Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 033_བརྒྱད་སྟོང་པ།

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
ིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་ཡང་དག་
པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་
བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་འདི་དང་ཐབས་མཁས་པ་འདི་དང་ལྡན་ན་བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་ཅིང་བྱམས་པའི་ཏིང་ངེ་འཛིན་ལས་ཀྱང་ཉམས་པར་མི་འགྱུར་སྙིང་རྗེ་ལས་མ་ཡིན་དགའ་བ་ལས་མ་ཡིན་བཏང་སྙོམས་ཀྱི་ཏིང་
ངེ་འཛིན་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པས་ཡོངས་སུ་བཟུང་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་དག་གིས་རྒྱ་ཆེར་རྣམ་པར་འཕེལ་ཏེ་དེའི་དད་པ་ལ་སོགས་པའི་དབང་པོ་ཡང་ཤིན་ཏུ་རྣོ་བར་འགྱུར། སྟོབས་དང་

བྱང་ཆུབ་ཀྱི་ཡན་ལག་དང་ལམ་རྣམས་ཀྱང་འཐོབ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ་སེམས་ཅན་འདི་དག་ནི་ཡུན་རིང་པོར་ཆོས་ཀྱི་འདུ་ཤེས་ཀྱིས་དམིགས་པ་ལ་སྤྱོད་དེ། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དམིགས་པར་ལྟ་བ་ཅན་དེ་དག་གི་དམིགས་པའི་ལྟ་བ་སྤང་བར་བྱ་བའི་ཕྱིར་ཆོས་བསྟན་ཏོ་སྙམ་དུ་བསམས་ནས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་གོ །དེ་སེམས་བསྐྱེད་
པ་དེ་དང་ཐབས་མཁས་པ་སྔ་མ་དེ་དང་ལྡན་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ། །བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལས་ཀྱང་ཉམས་པར་མི་འགྱུར་རོ། །དེ་ཅིའི་
ཕྱིར་ཞེ་ན། ཐབས་མཁས་པས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་དཀར་པོ་དག་གིས་རྒྱ་ཆེར་རྣམ་པར་འཕེལ་ཏེ་དེའི་དད་པ་ལ་སོགས་པའི་དབང་པོ་ཡང་ཤིན་ཏུ་རྣོ་བར་འགྱུར། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་རྣམས་ཀྱང་འཐོབ་བར་
འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་ཡུན་རིང་པོར་མཚན་མའི་འདུ་ཤེས་ཀྱིས་མཚན་མ་ལ་སྤྱོད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་
ནས་དེ་དག་ལ་མཚན་མའི་འདུ་ཤེས་སྤང་བའི་ཕྱིར་ཆོས་བསྟན་ཏོ་སྙམ་སྟེ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་གོ། །དེ་སེམས་བསྐྱེད་པ་དེ་དང་ཐབས་མཁས་པ་སྔ་མ་དེ་དང་ལྡན་པས་རྣམ་པར་ཐར་པའི་སྒོ་མཚན་མ་
མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་ལ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་ཏིང་ངེ་འཛིན་ཐམས་ཅད་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པས་

ཡོངས་སུ་བཟུང་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་དག་གིས་རྒྱ་ཆེར་རྣམ་པར་འཕེལ་ཏེ་དེའི་དད་པ་ལ་སོགས་པའི་དབང་པོ་ཡང་ཤིན་ཏུ་རྣོ་བར་འགྱུར། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་རྣམས་ཀྱང་འཐོབ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་ཡུན་རིང་པོར་རྟག་པར་འདུ་ཤེས་པ་དང་བདེ་བར་འདུ་ཤེས་པ་དང་བདག་ཏུ་འདུ་ཤེས་པ་དང་སྡུག་པར་འདུ་ཤེས་པས་ཕྱིན་ཅི་ལོག་པ་སྟེ། ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རྟག་པར་འདུ་ཤེས་པ་དང་བདེ་བར་འདུ་ཤེས་པ་དང་བདག་ཏུ་འདུ་ཤེས་པ་དང་སྡུག་པར་འདུ་ཤེས་པས་ཕྱིན་ཅི་ལོག་ཏུ་གྱུར་པ་སྤང་བའི་ཕྱིར་འདི་ཐམས་ཅད་ནི་མི་རྟག་པ་སྟེ་འདི་ནི་རྟག་པ་མ་ཡིན་ནོ་འདི་ཐམས་ཅད་ནི་སྡུག་བསྔལ་བ་སྟེ་འདི་ནི་བདེ་བ་
མ་ཡིན་ནོ་འདི་ཐམས་ཅད་ནི་བདག་མེད་པ་སྟེ་འདི་ནི་བདག་དང་བཅས་པ་མ་ཡིན་ནོ་འདི་ཐམས་ཅད་ནི་མི་སྡུག་པ་ཡིན་ཏེ་འདི་ནི་སྡུག་པ་མ་ཡིན་ནོ་ཞེས་ཆོས་བསྟན་པར་འགྱུར་བ་དེ་ལྟར་བྱའོ། །དེ་སེམས་བསྐྱེད་པ་དེ་དང་ལྡན་ཞིང་ཐབས་མཁས་པ་སྔ་མ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་
སུ་བཟུང་བས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་རྫོགས་པར་བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་གནས་ཤིང་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད། བྱམས་པ་དང་
སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་དཀར་པོ་དག་གིས་རྒྱ་ཆེར་རྣམ་པར་འཕེལ་ཏེ་དེའི་དད་པ་ལ་སོགས་པའི་དབང་པོ་ཡང་ཤིན་ཏུ་
རྣོ་བར་འགྱུར་རོ། །སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་རྣམས་ཀྱང་འཐོབ་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་སེམས་བསྐྱེད་པ་འདི་སྐྱེད་པར་བྱེད་དེ་འདི་ལྟར་སེམས་ཅན་འདི་དག་ནི་ཡུན་རིང་པོར་དམིགས་པ་ལ་སྤྱད་པར་གྱུར་ཅིང་ད་ལྟར་ཡང་

དམིགས་པ་ལ་སྤྱོད། མཚན་མའི་འདུ་ཤེས་ལ་སྤྱད་པར་གྱུར་ཅིང་ད་ལྟར་ཡང་མཚན་མའི་འདུ་ཤེས་ལ་སྤྱོད། ཕྱིན་ཅི་ལོག་ལ་སྤྱད་པར་གྱུར་ཅིང་ད་ལྟར་ཡང་ཕྱིན་ཅི་ལོག་ལ་སྤྱོད། རིལ་པོར་འདུ་ཤེས་པ་ལ་སྤྱད་པར་གྱུར་ཅིང་ད་ལྟར་ཡང་རིལ་པོར་འདུ་ཤེས་པ་ལ་སྤྱོད། ཡང་
དག་པ་མ་ཡིན་པའི་འདུ་ཤེས་ལ་སྤྱད་པར་གྱུར་ཅིང་ད་ལྟར་ཡང་ཡང་དག་པ་མ་ཡིན་པའི་འདུ་ཤེས་ལ་སྤྱོད། ལོག་པར་ལྟ་བ་ལ་སྤྱད་པར་གྱུར་ཅིང་ད་ལྟར་ཡང་ལོག་པར་ལྟ་བ་ལ་སྤྱོད་དོ། །ཅི་ལྟར་འདི་དག་ལ་ཉེས་པ་འདི་དག་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་
འབྱུང་ཞིང་། མི་ཤེས་པ་དེ་ལྟར་བྱའོ་ཞེས་དེ་ལྟར་སེམས་ཅན་ཐམས་ཅད་ལ་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དྲན་པའི་ཤེས་པ་དེ་དང་སེམས་བསྐྱེད་པ་དེ་ལྟ་བུ་དང་ལྡན་ཞིང་ཐབས་མཁས་པ་དང་ཡང་ལྡན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་ཡོངས་སུ་
བཟུང་བས། དེ་ལྟར་ཆོས་ཟབ་མོ་འདི་དག་གི་ཆོས་ཉིད་ལ་འདི་ལྟར་སྟོང་པ་ཉིད་དམ་མཚན་མ་མེད་པ་འམ་སྨོན་པ་མེད་པ་འམ་མངོན་པར་འདུ་མི་བྱེད་པ་འམ་མི་འབྱུང་བ་འམ་མི་སྐྱེ་བ་འམ་དངོས་པོ་མེད་པར་སོ་སོར་རྟོག་གོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
གང་དེ་ལྟར་ཤེས་པའི་ཆོས་དང་ལྡན་པ་ནི་མངོན་པར་འདུ་མི་བྱེད་པར་ལྟུང་བ་འམ་ཁམས་གསུམ་པ་དང་ལྷན་ཅིག་གནས་པར་འགྱུར་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་མངོན་སུམ་དུ་མི་བྱེད་པ་དང་མཚན་མ་མེད་པ་མངོན་སུམ་དུ་མི་བྱེད་པ་དང་སྨོན་པ་མེད་པ་མངོན་སུམ་དུ་མི་བྱེད་པ་དང་མངོན་པར་
འདུ་མི་བྱེད་པ་མངོན་སུམ་དུ་མི་བྱེད་པ་དང་འབྱུང་བ་མེད་པ་མངོན་སུམ་དུ་མི་བྱེད་པ་དང་སྐྱེ་བ་མེད་པ་མངོན་སུམ་དུ་མི་བྱེད་པ་དང་དངོས་པོ་མེད་པ་ཡང་མངོན་སུམ་དུ་མི་བྱེད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྒོམ་པར་བྱེད་པས་ཆོས་འདི་དག་ལ་ཡོངས་སུ་འདྲིས་པར་བྱ་བ་ནི་གང་ཡིན་ཞིང་

