Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 033_བརྒྱད་སྟོང་པ།

Văn bản gốc(Tây Tạng)

Trang 15 / 19 (50.000 ký tự/trang)
ཆེ་ཆེན་པོ་ལས་ཡོངས་སུ་ཉམས་པས་ཀྱང་ནོར་བུ་རིན་པོ་ཆེ་ཆེན་པོ་ལས་ཡོངས་སུ་
ཉམས་པ་ནོར་བུ་རིན་པོ་ཆེ་ཆེན་པོ་ལ་རིན་པོ་ཆེར་འདུ་ཤེས་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང་མ་བྲལ་བས་ཐམས་ཅད་མཁྱེན་པའི་སེམས་ཀྱིས་ཅི་སྲིད་དུ་དེ་འམ་གཞན་རྙེད་པར་གྱུར་པ་དེ་སྲིད་དུ་བཙལ་བར་བྱ་ཞིང་།
དེ་སྲིད་དུ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་རྙེད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་རྙེད་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མི་འབྲལ་བར་འགྱུར་བར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་ཡང་
བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་དང་ཡིད་ལ་བགྱིད་པ་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བ་དང་སྟོང་པར་གསུངས་ལགས་ན། བཅོམ་ལྡན་འདས་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བགྱིད་པ་དང་ཐམས་ཅད་མཁྱེན་
པ་ཉིད་དང་ལྡན་པའི་ཡིད་ལ་བགྱིད་པ་དང་མ་བྲལ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་
དབེན་པའོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའོ་ཞེས་ཡིད་ལ་བྱེད་ན། དེ་ལྟར་ཡིད་ལ་བྱེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་ཐམས་ཅད་མཁྱེན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དང་མ་བྲལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ནི་སྟོང་པ་སྟེ་དེ་ནི་མི་འཕེལ་མི་འགྲིབ་བོ། །རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་སྟེ་དེ་མི་འཕེལ་མི་འགྲིབ་ན་བཅོམ་ལྡན་འདས་དེ་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕེལ་བ་མ་མཆིས་པའི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པས་བྱང་ཆུབ་ཏུ་བསྒྲུབ་པར་འགྱུར། ཅི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་
འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འཕེལ་བའམ་འགྲིབ་པ་མེད་དོ། །རབ་འབྱོར་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པས་དེ་འཕེལ་བ་དང་འགྲིབ་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཡང་སྟོང་པས་དེ་འཕེལ་བ་མེད་ཅིང་འགྲིབ་པ་མེད་དོ། །རབ་འབྱོར་གང་གི་ཕྱིར་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པས་དེ་འཕེལ་བ་མེད་ཅིང་འགྲིབ་པ་མེད་པ་ཡིན་ལ་རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པས་དེ་འཕེལ་བ་མེད་ཅིང་འགྲིབ་པ་མེད་པ་
ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱིར་ཡང་དག་པར་སྒྲུབ་ཅིང་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གལ་ཏེ་དེ་སྐད་དུ་བཤད་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་
དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་མི་ལྡན་ཞིང་ཞུམ་པར་མ་གྱུར་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པར་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཡང་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ལས་གཞན་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་དེ་འགའ་ཡང་དམིགས་སམ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཡང་ཅི་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་
གསོལ་བ། བཅོམ་ལྡན་འདས་ཡང་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་འགའ་ཡང་སྟོང་པ་ཉིད་འདི་ལ་དམིགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཡང་ཅི་སྟོང་པ་ཉིད་ལ་
སྟོང་པ་ཉིད་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་ཅི་གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་ཅི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་བཅོམ་ལྡན་འདས་ཡང་ཅི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་
བ། བཅོམ་ལྡན་འདས་ཡང་ཅི་གཟུགས་ལས་གཞན་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་དེ་འགའ་ཡང་དམིགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་ཅི་ཚོར་བ་དང་
འདུ་ཤེས་དང་འདུ་བྱེད་རྣམས་ལས་གཞན་དང་རྣམ་པར་ཤེས་པ་ལས་གཞན་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་དེ་འགའ་ཡང་དམིགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་

འདས་འོ་ན་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཡང་ཅི་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་
པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཆོས་འགའ་ཞིག་དམིགས་སུ་མེད་པའི་ཆོས་དེ་ཡང་
དག་པར་རྗེས་སུ་མཐོང་ངམ། ཆོས་དེ་ཉིད་སྐྱེས་པ་འམ་སྐྱེ་བར་འགྱུར་བ་འམ་སྐྱེ་བ་འམ་འགགས་པ་འམ་འགག་པར་འགྱུར་པ་འམ་འགག་པ་ཡིན་ནམ་ཅི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་དེ་ལྟ་བུའི་ངོ་བོ་ཡིན་ཏེ། རབ་འབྱོར་དེ་ལྟ་བུའི་ངོ་བོའི་བཟོད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །རབ་
འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པའི་ལམ་འདི་བསྒྲུབས་ནས། དེ་ལྟར་སྤྱོད་ཅིང་དེ་ལྟར་བརྩོན་ཏེ་དེ་ལྟར་འབད་ན་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་ཡེ་ཤེས་ཆེན་པོ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་དེད་དཔོན་ཆེན་པོའི་ཡེ་
ཤེས་ཐོབ་པར་མི་འགྱུར་བ་འདི་ནི་གནས་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མི་སྐྱེ་བའི་ཆོས་ཉིད་གང་ལགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་ད་ཆོས་གང་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡང་ཅི་ཁྱོད་ཀྱིས་ཆོས་གང་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས་དེ་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་ལུང་སྟོན་པར་འགྱུར་བ་དང་
ལུང་སྟོན་པའི་ཆོས་དེ་ནི་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པའམ་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པར་བགྱི་བའམ་ཆོས་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཆོས་དེ་ཡང་
བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་དམིགས་སུ་མ་མཆིས་པ་ལ་བདག་འདི་སྙམ་དུ་ཆོས་འདི་ནི་མངོན་པར་རྫོགས་པར་འཚང་རྒྱའོ་ཆོས་འདི་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ་ཆོས་འདིས་ནི་མངོན་པར་རྫོགས་
པར་སངས་རྒྱས་སོ་ཞེས་མི་སེམས་པའི་སླད་དུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་དགེ་བའི་བཤེས་གཉེན་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ཡང་དེའི་ཚེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་
འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་བོ། །ཀྱེ་མ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བལྟ་དཀའ་ཞིང་རྟོགས་པར་དཀའ་བའོ། །དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་བོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བལྟ་དཀའ་ཞིང་རྟོགས་པར་

དཀའ་བ་སྟེ། ནམ་མཁའ་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དབེན་པའི་ཕྱིར་བལྟ་དཀའ་བའོ། །སྟོང་པའི་ཕྱིར་རྟོགས་པར་དཀའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཞིང་ཐོས་ནས་ཀྱང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་ཡི་གེར་
འདྲི་བར་འགྱུར་བའི་སེམས་ཅན་དེ་དག་ནི་ངན་ངོན་གྱི་དགེ་བའི་རྩ་བ་དང་ལྡན་པ་མ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཀཽ་ཤི་ཀ་གང་དག་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཞིང་ཐོས་ནས་ཀྱང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བར་འགྱུར་བའི་སེམས་ཅན་དེ་དག་ནི་ངན་ངོན་གྱི་དགེ་བའི་རྩ་བ་
དང་ལྡན་པ་མ་ཡིན་ནོ། །ཀཽ་ཤི་ཀ་འཛམ་བུའི་གླིང་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན་ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་སེམས་ཅན་དེ་དག་ཡང་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་
ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་དེ་བས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་ཐོས་ནས་ཀྱང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་
ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བར་འགྱུར་བ་སྟེ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཞིང་ཐོས་ནས་ཀྱང་འཛིན་པ་དང་འཆང་བ་དང་ཀློག་པ་

དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བར་འགྱུར་དེ་དགེ་བའི་རྩ་བ་གང་དང་ལྡན་པར་འགྱུར་བའི་བསོད་ནམས་ཀྱི་ཕུང་པོ་འདི་ལ་སྔ་མ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་
ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་
ཉེ་བར་མི་འགྲོའོ། །བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བྱ་བར་ཡང་གཞིར་ཡང་རྒྱུར་ཡང་མི་བཟོད་དོ། །དེ་ནས་དགེ་སློང་གཞན་ཞིག་གིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཟབ་མོ་འདི་ཉན་པ་དང་ཐོས་ནས་ཀྱང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བར་འགྱུར་བ་དེས་ཁྱོད་ཟིལ་གྱིས་མནན་ཏོ། །དེ་སྐད་ཅེས་སྨྲས་པ་དང་། ལྷ་རྣམས་ཀྱི་དབང་
པོ་བརྒྱ་བྱིན་གྱིས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་སེམས་བསྐྱེད་པ་གཅིག་གིས་ཀྱང་བདག་ཟིལ་གྱིས་མནན་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་
རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བར་འགྱུར་བས་ལྟ་ཡང་ཅི་སྨོས། གང་གིས་ཐོས་ནས་ཀྱང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་
ཏོན་བྱེད་པ་དང་ཡི་གེར་བྲིས་ཏེ་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བྱེད་པ་ལྟ་ཡང་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་འབའ་ཞིག་ཟིལ་གྱིས་གནོན་ཅིང་འགྲོ་བར་མ་ཟད་ཀྱི། གང་ཡང་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དང་རང་སངས་རྒྱས་དེ་དག་
ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་འབའ་ཞིག་ཟིལ་གྱིས་གནོན་ཅིང་འགྲོ་བར་མ་ཟད་ཀྱི། གང་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་བདག་པོ་ཆེན་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བ་དེ་དག་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་བདག་པོ་ཆེན་པོ་འབའ་ཞིག་ཟིལ་གྱིས་གནོན་ཅིང་འགྲོ་བར་མ་ཟད་ཀྱི། གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཚུལ་ཁྲིམས་ཀྱི་ཕུང་པོ་མ་ཉམས་པ་དང་སྐྱོན་མེད་པ་དང་འདྲེན་མར་མ་
གྱུར་པ་དང་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་དང་ལྷད་མ་ཞུགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བ་དེ་དག་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕུང་པོ་མ་ཉམས་པ་སྐྱོན་མེད་པ་འདྲེན་མར་མ་གྱུར་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ལྷད་མ་ཞུགས་པ་དང་ལྡན་པ་དག་འབའ་ཞིག་ཟིལ་གྱིས་གནོན་ཅིང་འགྲོ་བར་མ་ཟད་ཀྱི། གང་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བཟོད་པ་ཕུན་སུམ་ཚོགས་པ་ཞི་བ་ཕུན་སུམ་ཚོགས་པ་ཆུང་ངུ་ན་སྡོང་དུམ་མེས་ཚིག་པ་ལ་ཡང་གནོད་པའི་སེམས་མི་བསྐྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བ་དེ་དག་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་ཕུན་སུམ་ཚོགས་པ་ཞི་བ་ཕུན་སུམ་ཚོགས་པ་སེམས་ཁོང་ཁྲོ་བ་མེད་པ་དག་འབའ་ཞིག་ཟིལ་གྱིས་གནོན་ཅིང་འགྲོ་བར་མ་ཟད་ཀྱི་གང་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་སྙོམ་པ་མེད་པ་ལེ་ལོ་མེད་པ་མ་ཞུམ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དང་ལྡན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བ་དེ་དག་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་སྙོམ་པ་མེད་པ་ལེ་ལོ་མེད་པ་མ་ཞུམ་པའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དང་ལྡན་པ་དག་འབའ་ཞིག་ཟིལ་གྱིས་གནོན་ཅིང་འགྲོ་བར་མ་ཟད་ཀྱི། གང་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་དགའ་ཞིང་བསམ་གཏན་ལ་མོས་པ་བསམ་གཏན་གྱི་སྟོབས་ཅན་བསམ་གཏན་དང་ལྡན་པ་བསམ་གཏན་ལ་གནས་པ་བསམ་གཏན་ལ་དབང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བ་དེ་དག་ཐམས་ཅད་ཀྱང་ཟིལ་
གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་ལྟར་བསྟན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་
རོ། །ཉན་ཐོས་ཀྱི་ཐེག་པ་ཅན་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་ཐམས་ཅད་དང་ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཟིལ་གྱིས་གནོན་པར་འགྱུར་ཏེ་དེ་དག་ནི་ཟིལ་གྱིས་མི་གནོན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་ལྟར་བསྟན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འཇུག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཐམས་ཅད་མཁྱེན་པའི་གདུང་མི་གཅད་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་རྣམས་རྒྱང་རིང་དུ་མི་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དེ་ལྟར་ནན་ཏན་བྱེད་ན་བྱང་ཆུབ་ཀྱི་སྙིང་པོར་ཡུན་མི་རིང་བར་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་དེ་ལྟར་སློབ་ན་སེམས་ཅན་ཉོན་མོངས་པའི་འདམ་དུ་བྱིང་བ་རྣམས་འབྱིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དེ་ལྟར་སློབ་ན་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་ཡིན་ཏེ་ཉན་ཐོས་ཀྱི་བསླབ་པ་ལ་མི་སློབ་བོ། །རང་སངས་རྒྱས་ཀྱི་བསླབ་པ་ལ་མི་
སློབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་དྲུང་དུ་འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི་འོངས་ནས་འདི་སྐད་ཅེས། རིགས་ཀྱི་བུ་ཁྱོད་མྱུར་དུ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབས་ཤིག །ལ་གོར་སློབས་ཤིག་དང་གང་ཁྱོད་
བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བླང་བར་བྱ་བའི་ལྷུང་བཟེད་བཞི་པོ་ནི་འདི་དག་ཡིན་ནོ་ཞེས་སྨྲ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་དེ་ལྟར་སློབ་པའི་དྲུང་དུ་འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི་འབའ་ཞིག་མཆི་བར་སེམས་པར་ཡང་མ་ཟད་དེ། བཅོམ་ལྡན་འདས་བདག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དྲུང་དུ་མཆི་བར་སེམས་ན་ལྷའི་བུ་གཞན་དག་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་གིས་ཀྱང་རྟག་ཏུ་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འཇིག་རྟེན་གྱི་སྡུག་བསྔལ་བ་དང་ཕ་རོལ་གྱི་གནོད་པ་
གང་ཡང་རུང་བ་དག་འབྱུང་བ་དེ་དག་དང་གཞན་དག་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ། བཅོམ་ལྡན་འདས་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་འདིའི་ཡོན་ཏན་ལགས་སོ། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། ཅི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་བདག་ཉིད་ཀྱི་སྤོབས་པས་སྨྲ་འམ་འོན་ཏེ་སངས་རྒྱས་ཀྱི་མཐུས་སྨྲ་སྙམ་མོ། །དེ་ནས་སངས་རྒྱས་ཀྱི་མཐུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་
སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཀུན་དགའ་བོ་འདི་ནི་སངས་རྒྱས་ཀྱི་མཐུར་རིག་པར་བྱའོ། །འཕགས་པ་ཀུན་དགའ་བོ་འདི་ནི་སངས་རྒྱས་ཀྱི་བྱིན་གྱི་རླབས་སུ་རིག་པར་བྱ་སྟེ། འཕགས་པ་ཀུན་དགའ་བོ་བདག་
ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་བརྩམས་ཏེ་སྨྲ་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཅི་ལྟར་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། འདི་
ནི་དེ་བཞིན་གཤེགས་པའི་མཐུའོ། །འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཤད་པ་ཡིན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་བརྒྱ་བྱིན་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གསུམ་པའོ།། །།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་ཉི་ཤུ་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེའི་ཚེ། ཀུན་དགའ་བོ་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་སྡིག་ཅན་དེ་དག་ཐམས་ཅད་འདི་ལྟར་ཐེ་ཚོམ་ཟ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་འདི་ཅི་བར་མ་དོར་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་ལ་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་དམ་འོན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་མོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས་གནས་པ་དེའི་ཚེ། གང་བདུད་སྡིག་ཅན་དེ་དག་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེའི་ཚེ་བདུད་སྡིག་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འཚེ་བར་བྱེད་དེ། ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཞུམ་པར་འགྱུར་བ་དང་སྤུ་ཟིང་ཞེས་བྱེད་པར་འགྱུར་བ་དང་དེས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་དེའི་སེམས་བསྐྱེད་པ་གཅིག་ཙམ་ཡང་ཟད་པར་འགྱུར་སྙམ་སྟེ་འཇིགས་པ་དག་ཀྱང་འབྱིན་ཅིང་ཕྱོགས་དང་ཕྱོགས་སུ་སྐར་མདའ་ལྟུང་བ་དང་མེ་ཐར་བ་ལྟ་བུ་དག་ཀྱང་གཏོང་ཞིང་སྟོན་ཏོ། །ཀུན་དགའ་བོ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་
ཅད་ཀྱི་དྲུང་དུ་བདུད་སྡིག་ཅན་འཚེ་བར་སེམས་ཤིང་མི་འོང་སྟེ། འོན་ཀྱང་ཁ་ཅིག་གི་དྲུང་དུ་ནི་འོང་ཁ་ཅིག་གི་དྲུང་དུ་ནི་མི་འོང་ངོ་། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལྟ་བུའི་དྲུང་དུ་བདུད་སྡིག་ཅན་འཚེ་བར་སེམས་ཤིང་
མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་མོས་པའི་སེམས་མ་བསྐྱེད་པར་གྱུར་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དེ་ལ་བདུད་སྡིག་ཅན་འཚེ་བར་སེམས་ཤིང་འོང་སྟེ། གླགས་ཀྱང་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ལ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བར་འགྱུར་ཡིད་
གཉིས་སྐྱེ་བར་འགྱུར་ཏེ། ཀུན་དགའ་བོ་དེ་ལྟར་ཐེ་ཚོམ་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཡང་བདུད་སྡིག་ཅན་ལ་འཚེ་བར་སེམས་ཤིང་འོང་སྟེ་དེ་ལ་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་

