Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 033_བརྒྱད་སྟོང་པ།

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
ང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་ལ་སྦྱིན་པ་སྦྱིན་པར་བྱེད་ཅིང་རབ་ཏུ་འཇོག་པ་དང་། ཚུལ་ཁྲིམས་ཡོངས་སུ་རྫོགས་པར་བྱེད་པར་གྱུར་པ་དང་། བཟོད་པ་དང་ཡང་ལྡན་པ་དང་བརྩོན་འགྲུས་བརྩམས་པ་དང་བསམ་གཏན་དག་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
རྣམས་ལ་རྣལ་འབྱོར་དུ་བྱེད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དང་། རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་གིས་དེ་ལྟར་ཆོས་ཀྱི་སྦྱིན་པ་བྱིན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་
སྔ་མ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འདི་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་ཡོངས་སུ་བསྔོ་བས་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན་དེ་བས་འདི་བསོད་ནམས་ཆེས་མང་དུ་སྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཆོས་ཀྱི་སྦྱིན་པ་བྱིན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པའི་ཡོངས་སུ་བསྔོ་བས། བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་གང་གིས་ཡོངས་སུ་བསྔོས་ནས་ཀྱང་ནང་དུ་ཡང་དག་འཇོག་ལ་རྣལ་འབྱོར་དུ་མི་བྱེད་པ་དང་། རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་དེ་ལྟར་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལས་གསུངས་པའི་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ལ་ཡོངས་སུ་བསྔོས་ནས་ཀྱང་ཡང་ནང་དུ་ཡང་དག་འཇོག་ལ་རྣལ་འབྱོར་དུ་བྱེད་དེ། ནང་དུ་ཡང་དག་འཇོག་ལ་རྣལ་འབྱོར་དུ་བྱེད་པ་ན་ཡང་ནང་དུ་ཡང་དག་འཇོག་པ་དེ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཆེས་བསོད་ནམས་མང་དུ་སྐྱེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མངོན་པར་
འདུས་བྱས་པ་ནི་རྣམ་པར་རྟོག་པའོ་ཞེས་གསུངས་པ་དེའི་ཚེ་ཅི་ལྟར་ན་བསོད་ནམས་མང་དུ་སྐྱེད་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་དེ་
ཡང་ད་ལྟར་སྟོན་པ་ཁོ་ནར་སྣང་ངོ་། །གསོག་ཉིད་དུ་སྣང་ངོ་། །གསོ་བ་ཉིད་དུ་སྣང་ངོ་། །སྙིང་པོ་མེད་པ་ཉིད་དུ་སྣང་ངོ་། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལྟ་ཅི་ལྟར་འདི་ལྟར་ཆོས་ཐམས་ཅད་ལ་སོ་སོར་རྟོག་པ་དེ་ལྟ་དེ་ལྟར་རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་འགྱུར་རོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལྟ་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་གྱུར་པ་དེ་ལྟ་དེ་ལྟར་བསོད་ནམས་གཞལ་དུ་མེད་གྲངས་མེད་པ་སྐྱེད་དོ། །རབ་འབྱོར་གྱིས་
གསོལ་བ། བཅོམ་ལྡན་འདས་གཞལ་དུ་མ་མཆིས་པ་དང་གྲངས་མ་མཆིས་པ་ལ་ཐ་དད་དུ་བགྱི་བ་ཅི་མཆིས་བྱེ་བྲག་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཞལ་དུ་མེད་པ་ཞེས་བྱ་བ་ནི་གང་ལ་ཚད་མ་མི་འཇུག་པའོ། །རབ་འབྱོར་གྲངས་མེད་པ་

ཞེས་བྱ་བ་ནི་གང་བགྲང་བས་ཟད་པར་མི་ནུས་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གིས་གཟུགས་ཀྱང་གཞལ་དུ་མ་མཆིས་པར་འགྱུར་བའི་རྣམ་གྲངས་མཆིས་སམ། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་བཅོམ་ལྡན་
འདས་གང་གིས་རྣམ་པར་ཤེས་པ་ཡང་གཞལ་དུ་མ་མཆིས་པར་འགྱུར་བའི་རྣམ་གྲངས་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གྱིས་གང་འདི་སྐད་དུ་བཅོམ་ལྡན་འདས་གང་གིས་གཟུགས་ཀྱང་གཞལ་དུ་མེད་པར་འགྱུར་བའི་རྣམ་གྲངས་ཡོད་དམ། དེ་
བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། བཅོམ་ལྡན་འདས་གང་གིས་རྣམ་པར་ཤེས་པ་ཡང་གཞལ་དུ་མེད་པར་འགྱུར་བའི་རྣམ་གྲངས་ཡོད་དམ་ཞེས་སྨྲས་པ་ནི། རབ་འབྱོར་རྣམ་གྲངས་གང་གིས་གཟུགས་ཉིད་གཞལ་དུ་མེད་པར་འགྱུར་བའི་རྣམ་གྲངས་ཡོད་དོ། །
དེ་བཞིན་དུ་ཚོར་བ་ཉིད་དང་འདུ་ཤེས་ཉིད་དང་འདུ་བྱེད་རྣམས་ཉིད་དང་རབ་འབྱོར་རྣམ་གྲངས་གང་གིས་རྣམ་པར་ཤེས་པ་ཉིད་ཀྱང་གཞལ་དུ་མེད་པར་འགྱུར་བའི་རྣམ་གྲངས་ཡོད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་གཞལ་དུ་མ་མཆིས་པ་ཞེས་བགྱི་བ་འདི་གང་གི་ནི་ཚིག་
བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཞལ་དུ་མེད་པ་ཞེས་བྱ་བ་འདི་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །གཞལ་དུ་མེད་པ་ཞེས་བྱ་བ་འདི་ནི་མཚན་མ་མེད་པའི་ཚིག་བླ་དགས་སོ། །རབ་འབྱོར་གཞལ་དུ་མེད་པ་ཞེས་བྱ་བ་འདི་ནི་སྨོན་པ་མེད་པའི་ཚིག་
བླ་དགས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་གཞལ་དུ་མ་མཆིས་པ་ཞེས་བགྱི་བ་འདི་སྟོང་པ་ཉིད་འབའ་ཞིག་གི་ཚིག་བླ་དགས་དང་། བཅོམ་ལྡན་འདས་གཞལ་དུ་མ་མཆིས་པ་ཞེས་བགྱི་བ་འདི་མཚན་མ་མ་མཆིས་པ་ཉིད་དང་སྨོན་པ་མ་མཆིས་པ་ཉིད་འབའ་ཞིག་གི་ཚིག་
བླ་དགས་ལགས་ཏེ་ཆོས་གཞན་དག་གི་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་པས་ཆོས་ཐམས་ཅད་སྟོང་པའོ་ཞེས་མ་བཤད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དོ་

ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་པ་ཉིད་གང་དག་ཡིན་པ་དེ་དག་ནི་མི་ཟད་པ་ཡང་ཡིན་ལ་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཞལ་དུ་མེད་པ་ཡང་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་ཆོས་འདི་དག་ནི་དོན་ལ་བྱེ་བྲག་གམ་ཐ་དད་དུ་བྱ་
བར་མི་དམིགས་ཏེ། རབ་འབྱོར་དེ་དག་ནི་མངོན་པར་བརྗོད་པའོ་ཞེས་དེ་བཞིན་གཤེགས་པས་བསྟན་ཅིང་བརྗོད་དོ། །གཞལ་དུ་མེད་པ་ཞེས་བྱ་བ་འམ་གྲངས་མེད་པ་ཞེས་བྱ་བ་འམ་མི་ཟད་པ་ཞེས་བྱ་བ་འམ་སྟོང་པ་ཞེས་བྱ་བ་འམ་མཚན་མ་མེད་པ་ཞེས་བྱ་བ་འམ་སྨོན་པ་མེད་པ་ཞེས་བྱ་
བའམ་མངོན་པར་འདུ་མི་བྱེད་པ་ཞེས་བྱ་བ་འམ་མི་འབྱུང་བ་ཞེས་བྱ་བ་འམ་མི་སྐྱེ་བ་ཞེས་བྱ་བ་འམ་དངོས་པོ་མེད་པ་ཞེས་བྱ་བ་འམ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་འམ་འགོག་པ་ཞེས་བྱ་བ་འམ་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི། རབ་འབྱོར་བསྟན་པ་མངོན་པར་བསྒྲུབ་པ་བཤད་པར་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་བར་འདི་ཡང་བསྟན་ལ་
ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ཡང་བརྗོད་དུ་མ་མཆིས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་གིས་ཅི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ཀྱང་བརྗོད་དུ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ་རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ཀྱང་བརྗོད་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་བརྗོད་དུ་མི་ནུས་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་
འདས་ཡང་ཅི་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་མ་མཆིས་ཡོངས་སུ་

འགྲིབ་པ་མ་མཆིས་ན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འཕེལ་བ་མ་མཆིས་ཡོངས་སུ་འགྲིབ་པ་ཡང་མ་མཆིས་པར་འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་བཅོམ་ལྡན་འདས་འཕེལ་བ་མ་མཆིས་ཡོངས་སུ་འགྲིབ་པ་ཡང་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་ལ་འཕེལ་བ་མ་མཆིས་ཡོངས་སུ་འགྲིབ་པ་མ་མཆིས་ན། བཅོམ་ལྡན་འདས་ཇི་ལྟར་རྣམ་པར་
མི་འཕེལ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འམ་ཅི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་འགྱུར་བཅོམ་ལྡན་འདས་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་བགྱིས་པར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །རབ་འབྱོར་ཡང་ཕ་
རོལ་ཏུ་ཕྱིན་པའི་དོན་ལ་འཕེལ་བ་འམ་ཡོངས་སུ་འགྲིབ་པ་ཡང་མེད་མོད་ཀྱི། རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམས་པ་ཐབས་མཁས་པ་ནི་འདི་སྙམ་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་
རྣམ་པར་འཕེལ་ལོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོངས་སུ་འགྲིབ་བོ་ཞེས་བྱ་བར་མི་སེམས་ཀྱི། འོན་ཀྱང་དེ་འདི་སྙམ་དུ་འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བསམས་ནས། དེ་སྦྱིན་པ་སྦྱིན་པར་བྱེད་ཅིང་ཡིད་ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་