སེམས་གང་དག་མངོན་པར་བསྒྲུབ་པ་ན་སེམས་ཅི་ལྟ་བུའི་རང་བཞིན་དུ་མངོན་པར་བསྒྲུབ་པར་བྱ་ཞེས་དྲི་བར་བྱའོ། །གལ་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་སྐད་དྲིས་པ་ན། འདི་སྐད་དུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་སྟོང་པ་ཉིད་ཡིད་ལ་བྱའོ། །མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་མི་བྱེད་པ་དང་མི་འབྱུང་བ་དང་མི་སྐྱེ་བ་དང་དངོས་པོ་མེད་པ་ཉིད་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡིད་ལ་བྱའོ་ཞེས་ལུང་སྟོན་ཅིང་། གལ་ཏེ་སེམས་ཅན་ཐམས་ཅད་
ཡོངས་སུ་མི་གཏོང་བའི་སེམས་དེ་ཉེ་བར་མི་སྟོན་ཏམ་ཐབས་མཁས་པ་ལུང་མི་སྟོན་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ལས་ཕྱིར་མི་ལྡོག་པ་ཉིད་དུ་ལུང་མ་བསྟན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མ་འདྲེས་པའི་ཆོས་གང་ཡིན་པའི་ཆོས་དེ་མི་སྟོན་རབ་ཏུ་མི་འབྱེད་ཉེ་བར་མི་སྟོན་རབ་ཏུ་མི་ཤེས་དྲིས་ཀྱང་ལུང་མི་སྟོན་ལན་མི་ལྡོན་ཅིང་ཕྱིར་མི་
ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་གང་ཡིན་པའི་ས་ལ་མི་གནོན་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་གྲངས་གང་གིས་ཕྱིར་མི་ལྡོག་པར་འགྱུར་བའི་རྣམ་གྲངས་མཆིས་སམ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་འགྱུར་བའི་རྣམ་གྲངས་ཡོད་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ཀྱང་རུང་མ་ཐོས་ཀྱང་རུང་སྟེ་
དེ་ལྟར་ཤེས་ཤིང་དེ་ལྟར་ལན་ལྡོན་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་ཏུ་སྤྱོད་པ་མང་ཡང་གང་དེ་ལྟར་ལན་ལྡོན་པ་ནི་ཉུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི་ཉུང་སྟེ་ཡང་གང་ལུང་བསྟན་པར་གྱུར་པ་དེ་དག་ནི་དེ་ལྟར་ལན་ལྡོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི་དགེ་བའི་རྩ་བ་འབར་
བསྐྱེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པའོ། །རབ་འབྱོར་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་གྱི་ནང་ན་ཡང་ཆོས་ཐམས་ཅད་རྨི་ལམ་ལྟར་ཡང་དག་
པར་ལྟ་ཞིང་མངོན་སུམ་དུ་ཡང་མི་བྱེད་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་གྱི་ནང་ན་ཡང་ཉན་ཐོས་ཀྱི་སའམ་རང་
སངས་རྒྱས་ཀྱི་སའམ་ཁམས་གསུམ་ལ་འདོད་པ་མེད་ཅིང་ཕན་ཡོན་གྱི་སེམས་མི་སྐྱེད་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྨི་ལམ་གྱི་ནང་ན་ཡང་འཁོར་བརྒྱ་ཕྲག་དུ་མ་དང་སྟོང་ཕྲག་དུ་མ་དང་བརྒྱ་སྟོང་ཕྲག་དུ་མ་དང་བྱེ་བ་བརྒྱ་ཕྲག་དུ་མ་དང་བྱེ་བ་སྟོང་ཕྲག་དུ་མ་དང་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་འཁོར་གྱི་དབུས་སུ་ཆུད་ཅིང་འཁོར་གྱི་དཀྱིལ་འཁོར་གྱི་ཁྱམས་ན་འདུག་ནས་དགེ་སློང་གི་དགེ་འདུན་
གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་མདུན་དུ་བདར་ནས་བདག་ཉིད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་མཐོང་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་
མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྨི་ལམ་ན་ཡང་བདག་ཉིད་ནམ་མཁའ་ལ་མངོན་པར་འཕགས་ཏེ་སེམས་ཅན་དག་ལ་ཆོས་སྟོན་པ་དང་། འོད་འདོམ་གང་བར་ཀུན་ཏུ་ཤེས་ཤིང་ཕྱོགས་གཞན་དག་ཏུ་སོང་སྟེ་

འཇིག་རྟེན་གྱི་ཁམས་གཞན་དེར་སངས་རྒྱས་ཀྱི་མཛད་པ་མཛད་ནས་དེར་ཡང་དགེ་སློང་དག་མངོན་པར་སྤྲུལ་ཅིང་ཆོས་སྟོན་ཏེ་རབ་འབྱོར་འདི་ལྟར་ཡང་རྨི་ལམ་གྱི་ནང་ན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་ཀུན་ཏུ་ཤེས་ན། རབ་འབྱོར་འདི་ཡང་ཕྱིར་
མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྨི་ལམ་ན་ཡང་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་ཏེ། གྲོང་ལ་གནོད་
པ་འམ་གྲོང་ཁྱེར་ལ་གནོད་པ་འམ་གྲོང་རྡལ་ལ་གནོད་པ་འམ་ལྗོངས་སུ་གནོད་པ་འམ་ཡུལ་འཁོར་དུ་གནོད་པ་འམ་འབྲོག་མེ་ཤོར་བའི་གནོད་པ་བྱུང་ངམ། གཅན་གཟན་ནམ་རི་དགས་སམ་དེ་མ་ཡིན་པ་རི་དགས་ཀྱི་རིགས་ཕྲ་མོ་གཞན་དག་མཐོང་བ་དང་། མགོ་གཅོད་པ་ཉེ་བར་
གནས་པ་འམ་དེ་མ་ཡིན་པ་གཞན་གང་ཡང་རུང་བའི་འཇིགས་པ་ཆེན་པོ་མི་བཟད་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དག་བྱུང་བ་དང་། སེམས་ཅན་གཞན་དག་གི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཇིགས་པ་ཆེན་པོ་མི་བཟད་པ་དག་མཐོང་ཡང་དེ་ལ་འཇིགས་པ་མི་
བཟད་པ་སྐྱེ་བར་མི་འགྱུར་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བྱེད་དེ། དེ་ནས་དེ་གཉིད་ཀྱིས་ལོག་པ་ལས་སད་དེ་དེ་ལངས་མ་ཐག་ཏུ་འདི་སྙམ་དུ་སེམས་ཏེ། ཁམས་གསུམ་འདི་དག་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་སངས་རྒྱས་ནས་དེ་ལྟར་གང་ཡང་དག་པར་སྟོན་པས་ཆོས་བསྟན་པར་བྱའོ་སྙམ་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་རྨི་ལམ་གྱི་ནང་ན་དམྱལ་བ་པའི་སེམས་ཅན་རྣམས་མཐོང་བ་ན་འདི་སྙམ་དུ་སེམས་ཏེ། ཅི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་ཐམས་ཅད་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་

ཅད་དུ་ཐམས་ཅད་མི་འབྱུང་བར་འགྱུར་བ་དེ་ལྟར་བྱའོ་སྙམ་ན། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་ངན་སོང་རྣམ་པར་དག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་དེ་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་ཐམས་ཅད་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་འབྱུང་བར་མི་འགྱུར་བར་ཅི་ལྟར་ཤེས་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྨི་ལམ་གྱི་ནང་ན་དམྱལ་བར་གཏོགས་པ་འམ་བྱོལ་སོང་དང་ཡི་དགས་སུ་གཏོགས་པའི་སེམས་ཅན་དག་མཐོང་ནས་དྲན་པ་རྙེད་པར་འགྱུར་ཏེ་དེ་དྲན་པ་དེ་རྙེད་ནས་འདི་སྙམ་དུ་སེམས་ཏེ། ཅི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་
པའི་སངས་རྒྱས་ཀྱི་ཞིང་ན་ངན་སོང་ཐམས་ཅད་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་འབྱུང་བ་དེ་ལྟར་བྱའོ་སྙམ་པ་འདི་ནི་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངན་སོང་ཡོངས་སུ་དག་པའི་མཚན་ཉིད་དུ་རིག་པར་བྱ་སྟེ། རབ་འབྱོར་འདི་
ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་གྱི་ནང་དུ་གྲོང་ཁྱེར་ཚིག་པ་དང་གྲོང་ཚིག་པར་གྱུར་པ་རྨིས་ཏེ་དེ་རྨི་ལམ་དེ་ལས་སད་ནས་འདི་
སྙམ་དུ་སེམས་ཏོ། ཅི་ལྟར་ངས་རྨི་ལམ་གྱི་ནང་དུ་རྣམ་པ་གང་དང་རྟགས་གང་དང་མཚན་མ་གང་དག་མཐོང་བའི་རྣམ་པ་གང་དང་རྟགས་གང་དང་མཚན་མ་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་གཟུང་བར་བྱ་བའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་
མཚན་མ་དེ་དག་ང་ལ་ཡོད་ན། བདེན་པ་དེ་དང་བདེན་པའི་ཚིག་དེས་གྲོང་ཁྱེར་ཚིག་པ་དང་གྲོང་ཚིག་པ་འདི་ཉེ་བར་ཞི་བར་གྱུར་ཅིག་བསིལ་བར་གྱུར་ཅིག་མེད་པར་གྱུར་ཅིག་ཅེས་བྱས་ན། རབ་འབྱོར་གལ་ཏེ་གྲོང་ཚིག་པ་དང་གྲོང་ཁྱེར་ཚིག་པ་དེ་ཉེ་བར་ཞི་བ་དང་བསིལ་བ་དང་མེད་པར་གྱུར་ན་

ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཕྱིར་མི་ལྡོག་པར་ལུང་བསྟན་པར་རིག་པར་བྱའོ། །གལ་ཏེ་ཉེ་བར་མ་ཞི་བསིལ་བར་མ་
གྱུར་མེད་པར་མ་སོང་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པར་རིག་པར་བྱའོ། །རབ་འབྱོར་ཡང་གལ་ཏེ་མེས་ཚིག་པ་དེ་ཁྱིམ་ནས་ཁྱིམ། སྲང་ནས་སྲང་དུ་ཐལ་ཏེ། སྲང་གཞན་གང་ཡང་རུང་བའམ།
ཁྱིམ་གཞན་གང་ཡང་རུང་བར་སོང་ནས་ཚིག་སྟེ་ཉེ་བར་མ་ཞི་བསིལ་བར་མ་གྱུར་མེད་པར་མ་སོང་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཆོས་སྤོང་བ་ཉིད་དང་ཤེས་རབ་འཆལ་བར་འགྱུར་བ་དང་མཐུན་པའི་ལས་ཉེ་བར་བསགས་པར་རིག་པར་བྱ་སྟེ་དེས་ན་འདི་ལ་མཐོང་
བའི་ཆོས་ལ་འབྱུང་བར་འགྱུར་བ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ལས་རྣམ་པར་སྨིན་པ་ཡིན་པས་ཆོས་སྤོང་བ་དེ་ཉིད་ལས་ལྷག་མ་དང་བཅས་པའི་ལས་རྣམ་པར་སྨིན་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱི་རྒྱུ་ནི་དེ་ཡིན་རྐྱེན་ནི་དེ་ཡིན་ཏེ།
རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་གཞན་ཡང་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོར་གཟུང་བར་བྱ་བའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་བསྟན་པར་བྱ་ཡིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་
དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གལ་ཏེ་སྐྱེས་པ་འམ་བུད་མེད་དམ་ཁྱེའུ་འམ་བུ་མོ་ལ་ལ་མི་མ་ཡིན་པས་ཟིན་ཅིང་བབས་པར་གྱུར་ན་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོངས་ནས་བྱིན་གྱི་རླབས་འདི་ལྟར་བསམ་པར་བྱ་སྟེ། གལ་

ཏེ་ང་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ཞིང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་དོན་དུ་
བསམ་པ་ཡོངས་སུ་དག་ལ། ཅི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བདག་གི་ཡིད་ལ་བྱེད་པ་ཡོངས་སུ་དག་ཅིང་། བདག་ཉན་ཐོས་ཀྱི་སེམས་དང་རང་སངས་
རྒྱས་ཀྱི་སེམས་དང་བྲལ་བ་དེས་ན་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་བ་ཡིན་ལ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་མ་ཡིན་ཞིང་བདག་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཁོ་ན་ཡིན་པ་དང་། ཡང་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་དེ་དག་ལ་མ་མཁྱེན་པ་འམ་མ་གཟིགས་པ་འམ་ཐུགས་སུ་མ་ཆུད་པ་འམ་མངོན་སུམ་དུ་མ་མཛད་པའམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་ཅི་ཡང་མེད་དེ། ཅི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བདག་གི་བསམ་པ་མཁྱེན་པ་ལྟར་བདག་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། བདེན་པ་འདི་དང་བདེན་པའི་ཚིག་འདིས་སྐྱེས་པ་འམ་བུད་མེད་དམ་ཁྱེའུ་འམ་བུ་མོ་འདི་མི་མ་ཡིན་པའི་གདོན་གྱིས་ཟིན་ཅིང་ནོན་པ་དེ་སོང་ཤིག་ཅེས་བྱས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གལ་ཏེ་
དེ་སྐད་སྨྲས་པ་དང་མི་མ་ཡིན་པ་དེ་མ་སོང་ན་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པར་རིག་པར་བྱའོ། །རབ་འབྱོར་ཡང་

གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་སྐད་སྨྲས་པ་ན་མི་མ་ཡིན་པ་དེ་སོང་ན་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ལུང་བསྟན་པར་རིག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ཐབས་མཁས་པ་ལ་སྤྱོད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པའོ།། །།རབ་འབྱོར་ཡང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་འདི་སྐད་དུ་སྨྲ་བར་འགྱུར་ཏེ།
བདེན་པ་དང་བདེན་པའི་ཚིག་གང་གིས་བདག་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ན། བདེན་པ་དང་བདེན་པའི་ཚིག་དེས་མི་མ་ཡིན་པ་འདི་སོང་ཤིག་ཅེས་བྱས་ན་རབ་
འབྱོར་དེ་ལ་བདུད་སྡིག་ཅན་མི་མ་ཡིན་པ་དེ་འགྲོ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་ཞུགས་ནས་རིང་པོ་མ་ལོན་པ་དེའི་གམ་ན་ཤིན་ཏུ་སྟོབས་དང་ལྡན་པ་དང་ཤིན་ཏུ་གཟི་བརྗིད་དང་ལྡན་པའི་བདུད་སྡིག་ཅན་
ཅི་ལྟར་མི་མ་ཡིན་པ་འདི་འགྲོ་བར་འགྱུར་སྙམ་པས་འབད་པར་བྱེད་དོ། །དེ་ལྟར་མི་མ་ཡིན་པ་དེ་བདུད་ཀྱི་བྱིན་གྱི་རླབས་ཀྱིས་འགྲོ་བར་འགྱུར་ལ། དེ་ལྟར་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་དུ་མི་མ་ཡིན་པ་འགྲོ་བ་ནི་ངའི་མཐུའོ་སྙམ་དུ་སེམས་ཀྱི་ཡང་
འདི་ལྟར་བདུད་ཀྱི་མཐུས་མི་མ་ཡིན་པ་འགྲོའོ་སྙམ་དུ་མི་ཤེས་སོ། །དེ་བརྩོན་པ་དེ་ཙམ་ཞིག་བྱེད་པར་འགྱུར་ཏེ་དེ་བརྩོན་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་བརྙས་པར་བྱེད་རྔན་ཅན་བྱེད་སྟིང་བར་བྱེད་འཕྱ་བར་བྱེད་སྨོད་པར་བྱེད་པར་འགྱུར་ཏེ། ང་ནི་སྔོན་
གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་དེ་དེ་ཙམ་གྱིས་ཕྱི་ཕྱིར་ང་རྒྱལ་སྐྱེད་པར་འགྱུར་ང་རྒྱལ་ཡང་དག་པར་བསྐྱེད་པར་འགྱུར་ང་རྒྱལ་འཕེལ་བར་བྱེད་པར་འགྱུར་ང་རྒྱལ་ཡང་

དག་པར་འཕེལ་བར་འགྱུར་ང་རྒྱལ་རྟོན་པར་བྱེད་པར་འགྱུར་ང་རྒྱལ་ཉེ་བར་རྟོན་པར་བྱེད་པར་འགྱུར་ང་རྒྱལ་རྒྱས་པར་བྱེད་པར་འགྱུར་ང་རྒྱལ་ཉེ་བར་རྒྱས་པར་བྱེད་པར་འགྱུར་ང་རྒྱལ་འབྱུང་བར་བྱེད་པར་འགྱུར་རོ། །དེ་ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་ང་རྒྱལ་ལས་ཀྱང་
ང་རྒྱལ་དང་མངོན་པའི་ང་རྒྱལ་དང་ལོག་པའི་ང་རྒྱལ་དེས་ཐམས་ཅད་མཁྱེན་པ་ཉིད་རྒྱང་རིང་དུ་བྱེད་པར་འགྱུར། བླ་ན་མེད་པ་སངས་རྒྱས་ཀྱི་ཡེ་ཤེས་དང་རང་བྱུང་གི་ཡེ་ཤེས་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱང་རིང་དུ་བྱེད་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་རྒྱང་རིང་དུ་བྱེད་པར་འགྱུར་རོ། །དེ་ལྟ་བུའི་ཚུལ་གྱིས་དགེ་བའི་བཤེས་གཉེན་དགེ་བའི་ཆོས་ཅན་མོས་པ་རྒྱ་ཆེ་བ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཐབས་མཁས་པ་ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་མཐོང་ན་མངོན་
པའི་ང་རྒྱལ་བསྐྱེད་ནས་བརྙས་པར་བྱེད་ཅིང་དེ་ལྟ་བུའི་ཚུལ་གྱིས་དགེ་བའི་བཤེས་གཉེན་མི་བསྙེན་མི་བསྟེན་བསྙེན་བཀུར་མི་བྱེད་མི་འདྲི་ཞིང་བདུད་ཀྱིས་འཆིང་བ་དེ་ཉིད་སྲ་བར་བྱེད་དེ། དེ་ནི་ས་གཉིས་སུ་རིག་པར་བྱ་སྟེ་འདི་ལྟ་སྟེ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སའོ། །རབ་འབྱོར་དེ་
ལྟར་བདེན་པའི་བྱིན་གྱི་རླབས་ཀྱིས་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་ཞུགས་ནས་རིང་པོར་མ་ལོན་པ་དད་པ་ཆུང་བ་ཐོས་པ་ཉུང་བ་དགེ་བའི་བཤེས་གཉེན་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་ཅིང་ཐབས་མཁས་པ་དང་བྲལ་བ་ལ་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཆད་བྱེད་དེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་མིང་སྟོན་པས་ཀྱང་བདུད་ཀྱི་ལས་སུ་འགྱུར་རོ། །རབ་འབྱོར་
ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་མིང་སྟོན་པས་ཀྱང་བདུད་ཀྱི་ལས་སུ་འགྱུར་ཞེ་ན། རབ་འབྱོར་འདི་ལ་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མིང་སྟོན་པ་དང་མིང་བྱིན་གྱིས་བརླབས་པས་ཀྱང་ཉེ་བར་འོང་བར་འགྱུར་ཏེ། གཞན་གང་ཡང་རུང་བ་དང་