བཤེས་གཉེན་དང་བྲལ་ཞིང་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་གྱུར་ན་དེ་ཟབ་མོ་ཟབ་མོའི་གནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་མི་ཉན་ཏེ་མ་མཉན་པས་མི་ཤེས་སོ་མི་ཤེས་པས་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པར་བྱ་ཞེས་མི་འདྲི་སྟེ། ཀུན་
དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལའང་བདུད་སྡིག་ཅན་འཚེ་བར་སེམས་ཤིང་འོང་སྟེ་དེ་ལ་གླགས་ཀྱང་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་ལ་སྦྱོར་བ་ལ་
བརྟེན་པར་འགྱུར་ཏེ། འདི་ནི་བདག་གི་གྲོགས་པོ་དོན་ཐམས་ཅད་ལ་ཡང་ང་མི་འདོར་བ། བདག་གི་གྲོགས་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་མང་དུ་ཡོད་མོད་ཀྱི་དེ་དག་ནི་བདག་གི་བསམ་པ་རྫོགས་པར་མི་བྱེད་དེ། འདི་ནི་བདག་དང་མཐུན་པའི་གྲོགས་རྙེད་པ་
ཡིན་ཏེ་འདིས་བདག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ཡང་བདུད་སྡིག་ཅན་འཚེ་བར་སེམས་ཤིང་འོང་སྟེ་གླགས་ཀྱང་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་སྟེ་ཁྱོད་ལ་འདི་མཉན་པས་ཅི་ཞིག་བྱ། ཇི་ལྟར་མདོ་སྡེ་གཞན་དག་ཏུ་དེ་བཞིན་གཤེགས་པས་
བཤད་པ་དེ་ལྟར་འདིར་བརྩོན་པར་བྱས་པ་ན་ནི་མ་ཡིན་ཏེ། བདག་གིས་ནི་འདིའི་གཏིང་མི་རྙེད་རོ་མི་མྱོང་ན་ཁྱོད་ལ་འདི་མཉན་པ་འམ་བྲིས་པས་ཅི་ཞིག་བྱ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ཀྱང་དེ་ལྟར་འབྲལ་བར་བྱེད་དེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་འདི་ལ་ཡང་བདུད་སྡིག་ཅན་འཚེ་བར་སེམས་ཤིང་འོང་སྟེ་གླགས་ཀྱང་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་གཞན་དག་ལ་བརྙས་པར་བྱེད་ཅིང་བདག་ནི་དབེན་པར་གནས་པས་གནས་ཏེ་གཞན་དག་ནི་

དབེན་པར་གནས་པས་མི་གནས་སོ། །གཞན་དག་ལ་ནི་དབེན་པར་གནས་པ་མེད་དོ་སྙམ་ན་ཀུན་དགའ་བོ་དེའི་ཚེ་བདུད་སྡིག་ཅན་དགའ་མགུ་ཡི་རངས་པར་འགྱུར་ཞིང་རབ་ཏུ་དགའ་བ་དང་རངས་པ་དང་ཡིད་བདེ་བ་སྐྱེ་སྟེ། ཀུན་ཏུ་ཚིམ་པ་སྐྱེ་ཞིང་སེམས་ཚིམ་པར་གྱུར་ལ་རབ་ཏུ་དགའ་བ་སྐྱེ་བར་
འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྒྱང་རིང་དུ་བྱེད་དོ་སྙམ་མོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མིང་ནས་སྨོས་པ་འམ་རུས་ནས་སྨོས་པ་འམ་སྦྱངས་པའི་ཡོན་ཏན་ཡོངས་སུ་བརྗོད་པ་
དེའི་ཚེ་དེ་ཙམ་གྱིས་དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་པ་དགེ་བའི་ཆོས་ཅན་གཞན་དག་ལ་བརྙས་པར་བྱེད་དེ། དེ་ལ་ཡང་ཡོན་ཏན་དེ་དག་མེད་དེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཡོན་
ཏན་གང་ཡིན་པ་དེ་དག་དང་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་མེད་དོ། །དེ་དག་དེ་ལ་མེད་བཞིན་དུ་དེ་ཕྱིར་མི་ལྡོག་པའི་ཡོན་ཏན་རྣམས་ལ་ཉོན་མོངས་པ་སྐྱེད་དེ་འདི་ལྟ་སྟེ་ང་གང་ལ་སྣང་བའི་ཆོས་དེ་དག་ལ་ཁྱེད་མི་སྣང་ངོ་ཞེས་བདག་ལ་སྟོད་ཅིང་གཞན་ལ་སྨོད་དོ། །
དེ་ལ་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། བདུད་ཀྱི་གནས་སྟོངས་པར་མི་འགྱུར་ཞིང་སེམས་ཅན་དམྱལ་བ་ཆེན་པོ་ཞིག་པར་མི་འགྱུར། བྱོལ་སོང་གི་སྐྱེ་གནས་དང་ཡི་དགས་ཀྱི་ཡུལ་དང་ལྷ་མ་ཡིན་གྱི་ཚོགས་ཞིག་པར་མི་འགྱུར་བ་ལྟ་སྙམ་ནས། བདུད་སྡིག་ཅན་གྱིས་ཅི་
ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འདི་ལྟར་རྙེད་པ་དང་བཀུར་སྟིས་ནོན་པའི་རང་བཞིན་ཅན་དུ་འགྱུར་ཞིང་། ཚིག་བཙུན་པར་འགྱུར་བ་དང་ཚིག་བཙུན་པ་དེས་སྐྱེ་བོ་མང་པོས་འཛིན་པར་འགྱུར་ཞིང་དེ་དག་ལ་སྐྱེ་བོ་མང་པོ་ཡང་མཉན་པ་དང་དད་པར་བྱ་སྙམ་དུ་སེམས་པ་
དེ་ལྟར་བྱིན་གྱིས་རློབ་སྟེ། མཐོང་ངམ་ཐོས་ནས་ཀྱང་དེ་དག་གི་རྗེས་སུ་བྱེད་པར་འགྱུར་ཞིང་དེ་དག་མཐོང་བ་དང་ཐོས་པའི་རྗེས་སུ་བྱེད་པ་ན་དེ་བཞིན་ཉིད་དུ་མི་སློབ་དེ་བཞིན་ཉིད་དུ་མི་སྒྲུབ་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་མི་བྱེད་པར་འགྱུར་རོ། །དེ་དག་དེ་ལྟར་དེ་བཞིན་ཉིད་ལ་མི་སློབ་ཅིང་དེ་