དང་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཐབས་མཁས་པ་ནི་འདི་སྙམ་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་འཕེལ་ལོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོངས་སུ་འགྲིབ་བོ་ཞེས་མི་སེམས་ཀྱི་འོན་ཀྱང་དེ་འདི་སྙམ་དུ་འདི་ལྟ་སྟེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་
བྱ་བ་འདི་ནི་མིང་ཙམ་མོ་ཞེས་བསམས་ནས་དེ་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་ཤིང་ཡིད་ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅི་ལྟ་བ་དེ་
བཞིན་དུ་ཡོངས་སུ་བསྔོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཐབས་མཁས་པ་ནི་འདི་སྙམ་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་འཕེལ་ལོ། །བཟོད་པའི་ཕ་
རོལ་ཏུ་ཕྱིན་པ་འདི་ནི་ཡོངས་སུ་འགྲིབ་བོ་ཞེས་མི་སེམས་ཀྱི། འོན་ཀྱང་དེ་འདི་སྙམ་དུ་འདི་ལྟ་སྟེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་སྙམ་ནས་དེ་བཟོད་པ་སྒྲུབ་ཅིང་ཡིད་ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཐབས་མཁས་པ་ནི་འདི་སྙམ་དུ་བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་འཕེལ་ལོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོངས་སུ་འགྲིབ་བོ་ཞེས་བྱ་བར་མི་སེམས་ཀྱི། འོན་ཀྱང་དེ་འདི་སྙམ་དུ་འདི་ལྟ་སྟེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བསམས་ནས་དེ་བརྩོན་འགྲུས་རྩོམ་ཞིང་ཡིད་
ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཐབས་མཁས་པ་ནི་འདི་སྙམ་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་འཕེལ་ལོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོངས་སུ་འགྲིབ་བོ་ཞེས་བྱ་བར་མི་སེམས་ཀྱི་འོན་
ཀྱང་དེ་འདི་སྙམ་དུ་འདི་ལྟ་སྟེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བསམས་ནས་དེ་བསམ་གཏན་དག་ལ་ཡང་མཉམ་པར་གཞོག་ལ་ཡིད་ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་
བསྔོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཐབས་མཁས་པ་ནི་འདི་སྙམ་དུ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་འཕེལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོངས་སུ་འགྲིབ་བོ་ཞེས་བྱ་བར་མི་སེམས་ཀྱི། འོན་ཀྱང་དེ་འདི་སྙམ་དུ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་མོ་ཞེས་བསམས་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་ཞིང་ཡིད་ལ་བྱེད་པ་དེ་དག་དང་སེམས་བསྐྱེད་པ་དེ་དག་དང་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ། །དེ་
ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱི་བ་འདི་ཡང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་
བྱ་བ་འདི་ནི་དེ་བཞིན་ཉིད་དོ། །རབ་འབྱོར་དེ་བཞིན་ཉིད་ནི་རྣམ་པར་འཕེལ་བ་འམ་ཡོངས་སུ་འགྲིབ་པ་མེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ལ་བྱེད་པ་དེ་དག་དང་ལྡན་པས་རྒྱུན་མི་འཆད་པར་མང་དུ་གནས་ན་དེ་ལྟར་ན་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་ཉེ་བ་ཡིན་ནོ། །རབ་འབྱོར་དེ་ལྟར་བརྗོད་དུ་མེད་པའི་དོན་ལ་འཕེལ་བར་ཡང་མི་འགྱུར་ཡོངས་སུ་འགྲིབ་པར་ཡང་མི་འགྱུར་རོ། །ཡིད་ལ་བྱེད་པ་དེ་དག་གིས་ཡོངས་སུ་མི་འགྲིབ་པོ། །རབ་འབྱོར་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བར་ཡང་མི་འགྱུར་ཡོངས་སུ་འགྲིབ་པར་ཡང་མི་འགྱུར་རོ། །
རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་ལ་ཡང་འཕེལ་བར་ཡང་མི་འགྱུར་ཡོངས་སུ་འགྲིབ་པར་ཡང་མི་འགྱུར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ལ་བྱེད་པ་དེ་ལྟ་བུ་དག་གིས་གནས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བ་ཡིན་ནོ། །འཕགས་
པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་སྟོང་པ་ཉིད་ཀྱི་ལེའུ་ཞེས་བྱ་སྟེ་བཅྭ་བརྒྱད་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅུ་བདུན་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་ཡང་ཅི་སེམས་བསྐྱེད་པ་དང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་འམ་འོན་ཏེ་སེམས་བསྐྱེད་པ་སླད་མས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། བཅོམ་ལྡན་འདས་སེམས་བསྐྱེད་པ་སྔ་མ་ནི་སེམས་བསྐྱེད་པ་སླད་མ་དང་མི་འགྲོགས་སེམས་བསྐྱེད་པ་སླད་མ་ཡང་སེམས་བསྐྱེད་པ་སྔ་མ་དང་མི་འགྲོགས་ན། བཅོམ་ལྡན་འདས་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་