གཞན་གང་ཡང་རུང་བའི་ཆ་བྱད་དུ་འོངས་ནས་འདི་སྐད་དུ་ཁྱོད་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་མིང་ནི་འདི་ཞེས་བྱ་ཁྱོད་ཀྱི་མའི་
མིང་ནི་འདི་ཞེས་བྱ་ཁྱོད་ཀྱི་ཕའི་མིང་ནི་འདི་ཞེས་བྱ་ཁྱོད་ཀྱི་སྤུན་ཟླའི་མིང་ནི་འདི་ཞེས་བྱ་ཁྱོད་ཀྱི་སྲིང་མོའི་མིང་ནི་འདི་ཞེས་བྱ། ཁྱོད་ཀྱི་གྲོགས་པོ་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ཀྱི་མིང་ནི་འདི་ཞེས་བྱའོ་ཞེས་མ་མེས་དང་ཕ་མེས་གཉི་གའི་རབས་བདུན་ཚུན་ཆད་ཀྱི་མིང་བརྗོད་ཅིང་
ཁྱོད་ནི་ཕྱོགས་ག་གེ་མོ་ཞིག་ཏུ་སྐྱེས་ཏེ་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ག་གེ་མོ་ཞིག་ཏུ་སྐྱེས་ནས་ག་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་ཟེར་ཞིང་། གལ་ཏེ་རང་བཞིན་གྱིས་རྟུལ་བ་ཞིག་ཡིན་ཏེ། དེ་ལ་འདི་སྐད་དུ་ཁྱོད་སྔོན་ཡང་དེ་བཞིན་དུ་རྟུལ་པོར་གྱུར་ཏོ་ཞེས་ཟེར་རོ། །གལ་ཏེ་རང་བཞིན་གྱིས་
དབང་པོ་རྣོ་བ་ཞིག་ན་དེའི་ཕྱིར་དེ་ལ་འདི་སྐད་དུ་ཁྱོད་སྔོན་ཡང་དབང་པོ་རྣོན་པོར་གྱུར་ཏོ་ཞེས་ཟེར་རོ། །གལ་ཏེ་དགོན་པ་པ་ཞིག་ཡིན་ནམ་གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ནམ་གལ་ཏེ་ཕྱག་དར་ཁྲོད་པ་ཞིག་ཡིན་ནམ། གལ་ཏེ་ཟས་ཕྱིས་མི་ལེན་པ་ཞིག་ཡིན་ནམ་གལ་ཏེ་སྟན་གཅིག་
པ་ཞིག་ཡིན་ནམ། གལ་ཏེ་གཞི་ཇི་བཞིན་པ་ཞིག་ཡིན་ནམ། གལ་ཏེ་ཆོས་གོས་གསུམ་པ་ཞིག་ཡིན་ནམ་གལ་ཏེ་དུར་ཁྲོད་པ་ཞིག་ཡིན་ནམ་གལ་ཏེ་ཤིང་དྲུང་པ་ཞིག་ཡིན་ནམ། གལ་ཏེ་ཅོག་པུ་བ་ཞིག་ཡིན་ནམ་གལ་ཏེ་བླ་གབ་མེད་པ་ཞིག་ཡིན་ནམ་གལ་ཏེ་ཕྱིང་པ་བ་ཞིག་ཡིན་
ནམ། གལ་ཏེ་འདོད་པ་ཉུང་ཞིང་ཆོག་ཤེས་པ་རབ་ཏུ་དབེན་པ་ཞིག་ཡིན་ནམ་གལ་ཏེ་རྐང་པ་སྐུད་པ་དང་བྲལ་བ་ཞིག་ཡིན་ནམ་གལ་ཏེ་འཇམ་པོར་སྨྲ་ཞིང་ཚིག་ཉུང་བ་ཞིག་ཡིན་ན། དེ་ལ་བདུད་སྡིག་ཅན་ཚེ་འདིའི་ཡོན་ཏན་དེ་དང་དེ་དག་གིས་འདི་སྐད་དུ་ཁྱོད་ནི་སྔོན་ཡང་ཡོན་ཏན་འདི་དང་
འདི་དག་དང་ཡང་ལྡན་པར་གྱུར་ཏེ། ཁྱོད་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་ངེས་པར་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་

ཞེ་ན། འདི་ལྟར་ཁྱོད་ལ་སྦྱངས་པའི་ཡོན་ཏན་འདི་ལྟ་བུ་འདི་དག་ཡོད་ཀྱིས་ཁྱོད་ནི་གདོན་མི་ཟ་བར་སྔོན་ཡང་སྦྱངས་པའི་ཡོན་ཏན་འདི་དག་དང་ལྡན་པར་གྱུར་ཏོ་ཞེས་བསྒོ་བར་བྱེད་དེ། དེ་ལྟར་དེ་སྔོན་གྱི་མིང་བསྟན་པ་དེ་དང་མིང་ལ་རྟེན་པ་དང་ད་ལྟར་གྱི་སྦྱངས་པའི་
ཡོན་ཏན་དང་ཡོ་བྱད་བསྙུངས་པ་དེས་རློམ་སེམས་སྐྱེད་པར་འགྱུར་ཏེ་དེ་འདི་སྙམ་དུ་བདག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། འདི་ལྟར་ཡོན་ཏན་འདི་དག་ནི་བདག་ལ་
ཡོད་དོ་སྙམ་པ་དང་། དེ་ལ་བདུད་སྡིག་ཅན་འདི་སྐད་དུ་ཁྱོད་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཕྱིར་མི་ལྡོག་པར་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ལ་སྦྱངས་
པའི་ཡོན་ཏན་དེ་ལྟ་བུ་དེ་དག་ཡོད་དོ་ཞེས་ཟེར་རོ། །རབ་འབྱོར་ཡང་དེ་ལ་བདུད་སྡིག་ཅན་རེས་འགའ་ནི་དགེ་སློང་གི་ཆ་བྱད་དུ་འོང་བར་སེམས་རེས་འགའ་ནི་དགེ་སློང་མའི་ཆ་བྱད་དུ་འོང་བར་སེམས། རེས་འགའ་ནི་དགེ་བསྙེན་གྱི་ཆ་བྱད་རེས་འགའ་ནི་དགེ་བསྙེན་མའི་ཆ་བྱད་རེས་འགའ་ནི་བྲམ་ཟེའི་
ཆ་བྱད་རེས་འགའ་ནི་ཁྱིམ་བདག་གི་ཆ་བྱད་རེས་འགའ་ནི་མའི་ཆ་བྱད་རེས་འགའ་ནི་ཕའི་ཆ་བྱད་རེས་འགའ་ནི་སྤུན་ཟླའི་ཆ་བྱད་རེས་འགའ་ནི་སྲིང་མོའི་ཆ་བྱད་རེས་འགའ་ནི་གྲོགས་པོ་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ཀྱི་ཆ་བྱད་དུ་འོང་བར་འགྱུར་ཏེ། འོངས་ནས་འདི་སྐད་དུ་ཁྱོད་ནི་
སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཕྱིར་མི་ལྡོག་པའི་ས་ལ་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱོད་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་
ཏན་གང་ཡིན་པའི་སྦྱངས་པའི་ཡོན་ཏན་དེ་ལྟ་བུ་དེ་དག་ཡོད་དོ་ཞེས་ཟེར་རོ། །རབ་འབྱོར་ཡང་ངས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་ཡོན་ཏན་བསྟན་པ་དང་རྣམ་པ་དང་རྟགས་དང་མཚན་མ་གང་དག་བསྟན་པ་དེ་དག་དེ་ལ་མེད་ན། རབ་འབྱོར་དེ་ལ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་གཞན་གྱིས་ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བདུད་ཀྱི་བྱིན་གྱིས་བརླབས་པའོ་ཞེས་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་གང་ཡིན་པ་དང་རྟགས་གང་
ཡིན་པ་དང་། མཚན་མ་གང་ཡིན་པ་དེ་དག་དེ་ལ་མེད་པའི་ཕྱིར་རོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བྱིན་གྱི་རླབས་དེ་ལྟ་བུས་མངོན་པའི་ང་རྒྱལ་སྐྱེད་པར་འགྱུར་ཏེ། མངོན་པའི་ང་རྒྱལ་བསྐྱེད་ནས་ང་རྒྱལ་གྱི་ཟིལ་གྱིས་ནོན་ཅིང་ཁེངས་པས་ཟིལ་
གྱིས་ནོན་བདུད་ཀྱི་བྱིན་གྱི་རླབས་ཀྱིས་ཟིལ་གྱིས་ནོན་པས། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་བརྙས་པར་འགྱུར་རྔན་ཅན་བྱེད་པར་འགྱུར་སྟིང་བར་འགྱུར་འཕྱ་བར་འགྱུར་སྨོད་པར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་བདུད་ཀྱི་བྱིན་གྱི་རླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་བསྟན་པ་དང་མིང་ལུང་བསྟན་པས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་མིང་བསྟན་པ་དང་མིང་ལུང་བསྟན་པས་བདུད་ཀྱི་ལས་སུ་རིག་པར་བྱ་ཞེ་ན། རབ་འབྱོར་འདི་ལ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་དུ་ལུང་སྟོན་ཏེ། དེས་གང་སེམས་ཀྱིས་ཨེ་མ་བདག་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་མིང་ནི་འདི་ཞེས་བྱ་བར་གྱུར་ཅིག་ཅེས་མིང་གི་རྗེས་སུ་འབྲང་ལ་སེམས་ཀྱིས་རྗེས་སུ་བརྟགས་ཤིང་རྗེས་སུ་དཔྱད་པ་བཞིན་དུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་མིང་འདི་
ཞེས་བྱ་བ་དེ་ལྟ་བུར་འགྱུར་རོ་ཞེས་དེ་ཉིད་ཀྱི་མིང་ལུང་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་འཆལ་པའི་རང་བཞིན་ཅན་ཐབས་ལ་མི་མཁས་པ་འདི་སྙམ་དུ་སེམས་ཏེ། ཅི་ལྟར་བདག་གིས་ཨེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་