བཞིན་ཉིད་ལ་མི་སྒྲུབ་དེ་བཞིན་ཉིད་ལ་རྣལ་འབྱོར་དུ་མི་བྱེད་པས་ཉོན་མོངས་པ་རྣམ་པར་འཕེལ་བར་འགྱུར་རོ། །དེ་དག་དེ་ལྟར་སེམས་ཀྱི་རྒྱུད་ཕྱིན་ཅི་ལོག་པས་ལུས་དང་ངག་དང་ཡིད་ཀྱི་ལས་གང་དང་གང་བྱེད་པ་དེ་དག་ཐམས་ཅད་མི་འདོད་པ་དང་མི་སྡུག་པ་དང་མི་དགའ་
བ་དང་ཡིད་དུ་མི་འོང་བར་འགྱུར་རོ། །དེ་ལྟར་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཞིག་པར་མི་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་དང་ཡི་དགས་ཀྱི་ཡུལ་དང་ལྷ་མ་ཡིན་གྱི་ཚོགས་དང་བདུད་ཀྱི་གནས་རྣམས་ཞིག་པར་མི་འགྱུར་རོ། །ཀུན་དགའ་བོ་དོན་གྱི་དབང་འདི་ཡང་མཐོང་ནས་
བདུད་སྡིག་ཅན་དགའ་མགུ་ཡི་རངས་ཤིང་རབ་ཏུ་དགའ་བ་དང་ཚིམ་པ་དང་ཡིད་བདེ་བ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་དང་ལྷན་ཅིག་འཐབ་པར་བྱེད། རྩོད་པར་བྱེད་འགྱེད་པར་བྱེད་གཤེ་
ཞིང་སྤྱོ་བར་བྱེད་གནོད་པར་སེམས་ཤིང་ཞེ་སྡང་སྐྱེད་ན། དེའི་ཚེ་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ་ཀྱེ་མ་རིགས་ཀྱི་བུ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་རྒྱང་རིང་དུ་བྱེད་པར་འགྱུར་ཏེ། ཐམས་ཅད་མཁྱེན་པ་ཉིད་ལས་ཤིན་ཏུ་རྒྱང་རིང་བར་གནས་པར་འགྱུར་རོ་སྙམ་མོ། །གལ་ཏེ་ཡང་གང་ཟག་
བྱང་ཆུབ་སེམས་དཔའི་ཐེག་པ་ཅན། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གཞན་དང་ལྷན་ཅིག་འཐབ་པར་བྱེད་རྩོད་པར་བྱེད་འགྱེད་པར་བྱེད་གཤེ་ཞིང་སྤྱོ་བར་བྱེད་གནོད་པར་སེམས་ཤིང་ཞེ་སྡང་སྐྱེད་ན། དེ་ལ་བདུད་སྡིག་ཅན་ཤིན་ཏུ་དགའ་མགུ་ཡི་རངས་ཤིང་རབ་ཏུ་དགའ་བ་དང་ཚིམ་པ་
དང་ཡིད་བདེ་བ་སྐྱེ་བར་འགྱུར་ཏེ། དེ་འདི་སྙམ་དུ་སེམས་ཏེ་བྱང་ཆུབ་སེམས་དཔའ་འདི་གཉི་ག་ཡང་ཐམས་ཅད་མཁྱེན་པ་ཉིད་ལས་རྒྱང་རིང་དུ་གནས་པར་འགྱུར་རོ་སྙམ་མོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་གང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ལུང་བསྟན་པ་དང་ལྷན་ཅིག་འཐབ་པར་བྱེད་རྩོད་པར་བྱེད་འགྱེད་པར་བྱེད་གཤེ་ཞིང་སྤྱོ་བར་བྱེད་གནོད་པར་སེམས་ཤིང་ཞེ་སྡང་སྐྱེད་ལ་སེམས་ལ་གནོད་པར་བྱེད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་གལ་ཏེ་ཐམས་ཅད་མཁྱེན་པ་ཉིད་མ་བཏང་ན་སེམས་བསྐྱེད་པ་དེ་སྙེད་ཀྱི་

བསྐལ་པར་གོ་ཆ་བགོ་དགོས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་བསྐྱེད་པ་དེ་དག་ལ་ངེས་པར་འབྱུང་བ་ཅུང་ཟད་ཅིག་མཆིས་སམ་འོན་ཏེ་བསྐལ་པ་དེ་སྙེད་དུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེས་གདོན་མི་འཚལ་བར་གོ་ཆ་བགོ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་དང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དག་ལ་ངས་ངེས་པར་འབྱུང་བ་
དང་བཅས་པའི་ཆོས་བསྟན་ཏོ། །དེ་ལ་ཀུན་དགའ་བོ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་ཞིག་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དང་ལྷན་ཅིག་འཐབས་ཤིང་རྩོད་དེ་བཀྱེ་ནས་གཤེ་ཞིང་སྤྱོས་གནོད་པར་བསམས་ཞེ་སྡང་བསྐྱེད་ནས་སོ་སོར་བཤགས་པར་མི་བྱེད་ཕྱིས་སྡོམ་པར་
མི་འཛིན་ཁོན་དུ་འཛིན་ཅིང་ཁོན་དུ་བཟུང་ནས་འདུག་ན། ཀུན་དགའ་བོ་གང་ཟག་དེ་ལ་ངེས་པར་འབྱུང་བ་ཡོད་པར་ང་མི་སྨྲ་སྟེ་ཀུན་དགའ་བོ་གང་ཟག་དེས་ཕྱིར་བསྐལ་པ་དེ་སྙེད་དུ་གདོན་མི་ཟ་བར་གོ་ཆ་བགོ་དགོས་སོ། །ཀུན་དགའ་བོ་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་། གང་ཟག་
བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དང་ལྷན་ཅིག་འཐབས་ཤིང་རྩོད་དེ་བཀྱེ་ནས་གཤེ་ཞིང་སྤྱོས་གནོད་པར་བསམས་ཞེ་སྡང་བསྐྱེད་ནས་སོ་སོར་བཤགས་པར་བྱེད་སོ་སོར་བཤགས་པར་བྱས་ནས་ཕྱིས་ཀྱང་སྡོམ་པ་འཛིན་ལ་སེམས་འདི་ལྟར་བསྐྱེད་དེ་ཅི་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་རྩོད་པ་
གཅད་པ་བྱ་བ་ཡིན་བསལ་བར་བྱ་བ་ཡིན་རབ་ཏུ་ཞི་བར་བྱ་བ་ཡིན་ན། བདག་ཉིད་རྩོད་པར་བྱེད་པ་དང་སྨྲས་པ་ལ་བདག་སླར་སྨྲ་བ་ནི་རྙེད་པ་ངན་པ་རྙེད་པ་ཡིན་ནོ། །ངན་པ་རྙེད་དེ་ལེགས་པར་མ་རྙེད་དོ། །བདག་གིས་ཅི་ནས་སེམས་ཅན་ཐམས་ཅད་ཀྱི་ཟམ་པ་ལྟ་བུར་འགྱུར་བར་བྱ་བ་ཡིན་ལ།
བདག་ཕ་རོལ་ལ་ཁྱོད་ཅེས་ཚིག་དྲག་ཏུ་སྨྲ་བ་འམ། ཚིག་རྩུབ་པོས་ལན་ལྡོན་ཞིང་སྨྲ་བ་འདི་ནི་བདག་གིས་སྨྲ་བར་མི་བྱ་སྟེ། འཐབ་ཅིང་རྩོད་པ་དང་འགྱེད་པ་རྣམས་ལ་བདག་ནི་གླེན་པ་དང་འོན་པ་དང་ལྐུག་པ་དང་འདྲ་བར་བྱའོ། །ཕ་རོལ་གྱིས་ངན་དུ་སྨྲས་པ་དང་ངན་དུ་བརྗོད་པ་དང་ངན་དུ་ཟེར་