རྣམས་སོགས་པར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཅི་སྙམ་དུ་སེམས་འབྲུ་མར་གྱི་མར་མེ་འབར་བའི་མེ་ལྕེ་དང་པོ་ཕོག་པས་སྙིང་པོ་དེ་ཚིག་གམ་འོན་ཏེ་མེ་ལྕེ་ཕྱི་མ་ཕོག་པས་སྙིང་པོ་དེ་ཚིག་པར་
འགྱུར། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་མེ་ལྕེ་དང་པོ་ཕོག་པས་སྙིང་པོ་དེ་ཚིག་པ་མ་ལགས་མེ་ལྕེ་དང་པོ་བྱུང་བ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་མི་འཚིག་གོ། །བཅོམ་ལྡན་འདས་མེ་ལྕེ་སླད་མ་ཕོག་པས་ཀྱང་སྙིང་པོ་དེ་དམ་ཚིག་སྟེ་

མེ་ལྕེ་སླད་མ་ཕོག་པ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་མི་འཚིག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་ཅི་སྙིང་པོ་དེ་ཡང་ཚིག་གམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཚིག་ལགས་སོ། །བདེ་བར་གཤེགས་
པ་ཚིག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་སེམས་བསྐྱེད་པ་དང་པོས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སེམས་བསྐྱེད་པ་དང་པོ་ལ་མ་བརྟེན་པར་ཡང་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་འཚང་མི་རྒྱའོ། །སེམས་བསྐྱེད་པ་ཕྱི་མས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སེམས་བསྐྱེད་པ་ཕྱི་མ་ལ་མ་བརྟེན་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་འཚང་མི་རྒྱའོ། །སེམས་བསྐྱེད་པ་དེ་དག་གིས་ཀྱང་མ་ཡིན་སེམས་བསྐྱེད་པ་དེ་དག་ལས་གཞན་པས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ཡང་
རྒྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཟབ་པ་ལགས་ཏེ། བཅོམ་ལྡན་འདས་སེམས་བསྐྱེད་པ་དང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ལ། སེམས་བསྐྱེད་པ་དང་པོ་ལ་མ་བརྟེན་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་བསྐྱེད་པ་སླད་མས་ཀྱང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ལ། སེམས་བསྐྱེད་བསླད་མ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་

བསྐྱེད་པ་དེ་དག་གིས་ཀྱང་མ་ལགས་སེམས་བསྐྱེད་པ་དེ་མ་ལགས་པ་གཞན་ལས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །དེ་སྐད་
ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཅི་སྙམ་དུ་སེམས་ཅི་སེམས་གང་འགགས་པ་དེ་ཕྱིར་འབྱུང་བར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་ཅི་སེམས་གང་འབྱུང་བ་དེ་འགག་པའི་ཆོས་ཅན་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འགག་པའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་
སེམས་ཅི་སེམས་གང་འགག་པའི་ཆོས་ཅན་དེ་འགག་པར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་ཅི་སེམས་གང་མ་བྱུང་བ་དེ་འགག་པའི་ཆོས་ཅན་ཡིན་ནམ། རབ་
འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་ཅི་སེམས་གང་ཞིག་འགོག་པའི་ཆོས་ཅན་མ་ཡིན་པ་དེ་འགག་པར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་
མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་ཅི་སེམས་གང་མི་འབྱུང་མ་འགགས་པའི་ཆོས་ཅན་དེ་འགག་པར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཅི་ཆོས་གང་རང་བཞིན་གྱིས་ངོ་བོ་ཉིད་འགགས་པ་ཉིད་ཀྱི་ཆོས་དེ་འགག་པར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་

སེམས། ཅི་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་འགག་པར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་དེ་བཞིན་ཉིད་ཅི་ལྟ་བ་དེ་ཁོ་ན་བཞིན་
དུ་གནས་པར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཅི་ལྟ་བ་དེ་ཁོ་ན་བཞིན་དུ་གནས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས། གལ་ཏེ་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་ན་ནི་དེའི་ཚེ་