མིང་འདི་ཞེས་བྱ་བར་གྱུར་ཅིག་ཅེས་མིང་གི་རྗེས་སུ་འབྲང་ལ་རྗེས་སུ་བརྟགས་ཤིང་རྗེས་སུ་དཔྱད་པ་དེ་ལྟར་དགེ་སློང་འདིས་བསྟན་ཏོ་སྙམ་ཞིང་། དེས་འདི་ལྟར་བདག་གིས་རྗེས་སུ་བསམས་པའི་མིང་གང་ཡིན་པ་དང་བདུད་སྡིག་ཅན་དེ་ཉིད་དམ་བདུད་ཀྱི་རིས་ཀྱི་ལྟ་དག་གིས་མངོན་པར་སྤྲུལ་
པ་དང་བདུད་ཀྱི་བྱིན་གྱིས་བརླབས་པའི་དགེ་སློང་གིས་མིང་གང་བརྗོད་པ་དེ་གཉི་ག་ལ་ཅི་ལྟར་བདག་གི་སེམས་བསྐྱེད་པ་བྱུང་བ་དང་དགེ་སློང་འདིས་བདག་གི་མིང་ཅི་སྐད་དུ་བསྟན་པ་གཉིས་མིང་མཚུངས་སོ་ཞེས་བརྟགས་ནས། བདག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་དེ་དག་གིས་མིང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་དུ་སེམས་པར་འགྱུར་ཞིང་། རབ་འབྱོར་ངས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་རྣམ་པ་དང་རྟགས་དང་མཚན་མ་གང་དག་བསྟན་པ་དེ་དག་
དེ་ལ་མེད་ཅིང་དེ་དག་དང་བྲལ་བར་གྱུར་ལ། མིང་བསྟན་པ་དང་མིང་ལུང་བསྟན་པ་དེས་དེ་རློམ་སེམས་སྐྱེད་པར་འགྱུར་ཞིང་། དེས་རློམ་སེམས་བསྐྱེད་ནས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་གྱི་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
ལུང་མ་བསྟན་ཏོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་བརྙས་པར་བྱེད་དོ་དེ་ལྟར་བརྙས་པའི་སེམས་དེ་དང་ང་རྒྱལ་དང་ཆེ་བའི་ང་རྒྱལ་དང་ང་རྒྱལ་ལས་ཀྱང་ང་རྒྱལ་དང་ལོག་པའི་ང་རྒྱལ་དང་མངོན་པའི་ང་རྒྱལ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་
ལ་བརྙས་པས་ཐམས་ཅད་མཁྱེན་པ་ཉིད་རྒྱང་རིང་དུ་བྱེད་ཅིང་སངས་རྒྱས་ཀྱི་ཡེ་ཤེས་རྒྱང་རིང་དུ་བྱེད་པར་འགྱུར་རོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞིང་ཐབས་མཁས་པ་དང་བྲལ་བ་དགེ་བའི་བཤེས་གཉེན་དང་བྲལ་བ་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དེས་ཉན་ཐོས་
ཀྱི་སའམ་རང་སངས་རྒྱས་ཀྱི་ས་འམ་ས་གཉིས་པོ་དེ་ལས་ས་གང་ཡང་རུང་བ་གཅིག་ཏུ་རེ་བར་བྱའོ། །གལ་ཏེ་ཡང་ཡུན་རིང་མོ་དང་ཤིན་ཏུ་ཡུན་རིང་མོར་སྦྱངས་ཤིང་དུལ་བར་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྟེན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་

འཚང་རྒྱ་བར་འདོད་པར་གྱུར་ལ། གལ་ཏེ་དེ་དགེ་བའི་བཤེས་གཉེན་དག་ལ་སྟེན་ཅིང་དགེ་བའི་བཤེས་གཉེན་དག་གི་ཐད་དུ་རྟག་པར་འགྲོ་བར་གྱུར་ན་ལུས་ཡོངས་སུ་གྲུབ་པ་དེ་ཉིད་ཀྱིས་སེམས་བསྐྱེད་པ་དེ་དག་ལ་རྣམ་པར་སྨོད་པར་འགྱུར་བྱང་བར་བྱེད་པར་འགྱུར་གནོད་པར་འགྱུར་འདོར་བར་
འགྱུར་སོ་སོར་འཆགས་པར་འགྱུར་བ་དེ་ལྟ་ན་ཡང་དེའི་སངས་རྒྱས་ཀྱི་ས་རྙེད་པར་དཀའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རློམ་སེམས་ཀྱི་ལྟུང་བའི་གནས་ནི་འདི་སྙེད་དུ་ཆེས་ལྕི་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་དགེ་སློང་
ཉན་ཐོས་ཀྱི་ཐེག་པ་ཅན་གྱི་ཉན་ཐོས་ཀྱི་ས་ལ་རྩ་བའི་ལྟུང་བ་བཞི་ལྕི་བ་ཡིན་ཏེ་དེ་ལས་ལྟུང་བ་གཞན་དང་གཞན་གང་ཡང་རུང་བ་འགའ་ཞིག་བྱུང་ན་དགེ་སློང་མ་ཡིན་དགེ་སྦྱོང་མ་ཡིན་ཤཱཀྱའི་སྲས་པོ་མ་ཡིན་ནོ། །ལྟུང་བ་བཞི་པོ་དེ་དག་པས་ཀྱང་རློམ་སེམས་དང་བརྙས་པའི་སེམས་བསྐྱེད་
པ་དེ་ཆེས་ལྕི་སྟེ་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མིང་བསྟན་པ་ལས་བརྙས་པའི་མི་དགེ་བ་ཆེན་པོའི་སེམས་བསྐྱེད་པ་བྱུང་བ་འདི་ནི་ལྟུང་བ་དེ་དག་པས་སེམས་བསྐྱེད་པ་ཆེས་ལྕི་བར་རིག་པར་བྱའོ། །རབ་འབྱོར་རྩ་བའི་ལྟུང་བ་བཞི་པོ་ལྟ་ཞོག་གི་རབ་འབྱོར་མཚམས་
མེད་པའི་ལས་ལྔ་པོ་དེ་དག་པས་ཀྱང་གང་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མིང་སྟོན་པས་རློམ་སེམས་དང་ལྡན་པའི་སེམས་བསྐྱེད་པ་བྱུང་བའི་སེམས་བསྐྱེད་པ་འདི་ནི་ཆེས་ལྕི་སྟེ་མཚམས་མེད་པའི་ལས་ལྔ་པོའི་ལྟུང་བ་དེ་དག་པས་ཀྱང་སེམས་བསྐྱེད་པ་འདི་ཆེས་ལྕི་བར་རིག་
པར་བྱའོ། །རབ་འབྱོར་དེ་ལྟར་མིང་བསྟན་པ་དེ་ལྟ་བུས་ཀྱང་བདུད་ཀྱི་ལས་ཕྲ་མོ་ཕྲ་བ་དག་འབྱུང་བར་འགྱུར་ཏེ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟོགས་པར་བྱའོ། །རྟོགས་ནས་རྣམ་པར་སྤང་བར་བྱ་ཞིང་གཞན་དག་ཀྱང་ཁོང་དུ་ཆུད་པར་བྱེད་དུ་གཞུག་ཅིང་སྤོང་དུ་
གཞུག་གོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་དབེན་པའི་ཡོན་ཏན་གྱིས་སྐུལ་ཅིང་དྲན་པར་བྱེད་དོ། །རབ་འབྱོར་ཅི་ལྟར་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་དབེན་པའི་

ཡོན་ཏན་གྱིས་སྐུལ་ཞིང་དྲན་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོང་ཞིང་འོངས་ནས་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་དབེན་པའི་བསྔགས་པ་གསུང་གིས། དགོན་པ་དང་ནགས་འདབ་དང་རིའི་ཕུག་
དང་དུར་ཁྲོད་དང་སོག་མའི་ཕུང་པོ་ལ་སོགས་པའི་ནང་དུ་གནས་པར་བྱའོ་ཞེས་ཟེར་ཏེ། རབ་འབྱོར་འདི་ལྟ་སྟེ་དགོན་པ་དང་བས་མཐའ་དང་ཡུལ་མི་མེད་པ་དང་ནགས་འདབ་དང་རིའི་ཕུག་དང་དུར་ཁྲོད་དང་སོག་མའི་ཕུང་པོ་ལ་སོགས་པའི་གནས་མལ་སྣ་ཚོགས་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་དབེན་པའོ་ཞེས་ང་མི་སྨྲའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་གལ་ཏེ་དགོན་པ་དང་བས་མཐའ་དང་ཡུལ་མི་མེད་པ་དང་ནགས་འདབ་དང་རིའི་ཕུག་དང་དུར་ཁྲོད་དང་སོག་མའི་ཕུང་པོ་ལ་སོགས་པའི་གནས་མལ་སྣ་ཚོགས་ན་གནས་པ་ལས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་གང་ལགས། བཅོམ་ལྡན་འདས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ཅི་ལྟ་བུ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་དབེན་པར་གྱུར་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་གིས་དབེན་པར་གྱུར་ན། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པར་གནས་
པ་ཡིན་ནོ། །དེ་གྲོང་གི་ནང་ན་གནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོའི་གནས་པས་གནས་ཏེ། གནས་པ་འདིས་གནས་པ་དེ་ནི་དབེན་པ་ཉིད་དུ་གནས་པ་ཡིན་ནོ། །རབ་འབྱོར་ཡང་ངས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ལ་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་དབེན་པ་འདི་གནང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པ་འདིས་གནས་པས་ཉིན་མཚན་འདའ་བར་བྱེད་ན་དབེན་པར་གནས་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དགོན་པ་དང་ནགས་འདབ་དང་རིའི་ཕུག་དང་དུར་ཁྲོད་དང་བས་མཐའི་གནས་མལ་དག་ན་གནས་པ་འདིས་གནས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པར་གནས་པ་ཡིན་ནོ། །རབ་འབྱོར་གང་ཡང་བདུད་སྡིག་ཅན་གྱིས་དགོན་པ་དང་ནགས་འདབ་དང་
རིའི་ཕུག་དང་དུར་ཁྲོད་དང་བས་མཐའི་གནས་མལ་དུ་གནས་པའི་དབེན་པ་ཉེ་བར་བསྟན་པའི་དབེན་པ་དེས་དེ་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་འདྲེས་པ་ཉིད་དུ་གྱུར་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་མི་བརྩོན་ཅིང་ཐམས་ཅད་མཁྱེན་པའི་ཡེ་
ཤེས་ཡོངས་སུ་རྫོགས་པར་མི་བྱེད་དེ་དེ་ལྟར་འདྲེས་པར་གནས་པས་གནས་ཤིང་། དེ་ལྟར་ཡིད་ལ་བྱེད་པ་ཡོངས་སུ་མ་དག་པས་གནས་པས་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་མ་དག་པར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་མ་དག་པས་ན།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མ་ཡིན་པ་གཞན་དག་གྲོང་གི་ནང་ན་གནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་མ་འདྲེས་ཤིང་ཤེས་རབ་དང་ཐབས་དང་སྙིང་རྗེ་ཆེན་པོ་ལ་གནས་པས་གནས་པ་དག་ལ་བརྙས་པར་སེམས་ཤིང་། དགོན་པ་ན་གནས་ཀྱང་
དེའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་མ་དག་ཅིང་འདྲེས་པར་གནས་པ་ཉིད་ལ་གནས་པར་འགྱུར་ཏེ་དབེན་པར་གནས་པ་མ་ཡིན་ལ་ཤེས་རབ་དང་ཐབས་དང་སྙིང་རྗེ་ཆེན་པོ་ལ་གནས་པས་གནས་པ་གྲོང་ན་གནས་པ་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པར་སྤྱོད་པ་ཉན་ཐོས་དང་རང་སངས་
རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་དབེན་པར་གྱུར་པ་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་མ་འདྲེས་པ་དེ་དག་ལ། དེས་བརྙས་པས་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་རྣམས་ཐོབ་པར་མི་འགྱུར་ཞིང་དེའི་
དེ་དག་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཐབས་མི་མཁས་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབྲོག་དགོན་པ་དཔག་ཚད་བརྒྱ་བ་གཅན་གཟན་དང་རི་དགས་དང་བྱའི་ཚོགས་མེད་པ་རི་དགས་དང་གཅན་