བ་རྣམས་སྨྲ་བ་ཐོས་ཀྱང་གཞན་གྱི་དྲུང་དུ་ངན་སེམས་སུ་མི་བྱའོ། །ཕ་རོལ་གྱི་ཉེས་པ་དང་སྐྱོན་བདག་གིས་ཤེས་པར་བྱ་བ་འདི་ནི་བདག་ལ་ལེགས་པ་མ་ཡིན་ཏེ་བདག་གི་ཆ་མ་ཡིན་ནོ། །བདག་གིས་གཞན་གྱི་ཉེས་པ་དང་སྐྱོན་མཉན་ཏོ་སྙམ་དུ་བསམ་པ་འདི་ནི་བདག་གི་ཆ་
མ་ཡིན་ནོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ལྷག་པའི་བསམ་པ་འཁྲུག་པར་བྱ་བ་མ་ཡིན་ནོ། །ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བདེ་བར་བྱ་བ་དང་ཡོངས་
སུ་མྱ་ངན་ལས་འདའ་བར་བྱ་བ་ཞེས་བྱ་བ་དེ་བདག་གིས་གནོད་སེམས་བསྐྱེད་པ་ཡིན་ནམ་བདག་དང་གཞན་དག་འགྲས་པ་ན་ཡང་བདག་གིས་གཞན་ལ་གནོད་སེམས་མི་བྱ་བ་ཞེས་བྱ་བ་དེ་བདག་འཁྲུགས་པར་གྱུར་པ་ཡིན་ནམ། འདི་ནི་བདག་གིས་བྱ་བ་མ་ཡིན་ཏེ་བདག་གིས་ནི་བརྟུལ་བ་བརྟན་པས་
ཕ་རོལ་ཏུ་གནན་པར་བྱ་ཞིང་སྲོག་གི་བར་ཆད་བྱེད་པ་ལ་ཡང་བདག་འཁྲུག་པར་མི་བྱ་བ་དང་བཞིན་ལ་ཁྲོ་གཉེར་འབྱུང་བར་མི་བྱའོ་སྙམ་པ་འདི་ནི་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ངེས་པར་འབྱུང་བ་ཡིན་པར་ངས་བཤད་དོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་ཀྱི་དྲུང་དུ་ཡང་དེ་ལྟར་གནས་པར་བྱ་སྟེ། ཅི་ལྟར་སེམས་ཅན་སུའི་དྲུང་དུ་ཡང་འཁྲུག་པར་མི་འགྱུར་བ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་གནས་པར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་
ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གཞན་དག་གིས་དྲུང་དུ་ཅི་ལྟར་གནས་པར་བྱ་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ་སྟོན་པ་ལ་ཅི་ལྟ་བ་དེ་བཞིན་དུ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་ངའི་སྟོན་པའོ་ཞེས་དེ་ལྟར་གནས་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་འདི་དག་ནི་བདག་དང་ཐེག་པ་གཅིག་ལ་ཞུགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་བདག་དང་ལམ་གཅིག་ཏུ་ཞུགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་བདག་དང་བསམ་པ་མཐུན་པའོ། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་འདི་དག་ནི་བདག་དང་ཐེག་པ་མཐུན་པ་ལ་ཡང་དག་པར་ཞུགས་པ་སྟེ། གང་ལ་འདི་དག་གིས་བསླབ་པར་བྱ་བ་དེ་ལ་བདག་གིས་ཀྱང་བསླབ་པར་བྱའོ། །འདི་དག་གིས་ཅི་ལྟར་བསླབ་པར་བྱ་བ་དེ་བཞིན་དུ་བདག་གིས་ཀྱང་དེ་ལྟར་བསླབ་པར་བྱའོ། །གལ་ཏེ་འདི་
དག་ལས་ཁ་ཅིག་འདྲེས་པར་གནས་པས་གནས་པར་གྱུར་ན་ཡང་བདག་གིས་ནི་འདྲེས་པར་གནས་པས་གནས་པར་མི་བྱའོ། །གལ་ཏེ་ཡང་འདི་དག་ཐམས་ཅད་མཁྱེན་པ་དང་ལྡན་པའི་ཡིད་ལ་བྱེད་པས་མ་འདྲེས་པར་གནས་པས་གནས་ན་བདག་གིས་ཀྱང་དེ་བཞིན་དུ་བསླབ་པར་བྱའོ། །ཀུན་
དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བར་ཆད་མེད་པར་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །འཕགས་
པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་མངོན་པའི་ང་རྒྱལ་གྱི་ལེའུ་ཞེས་བྱ་སྟེ། ཉི་ཤུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གང་ལ་བསླབས་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟད་པ་ལ་སློབ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་བོ། །དེ་བཞིན་དུ་འབྱུང་བ་མེད་པ་དང་འགོག་
པ་མེད་པ་དང་སྐྱེ་བ་མེད་པ་དང་དངོས་པོ་མེད་པ་དང་དབེན་པ་དང་འདོད་ཆགས་དང་བྲལ་བ་དང་ནམ་མཁའ་དང་ཆོས་ཀྱི་དབྱིངས་དང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ལ་སློབ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་བོ། །རབ་འབྱོར་གྱིས་
གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟད་པ་ལ་སློབ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས། དེ་བཞིན་དུ་འབྱུང་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་སྐྱེ་བ་མ་མཆིས་པ་དང་དངོས་པོ་མ་མཆིས་པ་དང་དབེན་པ་དང་

འདོད་ཆགས་དང་བྲལ་བ་དང་ནམ་མཁའ་དང་ཆོས་ཀྱི་དབྱིངས་དང་མྱ་ངན་ལས་འདས་པ་ལ་སློབ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་
འབྱོར་གང་འདི་སྐད་དུ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟད་པ་ལ་སློབ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ། དེ་བཞིན་དུ་འབྱུང་བ་མེད་པ་དང་འགག་པ་མེད་པ་དང་སྐྱེ་བ་མེད་པ་དང་དངོས་པོ་མེད་པ་དང་དབེན་པ་དང་འདོད་ཆགས་དང་བྲལ་བ་དང་ནམ་མཁའ་དང་ཆོས་ཀྱི་
དབྱིངས་དང་མྱ་ངན་ལས་འདས་པ་ལ་སློབ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པར་འགྱུར་ཞེས་ཟེར་བ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཅི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པའོ་ཞེས་རབ་ཏུ་འབྱེད་པ་དེ་
ཟད་པར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཟད་པ་ནི་ཟད་པར་མི་འགྱུར་ཏེ་བཅོམ་ལྡན་འདས་ཟད་པ་ནི་མི་ཟད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་
ཇི་སྙམ་དུ་སེམས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པའོ་ཞེས་རབ་ཏུ་འབྱེད་པ་དེ་འབྱུང་བར་འགྱུར་བའམ་འགག་པར་འགྱུར་བ་འམ་སྐྱེ་བར་འགྱུར་བ་འམ་དངོས་པོར་འགྱུར་བ་འམ་དབེན་པར་འགྱུར་བ་འམ་
རྣམ་པར་འཇིག་པར་འགྱུར་བ་འམ་འདོད་ཆགས་དང་བྲལ་བར་འགྱུར་བ་འམ་ནམ་མཁར་འགྱུར་བ་འམ་ཆོས་ཀྱི་དབྱིངས་སུ་འགྱུར་བ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་
གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པའོ་ཞེས་རབ་ཏུ་འབྱེད་པ་དེ་མྱ་ངན་ལས་འདའ་བར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེའི་

ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་དེ་བཞིན་ཉིད་མི་ཟད་པའོ་ཞེས་དེ་ལྟར་སློབ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་
སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །སངས་རྒྱས་ཀྱི་ས་ལ་སློབ་བོ། །སྟོབས་དག་ལ་སློབ་བོ། །མི་འཇིགས་པ་དག་ལ་སློབ་བོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སློབ་བོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སློབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་བསླབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་ཐོབ་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་བདུད་དམ་བདུད་ཀྱི་འཁོར་ཏམ་བདུད་ཀྱི་རིས་ཀྱི་ལྷ་དག་གིས་བརྫི་བར་མི་ནུས་སོ། །རབ་འབྱོར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་མྱུར་དུ་ཕྱིར་མི་ལྡོག་པའི་ཆོས་ཉིད་རྗེས་སུ་ཐོབ་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་མྱུར་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ལྟར་སློབ་ན་རང་གི་སྤྱོད་ཡུལ་ལ་སློབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་མགོན་པོར་འགྱུར་བའི་ཆོས་དག་ལ་སློབ་བོ། །བྱམས་པ་ཆེན་པོ་ལ་སློབ་བོ། །སྙིང་རྗེ་ཆེན་པོ་ལ་སློབ་བོ། །དགའ་བ་ཆེན་པོ་ལ་སློབ་བོ། །བཏང་
སྙོམས་ཆེན་པོ་ལ་སློབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་སུ་རབ་ཏུ་བསྐོར་བ་ལ་སློབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་སེམས་ཅན་གྱི་ཁམས་
བྲི་བར་མི་བྱའོ་ཞེས་སློབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་དེ་བཞིན་གཤེགས་པའི་གདུང་རྒྱུད་མི་འཆད་པར་བྱ་བ་ལ་སློབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་བདུད་རྩིའི་དབྱིངས་ཀྱི་སྒོ་དབྱེའོ་