ཐེར་ཟུག་མ་ཡིན་པར་མི་འགྱུར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་དེ་བཞིན་ཉིད་ཟབ་པ་མ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཟབ་པོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་དེ་བཞིན་ཉིད་ལ་སེམས་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་སེམས་དེ་དེ་བཞིན་ཉིད་ཡིན་
ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས་དེ་བཞིན་ཉིད་ལས་གཞན་ན་སེམས་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་
པ་དེ་ཟབ་མོ་ལ་སྤྱོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་དེ་ལྟར་སྤྱོད་པ་དེ་ཅི་ལ་ཡང་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་ལ་ཀུན་ཏུ་སྤྱོད་པ་དེ་དག་མི་འཇུག་ཅིང་ཀུན་ཏུ་སྤྱོད་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ཅི་ལ་སྤྱོད། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་དོན་དམ་པ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གང་དོན་དམ་པ་ལ་སྤྱོད་པ་དེ་མཚན་མ་ལ་སྤྱོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས། ཅི་དེས་མཚན་མ་དེ་རྣམ་པར་མ་བཤིག་གམ། རབ་འབྱོར་གྱིས་
གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མཚན་མ་རྣམ་པར་བཤིག་པར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཅི་ལྟར་བདག་གིས་འདི་ཉིད་དུ་མཚན་མ་སྤངས་པ་ཐོབ་པར་འགྱུར་སྙམ་དུ་མི་སྦྱོར་ཏེ། གལ་ཏེ་ཐོབ་པར་འགྱུར་ན་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མ་རྫོགས་པས་ན་ཉན་ཐོས་སུ་འགྱུར་རོ། །
བཅོམ་ལྡན་འདས་མཚན་ཉིད་གང་ལགས་དང་མཚན་མ་གང་ལགས་པའི་མཚན་མ་དེ་ཡང་འཚལ་ལ་མཚན་མ་དེ་མེད་པ་ལ་ཡང་ཡོངས་སུ་འདྲིས་པར་བགྱིད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་
ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་གསུམ་རྨི་ལམ་ན་སྒོམ་ན་ཅི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་བར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་
པ་ཤཱ་རིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན་ནི་རྨི་ལམ་ན་ཡང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་རྨི་ལམ་དང་ཉིན་པར་ནི་རྣམ་པར་མི་རྟོག་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྙེད་པ་དེ་ཉིན་གཅིག་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་རྨི་ལམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་འགྱུར་རོ། །ཤཱ་རིའི་
བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཡང་སྐྱེས་པ་འམ་བུད་མེད་གང་རྨི་ལམ་ན་དགེ་བའམ་མི་དགེ་བའི་ལས་ཤིག་བྱེད་ན་ཅི་དེའི་ལས་སོགས་པ་འམ་ཉེ་བར་སོགས་པར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཅི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་ཞེས་
གསུངས་པ་དེ་ལྟར་ན་ལས་དེ་སོགས་པའམ་ཉེ་བར་སོགས་པར་མི་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་སྟེ་ཡང་སྐྱེས་བུ་དེ་སད་ནས་རྣམ་པར་རྟོག་ཅིང་གསད་པར་འདུ་ཤེས་བསྐྱེད་ན་ལས་དེ་སོགས་པའམ་ཉེ་བར་སོགས་པར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ལྟར་རྨི་ལམ་ན་སྲོག་གཅོད་
པ་བྱས་ནས་རྣམ་པར་རྟོག་ཅིང་གསད་པར་འདུ་ཤེས་བསྐྱེད་ནས་གལ་ཏེ་སད་ནས་ཀྱང་འདི་ལྟར་རྣམ་པར་རྟོག་སྟེ། ཨ་ལ་ལ་བསད་དོ་ལེགས་པར་བསད་དོ་ཤིན་ཏུ་བསད་དོ་ངས་བསད་དོ་སྙམ་དུ་གང་དེ་ལྟར་རྟོག་ཅིང་བསོད་པར་འདུ་ཤེས་བསྐྱེད་ན་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་དེ་སོགས་པའམ་ཉེ་བར་
སོགས་པར་འགྱུར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་སྐྱེས་བུ་དེ་སད་ནས་ཀྱང་འདི་ལྟར་རྣམ་པར་རྟོག་ཅིང་། གསད་པའི་འདུ་ཤེས་བསྐྱེད་དེ་ཨ་ལ་ལ་བསད་དོ་ལེགས་པར་བསད་དོ་ཤིན་ཏུ་བསད་དོ་ངས་བསད་དོ་སྙམ་དུ་རྣམ་པར་རྟོག་ཅིང་གསོད་པར་འདུ་ཤེས་བསྐྱེད་ན་
