Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 033_བརྒྱད་སྟོང་པ།
Văn bản gốc(Tây Tạng)
Trang 16 / 19 (50.000 ký tự/trang)
ོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མ་བཏང་བ་དང་ཆོས་ཡོངས་སུ་མ་བཏང་བ་དང་དགེ་འདུན་ཡོངས་སུ་མ་བཏང་བ་དེ་དག་གིས་ སེམས་བསྐྱེད་པ་འདི་དག་ལ་རྗེས་སུ་ཡི་རང་བར་བྱའོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་འམ་རང་སངས་རྒྱས་ཀྱི་ཐེག་པ་འམ་ཉན་ཐོས་ཀྱི་ཐེག་པ་པ་གང་དག་གིས་སེམས་བསྐྱེད་པ་འདི་ལ་རྗེས་སུ་ཡི་རང་བར་བྱས་ན་དེ་དག་མྱུར་དུ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་གྱི་མི་མཉེས་པར་བྱེད་པར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་དེ་དེ་བཞིན་ནོ་བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་འམ་རང་སངས་རྒྱས་ཀྱི་ཐེག་པ་པ་འམ་ཉན་ཐོས་ཀྱི་ཐེག་པ་པ་གང་དག་གིས་སེམས་བསྐྱེད་པ་འདི་དག་ལ་རྗེས་སུ་ཡི་རང་བ་དེ་དག་ནི་ཤིན་ཏུ་མྱུར་བར་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བགྱིད་པར་འགྱུར་གྱི་མི་མཉེས་པར་བགྱིད་པར་མི་འགྱུར་རོ། །དེ་ལྟར་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་གིས་གང་དང་གང་དུ་སྐྱེ་བར་ གྱུར་པ་དེ་དང་དེར་བཀུར་སྟིར་བགྱིས་པར་འགྱུར་བླ་མར་བགྱིས་པར་འགྱུར་རྗེད་པར་བགྱིས་པར་འགྱུར་མཆོད་པར་བགྱིས་པར་འགྱུར་རི་མོར་བགྱིས་པར་འགྱུར་བསྙེན་བཀུར་བགྱིས་པར་འགྱུར་ཏེ། དེ་དག་ཡིད་དུ་མི་འོང་བའི་གཟུགས་མཐོང་བར་མི་འགྱུར་དེ་དག་ཡིད་དུ་མི་འོང་བའི་སྒྲ་ཐོས་ པར་མི་འགྱུར་དེ་དག་ཡིད་དུ་མི་འོང་བའི་དྲི་སྣོམ་པར་མི་འགྱུར་དེ་དག་ཡིད་དུ་མི་འོང་བའི་རོ་ཡོངས་སུ་མྱོང་བར་མི་འགྱུར་དེ་དག་ཡིད་དུ་མི་འོང་བའི་རེག་བྱ་ལ་རེག་པར་མི་འགྱུར་རོ། །དེ་དག་ངན་སོང་དུ་མི་སྐྱེ་བར་རིག་པར་བགྱི་སྟེ་དེ་དག་མཐོ་རིས་སུ་སྐྱེ་བར་རིག་པར་བགྱིའོ། །དེ་ཅིའི་ སླད་དུ་ཞེ་ན། འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་སེམས་ཅན་གཞལ་དུ་མེད་པ་དང་གྲངས་མེད་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་བདེ་བར་བྱེད་པ་ལ་རྗེས་སུ་ཡི་རང་བའི་སླད་དུའོ། །བཅོམ་ལྡན་འདས་གང་གིས་འདུན་པ་བསྐྱེད་དེ་གང་ཟག་བྱང་ ཆུབ་སེམས་དཔའི་ཐེག་པ་ཅན་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིས་པ་དེ་དག་གི་སེམས་བསྐྱེད་པ་དེ་དག་ཀྱང་རྣམ་པར་འཕེལ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱིད་པར་འགྱུར་རོ། །དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞལ་དུ་མ་མཆིས་གྲངས་མ་མཆིས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བཞིན་གཤེགས་པའི་མཐུས་ཁྱོད་ཀྱིས་ཚིག་ཅི་སྐད་སྨྲས་པ་དེ་དེ་ བཞིན་ནོ་དེ་དེ་བཞིན་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བ་བྱས་ན། ཀཽ་ཤི་ཀ་རྣམ་གྲངས་འདིས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་གང་ཟག་བྱང་ཆུབ་སེམས་ དཔའི་ཐེག་པ་པ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བྱས་པས་སེམས་ཅན་གཞལ་དུ་མེད་བགྲང་དུ་མེད་པ་དག་གི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་འགྱུར་བསྐྱེད་པ་དང་མངོན་པར་བསྒྲུབས་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ སེམས་སྒྱུ་མ་ལྟ་བུ་ཅི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཅི་སྙམ་དུ་སེམས་ཁྱོད་ ཀྱིས་སེམས་སྒྱུ་མ་ལྟ་བུར་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་ཁྱོད་ཀྱིས་སྒྱུ་མ་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་ གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ་བཅོམ་ལྡན་འདས་བདག་གིས་སེམས་སྒྱུ་མ་ལྟ་བུ་དང་སྒྱུ་མ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་སྒྱུ་མ་དང་སེམས་སྒྱུ་མ་ལྟ་བུ་ཡང་ཡང་དག་ པར་རྗེས་སུ་མ་མཐོང་བ་གང་ཡིན་པ་ཁྱོད་ཀྱིས་ཅི་སྒྱུ་མའམ་སེམས་སྒྱུ་མ་ལྟ་བུ་ལས་གཞན་ན་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མཐོང་ངམ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་ འདས་དེ་ནི་མ་ལགས་ཏེ་བཅོམ་ལྡན་འདས་བདག་གིས་སྒྱུ་མ་འམ་སེམས་སྒྱུ་མ་ལྟ་བུ་ལས་གཞན་ན་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་བདག་གིས་ སྒྱུ་མ་འམ་སེམས་སྒྱུ་མ་ལྟ་བུ་ལས་གཞན་དུ་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ན་མཆིས་པའོ་ཞེའམ་མ་མཆིས་པའོ་ཞེས་ཆོས་གང་ཞིག་བརྗོད་པར་བགྱི། ཆོས་ཤིན་ཏུ་དབེན་པ་དེ་ནི་མཆིས་པའོ་ཞེ་འམ་མ་མཆིས་པའོ་ཞེས་རྟོགས་སུ་མ་མཆིས་ཏེ། ཆོས་གང་ཤིན་ཏུ་ དབེན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་མ་མཆིས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། བཅོམ་ལྡན་འདས་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པ་ལགས་ལ། ཆོས་གང་ཤིན་ཏུ་དབེན་པའི་ཆོས་དེ་ནི་བསྒོམ་པར་བགྱི་བ་མ་ལགས་ཏེ་དེས་ནི་ཆོས་གང་ཡང་ཐོབ་པར་བགྱིད་པའམ་སྤོང་པར་བགྱིད་པ་མ་ལགས་ན། བཅོམ་ལྡན་འདས་ཅི་ལྟར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤིན་ཏུ་དབེན་པ་ལགས་ ཏེ། བཅོམ་ལྡན་འདས་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་ལགས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤིན་ཏུ་དབེན་པ་ལགས་ན། བཅོམ་ལྡན་འདས་དེའི་ཚེ་ཅི་ལྟར་དབེན་པས་དབེན་པ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེ་སྐད་ ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཀྱང་ཤིན་ཏུ་དབེན་པ་ཡིན་ཏེ། རབ་འབྱོར་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དེ་ཉིད་ཀྱི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཤིན་ཏུ་དབེན་པ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའོ་ཞེས་ཡང་དག་པར་ཤེས་ན་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མེད་དོ། །དབེན་པས་དབེན་པ་མངོན་པར་རྫོགས་པར་འཚང་མི་རྒྱ་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ཡང་རྒྱ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་ཡང་མངོན་པར་རྫོགས་པར་འཚང་མི་རྒྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལྟར་ བདག་གིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འཚལ་བ་དེ་ལྟར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཟབ་མོ་ལ་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དོན་ཟབ་མོ་ལ་ཡང་སྤྱོད་ལ། འདི་ལྟ་སྟེ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་དོན་དེ་མངོན་སུམ་དུ་མི་བྱེད་པ་ནི་དཀའ་བ་བྱེད་པ་ཡིན་ནོ། །རབ་འབྱོར་ གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འཚལ་བ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བ་བགྱིད་པ་ཅང་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གང་ཞིག་མངོན་སུམ་ དུ་བགྱིད་པའི་ཆོས་དེ་ཉིད་ཀྱང་མི་དམིགས་གང་མངོན་དུ་བགྱི་བའི་ཆོས་དེ་ཡང་མི་དམིགས་གང་གིས་མངོན་སུམ་དུ་བགྱི་བའི་ཆོས་དེ་ཡང་མི་དམིགས་པའི་སླད་དུའོ། །བཅོམ་ལྡན་འདས་གལ་ཏེ་འདི་སྐད་བཤད་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཞུམ་མི་འགོང་ ཀུན་ཏུ་མི་ཞུམ་ཡིད་ཕྱིར་ཕྱོགས་པར་མི་འགྱུར་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྤྱོད་དོ་སྙམ་དུ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བདག་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་ཏོ་སྙམ་དུ་དེ་ལྟར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བདག་གིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་རྒྱང་རིང་དུ་བསྲིངས་སོ་སྙམ་དུ་དེ་ལྟར་ཡང་དེ་མི་སེམས་ན་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་འདི་སྙམ་དུ་བདག་ཁ་ཅིག་དང་ནི་ཉེའོ་ཁ་ཅིག་དང་ནི་རིང་ངོ་ཞེས་སྙམ་དུ་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ནམ་མཁའ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཏེ་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ནི་བདག་དང་རྒྱང་རིང་ངོ་སྙམ་དུ་མི་སེམས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་སྐྱེས་བུ་ནི་འདི་སྙམ་དུ་སྒྱུ་མ་བྱེད་པ་ནི་བདག་དང་ཉེའི་ཡང་སྐྱེ་བོའི་ཚོགས་གཞན་འདུས་པ་འདི་ནི་བདག་དང་རྒྱང་རིང་ ངོ་ཞེས་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྒྱུ་མའི་སྐྱེས་བུ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འདི་སྙམ་དུ་བདག་གི་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཏེ་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ནི་བདག་དང་རྒྱང་རིང་ངོ་ཞེས་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་ སྟེ་དཔེར་ན་གཟུགས་བརྙན་ནི་འདི་སྙམ་དུ་དམིགས་པ་གང་གིས་གཟུགས་བརྙན་འབྱུང་བ་དེ་ནི་བདག་དང་ཉེ་བ་ཡིན་གྱི་ཡང་གང་དག་མེ་ལོང་ངམ་སྣོད་ཆུས་བཀང་བ་དེའི་དྲུང་དུ་ཉེ་བར་མ་འོངས་པ་དེ་དག་ནི་བདག་དང་རྒྱང་རིང་ངོ་ཞེས་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་ འདས་གཟུགས་བརྙན་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འདི་སྙམ་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཏེ་ཉན་ ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ནི་བདག་དང་རྒྱང་རིང་ངོ་ཞེས་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་ནི་སུ་ལ་ཡང་སྡུག་པའམ་མི་ སྡུག་པ་མི་མངའོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་སུ་ལ་ཡང་སྡུག་པའམ་ མི་སྡུག་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་མ་མཆིས་པ་ཉིད་ཀྱི་སླད་དུའོ། །བཅོམ་ལྡན་འདས་ཅི་ལྟར་དེ་བཞིན་གཤེགས་པས་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་དེ་བཞིན་དུ། བཅོམ་ལྡན་ འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྤྲུལ་པ་གང་མངོན་པར་སྤྲུལ་པ་དེ་འདི་སྙམ་དུ་བདག་ནི་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཏེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ནི་བདག་དང་རྒྱང་རིང་ངོ་ཞེས་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྤྲུལ་པ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འདི་སྙམ་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་ཏེ་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ནི་བདག་དང་རྒྱང་རིང་ངོ་ཞེས་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་ འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྤྲུལ་པ་དེ་བགྱི་བ་གང་བགྱི་བའི་སླད་དུ་སྤྲུལ་པའི་བགྱི་བ་དེ་ཡང་བགྱིད་ལ་སྤྲུལ་པ་དེ་ཡང་རྣམ་པར་རྟོག་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། སྤྲུལ་པ་དེ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བགྱི་བ་གང་བགྱི་བའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྒོམ་པར་བགྱི་བ་དེ་ཡང་བགྱིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་རྣམ་པར་རྟོག་པ་མ་ མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཤིང་མཁན་མཁས་པ་འམ་ཤིང་མཁན་གྱི་སློབ་མས་ཤིང་ལས་བགྱིས་པའི་སྐྱེས་པ་འམ་བུད་མེད་ཀྱི་འཁྲུལ་འཁོར་ སྦྱར་བ་བགྱིས་ན། དེ་བགྱི་བ་གང་བགྱི་བའི་སླད་དུ་བགྱིས་པའི་བགྱི་བ་དེ་བགྱིད་ཀྱང་ཤིང་གི་ཚོགས་དེ་ནི་རྣམ་པར་རྟོག་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤིང་གི་ཚོགས་དེ་ལ་རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བགྱི་བ་གང་བགྱི་བའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྒོམ་པ་བགྱི་བ་དེ་ཡང་བགྱིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་རྣམ་པར་རྟོག་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ རྣམ་པར་རྟོག་པ་མ་མཆིས་པའི་སླད་དུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་སྒྱུ་མ་ལྟ་བུའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་དྲུག་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་ འབྱོར་ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྙིང་པོ་ལ་སྤྱོད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཀྱེ་མ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྙིང་པོ་མ་ཡིན་པ་ལ་སྤྱོད་པའོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་སྟོང་ཕྲག་མང་པོ་རྣམས་འདི་སྙམ་དུ་སེམས་ཏེ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མངོན་པར་བསྒྲུབ་ པའི་སེམས་ཅན་དེ་དག་ནི་ཕྱག་བྱ་བ་ཡིན་ནོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་དེ་ལྟར་སྤྱོད་ཀྱང་འདི་ལྟ་སྟེ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པ་དང་གང་ཆོས་རྣམས་ཀྱི་ཆོས་ཉིད་ལ་སྤྱོད་ཀྱང་ཆོས་ཉིད་མངོན་སུམ་ དུ་མི་བྱེད་པའི་རྣམ་གྲངས་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དཀའ་བ་བྱེད་པ་ཡིན་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདོད་པ་ན་སྤྱོད་པའི་ལྷའི་བུ་སྟོང་ཕྲག་མང་པོ་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་འདོད་པ་ན་སྤྱོད་པའི་ལྷའི་ བུ་སྟོང་ཕྲག་མང་པོ་དེ་དག་ལ་སྨྲས་པ། ལྷའི་བུ་དག་གང་དག་ཡང་དག་པའི་མཐའ་དེ་མངོན་སུམ་དུ་མི་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་དཀའ་བ་བྱེད་པ་མ་ཡིན་གྱི། ལྷའི་བུ་རྣམས་གང་གི་ཚེ་སེམས་ཅན་གཞལ་དུ་མེད་གྲངས་མེད་པ་རྣམས་ཡོངས་སུ་མྱ་ངན་ ལས་བཟླ་བར་བྱའོ། །སྙམ་དུ་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་དཀའ་བ་བྱེད་པ་ཡིན་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ཏེ། སེམས་ཅན་རྣམས་ནི་དབེན་པའི་ཕྱིར་སེམས་ཅན་དེ་དག་ཀྱང་ཤིན་ཏུ་ཡང་དག་པར་མེད་དེ་ཡང་དག་པར་མེད་པས་དམིགས་སུ་ མེད་དོ། །དེ་བཞིན་དུ་གདུལ་བར་བྱ་བ་རྣམས་ཤིན་ཏུ་ཡང་དག་པར་མེད་དེ་ཡང་དག་པར་མེད་པས་དེ་དག་དམིགས་སུ་མེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་རྣམས་གདུལ་བར་བྱའོ་སྙམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དག་པར་ཞུགས་པའོ། །ལྷའི་བུ་དག་གང་སེམས་ཅན་རྣམས་གདུལ་བར་བྱའོ་སྙམ་དུ་སེམས་པ་དེ་ནི་ནམ་མཁའ་གདུལ་བར་བྱའོ་སྙམ་དུ་སེམས་པའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་ནམ་མཁའ་དབེན་པའི་ཕྱིར་སེམས་ཅན་ རྣམས་དབེན་པར་རིག་པར་བྱའོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཡང་དག་པར་མེད་ཅིང་དམིགས་སུ་མེད་པ་རྣམས་ཀྱི་ཕྱིར་གོ་ཆ་བགོས་ན་རྣམ་གྲངས་འདིས་དཀའ་བ་བྱེད་པ་ཡིན་ནོ། །ལྷའི་བུ་དག་གང་སེམས་ ཅན་རྣམས་ཀྱི་ཕྱིར་གོ་ཆ་བགོ་བར་བྱའོ་སྙམ་དུ་སེམས་པ་དེ་ནི་ནམ་མཁའ་དང་ལྷན་ཅིག་རྩོད་པར་བྱའོ་སྙམ་དུ་སེམས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ཀྱི་ཕྱིར་གོ་ཆ་འདི་བགོས་པ་ཡིན་ནོ། །དེ་ཡང་སེམས་ཅན་དེ་དག་ཀྱང་ཤིན་ཏུ་དམིགས་པ་མེད་ པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ཏེ་དེ་ཡང་སེམས་ཅན་དབེན་པའི་ཕྱིར་དེ་ལྟར་རིག་པར་བྱའོ། །དེ་ལྟར་གདུལ་བར་བྱ་བ་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབེན་པར་རིག་པར་བྱའོ། །གལ་ཏེ་འདི་ལྟར་བཤད་ པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞུམ་པར་མ་གྱུར་ན་ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དབེན་པའི་ཕྱིར་གཟུགས་དབེན་པར་རིག་པར་བྱའོ། ། དེ་བཞིན་དུ་སེམས་ཅན་དབེན་པའི་ཕྱིར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དབེན་པ་དང་སེམས་ཅན་དབེན་པའི་ཕྱིར་རྣམ་པར་ཤེས་པ་དབེན་པར་རིག་པར་བྱའོ། །དེ་བཞིན་དུ་སེམས་ཅན་དབེན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་བར་དུ་དབེན་པར་རིག་པར་བྱའོ། །ལྷའི་བུ་དག་དེ་ལྟར་ན་ཆོས་ ཐམས་ཅད་དབེན་པ་ཉིད་དུ་བལྟའོ། །ལྷའི་བུ་དག་དེ་ལྟར་ཆོས་ཐམས་ཅད་དབེན་པ་ཉིད་དུ་བཤད་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞུམ་པར་མི་བྱེད་ན། འདི་ལྟར་ཞུམ་པར་མི་བྱེད་པ་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ མཁྱེན་བཞིན་དུ་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཅིའི་ཕྱིར་དེ་ལྟར་ཆོས་ཐམས་ཅད་དབེན་པ་ཉིད་དུ་བཤད་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞུམ་པར་མི་བྱེད། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དབེན་པའི་སླད་དུ་ཞུམ་པར་མི་བགྱིད་དོ། ། བཅོམ་ལྡན་འདས་རྒྱུ་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དབེན་པ་ཉིད་དུ་བཤད་པ་ལ་ཞུམ་པར་མི་བགྱིད་དོ། །བཅོམ་ལྡན་འདས་ཆོས་གང་ལ་ཡང་ཞུམ་པར་འགྱུར་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་ཞུམ་པར་འགྱུར་བའི་ ཆོས་དེ་དག་ནི་གང་ཡང་དམིགས་སུ་མ་མཆིས་ཏེ་བཅོམ་ལྡན་འདས་ཆོས་གང་གིས་ཆོས་གང་ཞུམ་པར་འགྱུར་བའི་ཆོས་དེ་ཡང་དམིགས་སུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་འོན་ཀྱང་གལ་ཏེ་དེ་སྐད་ དུ་བརྗོད་པ་དང་བཤད་པ་དང་བསྟན་པ་དང་དེ་ལྟར་ཉེ་བར་བསྟན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞུམ་པར་མི་འགྱུར། བག་མི་ཚ་བག་ཚ་བ་དང་མི་ལྡན་ཀུན་ཏུ་མི་ཞུམ་ཡང་དག་པར་མི་ཞུམ་ཡིད་ཕྱིར་ཕྱོགས་པར་མི་བྱེད་བཅོམ་ཞིང་ཕྱིར་ཕྱོགས་པར་མི་བྱེད། མི་དངང་ཀུན་ཏུ་ མི་སྐྲག་ཀུན་ཏུ་སྐྲག་པ་དང་མི་ལྡན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དབང་པོ་དང་བཅས་པའི་ལྷ་རྣམས་དང་ཚངས་པ་དང་བཅས་པ་དང་སྐྱེ་དགུའི་བདག་པོ་དང་བཅས་པ་དང་དབང་ལྡན་དང་བཅས་པ་དང་དྲང་སྲོང་དང་བཅས་པ་དང་སྐྱེས་པ་དང་བུད་མེད་ཀྱི་ ཚོགས་རྣམས་ཀྱིས་རྒྱང་མ་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དབང་པོ་དང་བཅས་པའི་ལྷ་རྣམས་དང་ཚངས་པ་དང་བཅས་པ་དང་སྐྱེ་དགུའི་བདག་པོ་དང་ བཅས་པ་དང་དབང་ལྡན་དང་བཅས་པ་དང་དྲང་སྲོང་དང་བཅས་པ་དང་སྐྱེས་པ་དང་བུད་མེད་ཀྱི་ཚོགས་རྣམས་འབའ་ཞིག་རྒྱང་མ་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་འགྱུར་བར་མ་ཟད་ཀྱི། རབ་འབྱོར་ཚངས་རིས་ཀྱི་ལྷ་རྣམས་དང་ཚངས་པ་མདུན་ན་འདོན་དང་། ཚངས་པ་ཀུན་འཁོར་དང་ ཚངས་པ་ཆེན་པོ་དང་། འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དང་། དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་དང་། སྤྲིན་མེད་དང་བསོད་ནམས་འཕེལ་དང་འབྲས་བུ་ཆེ་བ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་དང་། མི་ཆེ་བ་དང་མི་གདུང་བ་དང་གྱ་ནོམ་ སྣང་དང་ཤིན་ཏུ་མཐོང་དང་འོག་མིན་གྱི་ལྷ་གང་དག་ཡོད་པ་དེ་དག་ཀྱང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་སྤྱོད་པ་ལ་ཕྱག་འཚལ་བར་འགྱུར་རོ། །རབ་འབྱོར་ཡང་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་དག་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སངས་རྒྱས་ཀྱི་སྤྱན་གྱིས་ གཟིགས་ཏེ། རབ་འབྱོར་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་ཕན་འདོགས་ཤིང་དགོངས་པར་མཛད་དོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ དེ་དག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཕན་འདོགས་ཤིང་དགོངས་པར་མཛད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་ བྱའོ། །དེ་དག་ལ་བདུད་དམ་གཞན་དག་གི་བར་ཆད་འབྱུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་བདུད་སྡིག་ཅན་དུ་གྱུར་ལ་བདུད་སྡིག་ཅན་དེ་དག་རེ་རེས་ཀྱང་དེ་སྙེད་ཀྱི་བདུད་ཀྱི་ སྡེ་མངོན་པར་སྤྲུལ་ཀྱང་རབ་འབྱོར་བདུད་སྡིག་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱིས་དགོངས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བར་ཆད་བྱ་བར་མི་ནུས་སོ། །རབ་འབྱོར་ཡང་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བདུད་སྡིག་ཅན་དུ་གྱུར་པ་ལྟ་ཞོག །རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བདུད་སྡིག་ཅན་དུ་གྱུར་ལ་ བདུད་སྡིག་ཅན་དེ་དག་རེ་རེས་ཀྱང་བདུད་ཀྱི་སྡེ་དེ་སྙེད་མངོན་པར་སྤྲུལ་ཀྱང་རབ་འབྱོར་བདུད་སྡིག་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱིས་དགོངས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བར་ ཆད་བྱ་བར་མི་ནུས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་དང་ལྡན་ན། བདུད་སྡིག་ཅན་རྣམས་སམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་དེའི་ཚེ་ཐུབ་པར་དཀའ་བ་ཡིན་ཏེ། གཉིས་པོ་གང་ཞེ་ན། འདི་ལྟ་སྟེ་དེས་སེམས་ཅན་ཐམས་ཅད་ཡོངས་སུ་ མ་བཏང་བ་ཡིན། དེས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ཡིན་ཏེ། རབ་འབྱོར་ཆོས་དེ་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཅན་རྣམས་སམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་པོ་གཞན་དང་ལྡན་ན་བདུད་སྡིག་ཅན་རྣམས་སམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ཏེ། གཉིས་པོ་གང་ཞེ་ན། འདི་ལྟ་སྟེ། ཅི་སྐད་དུ་སྨྲས་པ་དེ་བཞིན་བྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་ པ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་གཉིས་དང་ལྡན་པ་ནི་བདུད་སྡིག་ཅན་རྣམས་སམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ནོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལྷ་རྣམས་ཀྱང་ཉེ་བར་འོང་ བར་སེམས་པར་འགྱུར། ཉེ་བར་འོངས་ནས་ཀྱང་ཡོངས་སུ་འདྲི་བར་སེམས། ཡོངས་སུ་དྲི་བར་བྱ་བར་སེམས། བསྙེན་བཀུར་བྱ་བར་སེམས་སོ། །དེ་ལ་སྤྲོ་བ་ཡང་སྐྱེད་པར་བྱེད་དེ། རིགས་ཀྱི་བུ་ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་གྱིས། རིགས་ཀྱི་བུ་ཁྱོད་དེ་ལྟ་བས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པའི་གནས་པ་འདི་ཉིད་ཀྱིས་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཁྱོད་ད་ལྟར་གནས་པ་དེ་ཉིད་ཀྱིས་གནས་ཤིང་དེ་ལྟར་སྤྱོད་ན་སེམས་ ཅན་མགོན་མེད་པ་རྣམས་ཀྱི་མགོན་དུ་འགྱུར། སེམས་ཅན་སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ་པར་འགྱུར། སེམས་ཅན་སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་འགྱུར། སེམས་ཅན་གནས་མེད་པ་རྣམས་ཀྱི་གནས་སུ་འགྱུར། སེམས་ཅན་དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དུ་འགྱུར། སེམས་ཅན་གླིང་མེད་པ་རྣམས་ཀྱི་གླིང་དུ་འགྱུར། སེམས་ཅན་ལྡོངས་པ་རྣམས་ཀྱི་སྣང་བར་འགྱུར། སེམས་ཅན་ཡོངས་སུ་འདྲེན་པ་མེད་པ་རྣམས་ཀྱི་ཡོངས་སུ་འདྲེན་པར་འགྱུར། སེམས་ཅན་རྟེན་མེད་པ་རྣམས་ཀྱི་རྟེན་དུ་འགྱུར། སེམས་ཅན་ལམ་ལས་རབ་ཏུ་ཉམས་པ་རྣམས་དང་ ངེས་པར་འབྱུང་བ་མེད་པ་རྣམས་ཀྱི་ལམ་གྱི་དམ་པ་དང་ངེས་པར་འབྱུང་བར་འགྱུར་རོ་ཞེས། ལྷའི་བུ་དེ་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སྤྲོ་བ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པ་བགྲང་དུ་མེད་པ་དག་ན་སངས་རྒྱས་ བཅོམ་ལྡན་འདས་གང་དག་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་མདུན་དུ་བྱས་ནས་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདི་ལྟ་བུའི་རང་བཞིན་གྱི་ཡོན་ཏན་འདི་དག་དང་ལྡན་པ་སྟེ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཡོན་ཏན་དང་ལྡན་པའི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་ པའི་ཚུལ་གྱིས་ཆོས་སྟོན་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པ་མཛད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ད་ལྟར་ང་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་ཏོག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ ཕུད་ཅན་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གང་དག་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པའི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་པ་དག་གི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་པའི་ཚུལ་ གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པ་དང་དེ་བཞིན་དུ་རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ད་ལྟར་ངའི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཚངས་པར་སྤྱད་པ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་སངས་རྒྱས་བཅོམ་ལྡན་འདས་དེ་ དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། རབ་ འབྱོར་སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པ་མ་ཡིན་ནོ། །རབ་འབྱོར་འོན་ཀྱང་སངས་རྒྱས་ བཅོམ་ལྡན་འདས་དེ་དག་ནི་གང་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆགས་པ་ཐམས་ཅད་དང་བྲལ་བ་དེ་དག་གི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་དོ། །རབ་འབྱོར་ གྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་མ་གཏོགས་པར་དེ་མ་ལགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་ སུ་སྒྲོགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པར་མཛད་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་མ་གཏོགས་པར་སངས་རྒྱས་བཅོམ་ལྡན་ འདས་དེ་དག་གང་གི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པའི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གཉེན་པོའི་སྟོབས་ཅན་དེ་དག་ནི་ཡོད་དོ། །དེ་དག་ཀྱང་གང་ཞེ་ན། གང་ད་ལྟར་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་སློབ་པའི་ཚུལ་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་རྗེས་སུ་སློབ་པའི་ཚུལ་དུ་གནས་པ་རྣམས་ཏེ། རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་ མི་ལྡོག་པ་རྣམས་མ་གཏོགས་པར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་གི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཡིན་ནོ། །རབ་འབྱོར་ ཡང་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་ཏོག་གི་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྗེས་སུ་སློབ་པའི་ཚུལ་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་དེ་རྗེས་སུ་སློབ་པའི་ཚུལ་དུ་གནས་པ་རྣམས་ཏེ། རབ་འབྱོར་འདི་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་མ་གཏོགས་པར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གང་གི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་བའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་ཐམས་ཅད་མི་སྐྱེ་བའོ་ཞེས་དེ་ལྟར་མོས་ལ་ད་དུང་མི་སྐྱེ་བའི་ཆོས་ལ་བཟོད་པ་མ་ཐོབ་པར་གྱུར་པ་དང་། ཆོས་ཐམས་ཅད་ཞི་བའོ་ཞེས་མོས་ལ་ཆོས་ཐམས་ཅད་ལ་ཕྱིར་མི་ལྡོག་པའི་དབང་ཐོབ་ཅིང་ནོན་པར་ མ་གྱུར་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ནི་གནས་པ་འདིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་ཡང་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་དོ། །རབ་ འབྱོར་གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པ་དེ་དག་ནི་ཉན་ཐོས་ཀྱི་ས་དང་རང་སངས་ རྒྱས་ཀྱིས་སྤངས་པ་ཡིན་ཞིང་། དེ་དག་གིས་ནི་སངས་རྒྱས་ཀྱི་ས་ཉིད་ལ་རེ་བར་བྱ་སྟེ། དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་དག་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་མིང་དང་རུས་དང་སྟོབས་དང་ཁ་དོག་དང་གཟུགས་ཡོངས་སུ་སྒྲོགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པ་དེ་དག་ཀྱང་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་རོ། །རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ཐོས་ནས་མོས་པར་བྱེད་ཅིང་རྨོངས་པར་མི་འགྱུར་ནེམ་ནུར་མི་བྱེད་ཐེ་ཚོམ་མི་ཟ་སྟེ། ཅི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད་ པ་དེ་བཞིན་ནོ་ཞེས་མོས་ནས་རྒྱས་པར་མཉན་ཅིང་འདི་སྙམ་དུ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་དང་གང་དག་དེའི་སངས་རྒྱས་ཀྱི་ཞིང་ན་ཚངས་པར་སྤྱད་པ་སྤྱོད་པའི་གང་ཟག་བྱང་ཆུབ་སེམས་ དཔའི་ཐེག་པ་དེ་དག་གི་ཐད་ནས་རྒྱས་པར་ཉན་ཏེ་སྙམ་དུ་སེམས་སྐྱེད་པར་འགྱུར་རོ། །དེ་དག་གི་ཐད་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་ནས་མོས་པར་འགྱུར་ཏེ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་པ་ན་ཇི་ལྟར་དེ་བཞིན་གཤེགས་པས་གསུངས་པ་དེ་ བཞིན་དུ་མོས་ཏེ་དེ་ལྟར་མོས་པས་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་རོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཐོས་པ་ཡང་བྱེད་པ་མང་བ་ཡིན་པར་བསྟན་ན། གང་དག་མོས་པར་བྱེད་ཅིང་མོས་ནས་ཀྱང་དེ་བཞིན་ཉིད་ཀྱི་དོན་དུ་གནས་ཤིང་དེ་བཞིན་ ཉིད་ཀྱི་དོན་དུ་སྒྲུབ་པ་དང་དེ་བཞིན་ཉིད་ཀྱི་དོན་དུ་གནས་ཤིང་དེ་བཞིན་ཉིད་ཀྱི་དོན་དུ་བསྒྲུབས་ནས་ཀྱང་། དེ་བཞིན་ཉིད་ལ་གནས་པར་གྱུར་པ་དང་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་གྱུར་ནས་ཆོས་སྟོན་པ་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ གང་གི་ཚེ་དེ་བཞིན་ཉིད་མ་གཏོགས་པར་ཆོས་གཞན་དམིགས་སུ་མ་མཆིས་ན་བཅོམ་ལྡན་འདས་དེའི་ཚེ་ཆོས་གང་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར། གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གང་ཞིག་ཆོས་འདི་ སྟོན་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་འདི་སྐད་དུ་གང་གི་ཚེ་དེ་བཞིན་ཉིད་མ་གཏོགས་པར་ཆོས་གཞན་གང་ཡང་དམིགས་སུ་མེད་ན་དེའི་ཚེ་ཆོས་གང་ཞིག་དེ་བཞིན་ཉིད་ ལ་གནས་པར་འགྱུར་གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གང་ཞིག་ཆོས་འདི་སྟོན་པར་འགྱུར་ཞེས་སྨྲས་པ་ནི། རབ་འབྱོར་དེ་བཞིན་ཉིད་མ་གཏོགས་པར་ཆོས་གཞན་གང་དེ་བཞིན་ཉིད་ལ་གནས་པར་འགྱུར་བའི་ཆོས་གང་ ཡང་དམིགས་སུ་མེད་དོ། །རབ་འབྱོར་རེ་ཞིག་དེ་བཞིན་ཉིད་དེ་ཉིད་དམིགས་སུ་མེད་ན་གང་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་ལྟ་ཅི་སྨོས། རབ་འབྱོར་དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། རབ་འབྱོར་གང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་འམ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འམ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ནི་གང་ཡང་དམིགས་སུ་མེད་དོ། །རབ་འབྱོར་དེ་བཞིན་ཉིད་ནི་ཆོས་མི་སྟོན་ཏོ། །རབ་འབྱོར་ཆོས་གང་བསྟན་ པར་བྱ་བའི་ཆོས་དེ་ཡང་དམིགས་སུ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ། །བཅོམ་ལྡན་འདས་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱ་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་དཀའ་བ་བགྱིད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་ཉིད་ལ་ཆོས་གང་ཡང་གནས་པ་མ་མཆིས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་བའི་ཆོས་ཀྱང་གང་ཡང་མ་མཆིས་ཆོས་སྟོན་པ་ཡང་གང་ཡང་མ་མཆིས་པ་དང་འདི་ལ་དེ་ཞུམ་པར་མི་འགྱུར་ནེམ་ནུར་མི་བགྱིད་རྨོངས་པར་ཡང་མི་འགྱུར་བའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་ འདི་སྐད་དུ་གང་དག་ཆོས་ཟབ་མོ་འདི་ལྟ་བུ་བཤད་པ་ལ་ནེམ་ནུར་མི་བྱེད་པ་དང་རྨོངས་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་དཀའ་བ་བྱེད་པའོ་ཞེས་ཟེར་བ། ཀཽ་ཤི་ཀ་ཆོས་ཐམས་ཅད་སྟོང་པ་ན་འདི་ལ་སུ་ཞིག་ནེམ་ནུར་བྱེད་ཅིང་རྨོངས་པར་འགྱུར། བརྒྱ་བྱིན་གྱིས་ སྨྲས་པ། འཕགས་པ་རབ་འབྱོར་གྱིས་གང་དང་གང་བཤད་པ་དེ་དང་དེ་ནི་སྟོང་པ་ཉིད་ལས་བརྩམས་ཏེ་བཤད་པས་ཅི་ལ་ཡང་ཐོགས་པ་མེད་དོ། །འདི་ལྟ་སྟེ་དཔེར་ན་བར་སྣང་ལ་མདའ་འཕངས་ན་ཅི་ལ་ཡང་ཐོགས་པ་མེད་དོ། །དེ་བཞིན་དུ་འཕགས་པ་རབ་འབྱོར་གྱིས་ཆོས་བསྟན་ པ་ཡང་ཅི་ལ་ཡང་ཐོགས་པ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཡང་བདག་གིས་གནས་བརྟན་རབ་འབྱོར་ལས་བརྩམས་ཏེ་འདི་སྐད་དུ་བཤད་ཅིང་འདི་སྐད་དུ་བསྟན་པ་དེ་བཞིན་གཤེགས་པས་ གསུངས་པ་བཞིན་སྨྲ་བ་ལགས་སམ་ཆོས་སྨྲ་བ་འམ་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལུང་བསྟན་པས་ལུང་སྟོན་པ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་གང་ཁྱོད་ཀྱིས་དེ་ལྟར་ བཤད་པ་དེ་དེ་བཞིན་ནོ། །ཀཽ་ཤི་ཀ་དེ་དེ་བཞིན་ཏེ། འདི་སྐད་དུ་བཤད་ཅིང་འདི་སྐད་དུ་བསྟན་པ་དེ་ནི་དེ་བཞིན་གཤེགས་པས་གསུངས་པ་བཞིན་སྨྲ་བ་ཡིན་ནོ། །ཆོས་སྨྲ་བ་ཡིན་ནོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལུང་བསྟན་པས་ལུང་སྟོན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་གང་དང་གང་སྤོབས་པར་འགྱུར་བ་དེ་དང་དེ་ནི་ཀཽ་ཤི་ཀ་སྟོང་པ་ཉིད་ལས་བརྩམས་ཏེ་སྤོབས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རེ་ཞིག་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ མི་དམིགས་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ག་ལ་ཡོད། བྱང་ཆུབ་ཉིད་ཀྱང་རེ་ཞིག་མི་དམིགས་ན་གང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ཅི་སྨོས། ཐམས་ཅད་མཁྱེན་པ་ཉིད་ཀྱང་རེ་ཞིག་མི་དམིགས་ན་ཡང་གང་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་འགྱུར་བ་ལྟ་ག་ལ་ཡོད། དེ་བཞིན་ཉིད་ཀྱང་རེ་ཞིག་མི་དམིགས་ན་ཡང་གང་དེ་བཞིན་གཤེགས་པར་འགྱུར་བ་ལྟ་ག་ལ་ཡོད། མི་སྐྱེ་བ་ཉིད་ཀྱང་རེ་ཞིག་མི་དམིགས་ན་ཡང་གང་མི་སྐྱེ་བ་མངོན་སུམ་དུ་བྱེད་པར་འགྱུར་བ་ལྟ་ག་ལ་ཡོད། བྱང་ཆུབ་སེམས་དཔའ་ཉིད་ ཀྱང་རེ་ཞིག་མི་དམིགས་ན་ཡང་གང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ག་ལ་ཡོད། སྟོབས་ཉིད་ཀྱང་རེ་ཞིག་མི་དམིགས་ན་ཡང་གང་སྟོབས་དང་ལྡན་པར་འགྱུར་བ་ལྟ་ག་ལ་ཡོད། མི་འཇིགས་པ་ཉིད་ཀྱང་རེ་ཞིག་མི་དམིགས་ན་ཡང་གང་མི་འཇིགས་ པར་འགྱུར་བ་ལྟ་ག་ལ་ཡོད། ཆོས་ཁོ་ན་རེ་ཞིག་མི་དམིགས་ན་ཡང་གང་ཆོས་སྟོན་པར་འགྱུར་བ་ལྟ་ག་ལ་ཡོད། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་ནི་ཆོས་ཐམས་ཅད་དབེན་པར་གནས་པ་དང་ཆོས་ཐམས་ཅད་མི་དམིགས་པར་གནས་པས་གནས་སོ། །ཀཽ་ཤི་ཀ་ཡང་གནས་བརྟན་ རབ་འབྱོར་གྱི་ཆོས་ཐམས་ཅད་དབེན་པར་གནས་པ་དང་ཆོས་ཐམས་ཅད་དམིགས་སུ་མེད་པར་གནས་པའི་གནས་པ་གང་ཡིན་པ་འདིས་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གནས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་ གི་ཆར་ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་ཉེ་བར་མི་འགྲོའོ། །བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བྱ་ བར་ཡང་རྟེན་དུ་ཡང་རྒྱུར་ཡང་མི་བཟོད་དོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གནས་པའི་གནས་པ་གང་ཡིན་པའི་གནས་པ་འདི་ནི། དེ་བཞིན་གཤེགས་པའི་གནས་པ་མ་གཏོགས་པར་དེ་མ་ཡིན་པའི་གནས་པ་གཞན་ཐམས་ཅད་ཟིལ་ གྱིས་གནོན་ཏོ། །ཀཽ་ཤི་ཀ་འདི་ནི་གནས་པ་དེ་དག་ཐམས་ཅད་པས་མཆོག་ཅེས་བྱའོ་དམ་པ་ཞེས་བྱའོ་གཙོ་བོ་ཞེས་བྱའོ་རབ་ཅེས་བྱའོ་མཆོག་རབ་ཅེས་བྱའོ་གྱ་ནོམ་པ་ཞེས་བྱའོ་བླ་མ་ཞེས་བྱའོ་བླ་ན་མེད་པ་ཞེས་བྱའོ་གོང་ན་མེད་པ་ཞེས་བྱའོ་མཉམ་པ་མེད་པ་ཞེས་བྱའོ་མི་མཉམ་པ་དང་མཉམ་པ་ཞེས་ བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གནས་པའི་གནས་པ་གང་ཡིན་པ་འདིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་གནས་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །ཀཽ་ཤི་ཀ་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ཕྱིན་པར་འདོད་པ་དང་ དམ་པར་ཕྱིན་པར་འདོད་པ་དང་གཙོ་བོར་ཕྱིན་པར་འདོད་པ་དང་རབ་ཏུ་ཕྱིན་པར་འདོད་པ་དང་མཆོག་རབ་ཏུ་ཕྱིན་པར་འདོད་པ་དང་གྱ་ནོམ་པར་ཕྱིན་པར་འདོད་པ་དང་བླ་མར་ཕྱིན་པར་འདོད་པ་དང་བླ་ན་མེད་པར་ཕྱིན་པར་འདོད་པ་དང་། གོང་ན་མེད་པར་ཕྱིན་པར་འདོད་པ་དང་མཉམ་པ་མེད་པར་ཕྱིན་པར་འདོད་པ་དང་མི་ མཉམ་པ་དང་མཉམ་པར་ཕྱིན་པར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གནས་པའི་གནས་འདིས་གནས་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་སྙིང་པོའི་ལེའུ་ཞེས་བྱ་སྟེ་ཉི་ ཤུ་རྩ་བདུན་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་ཉི་ཤུ་གཉིས་པ། དེ་ནས་དེའི་ཚེ་ལྷའི་བུ་གཞན་ཞིག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་ཐོགས་ནས་བཅོམ་ལྡན་འདས་ག་ལ་བ་ དེ་ལོགས་སུ་དོང་ངོ་། །དེའི་ཚེ་ན་དགེ་སློང་བརྒྱ་ཕྲག་དྲུག་ཅུ་འཁོར་དེར་འདུས་ཏེ་འཁོད་པར་གྱུར་ནས་དེ་དག་ཀྱང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་ཏེ་ ཕྱག་འཚལ་བ་དང་། སངས་རྒྱས་ཀྱི་མཐུས་དགེ་སློང་དེ་དག་གི་སྙིམ་པར་མེ་ཏོག་མན་དཱ་ར་བ་དང་མན་དཱ་ར་བ་ཆེན་པོས་གང་བར་གྱུར་ནས་དེ་དག་གིས་མེ་ཏོག་མན་དཱ་ར་བ་དང་མན་དཱ་ར་བ་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཏོར་ མངོན་པར་གཏོར་མངོན་པར་རབ་ཏུ་གཏོར་ནས་ཚིག་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་བླ་ན་མེད་པ་འདིས་ གནས་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་ཆོས་ཉིད་ཡིན་ཏེ་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་འོད་ཟེར་ཁ་དོག་སྣ་ཚོགས་པ་ཁ་དོག་དུ་མ་འདི་ལྟ་སྟེ་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ བཙོད་ཀ་དང་ཤེལ་དང་དངུལ་དང་གསེར་གྱི་ཁ་དོག་རྣམས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐུག་པ་མེད་པ་ཀུན་ཏུ་སྣང་བར་བྱས་ནས་གྱེན་དུ་ཚངས་པའི་འཇིག་རྟེན་མན་ཆད་དུ་མངོན་པར་འཕགས་ཏེ་སླར་ལོག་ནས་ བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་ སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱུ་མ་མཆིས་རྐྱེན་མ་མཆིས་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ ལགས། དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་མ་འོངས་པའི་དུས་ན་བསྐལ་པ་སྐར་མ་ལྟ་བུ་ལ་དགེ་སློང་བརྒྱ་ཕྲག་དྲུག་ཅུ་པོ་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་རོ། །ཐམས་ཅད་ཀྱང་མིང་གཅིག་པར་འགྱུར་ཏེ་འདི་ལྟ་སྟེ་མེ་ཏོག་བཀྲམ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་སྟོན་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་བཀྲམ་པ་ཞེས་བྱ་བ་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་དེ་དག་ཐམས་ཅད་མཉམ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་བཀྲམ་པ་ཞེས་བྱ་བ་དེ་དག་ཐམས་ཅད་ཀྱི་ཚེའི་ཚད་ཀྱང་བསྐལ་པ་སྟོང་ཕྲག་ཉི་ཤུར་མཉམ་པར་འགྱུར་རོ། །དེ་དག་ཐམས་ཅད་སོ་སོའི་གསུང་རབ་ཀྱང་རྒྱས་པར་འགྱུར་ཏེ་ལྷ་དང་མིའི་ནང་དུ་ཡངས་ཤིང་རྒྱ་ཆེ་བར་འགྱུར་རོ། །དེ་ དག་ཐམས་ཅད་སོ་སོའི་དམ་པའི་ཆོས་ཀྱང་བསྐལ་པ་སྟོང་ཕྲག་ཉི་ཤུའི་བར་དུ་མཉམ་པར་གནས་པར་འགྱུར་རོ། །དེ་དག་ཐམས་ཅད་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་ཕོ་བྲང་འཁོར་གང་དང་གང་ནས་མངོན་པར་འབྱུང་བར་འགྱུར་བ་དང་། མངོན་པར་བྱུང་ ནས་ཀྱང་གང་དང་གང་དུ་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་བ་དང་རབ་ཏུ་བསྐོར་ནས་ཀྱང་གང་དང་གང་དུ་གནས་པར་འགྱུར་བ་དང་། གང་དང་གང་ནས་གང་དང་གང་དུ་འཇུག་པ་དང་། གང་དང་གང་གིས་གང་དང་གང་ནས་འབྱུང་བར་འགྱུར་བ་དེ་དང་དེ་ནས་དེ་དང་དེར་འཇུག་པ་དང་འབྱུང་ བ་དང་གནས་པ་དེ་དག་ལ་མེ་ཏོག་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་མེ་ཏོག་གི་ཆར་རབ་ཏུ་འབབ་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་གནས་པ་མཆོག་གིས་གནས་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་ པར་བྱའོ། །ཀུན་དགའ་བོ་དེ་བཞིན་གཤེགས་པའི་གནས་པས་གནས་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པ་དེ་དག་ནི་མི་ལས་ཤི་འཕོས་ཏེ་འདིར་སྐྱེས་པའམ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་མིའི་ནང་དུ་སྐྱེས་པར་རྟོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མི་རྣམས་དང་དགའ་ལྡན་གྱི་ལྷ་རྣམས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱས་པར་རབ་ཏུ་སྤྱོད་དོ། །ཀུན་དགའ་ བོ་ཡང་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་དེ་བཞིན་གཤེགས་པས་གཟིགས་པར་རིག་པར་བྱའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་ འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་། ཆུང་ངུ་ན་ཡི་གེར་འདྲི་བ་དང་བཟུང་བཅངས་ཀླགས་ཀུན་ཆུབ་པར་བྱས་རབ་ཏུ་བཏོན་བསྟན་ཉེ་བར་བསྟན་ལུང་ཕོག་ཁ་ཏོན་དུ་བྱས། ཆུང་ངུ་ན་ཡི་གེར་བྲིས་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ལ་འདོམས་ཤིང་རྗེས་སུ་སྟོན་པ་དང་། ཡང་དག་པར་སྟོན་པ་དང་། ཡང་དག་པར་འགོད་པ་དང་། ཡང་དག་པར་གཟེངས་སྟོད་པ་དང་། རབ་ཏུ་དགའ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཀུན་དགའ་བོ་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་པར་རིག་པར་བྱའོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་པ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་འབའ་ཞིག་གི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་གྱི་ཀུན་དགའ་བོ་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་གདོན་མི་ཟ་བར་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། །ཀུན་དགའ་བོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་ཅིང་སྐྲག་པར་མི་བྱེད་ པ་དང་། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཆུང་དུ་ན་ཡི་གེར་འདྲི་བ་དང་དེ་ལྟར་དོན་དང་ཆོས་ཉིད་དང་ཚུལ་གྱིས་རྗེས་སུ་ རྟོགས་པར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཀུན་དགའ་བོ་ངེས་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་སུམ་དུ་གྱུར་པ་ཡིན་པར་རྟོགས་པར་བྱའོ། །ཀུན་དགའ་བོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་འདི་ལ་སྨོད་པར་མི་བྱེད་འགལ་བར་མི་བྱེད་འཁྲུག་པར་མི་བྱེད་འཇིག་པར་མི་བྱེད་སྤོང་བར་མི་བྱེད་འགོག་པར་མི་བྱེད་གནོད་པར་བྱ་བར་མི་སེམས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་དག་ལ་བྱ་བ་བྱས་པ་ཡིན་པར་རིག་པར་བྱའོ། །ཀུན་ དགའ་བོ་འདི་ལྟར་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་སླུ་བར་མི་འགྱུར་བ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཀྱི་ཐད་དུ་དགེ་བའི་རྩ་བ་བསྐྱེད་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་དོན་དུ་རྣམ་པར་སྨིན་པ་སྒྲུབ་པར་མི་བྱེད་ཀྱི་ཀུན་དགའ་བོ་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་ཕལ་ཆེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་ཅི་ནས་ནུབ་པར་མི་འགྱུར་བར་ཁྱོད་ལ་གཏད་དོ་རྗེས་སུ་གཏད་དོ། །ཡི་གེ་ཙམ་ཡང་ནུབ་པར་མི་འགྱུར་བར་ཟུང་ཤིག་ཆོངས་ཤིག་ལྷོགས་ཤིག་ཀུན་ཆུབ་པར་གྱིས་ཤིག་རབ་ཏུ་ཐོན་ཅིག་ཡུན་རིང་པོར་གནས་པར་གྱིས་ཤིག །ཀུན་དགའ་བོ་ཁྱོད་ཀྱིས་གལ་ཏེ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་ཆོས་གང་ངས་མངོན་སུམ་དུ་བཤད་པའི་ཆོས་བཤད་པ་དེ་དག་ཐམས་ཅད་བཟུང་ནས། ཕྱིས་རྣམ་པར་ཆུད་གཟན་ཏམ་ཕྱིས་བཏང་ངམ་བརྗེད་པར་བྱས་ན་ཀུན་དགའ་བོ་ཁྱོད་དེ་ཙམ་གྱིས་ངས་ཉེས་པར་བརྩི་བར་མི་འགྱུར་གྱི། ཀུན་དགའ་བོ་ཡང་འདི་ལྟར་ ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིག་གི་ཡན་ལག་ཀྱང་རུང་སྟེ་ཆུད་གཟན་ཏམ་བཏང་ངམ་བརྗེད་པར་བྱས་ན་ཀུན་དགའ་བོ་ཁྱོད་ཀྱིས་དེ་ཙམ་དུ་ང་ལ་ཉེས་པ་བྱས་པར་འགྱུར་ཏེ་ཁྱོད་ཀྱིས་ངའི་སེམས་ཀྱང་མགུ་བར་མ་བྱས་སོ། །ཀུན་དགའ་བོ་ཡང་ ཁྱོད་ཀྱིས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་ཕྱིས་ཆུད་གཟན་ཅིང་བཏང་སྟེ་བརྗེད་པར་བྱས་ན་ཁྱོད་ཀྱིས་ང་ལ་བཀུར་སྟིར་མ་བྱས་བླ་མར་མ་བྱས་རྗེད་པར་མ་བྱས་མཆོད་པར་མ་བྱས་རི་མོར་མ་བྱས་བསྙེན་བཀུར་མ་བྱས་སོ། །ཀུན་དགའ་བོ་གང་དག་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་ཀུན་དགའ་བོ་ཁྱོད་ཀྱིས་བཀུར་སྟིར་མ་བྱས་བླ་མར་མ་བྱས་རྗེད་པར་མ་བྱས་མཆོད་པར་མ་བྱས་རི་མོར་མ་བྱས་བསྙེན་བཀུར་མ་བྱས་པ་ཡིན་ནོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་ཕྱིས་ཆུད་གཟན་ཅིང་ བཏང་སྟེ་བརྗེད་པར་བྱས་ན་ཀུན་དགའ་བོ་ཁྱོད་ཀྱིས་དེ་ཙམ་དུ་ང་ལ་ཉེས་པ་བྱས་པར་འགྱུར་ཏེ་ཁྱོད་ཀྱི་ངའི་སེམས་ཀྱང་མགུ་བར་མ་བྱས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུམ་སྟེ་བསྐྱེད་པ་འབྱིན་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡིན་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་ཅི་ནས་ཀྱང་ནུབ་པར་མི་འགྱུར་བར་ཁྱོད་ལ་གཏད་དོ་རྗེས་སུ་གཏད་དོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བྱའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཅང་བར་བྱའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀླག་པར་བྱའོ། །ཀུན་ དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀུན་ཆུབ་པར་བྱའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རབ་ཏུ་གདོན་པར་བྱའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པར་བྱའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉེ་བར་བསྟན་པར་བྱའོ། ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལུང་དབོག་པར་བྱའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱའོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བར་བྱ་སྟེ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྒོམ་པར་བྱ། ཀུན་དགའ་ བོ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེགས་པར་ཡིད་ལ་བྱ་བ་དང་ལེགས་པར་ཟིན་པར་བྱ་བ་དང་ལེགས་པར་ཀུན་ཆུབ་པར་བྱ་བ་དང་ལེགས་པར་རབ་ཏུ་གདོན་པར་བྱ་སྟེ། ཡི་གེ་དང་ཚིག་དང་གསལ་བྱེད་ཤིན་ཏུ་གསལ་བས་ཡིག་འབྲུ་དང་ངེས་པའི་ཚིག་བཟང་པོར་གཟུང་བར་ བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ནོ་ཞེས་ཆོས་ཉིད་དེ་ཚད་མར་བྱའོ། །ཀུན་དགའ་བོ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ པའི་དེ་བཞིན་གཤེགས་པ་ང་ལ་ཁྱོད་ཀྱིས་ཅི་ལྟར་དེ་དང་དེས་ཕན་པར་སེམས་པ་དང་དགའ་བ་དང་གུས་པ་དང་། དགེ་བར་བྱ་བའམ་བདེ་བར་གནས་པར་བྱ་བ་འམ་དབུལ་བ་འམ་བསམ་པར་བྱ་བར་སེམས་པ་དེ་བཞིན་དུ་ཀུན་དགའ་བོ་ཁྱོད་ཀྱིས་ཕན་པར་སེམས་པ་དེ་དང་དགའ་བ་དེ་དང་གུས་ པ་དེ་དང་ཡོན་ཏན་དང་ལྡན་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བྱ་བ་བཅང་བར་བྱ་ཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱ་བསྟན་པར་བྱ་ཉེ་བར་བསྟན་པར་བྱ། ལུང་དབོག་པར་བྱ་ཁ་དོན་དུ་བྱ་བྲི་བར་བྱ་བསྒོམ་པར་བྱ་བཀུར་སྟིར་བྱ་བླ་མར་བྱ་བརྗོད་པར་བྱ་མཆོད་པར་བྱ་ རི་མོར་བྱ་བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ་དེ་ལྟར་ན་ཁྱོད་ཀྱིས་ང་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་མཆོད་པར་འགྱུར་ཞིང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་ཡང་དགའ་བ་དང་དད་པ་དང་གུས་པ་བསྐྱེད་པ་ ཡིན་ནོ། །ཀུན་དགའ་བོ་གལ་ཏེ་དེ་བཞིན་གཤེགས་པ་ང་ལ་ཁྱོད་དགའ་བ་དང་ཡིད་དུ་འོང་བ་ཡོངས་སུ་མི་གཏོང་ན་ཀུན་དགའ་བོ་ཁྱོད་ཀྱིས་ཅི་ནས་ཚིག་གཅིག་ཀྱང་ཆུད་མ་ཟོས་ཤིང་མ་ནུབ་པར་འགྱུར་བ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཁྱོད་དགའ་བ་དང་ཡིད་དུ་འོང་བ་ཡོངས་ སུ་མི་གཏང་བར་གྱིས་ཤིག །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གཏད་པ་ལ་བརྩམས་ཏེ་ངས་ཁྱོད་ལ་མང་དུ་བཤད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པའམ་བསྐལ་པ་བརྒྱའམ་བསྐལ་པ་སྟོང་ངམ་བསྐལ་པ་བྱེ་བ་བརྒྱའམ་བྱེ་བ་སྟོང་ ངམ་བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་ངམ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ངམ་དེ་བས་ཀྱང་ལྷག་པར་ཡོད་མོད་ཀྱི། ཀུན་དགའ་བོ་མདོར་ན་ཅི་ལྟར་ཁྱོད་ཀྱི་སྟོན་པ་ང་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོན་པ་ཡིན་ནོ། །ཀུན་དགའ་བོ་ཅི་ལྟར་འདས་པ་དང་མ་ འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ཀྱི་སྟོན་པ་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ཀྱི་སྟོན་པ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་ ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མེད་པ་ཡིན་ཏེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་ཚད་མེད་པའི་ཡོངས་སུ་གཏད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁྱོད་ལ་ཡོངས་སུ་གཏད་དོ་རྗེས་སུ་གཏད་དོ། །ཀུན་དགའ་བོ་གང་ གིས་དེ་བཞིན་གཤེགས་པ་ཡོངས་སུ་མ་བཏང་བ་དང་ཆོས་ཡོངས་སུ་མ་བཏང་བ་དང་དགེ་འདུན་ཡོངས་སུ་མ་བཏང་བ་དང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཡོངས་སུ་མ་བཏང་བ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་ གཏང་བར་བྱ་སྟེ་འདི་ནི་ངའི་རྗེས་སུ་བསྟན་པའོ། །ཀུན་དགའ་བོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་དུ་བྱེད་པ་དང་འདྲི་བ་དང་། སྒོམ་ པར་བྱེད་པ་དེས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་རྗེས་སུ་ཡོངས་སུ་གཟུང་བར་འགྱུར་རོ། །ཀུན་དགའ་བོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རབ་ཏུ་འཇིག་པའི་ཚེ་རྗེས་སུ་གཟུང་ན་དེས་འདས་པ་དང་མ་འོངས་ པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་རྗེས་སུ་ཡོངས་སུ་གཟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་སོ། །ཀུན་དགའ་བོ་གང་དག་འདས་པའི་དུས་སུ་ བྱུང་པར་གྱུར་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་སོ། །ཀུན་དགའ་བོ་གང་དག་མ་འོངས་ པའི་དུས་ན་འབྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་སོ། །ཀུན་དགའ་བོ་གང་དག་འཇིག་ རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཀུན་དགའ་བོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སྐྱེས་སོ། །ཀུན་དགའ་བོ་ངའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སྐྱེས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་གཟུང་བར་བྱ་བཅང་བར་བྱ་ཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱ་བསྟན་པར་བྱ་ཉེ་བར་བསྟན་པར་བྱ་ལུང་དབོག་ པར་བྱ་ཁ་ཏོན་དུ་བྱ་བྲི་བར་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱ་རྣལ་འབྱོར་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུམ་སྟེ་སྐྱེད་པ་འབྱིན་པའོ། །ཀུན་དགའ་བོ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལ་བསླབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱུང་བར་གྱུར་པ་དང་ངེས་པར་འབྱུང་བར་འགྱུར་པ་དང་ངེས་པར་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཀུན་ དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བསླབས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཡིན་ནོ། །ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ནས་ཀྱང་ནུབ་པར་མི་འགྱུར་བར་ལན་གཉིས་སུ་ཁྱོད་ལ་ཡོངས་སུ་གཏད་དོ་རྗེས་སུ་གཏད་དོ། ། ཀུན་དགའ་བོ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་མཛོད་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདས་པའི་དུས་ཀྱི་ཐོག་མ་མེད་པའི་འཁོར་བར་སེམས་ཅན་ རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་མཛོད་འདི་ཉིད་ལས་བཤད་དོ། །ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་གང་དག་མ་འོངས་པའི་དུས་ཀྱི་དཔག་ཏུ་མེད་པའི་ འཁོར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་མཛོད་འདི་ཉིད་ལས་འཆད་དོ། ། ཀུན་དགའ་བོ་གང་ད་ལྟར་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཀུན་དགའ་བོ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་ མཛོད་འདི་ཉིད་ལས་རབ་ཏུ་འབྱེད་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཛོད་འདི་དག་ནི་མི་ཟད་པའི་ཆོས་ཀྱི་མཛོད་དོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཉན་ཐོས་ཀྱི་སའི་ཆོས་བཤད་ པར་གྱུར་ལ། ཆོས་དེ་བཤད་པ་ན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པར་གྱུར་ན། དེ་ལྟ་ན་ཡང་ངའི་ཉན་ཐོས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་རྗེས་སུ་བསྐོར་ནས་ཆོས་ སྟོན་པ་ཁྱོད་ཀྱིས་ཉན་ཐོས་ཀྱི་བྱ་བ་བྱས་པར་མི་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་གཅིག་ཙམ་ཡང་བཤད་དམ་རབ་ཏུ་བསྟན་ན། དེ་ལྟར་ན་ངའི་ཉན་ཐོས་ཀྱི་ཆོས་ཀྱི་ འཁོར་ལོ་བསྐོར་ཅིང་རྗེས་སུ་བསྐོར་ནས་ཆོས་སྟོན་པ་ཁྱོད་ཀྱིས་ང་མགུ་བ་བྱས་པར་འགྱུར་གྱི་སྔར་གྱི་ཆོས་བཤད་པ་དེས་ནི་མ་ཡིན་ནོ། །གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་གང་དག་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་ཐོབ་པར་ བྱས་ན། ཀུན་དགའ་བོ་དེ་ཅི་སྙམ་དུ་སེམས་དགྲ་བཅོམ་པ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་བསོད་ནམས་ཀྱི་ཕུང་པོ་དེ་མང་བ་ཡིན་ ནམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མང་ངོ་། བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དེ་དག་པས་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་པ་དེ་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཀུན་དགའ་བོ་དེ་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་ཆུང་ངུ་ན་ཉི་མ་གཅིག་ཙམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ ཆོས་སྟོན་ན་དེ་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཀུན་དགའ་བོ་ཉི་མ་གཅིག་ལྟ་ཞོག་གི་ཆུང་ངུ་ན་སྔ་དྲོ་ཙམ་འམ། ཀུན་དགའ་བོ་སྔ་དྲོ་ཆོས་སྟོན་པ་ལྟ་ཞོག་ཆུང་ངུ་ན་ཆུ་ཚོད་གཅིག་ཙམ་འམ། ཀུན་དགའ་བོ་ཆུ་ཚོད་གཅིག་ལྟ་ཞོག་ཆུང་ངུ་ན་ཡུད་ཙམ་འམ། ཀུན་དགའ་བོ་ཡུད་ཙམ་ལྟ་ཞོག་ཐང་གཅིག་གམ། ཀུན་དགའ་བོ་ཐང་གཅིག་ལྟ་ཞོག་ཆུང་ངུ་ན་སྐད་ཅིག་གཅིག་ཙམ་དུ་ཡང་སྟེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གཞན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན་འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་ཀྱི་སྦྱིན་པ་འདིས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་ གནོན་ཏོ། །ཀུན་དགའ་བོ་དེ་ལྟ་བུའི་དགེ་བའི་རྩ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་དེ་ལྟ་བུའི་དགེ་བའི་རྩ་བ་ལ་སེམས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་ནི་ ཀུན་དགའ་བོ་གནས་མེད་སྐབས་མེད་དེ་འདི་ནི་གནས་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཅི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་པས་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མའི་འཁོར་བཞི་དང་ལྷ་དང་ཀླུ་དང་གནོད་སྦྱིན་ དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་