ཞེས་སློབ་བོ། །རབ་འབྱོར་བསླབ་པ་རྒྱ་ཆེན་པོ་འདི་ནི་སེམས་སྟོབས་ཞན་པས་སློབ་མི་ནུས་ཤིང་བསླབ་པ་འདི་ལ་མཐུ་ཆུང་ངུས་བསླབ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་བསླབ་པ་འདི་ལ་སློབ་པ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་མཐུན་
པ་ཐུན་མོང་ངོ་། །རབ་འབྱོར་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་མགོན་ནོ། །གང་བསླབ་པ་འདི་ལ་སློབ་པ་དེ་དག་ནི་སེམས་ཅན་ཐམས་ཅད་ལས་མངོན་པར་འཕགས་པ་རྗེས་སུ་ཐོབ་པར་འདོད་པ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་
སེམས་ཅན་དམྱལ་བ་དག་ཏུ་མི་སྐྱེ་བྱོལ་སོང་གི་སྐྱེ་གནས་དག་ཏུ་མི་སྐྱེ་ཡི་དགས་ཀྱི་ཡུལ་རྣམས་སུ་མི་སྐྱེ་ལྷ་མ་ཡིན་གྱི་ལུས་སུ་མི་སྐྱེ་མཐའ་འཁོབ་ཀྱི་སྐྱེ་བོའི་ནང་དུ་མི་སྐྱེ་གདོལ་པའི་རིགས་སུ་མི་སྐྱེ་བྱ་བའི་རིགས་སུ་མི་སྐྱེ་རྔོན་པ་དང་ཉ་བ་དང་ཆོམ་རྐུན་པ་དང་ཤན་པའི་རིགས་སུ་མི་སྐྱེ་སྟེ། དེ་
ལྟ་བུའི་རིགས་ངན་པ་ལས་ངན་པ་རྟེན་ངན་པའི་རིགས་གཞན་དུ་ཡང་མི་སྐྱེའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་ལོང་བར་མི་འགྱུར་འོན་པར་མི་འགྱུར་ཞར་བར་མི་འགྱུར་རྡུམ་པོར་མི་འགྱུར་སྒུར་པོར་མི་འགྱུར་འཐེང་པོར་མི་འགྱུར་ཞ་བོར་མི་འགྱུར་
གྲུམ་པོར་མི་འགྱུར་ལྐུག་པར་མི་འགྱུར་དིག་པར་མི་འགྱུར་རྣ་བ་མི་གསལ་བར་མི་འགྱུར་ཡན་ལག་ཉམས་པར་མི་འགྱུར་ཡན་ལག་མ་ཚང་བར་མི་འགྱུར་ཡན་ལག་མི་སྡུག་པར་མི་འགྱུར་མདོག་མི་སྡུག་པར་མི་འགྱུར་དབྱིབས་མི་སྡུག་པར་མི་འགྱུར་དབང་པོ་ཉམས་པར་མི་འགྱུར་དབང་པོ་
མ་ཚང་བར་མི་འགྱུར་ཏེ། དབང་པོའི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དབྱངས་ཕུན་སུམ་ཚོགས་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་སྲོག་གཅོད་པར་མི་འགྱུར་མ་བྱིན་པར་ལེན་པར་མི་འགྱུར་འདོད་པ་ལ་ལོག་
པར་སྤྱོད་པར་མི་འགྱུར་བརྫུན་དུ་སྨྲ་བར་མི་འགྱུར་ཕྲ་མ་སྨྲ་བར་མི་འགྱུར་ཚིག་རྩུབ་མོ་སྨྲ་བར་མི་འགྱུར་ཚིག་ཀྱལ་པ་སྨྲ་བར་མི་འགྱུར་བརྣབ་སེམས་ཅན་དུ་མི་འགྱུར་གནོད་སེམས་ཅན་དུ་མི་འགྱུར་ལོག་པར་ལྟ་བ་ཅན་དུ་མི་འགྱུར་ལོག་པར་འཚོ་བས་འཚོ་བར་མི་བྱེད་དོ། །རབ་འབྱོར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་ལྷ་ཚེ་རིང་པོའི་ནང་དུ་མི་སྐྱེ་ཚུལ་ཁྲིམས་འཆལ་པ་ཡོངས་སུ་མི་འཛིན་ཡང་དག་པ་མ་ཡིན་པའི་ཆོས་ཡོངས་སུ་མི་འཛིན་བསམ་གཏན་དང་སྙོམས་པར་འཇུག་པའི་དབང་གིས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་གང་དང་ལྡན་པས་ལྷ་ཚེ་རིང་པོའི་ནང་དུ་སྐྱེ་བར་མི་འགྱུར་བའི་ཐབས་མཁས་པ་དེ་ལ་ཡོད་དོ། །རབ་འབྱོར་ཐབས་མཁས་པ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཅི་ལྟར་ཐབས་མཁས་པ་དང་ལྡན་པ་འདིས་བསམ་གཏན་ལ་ཡང་སྙོམས་པར་འཇོག་ལ་བསམ་གཏན་གྱི་དབང་གིས་སྐྱེ་བར་མི་འགྱུར་བ་དེ་ལྟར་ཐབས་མཁས་པ་འདི་ལ་རྣལ་འབྱོར་དུ་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་སྟོབས་
ཡོངས་སུ་དག་པར་འགྱུར་མི་འཇིགས་པ་ཡོངས་སུ་དག་པར་འགྱུར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་དག་པར་འགྱུར་ཏེ་དེ་དག་རྗེས་སུ་ཐོབ་པར་འགྱུར་རོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གི་ཚེ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་
སུ་དག་པ་ཉིད་ལགས་ན། བཅོམ་ལྡན་འདས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་གིས་སྟོབས་ཡོངས་སུ་དག་པར་འགྱུར་མི་འཇིགས་པ་ཡོངས་སུ་དག་པར་འགྱུར་སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པར་འགྱུར་བ་རྗེས་སུ་ཐོབ་པར་འགྱུར། དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་རང་
བཞིན་གྱིས་ཡོངས་སུ་དག་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དག་མི་ཞུམ་མི་འགོང་ན་རབ་འབྱོར་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་དག་ཆོས་འདི་དག་དེ་ལྟར་མ་ཤེས་མ་མཐོང་བས་ཆོས་རྣམས་ཀྱི་

ཆོས་ཉིད་མི་ཤེས་མི་མཐོང་སྟེ། རབ་འབྱོར་སེམས་ཅན་དེ་དག་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབད་ཅིང་བརྩོན་འགྲུས་རྩོམ་སྟེ། བདག་ཁོ་ནས་མི་ཤེས་པའི་སེམས་ཅན་རྣམས་ཤེས་པར་བྱའོ་བདག་ཁོ་ནས་མི་མཐོང་བའི་སེམས་ཅན་རྣམས་
མཐོང་བར་བྱའོ་ཞེས་བསླབ་པ་འདི་ལ་སློབ་བོ། །བསླབ་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྟོབས་རྣམས་རྗེས་སུ་ཐོབ་པར་འགྱུར་མི་འཇིགས་པ་རྣམས་རྗེས་སུ་ཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རྗེས་སུ་ཐོབ་པར་འགྱུར་རོ། །རབ་འབྱོར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་དག་གི་སེམས་ཀྱི་སྤྱོད་པ་དང་གཡོ་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ཕ་རོལ་གྱི་སེམས་ཀྱི་སྤྱོད་པ་ཤེས་པའི་ཕ་རོལ་ཏུ་འགྲོའོ། །
རབ་འབྱོར་འདི་ལྟ་སྟེ་དཔེར་ན་ས་ཆེན་པོའི་སའི་ཕྱོགས་གང་ན་རྡོ་བ་མེད་པ་དང་གང་ན་གསེར་དང་ས་ལེ་སྦྲམ་དང་དངུལ་དག་འབྱུང་བ་དེ་ལྟ་བུ་ནི་ཉུང་གི །ས་ཆེན་པོའི་ས་ཕྱོགས་གང་ན་བ་ཚྭ་ཅན་དང་གྲམ་ས་དང་རྩྭ་དང་སྡོང་དུམ་དང་ཚེར་མ་སྣ་ཚོགས་ཀྱིས་གང་བ་དེ་ལྟ་བུ་ནི་ཆེས་མང་ངོ་། །རབ་
འབྱོར་དེ་བཞིན་དུ་སེམས་ཅན་གྱི་རིས་ན་གང་དག་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བསླབ་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉུང་ངོ་། །སེམས་ཅན་གྱི་རིས་ན་གང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པའི་སེམས་ཅན་
དེ་དག་ནི་ཆེས་མང་ངོ་། །རབ་འབྱོར་གཞན་ཡང་འདི་ལྟ་སྟེ་དཔེར་ན་སེམས་ཅན་གྱི་རིས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་ཐོབ་པར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པའི་སེམས་ཅན་དེ་དག་ནི་ཉུང་གི །སེམས་ཅན་གྱི་རིས་ན་གང་མཁར་གྱི་རྒྱལ་པོའི་སྲིད་ཐོབ་པར་འགྱུར་
བའི་ལས་ཡང་དག་པར་བླངས་ཏེ་གནས་པའི་སེམས་ཅན་དེ་དག་ནི་ཆེས་མང་ངོ་། །རབ་འབྱོར་དེ་བཞིན་དུ་སེམས་ཅན་གྱི་རིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་ལམ་ཆེན་པོ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་

ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཉུང་ངོ་། །སེམས་ཅན་གྱི་རིས་ན་གང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པའི་སེམས་ཅན་དེ་དག་ནི་ཆེས་མང་ངོ་། །རབ་འབྱོར་གཞན་ཡང་འདི་ལྟ་སྟེ་དཔེར་ན་སེམས་ཅན་གྱི་རིས་ན་གང་དག་བརྒྱ་བྱིན་ཉིད་དུ་
འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པའི་སེམས་ཅན་དེ་དག་ནི་ཉུང་ངོ་། །སེམས་ཅན་གྱི་རིས་ན་གང་དག་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པའི་སེམས་ཅན་དེ་དག་ནི་ཆེས་མང་ངོ་། །རབ་འབྱོར་དེ་བཞིན་དུ་སེམས་ཅན་གྱི་རིས་ན་གང་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཉུང་ངོ་། །རབ་འབྱོར་སེམས་ཅན་གྱི་རིས་ན་གང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པའི་སེམས་ཅན་དེ་དག་ནི་ཆེས་མང་ངོ་། །རབ་འབྱོར་གཞན་ཡང་འདི་ལྟ་
སྟེ་དཔེར་ན་སེམས་ཅན་གྱི་རིས་ན་གང་ཚངས་པ་ཉིད་དུ་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པའི་སེམས་ཅན་དེ་དག་ནི་ཉུང་ངོ་། །སེམས་ཅན་གྱི་རིས་ན་གང་དག་ཚངས་པའི་འཁོར་དུ་སྐྱེ་བར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པའི་སེམས་ཅན་དེ་དག་ནི་ཆེས་
མང་ངོ་། །རབ་འབྱོར་དེ་བཞིན་དུ་སེམས་ཅན་གྱི་རིས་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཉུང་ངོ་། །རབ་འབྱོར་སེམས་ཅན་གྱི་རིས་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལས་ཕྱིར་ལྡོག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཆེས་མང་ངོ་། །རབ་འབྱོར་དེ་ལྟ་བས་ན་སེམས་ཅན་གྱི་རིས་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པའི་སེམས་ཅན་དེ་དག་ནི་ཉུང་ངོ་། །རབ་འབྱོར་
ཉུང་བ་དེ་དག་བས་ཀྱང་གང་དེ་བཞིན་ཉིད་དུ་སྒྲུབ་པའི་སེམས་ཅན་དེ་དག་ནི་ཆེས་ཉུང་ངོ་། །རབ་འབྱོར་དེ་བཞིན་ཉིད་དུ་བསྒྲུབ་པ་ཆེས་ཉུང་བ་དེ་དག་པས་ཀྱང་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་དག་ནི་ཆེས་ཉུང་ངོ་། །རབ་འབྱོར་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་རྣལ་འབྱོར་དུ་བྱེད་པ་ཉུང་བ་དེ་དག་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེ་དག་ནི་ཆེས་ཉུང་ངོ་། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉུང་བ་
བས་ཀྱང་ཆེས་ཉུང་བ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་གྲངས་སུ་བགྲང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་རྣལ་འབྱོར་དུ་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ན་ཐ་བ་དང་ལྡན་པའི་སེམས་མི་སྐྱེ་ཐེ་ཚོམ་དང་ལྡན་པའི་སེམས་མི་སྐྱེ་ཕྲག་དོག་དང་ལྡན་པའི་སེམས་མི་སྐྱེ་སེར་སྣ་དང་ལྡན་པའི་སེམས་མི་སྐྱེ་ཚུལ་ཁྲིམས་འཆལ་པ་དང་ལྡན་པའི་སེམས་མི་སྐྱེ་གནོད་སེམས་དང་ལྡན་པའི་སེམས་མི་སྐྱེ་ལེ་ལོ་དང་ལྡན་
པའི་སེམས་མི་སྐྱེ་གཡེང་བ་དང་ལྡན་པའི་སེམས་མི་སྐྱེ་འཆལ་བའི་ཤེས་རབ་དང་ལྡན་པའི་སེམས་མི་སྐྱེའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡང་དག་པར་བཟུང་བར་འགྱུར་རོ། །ཕ་
རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཆོག་ཏུ་བཟུང་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྗེས་སུ་སོང་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནང་དུ་འདུས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཇིག་
ཚོགས་ལ་ལྟ་བའི་ནང་དུ་ལྟ་བ་དྲུག་ཅུ་རྩ་གཉིས་འདུས་པར་འགྱུར་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དེར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནང་དུ་འདུས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུའི་
སྲོག་གི་དབང་པོའི་ནང་དུ་དབང་པོ་ཐམས་ཅད་འདུས་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་ཐམས་ཅད་ནང་དུ་འདུས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུའི་སྲོག་

གི་དབང་པོ་འགགས་ན་དབང་པོ་ཐམས་ཅད་འགག་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ན་མི་ཤེས་པ་འགག་པ་དང་མི་དགེ་བའི་ཆོས་ཐམས་ཅད་འགག་པར་འགྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་ཐམས་
ཅད་ནང་དུ་འདུས་ཤིང་ཡོངས་སུ་འཛིན་པར་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་གཟུང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཀྱི་མཆོག་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་ཅི་སྙམ་དུ་སེམས་ཅི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་སེམས་ཅན་
ཅི་སྙེད་སེམས་ཅན་དུ་བསྡུ་བས་ཀུན་ཏུ་བསྡུས་པ་དེ་དག་ཐམས་ཅད་མང་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་ཡང་མང་བ་ལགས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཅི་
སྨོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅིག་གིས་ཅི་སྲིད་འཚོའི་བར་དུ་འདུག་ཅིང་སེམས་ཅན་དེ་དག་ཐམས་ཅད་ལ་གོས་དང་ཟས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་དང་ཉེ་བར་ཕན་པ་ཐམས་ཅད་
ཀྱིས་རིམ་གྲོར་བྱས་ན། རབ་འབྱོར་འདི་ཅི་སྙམ་དུ་སེམས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཆུང་ངུ་ན་སེ་གོལ་གཏོགས་པ་སྲིད་དུ་སྒོམ་ན་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དེ་ལྟར་ཆེ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་སེམས་ཅན་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པར་འགྱུར་བར་འདོད་པ་དང་སེམས་ཅན་མགོན་མེད་པ་ཐམས་ཅད་ཀྱི་མགོན་དུ་འགྱུར་བར་འདོད་པ་དང་སངས་རྒྱས་ཀྱི་ཡུལ་རྗེས་སུ་ཐོབ་པར་འདོད་པ་དང་།
སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་འགྱུར་བ་རྗེས་སུ་ཐོབ་པར་འདོད་པ་དང་སངས་རྒྱས་ཀྱི་རྣམ་པར་རོལ་བས་རྩེ་བར་འདོད་པ་དང་སངས་རྒྱས་ཀྱི་སེང་གེའི་སྒྲ་སྒྲོགས་པར་འདོད་པ་དང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་རྗེས་སུ་ཐོབ་པར་འདོད་པ་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་
ཆོས་ཀྱི་གཏམ་བྱེད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ན་དེས་གང་མ་བསླབས་པར་འགྱུར་བའི་ཕུན་སུམ་ཚོགས་
པ་དེ་དག་ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་ཅི་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བསླབ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཉན་ཐོས་
ཀྱི་ཕུན་སུམ་ཚོགས་པ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བསླབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ལ་ཡང་གནས་པར་བྱའོ་ཞེས་མི་སློབ་པ་དག་ལ་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡོད་པར་འགྱུར་རོ་
ཞེས་མི་སློབ་སྟེ་དེ་ལྟར་སློབ་པར་ནི་མི་བྱེད་དོ། །རབ་འབྱོར་ཡང་ཉན་ཐོས་ཀྱི་ཡོན་ཏན་གང་དག་ཡིན་པ་དེ་དག་ཀྱང་ཡང་དག་པར་ཤེས་ཏེ་དེ་ལ་གནས་པ་ནི་མ་ཡིན་ནོ། །དེ་ལྟར་རྣམ་པར་དཔྱོད་པར་བྱེད་ཀྱི་གནས་པར་ནི་མི་བྱེད་དེ་བདག་གིས་ཉན་ཐོས་ཀྱི་ཡོན་ཏན་འདི་དག་བཤད་པར་བྱའོ་རབ་ཏུ་

བསྟན་པར་བྱའོ་ཞེས་སློབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་སྦྱིན་པའི་གནས་སུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་དེ་ལས་གཞན་པའི་སྦྱིན་པའི་གནས་ཉན་
ཐོས་དང་ལྡན་པ་དང་རང་སངས་རྒྱས་དང་ལྡན་པ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཏེ་དེ་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འདོར་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་དང་མ་བྲལ་བ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་རིག་པར་བྱའོ། །ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་འང་རིང་དུ་
བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་འགྱུར་རོ། །གལ་ཏེ་ཡང་དེ་འདི་སྙམ་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གང་ཞིག་ཐམས་ཅད་མཁྱེན་པ་འདི་ཉིད་ཐོབ་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་ཤིང་དེ་ལྟར་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་མི་སྤྱོད་དོ། །དེ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཡང་དག་པར་མི་ཤེས་ཏེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ་ཞེས་རབ་འབྱོར་གལ་ཏེ་དེ་ལྟར་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཡང་དག་པར་མི་ཤེས་ཡང་དག་པར་རྗེས་སུ་མི་མཐོང་ན། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་
བསླབ་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་ལྔ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་ཉི་ཤུ་གཅིག་པ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་ཉིད་ཀྱིས་ཀྱང་རེ་ཞིག་སེམས་

ཅན་ཐམས་ཅད་འདི་ལྟར་ཟིལ་གྱིས་གནོན་ན་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པས་ལྟ་ཅི་སྨོས། སེམས་ཅན་གང་དག་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་འཇུག་པ་དེ་དག་ནི་རྙེད་པ་ལེགས་
པར་རྙེད་པ་ཡིན་སེམས་ཅན་དེ་དག་ནི་འཚོ་བ་ཡང་ལེགས་པར་འཚོ་བ་ཡིན་ན། ཡང་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་ཅི་སྨོས། སེམས་ཅན་དམ་པ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་
རྒྱ་བར་འགྱུར་བའི་སེམས་ཅན་དེ་དག་ནི་འདོད་པར་བྱ་བའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་མན་དཱ་ར་བ་དག་མངོན་པར་སྤྲུལ་ནས་མེ་ཏོག་སྙིམ་པར་ཐོགས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཏོར་ནས་ཚིག་ཏུ་ཡང་
འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་འཁོར་བའི་རྒྱ་མཚོ་ཆེན་པོས་ཁྱེར་པར་གྱུར་པའི་སེམས་ཅན་ཐམས་ཅད་
ཕ་རོལ་གྱི་འགྲམ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མཉམ་པར་གཞག་པར་བགྱིའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་གིས་འཚལ་བ་དང་ཡོངས་སུ་བསམས་པ་དང་ཡོངས་སུ་བཟུང་བའི་སེམས་བསྐྱེད་པ་དེ་རྣམས་འབྱོར་བར་གྱུར་ཅིག །དེ་དག་
གི་སངས་རྒྱས་ཀྱི་ཆོས་དེ་དག་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག །ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཆོས་དེ་དག་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་རང་བྱུང་གི་ཆོས་དེ་དག་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་མི་འཕྲོགས་པའི་ཆོས་དེ་དག་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག །
བཅོམ་ལྡན་འདས་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་གང་ཡིན་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་ལྡོག་པའི་སེམས་བསྐྱེད་པ་གཅིག་ཀྱང་མི་སྐྱེའོ། །བཅོམ་ལྡན་འདས་བདག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་

པའི་གང་ཟག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དག་པར་ཞུགས་པ་གང་ཡིན་པ་དེ་དག་དེ་ལས་སླར་ལྡོག་པར་སེམས་བསྐྱེད་པ་གཅིག་ཀྱང་མི་སྐྱེ་སྟེ། སེམས་ཅན་རྣམས་ཀྱི་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་རྣམས་ཡང་དག་
པར་མཐོང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་རྒྱ་ཆེར་སྐྱེད་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། གང་དག་སེམས་བསྐྱེད་པ་འདི་ལྟ་བུ་འདི་དག་དང་ལྡན་ཏེ་ཅི་ལྟར་བདག་རྒལ་བས་སེམས་ཅན་རྣམས་བསྒྲལ་བར་བགྱི་གྲོལ་བས་གྲོལ་བར་བགྱི་དབུགས་
ཕྱུང་བས་དབུགས་དབྱུང་བར་བགྱི་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ་ཞེས་དེ་ལྟ་བུའི་སེམས་བསྐྱེད་པ་དེ་དག་གིས་གནས་པ་དེ་དག་ནི། སྙིང་རྗེ་ཆེན་པོ་དེ་དོན་དུ་འཚལ་བ་དང་སྨན་པར་འཚལ་བ་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་
རྟེན་ལ་སྙིང་བརྩེ་བས་སྙིང་བརྩེ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་དང་པོར་ཞུགས་པ་དེ་དག་གི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བ་དང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་སེམས་བསྐྱེད་པ་དེ་
དག་ལ་ཡང་རྗེས་སུ་ཡི་རང་བ་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་མི་ལྡོག་པའི་ཆོས་ཉིད་ལ་ཡང་རྗེས་སུ་ཡི་རང་བ་དང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐྱེ་བ་གཅིག་གིས་ཐོགས་པའི་ཆོས་ཉིད་ལ་
ཡང་རྗེས་སུ་ཡི་རང་བར་བགྱིད་ན། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བསོད་ནམས་ཅི་ཙམ་ཞིག་སྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་ཡང་རི་རབ་
རིའི་རྒྱལ་པོ་སྲང་གྲངས་སུ་བཅལ་བའི་ཚད་ནི་གཟུང་བར་ནུས་ཀྱི། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་དེའི་བསོད་ནམས་ཀྱི་ཚད་ནི་གཟུང་བར་མི་ནུས་སོ། །ཀཽ་ཤི་ཀ་ཡང་གླིང་ཆེན་པོ་

བཞི་པའི་འཇིག་རྟེན་གྱི་ཁམས་སྲང་གྲངས་སུ་བཅལ་བའི་ཚད་ནི་གཟུང་བར་ནུས་ཀྱི། ཀཽ་ཤི་ཀ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་དེའི་བསོད་ནམས་ཀྱི་ཚད་ནི་གཟུང་བར་མི་ནུས་སོ། །ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྲང་གྲངས་སུ་
བཅལ་བའི་ཚད་ནི་གཟུང་བར་ནུས་ཀྱི། ཀཽ་ཤི་ཀ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་དེའི་བསོད་ནམས་ཀྱི་ཚད་ནི་གཟུང་བར་མི་ནུས་སོ། །ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྲང་གྲངས་སུ་བཅལ་བའི་ཚད་ནི་གཟུང་བར་ནུས་ཀྱི། ཀཽ་ཤི་ཀ་རྗེས་སུ་ཡི་རང་
བ་དང་ལྡན་པའི་སེམས་བསྐྱེད་པ་དེའི་བསོད་ནམས་ཀྱི་ཚད་ནི་གཟུང་བར་མི་ནུས་སོ། །ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྲང་གྲངས་སུ་བཅལ་བའི་ཚད་ནི་གཟུང་བར་ནུས་ཀྱི། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་དེའི་བསོད་ནམས་ཀྱི་ཚད་ནི་གཟུང་བར་མི་ནུས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གང་དག་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་རྣམས་ཀྱི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་དེ་ལྟར་གཞལ་དུ་མ་མཆིས་པ་ལགས་པར་མི་ཉན་མ་
འཚལ་མ་མཐོང་རྗེས་སུ་ཡི་རང་བར་མི་སེམས་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་སེམས་ཅན་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་འདི་ལ་རྗེས་སུ་ཡི་རང་བར་མི་བགྱིད་པ་དེ་དག་ནི་བདུད་ཀྱི་ཕྱོགས་སུ་གྱུར་པ་
ལགས་སོ། །བཅོམ་ལྡན་འདས་སེམས་ཅན་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་འདི་ལ་རྗེས་སུ་ཡི་རང་བར་མི་བགྱིད་པ་དེ་དག་ནི་བདུད་ཀྱི་གནས་ནས་ཤི་འཕོས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་གིས་སེམས་བསྐྱེད་པ་

འདི་དག་མངོན་པར་བསྒྲུབས་པ་དང་། སེམས་བསྐྱེད་པ་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའམ་སེམས་བསྐྱེད་པ་འདི་དག་ལ་རྗེས་སུ་ཡི་རང་བར་བགྱིས་པ་དེ་དག་གིས་ནི་བདུད་ཀྱི་གནས་རྣམ་པར་འཇིག་པར་བགྱིད་པ་ལགས་སོ། །བཅོམ་
ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སེམས་བསྐྱེད་པ་དེ་དག་ནི་རྗེས་སུ་ཡི་རང་བར་བགྱི་བ་ལགས་སོ། །བཅོམ་ལྡན་འདས་
གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མ་བཏང་བ་དང་། ཆོས་ཡོངས་སུ་མ་བཏང་བ་དང་དགེ་འདུན་ཡོངས་སུ་མ་བཏང་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་སེམས་བསྐྱེད་པ་འདི་ལ་རྗེས་སུ་ཡི་རང་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