཕན་ཡོན་བཅུ་འཐོབ་
པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ངོ་མཚར་དུ་འགྱུར། ཤེས་རབ་མྱུར་བར་འགྱུར། ཤེས་རབ་རྣོ་བར་འགྱུར། ཤེས་རབ་མགྱོགས་པར་འགྱུར། ཤེས་རབ་རྒྱ་ཆེ་བར་འགྱ