གཟན་ཕྲ་མོ་དང་གནོད་སྦྱིན་དང་སྲིན་པོ་རྗེས་སུ་རྒྱུ་བ་མེད་པ་ཆོམ་རྐུན་མེད་པའི་དགོན་པ་འཇིགས་པ་མི་བཟད་པ་དང་འཚེ་བ་མེད་པ་དག་ན། ལོ་འམ་ལོ་བརྒྱ་འམ་ལོ་སྟོང་ངམ་ལོ་བྱེ་བ་འམ་ལོ་བྱེ་བ་བརྒྱ་འམ་ལོ་བྱེ་བ་སྟོང་ངམ་ལོ་བྱེ་བ་བརྒྱ་སྟོང་ངམ་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་
ངམ་དེ་བས་ཀྱང་ལྷག་པར་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དབེན་པ་གང་དུ་ལྷག་པའི་བསམ་པས་ཡང་དག་པར་ཞུགས་ཤིང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་གནས་པ་ངས་བསྟན་པའི་དབེན་པ་འདི་མི་ཤེས་ན་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པ་དེ་མི་
ཤེས་པས་དགོན་པ་ལྷུར་བྱེད་ཅིང་གནས་ཏེ་དབེན་པ་དེ་ལ་རྟེན་པ་དང་ཞེན་པ་དང་ཆགས་པ་དང་ལྷག་པར་ཆགས་པ་དང་ལྡན་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་དེ་ཙམ་གྱིས་ངའི་སེམས་མགུ་བར་བྱས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དབེན་
པ་འདིས་གནས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དབེན་པར་ངས་བསྟན་པ་གང་ཡིན་པའི་དབེན་པ་དེ་ལ་མི་སྣང་ངོ་། །དེ་ལྟར་བདུད་སྡིག་ཅན་འོངས་ནས་སྟེང་གི་བར་སྣང་གི་ནམ་མཁའ་ལ་འདུག་སྟེ་དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ལེགས་སོ་ལེགས་སོ། །
དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་བསྟན་པ་ནི་འདི་ཡིན་ཏེ་རིགས་ཀྱི་བུ་ཁྱོད་དབེན་པ་འདི་ཉིད་ཀྱིས་གནས་པར་གྱིས་ཤིག་དང་། དེ་ལྟར་ན་རིགས་ཀྱི་བུ་ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་
རྒྱས་པར་འགྱུར་རོ་ཞེས་སྨྲ་བར་འགྱུར་ཞིང་། དེ་ཡང་དགོན་པའི་དབེན་པ་དེས། གྲོང་གི་ནང་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དེས་པ་དགེ་སློང་ཚངས་པར་སྤྱོད་པ་དང་བཅས་པ་དགེ་བའི་ཆོས་ཅན་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་
དག་དང་མ་འདྲེས་པ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དང་འཚོ་བ་ཡོངས་སུ་དག་པ་དག་ལ། བརྙས་པར་བྱེད་ཅིང་དེ་འདི་སྐད་དུ་ཀྱེ་མ་ཚེ་དང་ལྡན་པ་འདི་དག་ནི་འདྲེས་པར་གནས་པས་གནས་པར་བྱེད་དེ་དབེན་པར་གནས་པ་མ་ཡིན་ནོ། །ཀྱེ་མ་ཚེ་དང་ལྡན་པ་འདི་དག་ནི་ཀུན་ཏུ་

འདྲེས་པར་གནས་པས་གནས་པར་བྱེད་དེ་དབེན་པར་གནས་པས་གནས་པ་མ་ཡིན་ནོ་ཞེས་སྨྲ་བར་འགྱུར་ཞིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པར་གནས་པས་གནས་པ་གང་ཡིན་པ་དེ་དག་ལ་འདྲེས་པར་གནས་པས་རྩོད་པར་བྱེད་ཀུན་ཏུ་འདྲེས་པར་གནས་པས་རྩོད་པར་
བྱེད་པར་འགྱུར་རོ། །གང་འདྲེས་པར་གནས་པས་གནས་པ་དེ་དག་ལ་ནི་དེ་དབེན་པར་གནས་པས་ཀུན་ཏུ་སྤྱོད་པ་ཡིན་ནོ་ཞེས་ཟེར་ཅིང་དེ་ལ་གུས་པ་སྐྱེད་པར་འགྱུར་ལ་གང་ལ་གུས་པ་སྐྱེད་པར་འོས་པ་དེ་ལ་ནི་ང་རྒྱལ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གནས་པ་གང་
གིས་བདག་གནས་པ་འདི་དག་ནི་གནས་པ་ཡིན་ཏེ་བདག་ནི་མི་མ་ཡིན་པ་དག་གིས་བསྐུལ་ཅིང་བདག་ནི་མི་མ་ཡིན་པ་དག་གིས་དྲན་པར་བྱས་པ་ཡིན་ན། གྲོང་གི་ནང་ན་གནས་པ་སུ་ཞིག་ལ་མི་མ་ཡིན་པ་དག་སྐུལ་བར་བྱེད་གྲོང་གི་ནང་ན་གནས་པ་སུ་ཞིག་ལ་མི་མ་ཡིན་པ་དེ་དག་དྲན་པར་བྱེད་པར་འགྱུར་
སྙམ་ནས་དེ་ལྟར་དེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དག་ལ་བརྙས་པར་བྱེད་དེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་གདོལ་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སུན་འབྱིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་གཟུགས་བརྙན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་བཅོས་བུར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སྲེ་དར་རིག་པར་བྱ་སྟེ། དགེ་སྦྱོང་གི་ཆ་བྱད་དུ་བཅོས་པར་ཆོམ་རྐུན་པའོ། །གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱི་ནང་ན་ཆོམ་རྐུན་པའོ། །ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་ཡིན་ཏེ། རབ་འབྱོར་ཡང་གང་ཟག་
དེ་ལྟ་བུའི་རང་བཞིན་ཅན་ནི་བསྙེན་པར་མི་བྱ་གུས་པར་མི་བྱ་བ་སྙེན་བཀུར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ལྟ་བུ་ནི་མངོན་པའི་ང་རྒྱལ་ཅན་དུ་ལྟུང་བར་རིག་པར་བྱ་སྟེ། དེ་ལྟ་བུ་འདིས་ཡང་གཞན་མཐུ་ཆུང་བ་ཐེག་པ་ལ་ཞུགས་ནས་རིང་པོར་མ་ལོན་པ་དག་ལ་སུན་འབྱིན་པར་བྱེད་དེ་གང་
ཟག་དེ་ལྟ་བུ་ནི་རྣམ་པར་མ་དག་པའི་ཆོས་ཅན་དུ་རིག་པར་བྱ་གང་ཟག་དེ་ལྟ་བུ་ནི་སློབ་དཔོན་དང་མི་ལྡན་པར་རིག་པར་བྱའོ། །གང་ཟག་དེ་ལྟ་བུ་ནི་འཕགས་པའི་ཆོས་དང་མི་ལྡན་པར་རིག་པར་བྱའོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་

མ་བཏང་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཏང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མ་བཏང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་
འདོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པ་དེས། གང་ཟག་དེ་ལྟ་བུ་བསྙེན་པར་མི་བྱ་གུས་པར་མི་བྱ་བསྙེན་བཀུར་མི་བྱ་བ་སྟེ། རབ་འབྱོར་འོན་ཀྱང་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མངོན་པར་བརྩོན་པས་བདུད་ཀྱི་ལས་དེ་དག་དང་གཞན་ཡང་ཤེས་པར་བྱ་བའི་ཕྱིར་རྟག་
ཏུ་སེམས་སྐྱོ་བར་བྱའོ། །ལམ་མ་ཐོབ་པའི་སེམས་ཅན་ཐམས་ཅད་ལ་ལམ་ཉེ་བར་བསྟན་པའི་དོན་དུ་ཡིད་མི་སྐྲག་པ་དང་ཁམས་གསུམ་པ་དང་མ་འདྲེས་པར་བྱ་སྟེ། དེར་ཡང་རེ་ཤིག་བྱམས་པའི་ཡིད་དང་སྙིང་རྗེའི་ཡིད་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་དེ་སྙིང་བརྩེ་བ་ཉེ་བར་བཟུང་ནས།
ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་དགའ་བའི་སེམས་དང་། མི་དམིགས་པའི་ཆོས་ཉིད་ཀྱིས་ཆོས་རྣམས་ལ་བཏང་སྙོམས་པས་འདི་ལྟར་ཅི་ནས་བདུད་ཀྱི་ལས་ཀྱི་ཉེས་པ་ཐམས་ཅད་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་གཏན་མི་འབྱུང་མི་སྐྱེ་བ་དེ་ལྟར་
བྱ་ཞིང་གལ་ཏེ་དེ་ལྟ་བུ་བྱུང་ན་ཡང་མྱུར་དུ་སྤང་བ་དེ་ལྟར་བསླབ་བོ་ཞེས་སེམས་བསྐྱེད་པར་བྱ་སྟེ། འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རང་གི་མངོན་པར་ཤེས་པས་ཕ་རོལ་གནོན་པ་ཡིན་པར་རིག་པར་བྱ་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་དབེན་པའི་ཡོན་ཏན་གྱིས་བདུད་ཀྱི་ལས་སུ་རིག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་བདུད་ཀྱི་ལས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅུ་དགུ་པ། དེ་ནས་
ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དང་པོ་ཉིད་དུ་དགེ་

