Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 033_བརྒྱད་སྟོང་པ།
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
ུན་ཆུབ་པར་བྱས་རབ་ཏུ་འདོན་པར་བྱས་སྟོན་པར་བྱས་ཉེ་བར་སྟོན་པར་བྱས་ལུང་ཕོག་ཅིང་ཁ་ཏོན་བྱས་ཏེ་ཡང་ཕྱིར་འགྲོ་བར་ སེམས་སོ། །ཀཽ་ཤི་ཀ་དགའ་ལྡན་གྱི་ལྷ་དག་གི་ནང་ན་ལྷའི་བུ་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་དེར་འོང་བར་སེམས་ཏེ། དེ་དག་ཀྱང་དེར་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་ཆུད་ པ་ལ་ལྟ་བར་འགྱུར་ཕྱག་འཚལ་བར་འགྱུར་འདུད་པ་བྱེད་པར་འགྱུར་འཛིན་པར་འགྱུར་འཆང་བར་འགྱུར་ཀློག་པར་འགྱུར་ཀུན་ཆུབ་པར་བྱེད་པར་འགྱུར་རབ་ཏུ་འདོན་པར་འགྱུར་སྟོན་པར་འགྱུར་ཉེ་བར་སྟོན་པར་འགྱུར་ལུང་འབོགས་པར་འགྱུར་ཁ་ཏོན་བྱེད་པར་འགྱུར་ཏེ། བལྟས་ཤིང་ ཕྱག་བྱས་ནས་འདུད་པ་བྱས་གཟུང་བ་བྱས་བཅང་བ་བྱས་ཀླག་པ་བྱས་ཀུན་ཆུབ་པར་བྱས་རབ་ཏུ་འདོན་པར་བྱས་སྟོན་པར་བྱས་ཉེ་བར་སྟོན་པར་བྱས་ལུང་ཕོག་ཅིང་ཁ་ཏོན་བྱས་ཏེ་ཡང་ཕྱིར་འགྲོ་བར་སེམས་སོ། །ཀཽ་ཤི་ཀ་འཕྲུལ་དགའི་ལྷ་དག་གི་ནང་ན་ལྷའི་བུ་གང་སུ་དག་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་དེར་འོང་བར་སེམས་ཏེ། དེ་དག་ཀྱང་དེར་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་ཆུད་པ་ལ་ལྟ་བར་འགྱུར་ཕྱག་འཚལ་བར་འགྱུར་འདུད་པ་བྱེད་པར་འགྱུར་འཛིན་པར་འགྱུར་འཆང་བར་འགྱུར་ཀློག་ པར་འགྱུར་ཀུན་ཆུབ་པར་བྱེད་པར་འགྱུར་རབ་ཏུ་འདོན་པར་འགྱུར་སྟོན་པར་འགྱུར་ཉེ་བར་སྟོན་པར་འགྱུར་ལུང་འབོགས་པར་འགྱུར་ཁ་ཏོན་བྱེད་པར་འགྱུར་ཏེ། བལྟས་ཤིང་ཕྱག་བྱས་ནས་འདུད་པ་བྱས་གཟུང་བ་བྱས་བཅང་བ་བྱས་ཀླག་པ་བྱས་ཀུན་ཆུབ་པར་བྱས་རབ་ཏུ་འདོན་པར་བྱས་སྟོན་པར་ བྱས་ཉེ་བར་སྟོན་པར་བྱས་ལུང་ཕོག་ཅིང་ཁ་ཏོན་བྱས་ཏེ་ཡང་ཕྱིར་འགྲོ་བར་སེམས་སོ། །ཀཽ་ཤི་ཀ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དག་གི་ནང་ན་ལྷའི་བུ་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་དེར་འོང་བར་སེམས་ཏེ། དེ་དག་ཀྱང་ དེར་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་ཆུད་པ་ལ་ལྟ་བར་འགྱུར་ཕྱག་འཚལ་བར་འགྱུར་འདུད་པ་བྱེད་པར་འགྱུར་འཛིན་པར་འགྱུར་འཆང་བར་འགྱུར་ཀློག་པར་འགྱུར་ཀུན་ཆུབ་པར་བྱེད་པར་འགྱུར་རབ་ཏུ་འདོན་པར་འགྱུར་སྟོན་པར་འགྱུར་ཉེ་བར་སྟོན་པར་འགྱུར་ལུང་ འབོགས་པར་འགྱུར་ཁ་ཏོན་བྱེད་པར་འགྱུར་ཏེ། བལྟས་ཤིང་ཕྱག་བྱས་ནས་འདུད་པ་བྱས་གཟུང་བ་བྱས་བཅང་བ་བྱས་ཀླག་པ་བྱས་ཀུན་ཆུབ་པར་བྱས་རབ་ཏུ་འདོན་པར་བྱས་སྟོན་པར་བྱས་ཉེ་བར་སྟོན་པར་བྱས་ལུང་ཕོག་ཅིང་ཁ་ཏོན་བྱས་ཏེ་ཡང་ཕྱིར་འགྲོ་བར་སེམས་སོ། །ཀཽ་ཤི་ཀ་དེ་ བཞིན་དུ་གཟུགས་ན་སྤྱོད་པའི་ལྷ་རྣམས་ལ་ལྷའི་བུ་གང་ཇི་སྙེད་ཡོད་པ་ནས་ཚངས་པའི་འཇིག་རྟེན་ན་ཚངས་རིས་ཀྱི་ལྷའི་བུ་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་དེར་འོང་བར་སེམས་ཏེ། དེ་དག་ཀྱང་དེར་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་གླེགས་བམ་དུ་ཆུད་པ་ལ་ལྟ་བར་འགྱུར་ཕྱག་འཚལ་བར་འགྱུར་འདུད་པ་བྱེད་པར་འགྱུར་འཛིན་པར་འགྱུར་འཆང་བར་འགྱུར་ཀློག་པར་འགྱུར་ཀུན་ཆུབ་པར་བྱེད་པར་འགྱུར་རབ་ཏུ་འདོན་པར་འགྱུར་སྟོན་པར་འགྱུར་ཉེ་བར་སྟོན་པར་འགྱུར་ལུང་འབོགས་པར་འགྱུར་ཁ་ཏོན་བྱེད་ པར་འགྱུར་ཏེ། བལྟས་ཤིང་ཕྱག་བྱས་ནས་འདུད་པ་བྱས་གཟུང་བ་བྱས་བཅང་བ་བྱས་ཀླག་པ་བྱས་ཀུན་ཆུབ་པར་བྱས་རབ་ཏུ་འདོན་པར་བྱས་སྟོན་པར་བྱས་ཉེ་བར་སྟོན་པར་བྱས་ལུང་ཕོག་ཅིང་ཁ་ཏོན་བྱས་ཏེ་ཡང་ཕྱིར་འགྲོ་བར་སེམས་སོ། །ཀཽ་ཤི་ཀ་ཁྱོད་ཀྱིས་འདིར་ཚངས་རིས་པ་ཉིད་ཇི་ལྟ་ བ་དེ་བཞིན་དུ་ནི་མི་བསམ་སྟེ། ཚངས་རིས་པ་ཇི་ལྟ་བ་དེ་བཞིན་དུ་ཚངས་པའི་མདུན་ན་འདོན་གྱི་ལྷ་དག་གི་ནང་ན་ལྷའི་བུ་གང་སུ་དག་ཡོད་པ་ཡང་སྔ་མ་བཞིན་སྦྱར་རོ། །དེ་བཞིན་དུ་ཚངས་པ་ཆེན་པོ་དང་། འོད་ཆུང་དང་ཚད་མེད་འོད་དང་འོད་གསལ་དང་དགེ་ཆུང་དང་ཚད་མེད་དགེ་དང་དགེ་ རྒྱས་དང་སྤྲིན་མེད་དང་བསོད་ནམས་འཕེལ་དང་འབྲས་བུ་ཆེ་དང་འདུ་ཤེས་མེད་པའི་སེམས་ཅན་དང་མི་ཆེ་བ་དང་མི་གདུང་བ་དང་གྱ་ནོམ་སྣང་དང་ཤིན་ཏུ་མཐོང་དང་། ཀཽ་ཤི་ཀ་འོག་མིན་གྱི་ལྷ་དག་གི་ནང་ན་ལྷའི་བུ་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ པ་དེ་དག་ཀྱ་ང་དེར་འོང་བར་སེམས་ཏེ། དེ་དག་ཀྱང་དེར་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་ཆུད་པ་ལ་ལྟ་བར་འགྱུར་ཕྱག་འཚལ་བར་འགྱུར་འདུད་པ་བྱེད་པར་འགྱུར་འཛིན་པར་འགྱུར་འཆང་བར་འགྱུར་ཀློག་པར་འགྱུར་ཀུན་ཆུབ་པར་བྱེད་པར་འགྱུར་རབ་ཏུ་འདོན་པར་ འགྱུར་སྟོན་པར་འགྱུར་ཉེ་བར་སྟོན་པར་འགྱུར་ལུང་འབོགས་པར་འགྱུར་ཁ་ཏོན་བྱེད་པར་འགྱུར་ཏེ། བལྟས་ཤིང་ཕྱག་བྱས་ནས་འདུད་པ་བྱས་གཟུང་བ་བྱས་བཅང་བ་བྱས་ཀླག་པ་བྱས་ཀུན་ཆུབ་པར་བྱས་རབ་ཏུ་འདོན་པར་བྱས་སྟོན་པར་བྱས་ཉེ་བར་སྟོན་པར་བྱས་ ལུང་ཕོག་ཅིང་ཁ་ཏོན་བྱས་ཏེ་ཡང་ཕྱིར་འགྲོ་བར་སེམས་སོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། གང་སུ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་དག་ན་ཡོད་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་མ་ཡིན་པ་དེ་དག་ལ། གླེགས་བམ་འདི་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྟོས་ཤིག་ཕྱག་འཚོལ་ཅིག་འདུད་པ་གྱིས་ཤིག་ཟུང་ཤིག་ཆོངས་ཤིག་ལྷོགས་ཤིག་ཀུན་ཆུབ་པར་གྱིས་ཤིག་རབ་ཏུ་ཐོན་ཅིག་སྟོན་ཅིག་ ཉེ་བར་སྟོན་ཅིག་ལུང་ཕོག་ཤིག་ཁ་ཏོན་གྱིས་ཤིག །བལྟས་ཤིང་ཕྱག་བྱས་ཏེ་འདུད་པ་བྱས་གཟུང་བ་བྱས་བཅང་བ་བྱས་ཀླག་པ་བྱས་ཀུན་ཆུབ་པར་བྱས་རབ་ཏུ་འདོན་པར་བྱས་སྟོན་པར་བྱས་ཉེ་བར་སྟོན་པར་བྱས་ལུང་ཕོག་ཅིང་ཁ་ཏོན་བྱས་ནས་ཡང་ཕྱིར་བདག་ཉིད་ཀྱི་གནས་སུ་དེ་ངས་ཤིག་ དེ་དག་ལ་ཆོས་ཀྱི་སྦྱིན་པ་འདི་ཉིད་བྱིན་པར་གྱུར་ཅིག་ཅེས་བསམ་པར་བྱའོ། །ཀཽ་ཤི་ཀ་འདི་ལ་ཁྱོད་འདི་སྙམ་དུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ ཞུགས་པ་དེ་དག་ཉིད་འབའ་ཞིག་དེར་འོང་བ་སྙམ་དུ་སེམས་པར་གྱུར་ན་མི་རུང་སྟེ་ཀཽ་ཤི་ཀ་དེ་ལྟར་མི་བལྟའོ། །ཀཽ་ཤི་ཀ་འོན་ཀྱང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ ཡང་དག་པར་ཞུགས་པ་ཅི་སྙེད་ཡོད་པ་དེ་དག་ཀྱང་དེར་འོང་བར་སེམས་ཏེ། དེ་དག་ཀྱང་དེར་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་ཆུད་པ་ལ་ལྟ་བར་འགྱུར་ཕྱག་འཚལ་བར་འགྱུར་འདུད་པ་བྱེད་པར་འགྱུར་འཛིན་པར་འགྱུར་འཆང་བར་འགྱུར་ཀློག་པར་འགྱུར་ཀུན་ཆུབ་པར་ བྱེད་པར་འགྱུར་རབ་ཏུ་འདོན་པར་འགྱུར་སྟོན་པར་འགྱུར་ཉེ་བར་སྟོན་པར་འགྱུར་ལུང་འབོགས་པར་འགྱུར་ཁ་ཏོན་བྱེད་པར་འགྱུར་ཏེ། བལྟས་ཤིང་ཕྱག་བྱས་ནས་འདུད་པ་བྱས་གཟུང་བ་བྱས་བཅང་བ་བྱས་ཀླག་པ་བྱས་ཀུན་ཆུབ་པར་བྱས་རབ་ཏུ་འདོན་པར་བྱས་སྟོན་པར་བྱས་ཉེ་བར་སྟོན་ པར་བྱས་ལུང་ཕོག་ཅིང་ཁ་ཏོན་བྱས་ཏེ་ཡང་ཕྱིར་འགྲོ་བར་སེམས་སོ། །ཀཽ་ཤི་ཀ་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་ཁྱིམ་དང་གནས་ཁང་དང་ཁང་བཟངས་ཀྱང་ཤིན་ཏུ་བསྲུངས་པར་འགྱུར་ཞིང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་དེ་ལ་སུ་ཡང་འཚེ་བ་བྱེད་པར་ཡང་མི་ འགྱུར་ཏེ། ཀཽ་ཤི་ཀ་དེ་ལྟར་དེར་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་ཞེས་བྱ་བའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དག་འོང་བར་སེམས་པས་སོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཚེ་ འདི་ལ་ཡོན་ཏན་འདི་དག་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་འདི་ལྟར་ལྷ་འམ་ཀླུ་འམ་གནོད་སྦྱིན་ནམ་ དྲི་ཟ་འམ་ལྷ་མ་ཡིན་ནམ་ནམ་མཁའ་ལྡིང་ངམ་མི་འམ་ཅི་འམ་ལྟོ་འཕྱེ་ཆེན་པོ་འམ་མི་འམ་མི་མ་ལགས་པ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཉན་པ་དང་བལྟ་བ་དང་ཕྱག་བགྱི་བ་དང་འདུད་པ་བགྱི་བ་དང་གཟུང་བ་དང་བཅང་བ་དང་ཀླག་པ་དང་ཀུན་ཆུབ་པར་བགྱི་བ་དང་རབ་ཏུ་ འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པའི་སླད་དུ་དེར་མཆིས་པར་ཅི་ལྟར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་ འམ་རིགས་ཀྱི་བུ་མོས་དེར་སྣང་བ་ཆེན་པོ་དག་མཐོང་ན་དེ་ལ་འདིར་ངེས་པར་ལྷ་འམ་ཀླུ་འམ་གནོད་སྦྱིན་ནམ་དྲི་ཟ་འམ་ལྷ་མ་ཡིན་ནམ་ནམ་མཁའ་ལྡིང་ངམ་མི་འམ་ཅི་འམ་ལྟོ་འཕྱེ་ཆེན་པོ་འམ་མི་འམ་མི་མ་ཡིན་པ་དག་འོངས་ཤིང་ལྷགས་པ་ཡིན་ནོ་ཞེས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཤེས་ པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་མི་མ་ཡིན་པའི་དྲི་སྔོན་ཆད་མ་བསྣམས་པ་བྲོ་བར་གྱུར་ན། དྲི་དེ་ཚོར་ནས་དེ་ལ་འདིར་ངེས་པར་ལྷ་འམ་ཀླུ་འམ་གནོད་སྦྱིན་ནམ་དྲི་ཟ་འམ་ལྷ་མ་ཡིན་ནམ་ནམ་མཁའ་ལྡིང་ངམ་མི་འམ་ཅི་འམ་ལྟོ་འཕྱེ་ ཆེན་པོ་འམ་མི་འམ་མི་མ་ཡིན་པ་འོངས་ཤིང་ལྷགས་པ་ཡིན་ནོ་ཞེས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཤེས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཀུན་ཏུ་སྤྱོད་པ་གཟོབ་པར་འགྱུར་ཀུན་ཏུ་སྤྱོད་པ་གཙང་བར་འགྱུར་ཏེ། དེ་ཀུན་དུ་སྤྱོད་པ་གཟོབ་པ་ དང་ཀུན་ཏུ་སྤྱོད་པ་གཙང་བ་དེས་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དག་དེར་འོང་བར་སེམས་སོ། །དེར་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་གང་དག་དེར་འོངས་པར་གྱུར་པ་དེ་དག་ཀུན་ཏུ་སྤྱོད་པ་གཟོབ་པ་དང་ཀུན་ཏུ་སྤྱོད་པ་གཙང་བ་དེས་ཡི་རངས་ཤིང་རབ་ཏུ་དགའ་སྟེ་མགུ་བ་དང་ཡིད་བདེ་བ་སྐྱེ་བར་འགྱུར་རོ། །དེ་ནས་གཟི་བརྗིད་ཆུང་བ་གཟི་བརྗིད་ཆུང་བའི་ལྷ་གང་དག་གནས་པ་དེ་དག་ ཀྱང་དེ་ནས་འབྱོལ་བར་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་གཟི་བརྗིད་ཆེན་པོ་གཟི་བརྗིད་ཆེན་པོ་དེ་དག་ཉིད་ཀྱི་དཔལ་དང་གཟི་བརྗིད་དང་བཙུན་པ་མི་བཟོད་པས། དེ་ལྟར་ལྷ་གཟི་བརྗིད་ཆུང་བ་གཟི་བརྗིད་ཆུང་བ་དེ་དག་འབྱོལ་བར་སེམས་སོ། །ཀཽ་ཤི་ཀ་ཡང་ཅི་ལྟ་ཅི་ལྟར་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དེ་དག་རྟག་ཏུ་འོང་བར་སེམས་ པ་དེ་ལྟ་དེ་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ང་ཡང་དད་པ་མང་བར་འགྱུར་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཚེ་འདི་ལ་ཡོན་ཏན་འདི་དག་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ། །ཀཽ་ཤི་ཀ་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་དེ་ལ་བླ་མར་བྱ་བ་དང་གུས་པར་བྱ་བ་དང་ཡོངས་ སུ་རྫོགས་པར་བྱ་བའི་ཕྱིར་ཆོས་ཀྱི་ཚུལ་གྱི་གནས་དེའི་ཁོར་ཡུག་ཏུ་མི་གཙང་བ་དང་མི་གཟོབ་བའི་ཀུན་ཏུ་སྤྱོད་པ་ལ་འཇུག་པར་མི་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལུས་ངལ་བ་དང་སེམས་ངལ་བར་མི་འགྱུར། དེ་བདེ་བར་ཉལ་བར་བྱེད་པར་འགྱུར་ བདེ་བར་འགྲོ་བར་འགྱུར། གཉིད་ཀྱིས་ལོག་ན་ཡང་སྡིག་པའི་རྨི་ལམ་མཐོང་བར་མི་འགྱུར། མཐོང་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཉིད་མཐོང་བར་འགྱུར་མཆོད་རྟེན་རྣམས་ཉིད་མཐོང་བར་འགྱུར། བྱང་ཆུབ་སེམས་ དཔའ་རྣམས་ཉིད་མཐོང་བར་འགྱུར། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཉིད་མཐོང་བར་འགྱུར། སྒྲ་ཐོས་ན་ཡང་ཕ་རོལ་ཏུ་ཕྱིན་པའི་སྒྲ་དག་ཉིད་ཐོས་པར་འགྱུར། བྱང་ཆུབ་ཀྱི་ཕྱོགས་ཉིད་ཀྱི་ཆོས་རྣམས་ཐོས་པར་འགྱུར། བྱང་ཆུབ་ཀྱི་ཤིང་དག་ཉིད་མཐོང་བར་འགྱུར། དེ་དག་ཏུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཉིད་མཐོང་བར་འགྱུར། །དེ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས་ཆོས་ཀྱི་འཁོར་ལོ་སྐོར་བ་མཐོང་བར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བགྲོ་བ་ལ་དགའ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བགྲོ་བར་བྱེད་པ་དང་། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་བར་བྱ་འདི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱའོ་ཞེས་ཐབས་མཁས་པ་ཉེ་བར་སྟོན་པ་ མཐོང་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་སྒྲ་རྒྱ་ཆེན་པོ་ཡང་ཐོས་པར་འགྱུར་རོ། །ཕྱོགས་གག་གེ་མོ་ཞིག་དང་ཕྱོགས་ཀྱི་ཆ་གག་གེ་མོ་ཞིག་དང་འཇིག་རྟེན་གྱི་ཁམས་གག་གེ་མོ་ཞིག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཆེ་གེ་མོ་ཞེས་བྱ་བ་དེ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་མང་པོ་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དང་། ཉན་ཐོས་དང་ བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་མང་པོ་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་མང་པོ་དང་། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། ཉན་ཐོས་ དང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་ཏེ་ཆོས་སྟོན་ཏོ་ཞེས་སངས་རྒྱས་ཀྱི་སྒྲ་རླབས་པོ་ཆེ་ཡང་ཐོས་པར་འགྱུར་རོ། །ཀཽ་ཤི་ཀ་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་དེ་ལྟ་བུའི་ཚུལ་གྱི་རྨི་ལམ་འདི་དག་མཐོང་བར་འགྱུར་ཏེ། དེ་བདེ་བར་ཉལ་བར་འགྱུར་བདེ་བར་སད་པར་འགྱུར་ལུས་ཀྱི་ནང་དུ་མདངས་རབ་ཏུ་བཅུག་ཟས་ཤིན་ཏུ་བདེ་བ་མྱོང་བར་འགྱུར་ཡང་ཞིང་ཡང་པ་ཉིད་མྱོང་བར་འགྱུར། དེ་ལ་མ་འོས་པར་ཁ་ཟས་ལ་བརྐམ་པའི་སེམས་ཀྱི་རྒྱུད་མི་སྐྱེ་བར་འགྱུར་ཁ་ཟས་ཀྱི་འདུ་ཤེས་ཆུང་བར་འགྱུར་ཏེ། ཀཽ་ཤི་ ཀ་དཔེར་ན་དགེ་སློང་རྣལ་འབྱོར་སྤྱོད་པ་ཏིང་ངེ་འཛིན་ལས་ལངས་པའི་སེམས་ཡིད་ལ་བྱེད་པས་ཡོངས་སུ་བརླན་པས་ཁ་ཟས་ལ་བརྐམ་པ་དྲག་པོ་མི་འབྱུང་ཞིང་ཟས་ལ་འདུ་ཤེས་ཆུང་བར་འགྱུར་བ་དེ་བཞིན་དུ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་ཡང་ཁ་ཟས་ལ་བརྐམ་པ་ དྲག་པོ་མི་འབྱུང་བར་འགྱུར་ཏེ། དེ་ཟས་ཀྱི་འདུ་ཤེས་ཆུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཇི་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པ་དེ་ལྟར་དེའི་ལུས་ལ་མི་མ་ཡིན་པ་དག་མདངས་ཉེ་བར་བསྒྲུབ་པར་ སེམས་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་མཐོང་བའི་ཆོས་ལ་ཡོན་ཏན་འདི་དག་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཏེ་གླེགས་བམ་དུ་ཆུད་པར་བྱས་ནས་ མཆོད་པ་སྔོན་དུ་འགྲོ་བས་བཞག་སྟེ་མཆོད་པར་བྱེད་ལ། འཛིན་པར་མི་བྱེད་འཆང་བར་མི་བྱེད་ཀློག་པར་མི་བྱེད་ཀུན་ཆུབ་པར་མི་བྱེད་རབ་ཏུ་འདོན་པར་མི་བྱེད་སྟོན་པར་མི་བྱེད་ཉེ་བར་སྟོན་པར་མི་བྱེད་ལུང་འབོགས་པར་མི་བྱེད་ཁ་ཏོན་དུ་མི་བྱེད་པ་དེ་བས་ནི་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་འདི་ཉིད་བསོད་ནམས་མང་དུ་སྐྱེད་དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མངོན་པར་དད་དེ་རྟོག་ཅིང་མོས་ལ་སེམས་དང་བས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལྷག་པའི་བསམ་པས་ཉན་པ་དང་འཛིན་པ་དང་འཆང་བ་དང་ཀློག་པ་ དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་དེའི་དོན་རྣམ་པར་འགྲེལ་པ་དང་ཡིད་ཀྱིས་རྗེས་སུ་རྟོག་པ་དང་ཅི་ལྟ་བུར་གྲུབ་པའི་ཤེས་རབ་ཀྱིས་འདིར་ཡོངས་སུ་དཔྱོད་ པར་བྱེད་པ་དང་། སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག་དམ་པའི་ཆོས་ནུབ་པར་མ་གྱུར་ཅིག་ཅེས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། ཚུལ་དང་མ་བྲལ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་པ་བསྒྲུབ་པ་བྱས་པར་འགྱུར་བར་ཆུང་ངུ་ ན་གླེགས་བམ་དུ་ཆུད་པར་བྱས་ཏེ་འཆང་ངམ་བཞག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་མེ་ཏོག་དང་བདུག་པ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དག་དང་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དག་དང་མཆོད་པ་རྣམ་པ་མང་ པོ་དག་གིས་ཀྱང་མཆོད་པར་བྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀུར་སྟིར་བྱེད་བླ་མར་བྱེད་རྗེད་པར་བྱེད་མཆོད་པར་བྱེད་རི་མོར་བྱེད་བསྙེན་བཀུར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཉིད་དེ་བས་གཞི་དེ་ལ་བསོད་ནམས་ཆེས་མང་དུ་བསྐྱེད་པར་འགྱུར་ཏེ། ཀཽ་ཤི་ ཀ་དེ་ལྟ་བས་ན་འདི་ལྟར་ཚེ་འདི་ལ་ཡོན་ཏན་ཁྱད་པར་ཅན་འདི་དག་ཡོངས་སུ་འཛིན་པར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་དད་པར་བྱ་རབ་ཏུ་བརྟག་པར་བྱ་ལྷག་པར་མོས་པར་བྱ་སེམས་དང་བས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལྷག་པའི་བསམ་པས་མཉན་པར་བྱ་གཟུང་བར་བྱ་བཅང་བར་བྱ་ཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱ་བསྟན་པར་བྱ་ཉེ་བར་བསྟན་པར་བྱ་ལུང་དབོག་པར་བྱ་ཁ་ཏོན་དུ་བྱ་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་དེའི་དོན་རྣམ་པར་དགྲོལ་བར་བྱ་ཡིད་ཀྱིས་རྗེས་སུ་ བརྟག་པར་བྱ་ཅི་ལྟར་གྲུབ་པའི་ཤེས་རབ་ཀྱིས་འདིར་ཡོངས་སུ་དཔྱད་པར་བྱ། སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག་དམ་པའི་ཆོས་ནུབ་པར་མ་གྱུར་ཅིག་ཅེས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། ཚུལ་དང་མ་བྲལ་བས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ལ་ཕན་གདགས་པ་བསྒྲུབ་པ་བྱས་པར་འགྱུར་བར་ཆུང་ངུ་ན་གླེགས་བམ་དུ་ཆུད་པར་བྱས་ཏེ་བཅང་ཞིང་གཞག་པར་བྱའོ། །དོན་དུ་གཉེར་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་ཡང་དག་པར་བགོ་བར་བྱའོ། །བདག་དང་སེམས་ཅན་དགེ་བ་གཞན་དག་ ལ་སངས་རྒྱས་ཀྱི་ཚུལ་སྤྱན་ཆེན་པོ་དང་མ་བྲལ་བར་འགྱུར་རོ་ཞེས་དེ་ལ་ལྷའི་མེ་ཏོག་དང་ལྷའི་བདུག་པ་དང་ལྷའི་དྲི་དང་ལྷའི་ཕྲེང་བ་དང་ལྷའི་བྱུག་པ་དང་ལྷའི་ཕྱེ་མ་དང་ལྷའི་ན་བཟའ་དང་ལྷའི་གདུགས་དང་ལྷའི་རྒྱལ་མཚན་དང་ལྷའི་དྲིལ་བུ་དང་ལྷའི་བ་དན་དག་དང་ཁོར་ཡུག་ཏུ་ལྷའི་མར་མེའི་ཕྲེང་ བ་དག་དང་མཆོད་པ་རྣམ་པ་མང་པོ་དག་གིས་ཀྱང་རྟག་ཏུ་མཆོད་པར་བྱ་སྟེ། །བཀུར་སྟིར་བྱ་བླ་མར་བྱ་རྗེད་པར་བྱ་མཆོད་པར་བྱ་རི་མོར་བྱ་བསྙེན་བཀུར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། ཕ་རོལ་ཏུ་ཕྱིན་པ་དང་མཆོད་རྟེན་ལ་བཀུར་སྟིར་བྱེད་པ་ གཞལ་དུ་མེད་པའི་ཡོན་ཏན་འཛིན་པའི་ལེའུ་ཞེས་བྱ་བ་སྟེ་གསུམ་པའོ།། །།གཞན་ཡང་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་གལ་ཏེ་ཁྱོད་ལ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་ཡོངས་སུ་བཀང་ སྟེ་བྱིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ཏེ་གཏད་ནས་དེ་ལས་ཆ་གང་རུང་ཅིག་བསྟབས་ན་ཆ་བཞག་པ་དེ་གཉིས་ལས་ཀཽ་ཤི་ཀ་ཁྱོད་ཆ་གང་ལེན། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་བལྟམ་སྟེ་ སྩལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ཏེ་གཏད་ནས་དེ་ལས་ཆ་གང་རུང་ཅིག་བསྟབས་ན་ཆ་གཞག་པ་དེ་གཉིས་ལས་བཅོམ་ལྡན་འདས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ་དེ་བཞིན་གཤེགས་པའི་ཚུལ་ལ་རི་མོར་བགྱི་བའི་ སླད་དུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཡང་དག་པའི་དོན་གྱི་སྐུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་ཡིན་ཏེ། དགེ་སློང་དག་འདི་ལ་ནི་སྐུ་དམ་པར་མ་འཛིན་པར་དགེ་སློང་དག་ང་ནི་ཆོས་ཀྱི་སྐུས་ཡོངས་སུ་ རྫོགས་པར་ལྟོས་ཤིག་ཅེས་བྱ་བ་འདི་གསུངས་པས། དེ་བཞིན་གཤེགས་པའི་སྐུ་འདི་ཡང་ཡང་དག་པའི་མཐས་རབ་ཏུ་ཕྱེ་བར་བལྟ་སྟེ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཡང་བདག་དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ལ་མི་གུས་པ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་དེ་དག་ལ་བདག་གུས་པ་ཉིད་ལགས་སོ། །བཅོམ་ལྡན་འདས་འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་བཞིན་གཤེགས་པའི་སྐུ་དེ་དག་འཁྲུངས་ཏེ་མཆོད་པ་བརྙེས་སོ། །བཅོམ་ལྡན་འདས་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ཉིད་མཆོད་པས་དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ལ་ཡང་མཆོད་པ་ཡོངས་སུ་རྫོགས་པར་བགྱིས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་ སྟེ་དཔེར་ན་གང་གི་ཚེ་བདག་ཆོས་བཟང་ལྷའི་མདུན་ས་ན་བདག་ཉིད་ཀྱི་ལྷའི་སྟན་ལ་མཆིས་པ་དེའི་ཚེ་ལྷའི་བུ་དག་བདག་གི་རིམ་གྲོ་བགྱི་བའི་སླད་དུ་མཆིའོ། །གང་གི་ཚེ་བདག་མ་མཆིས་པར་གྱུར་པ་དེའི་ཚེ་ཡང་བདག་གི་སྟན་གང་ལགས་པ་དེར་ལྷའི་བུ་དེ་དག་བདག་ལ་གུས་པས་སྟན་དེ་ལ་ ཕྱག་བགྱིས་བསྐོར་བ་བགྱིས་ནས་ཡང་སླར་མཆིའོ། །དེ་ཅིའི་སླད་དུ་ཞེ་ན། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སྟན་འདི་ལ་མཆིས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་སྟོན་པ་ཞེས་བྱ་བ་ཡིན་ནོ་སྙམ་མོ། །བཅོམ་ལྡན་འདས་དེ་བཞིན་དུ་དབང་ཆེ་བར་གྲགས་པ་རྒྱུ་དང་རྐྱེན་དུ་གྱུར་པའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་པ་ལགས་སོ། །དེ་བཞིན་གཤེགས་པའི་སྐུ་རྣམས་ནི་ཐམས་ཅད་མཁྱེན་པའི་གནས་སུ་གྱུར་པ་ལགས་ཀྱི་དེ་དག་ནི་ཡེ་ཤེས་སྐྱེ་བའི་རྒྱུར་ གྱུར་པ་མ་ལགས་རྐྱེན་དུ་གྱུར་པ་མ་ལགས་ཏེ། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ལ་མཆོད་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་བས་ན་ཆ་བཞག་པ་དེ་གཉིས་ལས་བཅོམ་ལྡན་འདས་བདག་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ལ་མི་གུས་པ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་དེ་དག་ལ་བདག་གུས་པ་ཉིད་ལགས་སོ། །འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་དག་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པས་མཆོད་པ་བརྙེས་སོ། །བཅོམ་ལྡན་འདས་ཡང་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་བལྟམ་པ་ལྟ་ཞོག །གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་བལྟམ་པ་ལྟ་ཞོག ། སྟོང་གི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་བལྟམ་པ་ལྟ་ཞོག །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་བལྟམ་པ་ལྟ་ཞོག །བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དེ་བཞིན་ གཤེགས་པའི་སྐུས་བྱུར་བུར་བལྟམ་སྟེ་ཆ་གཅིག་ཏུ་བགྱིས་ཏེ་བཞག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ལ་ཆ་གཉིས་པར་བཞག་སྟེ་ཆ་བཞག་པ་འདི་གཉིས་ལས་ཁྱོད་ཆ་གང་འདོད་པ་ཅིག་ཁྱེར་ཅིག་ཅེས་ཆ་གཅིག་བསྟབས་ན། བཅོམ་ལྡན་འདས་དེ་ལ་བདག་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ལ་མི་གུས་པ་ཡང་མ་ལགས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་དེ་དག་ལ་བདག་གུས་པ་ཉིད་ལགས་སོ། །འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་དག་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པས་མཆོད་པ་བརྙེས་སོ། །དེ་བཞིན་གཤེགས་པའི་སྐུ་རྣམས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་སུ་གྱུར་པ་ལགས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བ་ལགས་སོ། ། བཅོམ་ལྡན་འདས་དེ་ལྟ་བས་ན་ཆ་བཞག་པ་དེ་གཉིས་ལས་བཅོམ་ལྡན་འདས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པའི་སྐུ་ལ་གུས་པར་མི་བགྱིད་པ་ཡང་མ་ལགས་ཏེ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པའི་སྐུ་དེ་དག་ ལ་གུས་པ་ཉིད་ལགས་སོ། །བཅོམ་ལྡན་འདས་འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་བཞིན་གཤེགས་པའི་སྐུ་དེ་དག་ཀྱང་འཁྲུངས་ཏེ། དེ་བཞིན་གཤེགས་པའི་སྐུ་དེ་དག་མཆོད་པ་བརྙེས་པ་ནི་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒོས་པ་ལགས་ པའི་སླད་དུའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་ལྔ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་རིན་ཐང་མ་མཆིས་པའི་ནོར་བུ་རིན་པོ་ཆེ་ཡོན་ཏན་འདི་ལྟ་བུའི་ངོ་བོ་འདི་དག་དང་ལྡན་པ་ཞིག་མཆིས་ཏེ། འདི་ལྟ་སྟེ་དེ་གང་དང་ གང་དུ་བཞག་པ་དེ་དང་དེར་མི་དང་མི་མ་ལགས་པ་དག་གིས་གླགས་རྙེད་པར་མི་འགྱུར། གང་དང་གང་དུ་སྐྱེས་པའམ་བུད་མེད་ལ་ལ་མི་མ་ལགས་པས་ཟིན་པ་དེ་དང་དེར་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་སྩལ་མ་ཐག་ཏུ་མི་མ་ལགས་པ་དེ་དེ་ནས་འབྱེར། བསེར་མས་གཟིར་ཅིང་ རྒྱས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་བཞག་ན་ཡང་དེའི་བསེར་མ་དེ་ཚར་གཅོད་དེ་མི་འཕེལ་བ་དང་ཞི་བར་བགྱིད་མཁྲིས་པས་ཚ་བར་གྱུར་པའི་ལུས་ལ་བཞག་ན་ཡང་དེའི་མཁྲིས་པ་དེ་ཡང་ཚར་གཅོད་དེ་མི་འཕེལ་བ་དང་ཞི་བར་བགྱིད། བད་ཀན་གྱིས་ཡོངས་སུ་རྒྱས་ཤིང་ཀུན་ཏུ་གཟིར་ བའི་སྟེང་དུ་བཞག་ན་ཡང་དེའི་བད་ཀན་དེ་ཡང་ཚར་གཅོད་དེ་མི་འཕེལ་བ་དང་ཞི་བར་བགྱིད། འདུས་པའི་ནད་ཀྱིས་སྡུག་བསྔལ་བའི་ལུས་པ་བཞག་ན་ཡང་དེའི་འདུས་པའི་ནད་དེ་ཡང་ཚར་གཅོད་དེ་མི་འཕེལ་བ་དང་ཞི་བར་བགྱིད། མཚན་མོ་མུན་པ་མུན་ནག་གི་ནང་དུ་ནི་སྣང་བར་ བགྱིད། ཚ་བའི་ཚེ་ན་ཡང་ས་ཕྱོགས་གང་དུ་བཞག་པའི་ས་ཕྱོགས་དེ་བསིལ་བར་འགྱུར། གྲང་བའི་ཚེ་ན་ཡང་ས་ཕྱོགས་གང་དུ་བཞག་པའི་ས་ཕྱོགས་དེ་དྲོ་བར་འགྱུར་རོ། །ས་ཕྱོགས་གང་ན་སྦྲུལ་གདུག་པ་མཆིས་པ་དང་དེ་བཞིན་དུ་སྲོག་ཆགས་ཕྲ་མོ་གཞན་དག་མཆིས་པའི་ ས་ཕྱོགས་དེར་འཛིན་ཅིང་བཞག་ན་སྦྲུལ་གདུག་པ་དེ་དག་དང་སྲོག་ཆགས་ཕྲ་མོ་དེ་དག་ཀྱང་འབྱོར་རོ། །བཅོམ་ལྡན་འདས་གལ་ཏེ་སྐྱེས་པའམ་བུད་མེད་སྦྲུལ་གདུག་པས་ཟིན་ན་དེ་ལ་ནོར་བུ་རིན་པོ་ཆེ་དེ་བསྟན་ན་ནོར་བུ་རིན་པོ་ཆེ་དེ་མཐོང་མ་ཐག་ཏུ་དེའི་དུག་བཅོམ་ནས་ མ་མཆིས་པར་འགྱུར་ཏེ། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་དེ་ཡང་ཡོན་ཏན་དེ་དག་དང་དེ་ལྟ་བུའི་ངོ་བོ་གཞན་དག་དང་ཡང་ལྡན་ནོ། །བཅོམ་ལྡན་འདས་གང་སུ་དག་མིག་ལ་ཆུ་བུར་རམ་རབ་རིབ་བམ་མིག་ནད་དམ་ལིང་ཏོག་བྱུང་ན་དེ་དག་གི་མིག་གི་སྟེང་དུ་ནོར་བུ་རིན་པོ་ཆེ་དེ་བཞག་ན་ དེ་དག་ལ་བཞག་མ་ཐག་ཏུ་མིག་གི་སྐྱོན་དེ་དག་བྱང་ཞིང་ཞི་བར་འགྱུར་ཏེ། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་དེ་ཡོན་ཏན་དེ་དག་དང་དེ་ལྟ་བུ་གཞན་དང་ཡང་ལྡན་ནོ། །ཆབ་གང་གི་ནང་དུ་སྩལ་བའི་ཆབ་དེ་ཡང་རང་གི་མདོག་ཏུ་མདོག་གཅིག་པར་འགྱུར། གལ་ཏེ་རས་དཀར་པོས་ དཀྲིས་ཏེ་ཆབ་ཀྱི་ནང་དུ་སྩལ་ན་ཆབ་དེ་ཡང་དཀར་པོར་འགྱུར་དེ་བཞིན་དུ་གལ་ཏེ་རས་སྔོན་པོ་དང་སེར་པོ་དང་དམར་པོ་དང་བཙོད་ཁ་དང་དེ་ལྟ་བུ་དག་དང་གཞན་དག་ཀྱང་རུང་སྟེ་རས་རྣམ་པ་སྣ་ཚོགས་ཀྱི་ནང་ནས་རས་གང་ཡང་རུང་བས་ནོར་བུ་རིན་པོ་ཆེ་དེ་དཀྲིས་སམ་བཅིངས་ཏེ་ཆབ་ཀྱི་ནང་དུ་ སྩལ་ན་རས་ཀྱི་ཚོན་དེ་དང་དེ་དག་གིས་ཆབ་ཀྱང་དེ་དང་དེ་དག་གི་རང་བཞིན་གྱི་མདོག་ཏུ་འགྱུར་ལ། ཆབ་དེ་ལ་རྙོག་པར་གྱུར་པ་ཅི་མཆིས་པ་དེ་དག་ཀྱང་དང་བར་འགྱུར་ཏེ། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་དེ་ཡོན་ཏན་དེ་ལྟ་བུའི་ངོ་བོ་དག་དང་ལྡན་ནོ། །དེ་ནས་ཚེ་དང་ལྡན་པ་ ཀུན་དགའ་བོས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཡང་ཅི་ནོར་བུ་རིན་པོ་ཆེ་དེ་དག་ལྷའི་འཇིག་རྟེན་འབའ་ཞིག་ན་ཡོད་དམ་འོན་ཏེ་ནོར་བུ་རིན་པོ་ཆེ་དེ་དག་འཛམ་བུའི་གླིང་གི་མི་རྣམས་ལ་ཡང་ཡོད། བརྒྱ་བྱིན་གྱིས་སྨྲས་པ། འཕགས་པ་ཀུན་དགའ་བོ་ ནོར་བུ་རིན་པོ་ཆེ་དེ་དག་ནི་ལྷའི་ནང་ན་ཡོད་དེ། འཛམ་བུའི་གླིང་གི་མི་དག་ལ་ཡང་ནོར་བུ་རིན་པོ་ཆེ་ཡོད་མོད་ཀྱི་དེ་དག་ནི་ལྕི་ལ་ཆུང་ཞིང་ཕྲ་ལ་ཡོན་ཏན་མ་རྫོགས་ཏེ་དེ་ལྟ་བུའི་ངོ་བོའི་ཡོན་ཏན་དེ་དག་དང་མི་ལྡན་པས། ལྷའི་ནོར་བུ་རིན་པོ་ཆེ་དེ་དག་གི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟོང་གི་ཆར་ ཡང་བརྒྱ་སྟོང་གི་ཆར་ཡང་བྱེ་བའི་ཆར་ཡང་བྱེ་བ་བརྒྱའི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་བརྒྱ་སྟོང་གི་ཆར་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་བགྲང་བར་ཡང་དཔེར་ཡང་དཔེས་བསྟན་པར་བྱ་བར་ཡང་རྟེན་དུ་ཡང་ཉེ་བའི་རྒྱུར་ཡང་མི་བཟོད་དེ། ལྷ་རྣམས་ཀྱི་ནོར་བུ་རིན་པོ་ཆེ་གང་ཡིན་པ་དེ་དག་ནི་ཡང་ཞིང་ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །ནོར་བུ་རིན་པོ་ཆེ་དེ་ཟ་མ་ཏོག་གང་གི་ནང་དུ་བཅུག་གམ་ཕྱུང་ན་ནོར་བུ་རིན་པོ་ཆེ་དེ་ཕྱུང་ཡང་དེས་ཟ་མ་ཏོག་དེ་སྙིང་དུ་སྡུག་པར་འགྱུར། ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་དེ་ དག་གིས་ཟ་མ་ཏོག་དེ་ལ་ཤིན་ཏུ་སྙིང་དུ་སྡུག་པ་སྐྱེའོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་དེ་བཞིན་གཤེགས་པའི་སྐུ་དེ་དག་གིས་མཆོད་པ་བརྙེས་པ་དེ་ནི་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་ལགས་ཏེ། དེ་བཞིན་གཤེགས་པའི་སྐུ་འདི་དག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣོད་དུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཡང་ཅི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་ཆོས་སྟོན་པར་མཛད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འཁྲུངས་པའི་སླད་དུ་མཆོད་པར་བགྱི་བ་དེ་བཞིན་དུ་ཆོས་སྨྲ་བ་པོའི་ཆོས་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་པའི་སླད་དུ་མཆོད་པར་བགྱི་བ་ལགས་སོ། །བཅོམ་ལྡན་འདས་དཔེར་ན་རྒྱལ་པོའི་སྐྱེས་བུ་ ནི་རྒྱལ་པོའི་མཐུས་སྐྱེ་བོ་ཆེན་པོའི་ཚོགས་སུས་ཀྱང་མི་འཇིགས་པར་བཀུར་བར་འགྱུར་རོ། །དེ་བཞིན་དུ་ཆོས་སྨྲ་བ་པོ་དེ་ཆོས་ཀྱི་སྐུའི་མཐུས་སྐྱེ་བོའི་ཚོགས་ཆེན་པོ་སུས་ཀྱང་མི་འཇིགས་པར་མཆོད་དོ། །ཅི་ལྟར་ཆོས་སྟོན་པའི་ཆོས་སྨྲ་བ་པོ་མཆོད་པ་བརྙེས་པ་དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ གདུང་དེ་རྣམས་ཀྱིས་མཆོད་པ་བརྙེས་སོ། །བཅོམ་ལྡན་འདས་དེ་ལྟ་བས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུས་བྱུར་བུར་བལྟམ་པ་ལྟ་ཞོག །བཅོམ་ལྡན་འདས་གང་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དེ་དག་ཀྱང་དེ་ བཞིན་གཤེགས་པའི་སྐུས་བྱུར་བུར་བལྟམ་པ་ཆ་གཅིག་ཏུ་བཞག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ནས་ཆ་གཉིས་པར་བཞག་སྟེ། བཅོམ་ལྡན་འདས་ལ་ལ་ཞིག་གིས་བདག་ལ་ཆ་བཞག་པ་འདི་གཉིས་ལས་ཁྱོད་གང་འདོད་པ་ཆ་གཅིག་ཁྱེར་ཅིག་ ཅེས་བསྟབས་ན་ཆ་བཞག་པ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ལ་མི་གུས་པ་ཡང་མ་ལགས་ཀྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་དེ་དག་ལ་ཡང་བདག་གུས་པ་ལགས་ཏེ། བཅོམ་ལྡན་འདས་འོན་ཀྱང་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རབ་ཏུ་ཕྱེ་བ་ལགས་ལ་དེ་བཞིན་གཤེགས་པའི་སྐུ་ལ་མཆོད་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་སྐྱེས་པ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ མཆོད་ན་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པ་བགྱིས་པར་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་འཇིག་རྟེན་གྱི་ཁམས་གཞལ་དུ་མ་མཆིས་གྲངས་མ་མཆིས་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ད་ལྟར་བཞུགས་ཏེ་འཚོ་ཞིང་ གཞེས་པ་དེ་དག་ཆོས་ཉིད་དུ་ལྟ་བར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསྒོམ་པར་བགྱིའོ། །དེ་སྐད་ཅེས་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཀཽ་ཤི་ཀ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བྱུང་བར་གྱུར་པ་དེ་དག་ཀྱང་ ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀཽ་ཤི་ཀ་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འབྱུང་བར་འགྱུར་བ་དེ་ དག་ཀྱང་ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ད་ལྟར་གྱི་དུས་ན་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་ འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཀྱང་ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀཽ་ཤི་ཀ་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རབ་ཏུ་མཁྱེན་ཅིང་ ཡང་དག་པར་གཟིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཀཽ་ཤི་ཀ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུན་རིང་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཡང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་ སྤྱད་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལ་སྤྱོད་དེ། ཀཽ་ཤི་ཀ་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་འདི་དག་གི་སྔོན་དུ་འགྲོ་བའོ། སྦྱིན་པ་སྦྱིན་པར་བྱེད་པ་དང་ཚུལ་ཁྲིམས་སྲུང་བ་དང་བཟོད་པ་སྒྲུབ་པ་དང་བརྩོན་འགྲུས་རྩོམ་པ་དང་བསམ་གཏན་ལ་མཉམ་པར་གཞོག་པ་དང་ཆོས་ལ་རྣམ་པར་ལྟ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་འདི་དག་གི་སྔོན་དུ་འགྲོ་བའོ། །ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐབས་མཁས་པས་ཡོངས་སུ་ཟིན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྔོས་པ་དང་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པ་འདི་རྣམས་ལ་ནི་བྱེ་བྲག་མེད་ཅིང་ ཐ་དད་དུ་བྱ་བ་མི་དམིགས་སོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་གི་ཤིང་སྣ་ཚོགས་ནི་ཁ་དོག་ཐ་དད་དབྱིབས་ཐ་དད་ལོ་མ་ཐ་དད་མེ་ཏོག་ཐ་དད་འབྲས་བུ་ཐ་དད་ཆུ་ཞེང་ཕུན་སུམ་ཚོགས་པ་ཐ་དད་ཀྱང་ཤིང་དེ་དག་གི་གྲིབ་མ་བྱེ་བྲག་མེད་ཅིང་ཐ་དད་དུ་བྱ་བ་མི་མངོན་ཏེ། གཞན་ དུ་ན་གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་བཞིན་དུ། ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐབས་མཁས་པས་ཡོངས་སུ་ཟིན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྔོས་པ་དང་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པ་འདི་རྣམས་ལ་ནི་བྱེ་བྲག་མེད་ཅིང་ཐ་དད་དུ་བྱ་བ་ མི་དམིགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོན་ཏན་ཆེན་པོ་དང་ལྡན་ནོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་ནི་གཞལ་དུ་མ་མཆིས་པའི་ཡོན་ཏན་དང་ལྡན་ནོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མུ་མ་མཆིས་པའི་ཡོན་ཏན་དང་ལྡན་ནོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། ཡོན་ཏན་ཡོངས་སུ་བརྗོད་པ་ཞེས་ བྱ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མངོན་པར་དད་དེ་རྟོག་ཅིང་མོས་ལ་ སེམས་དང་བས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལྷག་པའི་བསམ་པས་ཉན་ཅིང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་ པར་སྟོན་པ་དང་། འདིའི་དོན་རྣམ་པར་འགྲེལ་པ་དང་ཡིད་ཀྱིས་རྗེས་སུ་རྟོག་པ་དང་ཅི་ལྟ་བུར་གྲུབ་པའི་ཤེས་རབ་ཀྱིས་འདིར་ཡོངས་སུ་དཔྱོད་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མ་གྱུར་ཅིག་དམ་པའི་ཆོས་ནུབ་པར་མ་གྱུར་ཅིག་ཅེས་དམ་པའི་ཆོས་ཡུན་ རིང་དུ་གནས་པར་བགྱི་བ་དང་། ཚུལ་དང་མ་བྲལ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་པ་བསྒྲུབ་པ་བགྱིས་པར་འགྱུར་བར་ཆུང་ངུ་ན་གླེགས་བམ་དུ་ཆུད་པར་བགྱིས་ཏེ་འཆང་ངམ་འཇོག་པ་དང་དེ་ལྟར་བསྟན་པ་འདི་ཐོས་ནས་ཀྱེ་མ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་དོན་ཆེའོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་ཕན་ཡོན་ཆེའོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་འབྲས་བུ་ཆེའོ། །ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་རྣམ་པར་སྨིན་པ་ཆེའོ། །ཀྱེ་མ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདི་ལྟར་ཡོན་ཏན་མང་པོ་དང་ལྡན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་གིས་གཏང་བར་མི་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་གིས་བསྲུང་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་གིས་སྦ་བར་བྱའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤིན་ཏུ་རྙེད་པར་དཀའོ་ཞེས་ལྷག་པར་མོས་ཤིང་། བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་བདུག་པ་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དག་དང་ཁོར་ཡུག་ ཏུ་མར་མེའི་ཕྲེང་བ་དག་དང་མཆོད་པ་རྣམ་པ་མང་པོ་དག་གིས་མཆོད་དེ། བཀུར་སྟིར་བགྱིད་པ་དང་བླ་མར་བགྱིད་པ་དང་རྗེད་པར་བགྱིད་པ་དང་མཆོད་པར་བགྱིད་པ་དང་རི་མོར་བགྱིད་པ་དང་བསྙེན་བཀུར་བགྱིད་པ་དང་། ཡང་གཞན་ཞིག་ཐ་ན་གླེགས་བམ་དུ་ཡང་ཆུད་པར་བགྱིས་ ནས་མཆོད་དེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་དོན་དུ་གཉེར་ཞིང་འདུན་ནས་སློང་བ་ལ་སྦྱིན་པ་དང་སྟོབ་ཅིང་འབུལ་ལ་ཡོངས་སུ་གཏོང་ན། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཏོང་བའི་བློ་དང་ལྡན་པ་གང་ལགས་པ་དང་གཏོང་བའི་ བློ་དང་མི་ལྡན་པ་གང་ལགས་པ་དེ་གཉིས་གང་གིས་བསོད་ནམས་ཆེས་མང་དུ་སྐྱེད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེའི་ཕྱིར་འདིར་ཁྱོད་ཉིད་ལ་དྲི་སྟེ་ཁྱོད་ཀྱིས་ཅི་ལྟར་ནུས་པ་དེ་ བཞིན་དུ་ལུང་སྟོན་ཅིག །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སྐུ་ལ་བདག་ཉིད་ཀྱིས་བཀུར་སྟིར་བྱས་ནས་བསྙེན་བཀུར་བྱེད་ཅིང་འཛིན་པར་བྱེད་དེ། བཀུར་སྟིར་བྱེད་པ་དང་བླ་མར་བྱེད་པ་དང་རྗེད་པར་བྱེད་པ་ དང་མཆོད་པར་བྱེད་པ་དང་རི་མོར་བྱེད་པ་དང་བསྙེན་བཀུར་བྱེད་པ་དང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་དེ་བཞིན་གཤེགས་པའི་སྐུ་ལ་བདག་ཉིད་ཀྱིས་ཀྱང་བཀུར་སྟིར་བྱེད་བླ་མར་བྱེད་རྗེད་པར་བྱེད་མཆོད་པར་བྱེད་རི་མོར་བྱེད་བསྙེན་བཀུར་བྱེད་ལ་མཆོད་པ་རྒྱས་པར་འགྱུར་རོ་སྙམ་ པས། སེམས་ཅན་རྣམས་ལ་ཡང་སྙིང་བརྩེ་བའི་ཕྱིར་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་སྦྱིན་པར་བྱེད་ཀུན་འགེད་པར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་གཉིས་གང་བསོད་ནམས་ཆེས་མང་དུ་སྐྱེད། ཅི་བདག་ཉིད་ཀྱིས་ཀྱང་མཆོད་པར་བྱེད་ལ་ གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་སྦྱིན་པར་བྱེད་ཀུན་འགེད་པར་བྱེད་པ་གང་ཡིན་པ་དེ་ཆེས་བསོད་ནམས་མང་དུ་སྐྱེད་དམ། ཅི་འོན་ཏེ་གང་ཞིག་རང་ཉིད་ཁོ་ནས་བདག་ཉིད་སོ་སོ་ལ་མཆོད་པ་བསོད་ནམས་མང་དུ་སྐྱེད། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་ འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་བདག་ཉིད་ཀྱང་དེ་བཞིན་གཤེགས་པའི་སྐུ་ལ་བཀུར་སྟིར་བགྱིད་བླ་མར་བགྱིད་རྗེད་པར་བགྱིད་མཆོད་པར་བགྱིད་རི་མོར་བགྱིད་བསྙེན་བཀུར་བགྱིད་ལ་མཆོད་པ་རྒྱས་པར་འགྱུར་རོ་སྙམ་པས་སེམས་ཅན་རྣམས་ལ་གློ་བ་བརྩེ་བའི་སླད་དུ་གཞན་དག་ལ་ ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བགྱིད་སྦྱིན་པར་བགྱིད་ཀུན་འགེད་པར་བགྱིད་ན། འདི་གཉིས་ལས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཀཽ་ ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ནས་གླེགས་བམ་དུ་ཆུད་པར་བྱས་ཏེ། འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་དོན་དུ་གཉེར་ཞིང་འདུན་ནས་སློང་བ་དག་ལ། ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ཏེ་སྦྱིན་པ་དང་སྟོབ་ཅིང་འབུལ་ལ་ཡོངས་སུ་གཏོང་ན་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་གཉིས་ལས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་རྗེས་ སུ་འཛིན་པར་བྱེད་པ་ཡོངས་སུ་གཏོང་བའི་བློ་དང་ལྡན་པ་འདི་ཉིད་གཞི་དེ་ལས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་སྣོད་དུ་གྱུར་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དང་གང་ན་འདུག་པ་དེ་ དང་དེར་སོང་སྟེ་དེ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྦྱིན་པར་བྱེད་ཡང་དག་པར་འགེད་པར་བྱེད་ན། འདི་ཉིད་ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་འཛམ་བུའི་གླིང་གི་ སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་ན། ཀཽ་ཤི་ཀ་འདི་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་ཆེས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་ འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཆུད་པར་བྱས་ཏེ། མངོན་པར་ དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་འདྲི་བ་དང་ཀློག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་ཅིང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་། དེ་ལ་འདིའི་དོན་ཡང་དག་པར་སྟོན་ཅིང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་ འདི་ལྟར་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་ པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡོངས་སུ་གཏོང་བའི་བློ་དང་ལྡན་པ་ འདི་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་ཀྱང་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་འདིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་ བུར་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་ བཞག་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་ བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་བཀོད་ཅིང་བཞག་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་ སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས་མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་ པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ། ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་ བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ ཡོངས་སུ་གཏོང་བའི་བློ་དང་ལྡན་པ་འདི་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་ བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་ཅི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་ རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས་མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་ པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་ མཚོན་པ་དང་དེའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་ རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པའོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེའི་ གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས་མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་ པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་། ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པའོ། །ཀཽ་ཤི་ཀ་གཞན་ཡང་ འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཚད་མེད་པ་བཞི་ལ་བཀོད་པ་དང་། དེ་བཞིན་དུ་སྦྱར་ཏེ་ཚད་མེད་པ་ལ་ཅི་ལྟ་བ་དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་མངོན་པར་ཤེས་པ་ལྔ་ནས་ བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་མ་ལུས་པའི་བར་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས་ མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་ པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ། ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་བསྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་ པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་ པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་པར་བྱེད་པའོ། །ཀཽ་ཤི་ཀ་ཡང་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བསམ་གཏན་དང་ཚད་མེད་པ་ དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་རྣམས་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུ་ འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དག་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ ཁམས་ན་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གཉིས་པ་བར་མའི་འཇིག་ རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཅི་ སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པ་དང་། ཀཽ་ཤི་ཀ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ ཅན་ཐམས་ཅད་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ལྟ་ཞོག །ཀཽ་ཤི་ཀ་རྣམ་གྲངས་དེ་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་ མ་སྙེད་ན་སེམས་ཅན་གང་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་དག་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས་ཅི་རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་བསྐྱེད་དམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་ དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་བམ་དུ་ཡང་ཆུད་པར་བྱས་ནས་མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་ པ་དང་བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་། ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་དེ་ལ་འདིའི་དོན་ཡང་ དག་པར་སྟོན་པ་དང་། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག་བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཕུང་པོ་ཡང་དག་པར་ཟད་པ་བླ་ན་མེད་པ་འདི་ལྟ་སྟེ་ཡང་དག་པའི་མཐའ་རབ་ཏུ་འབྱེད་པ་ལ་མངོན་པར་འདུལ་བར་བྱེད་པར་འགྱུར་རོ་ཞེས་སྨྲ་ཞིང་དེ་ལྟར་དེའི་སེམས་རྣམ་པར་སྦྱོང་བ་དང་ཐེ་ཚོམ་མེད་ པར་བྱེད་པའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ནས་བདག་ཉིད་ཀྱང་ཀློག་པ་དང་བྲིས་ནས་གཞན་དག་ལ་ཡང་སྔ་མ་བཞིན་དུ་བྱིན་ན། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སྔ་མ་དེ་བས་འདི་ཆེས་བསོད་ ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དོན་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཀློག་པ་དང་། བྲིས་ནས་གཞན་དག་ལ་ཡང་སྔ་མ་བཞིན་དུ་བྱིན་ལ་དོན་དང་བཅས་ཚིག་འབྲུ་དང་བཅས་པར་ཉེ་བར་སྟོན་པ་ཡོངས་སུ་གསལ་ བར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཉེ་བར་བསྟན་པར་བགྱི་བ་ ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་མ་རྟོགས་པ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཉེ་བར་བསྟན་པར་བྱའོ། །དེ་ཅིའི་ ཕྱིར་ཞེ་ན། ཀཽ་ཤི་ཀ་མ་འོངས་པའི་དུས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་འབྱུང་བར་འགྱུར་ཏེ། དེ་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་མ་རྟོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དག །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཐོས་ནས་ཆུད་ཟོས་པར་གྱུར་ན་མི་རུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་བསྟན་པ་དེ་ནི་འདི་ལགས་སོ་ཞེས་ཇི་ལྟར་ མ་འོངས་པའི་དུས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་དུ་རིག་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་མ་འོངས་པའི་དུས་ན། དགེ་སློང་ཁ་ཅིག་ལུས་མ་བསྒོམས་པ་ ཚུལ་ཁྲིམས་མ་བསྒོམས་པ་སེམས་མ་བསྒོམས་པ་ཤེས་རབ་མ་བསྒོམས་པ་ཤེས་རབ་འཆལ་པ་ལུག་ལྟར་ལྐུག་པའི་རང་བཞིན་ཅན་ཤེས་རབ་ཡོངས་སུ་ཉམས་པ་དག་འབྱུང་སྟེ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ་སྙམ་ནས་དེའི་གཟུགས་བརྙན་སྟོན་པར་འགྱུར་རོ། །ཀཽ་ཤི་ཀ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཇི་ལྟར་སྟོན་པར་འགྱུར་ཞེ་ན། གཟུགས་འཇིག་པ་ནི་གཟུགས་མི་རྟག་པ་ཉིད་དོ་ཞེས་སྟོན་པར་འགྱུར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་འཇིག་པ་ནི་རྣམ་པར་ཤེས་པ་མི་རྟག་པ་ཉིད་དོ་ཞེས་སྟོན་པར་འགྱུར་ རོ། །འདི་སྐད་དུ་གང་དེ་ལྟར་ཚོལ་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འགྱུར་རོ་ཞེས་ཀྱང་ཉེ་བར་སྟོན་ཏེ། ཀཽ་ཤི་ཀ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་དུ་རིག་པར་བྱའོ། །ཀཽ་ཤི་ཀ་ཡང་གཟུགས་འཇིག་པ་ནི་གཟུགས་མི་ རྟག་པ་ཉིད་དུ་མི་བལྟའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་ཀཽ་ཤི་ཀ་ཡང་རྣམ་པར་ཤེས་པ་འཇིག་པ་ནི་རྣམ་པར་ཤེས་པ་མི་རྟག་པ་ཉིད་དུ་མི་བལྟ་སྟེ། གལ་ཏེ་དེ་ལྟར་ལྟ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པ་ཡིན་ནོ། །ཀཽ་ཤི་ཀ་དེ་ ལྟ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་ཉེ་བར་བསྟན་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉེ་བར་བསྟན་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ནི་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་ བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་དེ་ཅི་སྙམ་དུ་སེམས། ཅི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། བརྒྱ་ བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འདི་ཆེས་བསོད་ནམས་མང་དུ་སྐྱེད་དེ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆུང་ངུ་ན་གླེགས་ བམ་དུ་ཡང་ཆུད་པར་བྱས་ཏེ། མངོན་པར་དད་པས་མངོན་པར་དད་པ་ལ། རབ་ཏུ་རྟོག་པས་རབ་ཏུ་རྟོག་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་དང་བས་སེམས་དང་བ་ལ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལྷག་པའི་བསམ་པ་ཕུན་སུམ་ ཚོགས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ལྷག་པའི་བསམ་པས་བྱིན་ནམ། ཆུང་ངུ་ན་བྲི་བ་དང་ཀླག་པ་ལ་ཡང་སྙོམ་ལས་མེད་པར་སྒྲུབ་པ་དང་། བརྩོན་པས་དེ་ལ་འཛིན་དུ་འཇུག་པ་དང་། ཡང་ དག་པར་སྟོན་པ་དང་། ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང་། ཚིག་གིས་མཚོན་པ་དང་རྣམ་པར་མཚོན་པ་དང་རྗེས་སུ་མཚོན་པ་དང་། དེ་ལ་འདིའི་དོན་ཡང་དག་པར་སྟོན་པ་དང་། དེ་ལ་འདི་སྐད་ དུ་རིགས་ཀྱི་བུ་ཁྱོད་ཚུར་ཤེག །བྱང་ཆུབ་སེམས་དཔའི་ལམ་འདི་ལ་སློབས་ཤིག །ཁྱོད་ཀྱིས་ལམ་འདི་ལ་བསླབས་ཤིང་སྤྱད་དེ་འབད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །མངོན་པར་རྫོགས་པར་སངས་ རྒྱས་ནས་ཀྱང་སེམས་ཅན་གྱི་ཁ