དེ་བཞིན་དུ་ལས་དེ་སོགས་པ་འམ་ཉེ་བར་སོགས་པར་འགྱུར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཟད་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པ་བསྐྱེད་པར་མཛད་པས་དེའི་ཡང་ལས་དེ་སོགས་པ་འམ་ཉེ་བར་སོགས་པར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་མ་ཡིན་ནོ། །དེ་
ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། འདི་ལྟ་སྟེ་ནམ་མཁའ་ལྟ་བུ་ཉིད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་དམིགས་པ་མེད་པར་ལས་མི་སྐྱེ་དམིགས་པ་མེད་པར་སེམས་མི་སྐྱེ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟ་བས་ན་

ལས་ནི་དམིགས་པ་དང་བཅས་པ་ཉིད་དུ་སྐྱེའི་དམིགས་པ་མེད་པར་མ་ཡིན་ནོ། །སེམས་ནི་དམིགས་པ་དང་བཅས་པ་ཉིད་དུ་སྐྱེའི་དམིགས་པ་མེད་པར་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མཐོང་བ་དང་ཐོས་པ་དང་རྟོགས་པ་དང་རྣམ་པར་ཤེས་པའི་ཆོས་རྣམས་ལ་བློ་འཇུག་སྟེ་དེ་ལ་བློ་ལ་ལ་ནི་
ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་བློ་ལ་ལ་ནི་རྣམ་པར་བྱང་བ་ཡོངས་སུ་འཛིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟ་བས་ན་སེམས་པ་ནི་དམིགས་པ་དང་བཅས་པར་སྐྱེའི་དམིགས་པ་མེད་པར་མ་ཡིན་ནོ། །སེམས་ནི་དམིགས་པ་དང་བཅས་པར་སྐྱེའི་དམིགས་པ་མེད་པར་མ་ཡིན་ནོ། །
ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་གི་ཚེ་དམིགས་པ་ཐམས་ཅད་དབེན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། ཚེ་དང་ལྡན་པ་རབ་འབྱོར་དེའི་ཚེ་ཅིའི་ཕྱིར་སེམས་པ་དམིགས་པ་དང་བཅས་པར་སྐྱེའི་དམིགས་པ་མེད་པར་མི་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་
དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ནས་དམིགས་པ་རྣམས་མེད་པ་ཉིད་ལ་དམིགས་པར་བྱས་ནས་དམིགས་པ་དང་བཅས་པར་སེམས་པ་སྐྱེའི་དམིགས་པ་མེད་པར་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་པ་ནི་དབེན་པ་སྟེ་མཚན་མ་ཡང་དབེན་པའོ། །དེ་བཞིན་དུ་མ་རིག་པའི་རྐྱེན་
གྱིས་འདུ་བྱེད་རྣམས་ཀྱང་དབེན་པའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡང་དབེན་པའོ་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཡང་ཞེས་བྱ་བའི་བར་དུ་ཡང་དབེན་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་དམིགས་པ་དེ་དག་ཐམས་ཅད་ནི་དབེན་པའོ། །སེམས་པ་ཡང་མཚན་
མས་དབེན་པ་སྟེ་འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་དམིགས་པ་དང་བཅས་པའི་སེམས་སྐྱེའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་རྨི་ལམ་ན་སྦྱིན་པ་སྦྱིན་པར་བྱེད་ཅིང་སྦྱིན་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན་ཅི་དེའི་ཚེ་སྦྱིན་པ་དེ་ཡོངས་སུ་བསྔོས་པ་ཞེས་བྱ་འམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་མངོན་དུ་འདུག་ན། འདི་ནི་བར་དུ་མ་ཆོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་དེ་བཞིན་གཤེགས་པས་ལུང་བསྟན་ཏེ་དོན་འདི་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཡིན་གྱིས་འདི་ལ་དྲིས་ཤིག་དང་འདིས་དོན་འདིའི་ལན་ལྡོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །
ཚེ་དང་ལྡན་པ་བྱམས་པ་གནས་བརྟན་རབ་འབྱོར་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་དོན་འདིའི་ལན་ལྡོན་ནོ་ཞེས་ཟེར་ན་ཚེ་དང་ལྡན་པ་མ་ཕམ་པ་དོན་འདིའི་ལན་ལོན་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་རབ་འབྱོར་ལ་
འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་དོན་འདིའི་ལན་ལྡོན་ནོ་ཞེས་ཟེར་ན་ཚེ་དང་ལྡན་པ་རབ་འབྱོར་ཅི་བྱམས་པ་ཞེས་བྱ་བའི་མིང་གང་ཡིན་པ་དེ་དོན་འདིའི་ལན་ལྡོན་ཏམ། དེ་སྟེ་གཟུགས་ལན་ལྡོན་ཏམ། དེ་
སྟེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལན་ལྡོན་ཏམ། དེ་སྟེ་ཁ་དོག་ལན་ལྡོན་ཏམ། དེ་སྟེ་དབྱིབས་ལན་ལྡོན་ཏམ། དེ་སྟེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་ལྡོན་ཏམ། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་སྟོང་པ་
ཉིད་གང་ཡིན་པ་དེ་ལན་ལྡོན། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེས་ནི་ལན་ལྡོན་མི་ནུས་སོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། ཚེ་དང་ལྡན་པ་རབ་འབྱོར་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེས་ནི་ལན་ལྡོན་མི་ནུས་སོ། །ཚེ་