བའི་བཤེས་གཉེན་དག་ལ་བསྙེན་པར་བྱ་གུས་པར་བྱ་བསྙེན་བཀུར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་འཚང་རྒྱ་བར་འཚལ་བས། དང་པོ་ཁོ་ནར་དགེ་བའི་བཤེས་གཉེན་གང་དག་ལ་བསྙེན་པར་བགྱི་བ་དང་གུས་པར་བགྱི་བ་དང་བསྙེན་བཀུར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དེ་དག་གང་ལགས་པར་འཚལ་བར་བགྱི། དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་ཉིད་དང་། ཕྱིར་མི་ལྡོག་པར་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡིན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མཁས་
པ་གང་དག་ཕ་རོལ་ཏུ་ཕྱིན་པ་འདི་དག་ལེགས་པར་འདོམས་ཤིང་རྗེས་སུ་སྟོན་པ་དེ་དག་དང་། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་ཉེ་བར་སྟོན་པ་དེ་དག་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཉིད་ནི་སྟོན་པའོ། །
ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྣང་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྒྲོན་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་འོད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱོབ་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱབས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་གནས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་
དཔུང་གཉེན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་གླིང་ངོ་། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཤེས་པ་དང་རྟོགས་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པའི་དོན་དུ་གནས་པར་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལ་བརྟེན་པ་ཡིན་ཏེ་འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ལའོ། །རབ་འབྱོར་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་སངས་རྒྱས་ནས་ཡོངས་སུ་མྱ་ངན་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལས་སྐྱེས་སོ། །རབ་འབྱོར་མ་འོངས་པའི་དུས་ན་འབྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལས་སྐྱེའོ། །རབ་འབྱོར་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་
དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་
འདས་དེ་དག་གི་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལས་སྐྱེས་སོ། །རབ་འབྱོར་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་
ངའི་ཐམས་ཅད་མཁྱེན་པ་ཡང་རབ་འབྱོར་འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལས་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་ནང་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་འདུས་ཤིང་། ཚངས་པའི་གནས་བཞི་དང་བསྡུ་བའི་དངོས་པོ་བཞི་དང་སངས་
རྒྱས་ཀྱི་ཆོས་ཅི་སྙེད་ཡོད་པ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་དང་རང་བྱུང་གི་ཡེ་ཤེས་དང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་གཞལ་དུ་མེད་པའི་ཡེ་ཤེས་དང་གྲངས་མེད་པའི་ཡེ་ཤེས་དང་མཉམ་པ་མེད་པའི་ཡེ་ཤེས་དང་མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་དག་ཐམས་

ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ན་འདུས་པའི་ཕྱིར་རོ། །རབ་འབྱོར་དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་སྟོན་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ། །ཕ་རོལ་
ཏུ་ཕྱིན་པ་དྲུག་ནི་སྣང་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྒྲོན་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་འོད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱོབ་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱབས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་གནས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་དཔུང་གཉེན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་
ནི་གླིང་ངོ་། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཤེས་པ་དང་རྟོགས་པ་དང་ཐམས་ཅད་མཁྱེན་པ་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་དོན་དུ་གནས་པར་འགྱུར་བའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་ན་ལན་ལྡོན་མི་ནུས་པ་ཐམས་ཅད་ལ་ཡང་དེ་ཕན་འདོགས་པར་འགྱུར་བ་ཡིན་ནོ། །རབ་འབྱོར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་
པར་བྱ་གཟུང་བར་བྱ་བཅང་བར་བྱ་ཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱ་བསྟན་པར་བྱ་ཉེ་བར་བསྟན་པར་བྱ་ལུང་དབོག་པར་བྱ་ཁ་ཏོན་དུ་བྱ་དོན་དང་ཆོས་དང་ཚུལ་གྱིས་ཉེ་བར་ཡོངས་སུ་བརྟག་པར་བྱ་ཉེ་བར་བསམ་པར་བྱ་འདྲི་བར་བྱ་ཡོངས་སུ་འདྲི་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་སྔོན་དུ་འགྲོ་བའོ་འདྲེན་པའོ་རབ་ཏུ་འདྲེན་པའོ་ཡང་དག་པར་སྟོན་པའོ་ཀུན་ཏུ་སྟོན་པའོ་སྐྱེད་པའོ་མ་མའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་མི་སྣང་ཞིང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཡང་ཐོབ་པར་མི་འགྱུར་རོ། །
རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པར་འགྲོ་བར་འདོད་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པ་ལ་གནས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་གྱིས་གསོལ་པ།

བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆགས་པ་མེད་པའི་མཚན་ཉིད་དོ། །རབ་འབྱོར་
གྱིས་གསོལ་བ། བཅོམ་ལྡན་འདས་རྣམ་གྲངས་གང་དང་ཆགས་པ་མ་མཆིས་པའི་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆིས་པར་འགྱུར་བའི་ཆགས་པ་མ་མཆིས་པའི་མཚན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་ཅད་མཆིས་པར་འགྱུར་བའི་རྣམ་གྲངས་མཆིས་སམ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་རྣམ་གྲངས་གང་དང་ཆགས་པ་མེད་པའི་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་འགྱུར་བའི་ཆགས་པ་མེད་པའི་མཚན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཡོད་པར་འགྱུར་བའི་རྣམ་གྲངས་ཡོད་དོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་དབེན་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་སྟེ། རབ་འབྱོར་དེ་ལྟ་བས་ན་ཆགས་པ་མེད་པའི་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་དང་སྟོང་པར་འགྱུར་བའི་ཆགས་པ་མེད་པའི་མཚན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་
ཅད་ནི་དབེན་པ་དང་སྟོང་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབེན་པ་དང་ཆོས་ཐམས་ཅད་སྟོང་པ་ལགས་ན། བཅོམ་ལྡན་འདས་ཅི་ལྟར་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་རབ་ཏུ་ཤེས་པར་འགྱུར་བཅོམ་ལྡན་འདས་ཅི་ལྟར་སེམས་ཅན་
རྣམས་རྣམ་པར་བྱང་བ་རབ་ཏུ་ཤེས་པར་འགྱུར། བཅོམ་ལྡན་འདས་དབེན་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་བཅོམ་ལྡན་འདས་དབེན་པ་ནི་རྣམ་པར་བྱང་བར་མི་འགྱུར་རོ། །བཅོམ་ལྡན་འདས་སྟོང་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་བཅོམ་ལྡན་འདས་སྟོང་པ་ནི་རྣམ་པར་བྱང་བར་
མི་འགྱུར་རོ། །བཅོམ་ལྡན་འདས་དབེན་པ་འམ་སྟོང་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ལ་བཅོམ་ལྡན་འདས་དབེན་པ་དང་སྟོང་པ་ཉིད་ལས་གཞན་ན་ཡང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་

འམ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འམ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་དམིགས་སུ་མ་མཆིས་ན། བཅོམ་ལྡན་འདས་བཤད་པ་འདིའི་དོན་བདག་གིས་ཅི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་བསྟན་དུ་གསོལ། བདེ་བར་གཤེགས་པ་བསྟན་དུ་གསོལ། དེ་
སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་ཅི་སྙམ་དུ་སེམས་སེམས་ཅན་རྣམས་ཡུན་རིང་པོ་ནས་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་སྤྱོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ནོ། །
བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། སེམས་ཅན་རྣམས་ནི་ཡུན་རིང་པོ་ནས་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཅི་ངར་འཛིན་པ་དང་ང་ཡིར་འཛིན་པ་སྟོང་པ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་
འདས་སྟོང་པ་ལགས་སོ། །བདེ་བར་གཤེགས་པ་སྟོང་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་ངར་འཛིན་པ་དང་ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ནོ། །
བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་རབ་ཏུ་ཤེས་སོ། །ཅི་ལྟར་སེམས་ཅན་རྣམས་འཛིན་པ་དང་མངོན་
པར་ཆགས་པ་དེ་ལྟར་ཀུན་ནས་ཉོན་མོངས་པར་འགྱུར་གྱི། འདི་ལ་སུ་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་ནི་མེད་དོ། །རབ་འབྱོར་ཅི་ལྟར་འཛིན་པ་མེད་པ་དང་མངོན་པར་ཆགས་པ་མེད་པ་དེ་ལྟར་ངར་འཛིན་པ་དང་ང་ཡིར་འཛིན་པ་རབ་ཏུ་མི་ཤེས་ཏེ། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་
རྣམ་པར་བྱང་བར་རབ་ཏུ་ཤེས་སོ། །ཅི་ལྟར་སེམས་ཅན་རྣམས་ལ་འཛིན་པ་མེད་ཅིང་མངོན་པར་ཆགས་པ་མེད་པ་དེ་ལྟར་རྣམ་པར་བྱང་བར་འགྱུར་གྱི། འདི་ལ་སུ་ཡང་རྣམ་པར་བྱང་བར་འགྱུར་བ་ནི་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་དབེན་ཞིང་ཆོས་ཐམས་ཅད་སྟོང་པ་ལ་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་རབ་ཏུ་ཤེས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་དབེན་
ཞིང་ཆོས་ཐམས་ཅད་སྟོང་པ་ལ་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་རབ་ཏུ་ཤེས་པ་འདི་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་གཟུགས་ལ་མི་སྤྱོད་དེ། ཚོར་བ་ལ་མ་ལགས་འདུ་ཤེས་ལ་མ་ལགས་འདུ་བྱེད་རྣམས་ལ་མ་ལགས་རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་
པའི་འཇིག་རྟེན་གྱིས་མི་བརྫི་བར་འགྱུར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་ཐམས་ཅད་ཀྱི་སྤྱོད་པ་ཟིལ་གྱིས་གནོན་ཏེ་ཟིལ་གྱིས་མི་ནོན་པའི་གནས་ཀྱང་འཐོབ་བོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་སངས་རྒྱས་ཉིད་དང་དེ་བཞིན་གཤེགས་པ་ཉིད་དང་རང་འབྱུང་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ནི་ཟིལ་གྱིས་མི་ནོན་པ་ལགས་ཏེ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིད་ལ་བགྱིད་པའི་གནས་པ་འདས་ཀྱང་
གནས་ཏེ་ཉིན་མཚན་འདའ་བར་བགྱིད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་
ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་གཟུགས་ལ་མི་སྤྱོད་དེ། དེ་བཞིན་དུ་

ཚོར་བ་ལ་མ་ཡིན་འདུ་ཤེས་ལ་མ་ཡིན་འདུ་བྱེད་རྣམས་ལ་མ་ཡིན་རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དག་གིས་མི་བརྫི་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ལྟར་སྤྱོད་ན་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་ཐམས་ཅད་ཀྱི་སྤྱོད་པ་ཟིལ་གྱིས་གནོན་ཏེ་ཟིལ་གྱིས་མི་ནོན་པའི་གནས་ཀྱང་འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་ཉིད་དང་དེ་བཞིན་གཤེགས་པ་ཉིད་དང་རང་བྱུང་ཉིད་དང་
ཐམས་ཅད་མཁྱེན་པ་ཉིད་ནི་ཟིལ་གྱིས་མི་གནོན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པའི་གནས་པ་འདིས་ཀྱང་གནས་ཏེ་ཉིན་མཚན་འདའ་བར་བྱེད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཡིན་
ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་ཡང་གལ་ཏེ་འཛམ་བུའི་གླིང་ན་སེམས་ཅན་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ་མིའི་ལུས་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་སེམས་བསྐྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཅི་སྲིད་འཚོའི་བར་དུ་གནས་ཤིང་ཅི་སྲིད་འཚོའི་བར་དུ་གནས་ནས་ཅི་སྲིད་འཚོའི་བར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཀུར་སྟིར་བྱེད་བླ་མར་བྱེད་རྗེད་པར་བྱེད་མཆོད་པར་བྱེད་རི་མོར་བྱེད་བསྙེན་བཀུར་བྱེད་
ཅིང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྦྱིན་པ་བྱིན་ལ་སྦྱིན་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན་རབ་འབྱོར་དེ་ཅི་སྙམ་དུ་སེམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་དམ། རབ་འབྱོར་གྱིས་གསོལ་
པ། བཅོམ་ལྡན་འདས་མང་ངོ་བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆུང་ངུ་ན་ཉིན་གཅིག་ཙམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་གནས་ན་རིགས་ཀྱི་བུ་

འམ་རིགས་ཀྱི་བུ་མོ་དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཅི་ལྟ་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་ཉིན་མཚན་དུ་གནས་པ་དེ་ལྟ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་སྦྱིན་
པའི་གནས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བྱམས་པ་དང་ལྡན་པའི་སེམས་དེ་ལྟ་བུ་ནི་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པར་སེམས་ཅན་གཞན་དག་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་
གཤེགས་པ་ནི་གང་ཟག་ཟླ་མེད་པའོ། །རབ་འབྱོར་དེ་བཞིན་གཤེགས་པ་ནི་དཔེ་མེད་པའོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་དང་ལྡན་པའོ། །རབ་འབྱོར་ཅི་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་
དེས་དེ་སྙེད་ཀྱི་བསོད་ནམས་མངོན་པར་བསྒྲུབ་ཅེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཅི་ལྟ་བུ་དང་ལྡན་པར་གྱུར་པས་སེམས་ཅན་ཐམས་ཅད་གསད་པར་བྱ་བར་འགྱུར་བ་ལྟ་བུར་མཐོང་སྟེ། དེས་དེའི་ཚེ་ན་སྙིང་རྗེ་ཆེན་པོ་ཡོངས་སུ་གཟུང་བར་གྱུར་ཅིང་དེས་ལྷའི་
མིག་གིས་བལྟས་པ་དང་སེམས་ཅན་གཞལ་དུ་མེད་བགྲང་དུ་མེད་ཚད་གཟུང་དུ་མེད་པ་དཔག་ཏུ་མེད་པ་རྣམས་མཚམས་མེད་པའི་ལས་རྣམས་དང་ལྡན་པར་གྱུར་པར་མཐོང་ཞིང་། མི་ཁོམ་པར་གྱུར་པ་དང་། རྣམ་པར་ཉམས་པ་དང་ལྟ་བའི་དྲ་བས་ཁེབས་པ་དང་ལམ་མ་རྙེད་པ་དང་མི་ཁོམ་པར་
གྱུར་པ་གཞན་དག་ཀྱང་མཐོང་ལ་དལ་བ་ཆུད་གསོན་པ་དག་མཐོང་ནས། དེའི་དུས་ན་དེ་སྐྱོ་བ་ཆེན་པོ་སྐྱེས་ཏེ་དེས་སེམས་ཅན་དེ་དག་ཐམས་ཅད་ལ་བྱམས་པ་ཆེན་པོ་དེ་དང་སྙིང་རྗེ་ཆེན་པོ་དེས་ཁྱབ་པར་བྱས་ནས། བདག་ནི་སེམས་ཅན་འདི་དག་ཐམས་ཅད་ཀྱི་མགོན་དུ་གྱུར་པར་བྱ་ཞིང་བདག་གིས་སེམས་
ཅན་འདི་དག་ཐམས་ཅད་སྡུག་བསྔལ་ལས་ཐར་བར་བྱའོ་སྙམ་དུ་ཡིད་ལ་བྱས་པར་འགྱུར་བ་དང་། མཚན་མ་དག་གམ་གཞན་དག་ལྷན་ཅིག་མི་གནས་པར་འགྱུར་བའི་ཤེས་རབ་དེ་ལྟ་བུ་དང་ལྡན་པར་འགྱུར་རོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ལ་ཤེས་རབ་ཀྱི་སྣང་བ་ཆེན་པོའོ། །རབ་འབྱོར་འདི་ལྟར་གནས་པས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིག་རྟེན་ཐམས་ཅད་ཀྱི་སྦྱིན་གནས་སུ་ཡོངས་སུ་འཛིན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལས་ཕྱིར་མི་ལྡོག་གོ། །སྦྱིན་པ་པོ་དང་སྦྱིན་པའི་བདག་པོ་གང་དག་གིས་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་ནད་ཀྱི་གསོས་སྨན་དང་ཡོ་བྱད་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སེམས་རབ་ཏུ་ཉེ་བར་བཞག་པས་ཡོངས་སུ་སྤྱོད་ན། སྦྱིན་པ་པོ་དང་སྦྱིན་པའི་བདག་པོ་རྣམས་ཀྱི་
སྦྱིན་པ་དང་ཡོན་རྣམ་པར་སྦྱོང་བས་དེ་དག་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ལོངས་སྤྱོད་པར་འདོད་པ་དང་སེམས་ཅན་ཐམས་ཅད་ལ་ལམ་སྟོན་པར་འདོད་པ་དང་
རྒྱ་ཆེར་སྣང་བར་བྱེད་འདོད་པ་དང་སེམས་ཅན་འཁོར་བ་ན་གནས་པ་རྣམས་འཁོར་བ་ལས་ཐར་བར་བྱེད་འདོད་པ་དང་སེམས་ཅན་ཐམས་ཅད་ཀྱི་མིག་རྣམ་པར་སྦྱོང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་འདིས་གནས་པར་བྱའོ། །གལ་ཏེ་ཡིད་ལ་བྱེད་པ་
འདིས་གནས་པར་འདོད་ན་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཞིག་འདི་དག་ཤེས་པར་བྱ་བར་སེམས་པ་དེ་ཉིད་དེའི་ཡིད་ལ་བྱེད་པར་འགྱུར་ཏེ། དེ་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་ཡིད་
ལ་བྱེད་པའི་སྐབས་དབྱེ་བར་མི་བྱའོ། །ཅི་ལྟར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་ཉིན་མཚན་ཟད་པར་འགྱུར་བ་དེ་ལྟར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་ཤེས་པ་ལ་གནས་པའི་སྐྱེས་བུ་འགའ་ཞིག་གིས་ནོར་བུ་རིན་པོ་ཆེའི་རིགས་ཤེས་
པས་སྔོན་མ་རྙེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཞིག་རྙེད་པར་གྱུར་ལ། དེས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་རྙེད་པས་དགའ་བ་དང་རབ་ཏུ་དགའ་བ་ཆེ་ཞིང་ཡངས་པ་དང་ལྡན་པ་གྱུར་པ་ལས། དེའི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཡང་སྟོར་བ་དང་དེ་དེའི་གཞི་ལས་སྡུག་བསྔལ་བ་དང་ཡིད་མི་

བདེ་བ་ཆེན་པོ་དང་ལྡན་པར་འགྱུར་ཏེ། དེ་འདི་ལྟར་ཀྱེ་མ་བདག་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དང་བྲལ་ལོ་ཞེས་རྟག་ཏུ་རྒྱུན་མི་འཆད་པར་ནོར་བུ་རིན་པོ་ཆེ་ཆེན་པོ་དང་བྲལ་བའི་ཡིད་ལ་བྱེད་པ་འབྱུང་ཞིང་དེ་ལྟར་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་འམ་དེ་མ་ཡིན་པ་གཞན་དེ་དང་ཡོན་ཏན་
འདྲ་ཞིང་རིགས་མཐུན་པ་རྙེད་པར་གྱུར་གྱི་བར་དུ་སྐྱེས་བུ་དེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་མི་བརྗེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནོར་བུ་རིན་པོ་