དང་ལྡན་པ་རབ་འབྱོར་ཆོས་གང་ལན་ལྡོན་པར་བྱེད་པའི་ཆོས་དེ་ཡང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཆོས་གང་ལ་ལན་གླན་བར་བྱ་བའི་ཆོས་དེ་ཡང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཆོས་གང་གིས་ལན་གླན་པར་བྱ་བའི་ཆོས་དེ་ཡང་བདག་གིས་ཡང་
དག་པར་རྗེས་སུ་མ་མཐོང་ངོ་། །ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས་དེ་ཡང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །

ཚེ་དང་ལྡན་པ་བྱམས་པ་ཆོས་འདི་དག་གང་ཅི་ལྟར་ཚིག་གིས་བསྟན་པ་དེ་བཞིན་དུ་ཁྱོད་ཀྱིས་མངོན་སུམ་དུ་བྱས་སམ། བྱམས་པས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་འདི་དག་ཅི་ལྟར་ཚིག་གིས་བསྟན་པ་དེ་བཞིན་དུ་བདག་གིས་མངོན་སུམ་དུ་མ་བྱས་ཏེ། ཚེ་དང་ལྡན་པ་
ཤཱ་རིའི་བུ་ཅི་ལྟར་ཚིག་གིས་བརྗོད་པ་འམ་སེམས་ཀྱིས་བསམས་པའི་ཆོས་དེ་དག་ཀྱང་དེ་ལྟར་བདག་གིས་མི་ཤེས་མི་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུ་འོན་ཀྱང་ཅི་ལྟར་ལུས་ཀྱིས་རེག་ཏུ་མེད་པ་དང་ཚིག་གིས་བརྗོད་དུ་མེད་པ་དང་ཡིད་ཀྱིས་བསམ་དུ་
མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར་རང་བཞིན་མེད་པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་ཨེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་ཤེས་རབ་ཟབ་སྟེ། ཅི་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོར་སྤྱད་པ་ལྟར་སྟོན་
ཏོ་སྙམ་དུ་སེམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཅིའི་ཕྱིར་འདི་སྙམ་དུ་ཨེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་ཤེས་རབ་ཟབ་བོ་སྙམ་དུ་སེམས། ཤཱ་རིའི་བུ་ཁྱོད་ཆོས་གང་དང་ལྡན་པས་དགྲ་
བཅོམ་པ་ཞེས་རབ་ཏུ་དབྱེ་བའི་ཆོས་དེ་ཡང་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་ཆོས་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཆོས་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །ཆོས་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །ཆོས་འདི་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་དུ་མི་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་སྤྱོད་པ་ན་མི་དངང་ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པ་དང་ལྡན་པར་

མི་འགྱུར་རོ། །སྟོབས་བསྐྱེད་པ་རྙེད་པའི་ཕྱིར་ང་མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་འགྱུར་སྙམ་དུ་དེ་ལྟར་དེ་རྣལ་འབྱོར་དུ་བྱེད་དེ་གལ་ཏེ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
གཅན་གཟན་གྱི་དགོན་པའི་ནང་དུ་སོང་ན་དངང་བར་མི་བྱ་ཀུན་ཏུ་སྐྲག་པར་མི་བྱ་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་ཡོངས་སུ་བཏང་བ་ཡིན་ནོ། །དེས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ་གལ་ཏེ་བདག་
གཅན་གཟན་གྱིས་ཟོས་ན་དེ་དག་ལ་འདི་ལྟར་སྦྱིན་པ་དེ་བྱིན་པར་གྱུར་པ་དང་བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ཉེ་བར་འགྱུར་གྱིས་ཅི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་སེམས་ཅན་དེ་དག་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་ཤེས་པར་མི་འགྱུར་ཏེ་ལྷའི་ཉེ་བར་ལོངས་སྤྱད་པ་དང་ཡོངས་སུ་ལོངས་སྤྱོད་པ་དང་ལྡན་
པར་འགྱུར་བ་དེ་ལྟར་བྱའོ་སྙམ་མོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོམ་རྐུན་གྱི་དགོན་པའི་ནང་དུ་སོང་ན་དངང་བར་མི་བྱ་ཀུན་ཏུ་སྐྲག་པར་མི་བྱ་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་དགེ་བའི་རྩ་བ་ལ་མངོན་པར་དགའ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཀྱང་རབ་ཏུ་བོར་ཞིང་ཡོ་བྱད་དང་ཉེ་བར་མཁོ་བ་ཐམས་ཅད་ཡོངས་སུ་གཏང་བར་བྱ་དགོས་པའི་ཕྱིར་རོ། །དེས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ་
གལ་ཏེ་བདག་གི་ཡོ་བྱད་དང་ཉེ་བར་མཁོ་བ་ཐམས་ཅད་ཕྲོགས་ན་སེམས་ཅན་དེ་དག་ལ་སྦྱིན་པ་དེ་དག་བྱིན་པར་གྱུར་ཅིག །གལ་ཏེ་འགའ་ཞིག་གིས་བདག་གི་སྲོག་གཅོད་ན་ནི་བདག་གིས་དེ་ལ་གནོད་སེམས་དང་ཁྲོ་བ་དང་ཞེ་སྡང་བསྐྱེད་པར་མི་བྱ་སྟེ་དེ་དག་ལ་ཡང་བདག་གིས་ལུས་དང་ངག་དང་

ཡིད་ཀྱིས་གནོད་པར་མི་བྱའོ། །དེ་ལྟར་ན་དེའི་ཚེ་བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་པས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་འགྱུར་རོ། །ཅི་ལྟར་བདག་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཆོམ་རྐུན་གྱི་དགོན་པ་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་འབྱུང་བར་འགྱུར་ཞིང་ཤེས་པར་མི་འགྱུར་བ་དེ་ལྟར་བྱ་ཞིང་དེ་ལྟར་བསྒྲུབ་བོ། །ཅི་ལྟར་བདག་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་ཉེས་པ་དེ་དག་དང་གཞན་དག་ཀྱང་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་ཤེས་པ་དེ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་འབད་དོ་སྙམ་མོ། །
ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུས་དགོན་པར་འགྱུར་བའི་ནང་དུ་སོང་ན་དངང་བར་མི་བྱ་ཀུན་ཏུ་སྐྲག་པར་མི་བྱ་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་དངང་ཀུན་ཏུ་མི་སྐྲག་
པའི་ཆོས་ཅན་ཡིན་ནོ། །དེས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྲེད་པ་ཐམས་ཅད་གཅད་པའི་ཕྱིར་བསླབ་པར་བྱའོ། །གལ་ཏེ་བདག་སྐོམ་པས་འཆི་བའི་དུས་བྱེད་པར་གྱུར་ན་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་སྙམ་དུ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དངང་བར་མི་བྱ་ཀུན་ཏུ་སྐྲག་པར་མི་བྱ་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བྱའོ། །འོན་ཀྱང་ཀྱེ་མ་སེམས་ཅན་འདི་དག་ནི་བསོད་ནམས་ཆུང་བ་སྟེ། འདི་ལྟར་འཇིག་རྟེན་འདི་ན་ཆུས་དགོན་པར་གྱུར་པ་འདི་ལྟ་བུ་དག་སྣང་ངོ་སྙམ་དུ་སེམས་ཅན་ཐམས་ཅད་ཀྱི་
ཐད་དུ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དོ། །ཅི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཆུས་དགོན་པར་གྱུར་པ་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་ཤེས་པ་དེ་ལྟར་བདག་

གིས་བྱའོ། །ཅི་ལྟར་སེམས་ཅན་ཐམས་ཅད་ཡན་ལག་བརྒྱད་དང་ལྡན་པའི་ཆུ་རྙེད་པར་འགྱུར་པ་དེ་ལྟར་བསོད་ནམས་ལ་གཟུང་བར་བྱའོ། །ཅི་ལྟར་དེའི་ཚེ་བདག་གི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་སེམས་ཅན་ཐམས་
ཅད་ཀྱི་ཕྱིར་བརྩོན་འགྲུས་བརྟན་པར་བརྩམ་པར་བྱའོ་སྙམ་མོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཀྲེས་པའི་དགོན་པའི་ནང་དུ་སོང་ན་དངང་བར་མི་བྱ་ཀུན་ཏུ་སྐྲག་པར་མི་བྱ་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བྱ་སྟེ། དེས་འདི་ལྟར་གོ་ཆ་བགོ་བར་བྱའོ། །
ཅི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་བཀྲེས་པའི་དགོན་པ་འདི་ལྟ་བུ་དག་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་ཤེས་པ་དང་སེམས་ཅན་དེ་དག་ཐམས་ཅད་སྐྱིད་པ་
དང་བདེ་བ་དང་ལྡན་པ་དང་བདེ་བ་ཐམས་ཅད་དང་ཕྲད་པར་འགྱུར་བ་དེ་ལྟར་བརྩོན་འགྲུས་བརྟན་པར་བརྩམ་མོ། །དེ་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱའོ། །ཅི་ལྟར་སེམས་ཅན་དེ་དག་གི་བསམ་པ་གང་དང་གང་ཡིན་པ་དང་གང་དང་གང་ཉིད་ཡིད་ཀྱིས་བསམས་པ་དེ་དང་
དེ་ཉིད་འགྲུབ་པར་འགྱུར་བ་དེ་ལྟར་བྱ་སྟེ། འདི་ལྟ་སྟེ་དཔེར་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཡིད་ཀྱིས་བསམས་པ་ཙམ་གྱིས་ཐམས་ཅད་འབྱུང་བར་འགྱུར་བ་དེ་བཞིན་དུ་སེམས་ཅན་དེ་རྣམས་ཀྱི་ཡིད་ཀྱིས་བསམས་པ་ཙམ་གྱིས་དེ་དག་ཐམས་ཅད་འགྲུབ་པར་འགྱུར་བ་དང་ཡིད་ལ་བསམས་པ་
ཐམས་ཅད་འབྱུང་བར་བྱའོ། །ཅི་ལྟར་དུས་དེའི་ཚེ་བདག་གི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རང་གི་སེམས་ཡོངས་སུ་དག་པ་ལ་འབད་པར་བྱའོ་སྙམ་པས། ཅི་ལྟར་སེམས་ཅན་དེ་དག་གི་ཆོས་ཀྱི་བསམ་པ་ཡོངས་སུ་
རྫོགས་པར་འགྱུར་བ་དང་སེམས་ཅན་ཐམས་ཅད་ཀྱི་འཚོ་བའི་ཡོ་བྱད་ཐམས་ཅད་དུས་ཐམས་ཅད་དུ་རྣམ་པ་ཐམས་ཅད་མ་ཚང་བར་མི་འགྱུར་བ་དེ་ལྟར་བརྩོན་འགྲུས་བརྟན་པར་བརྩམ་མོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནད་ཀྱི་དགོན་པར་གྱུར་པའི་ནང་དུ་སོང་

ན་དངང་བར་མི་བྱ་ཀུན་ཏུ་སྐྲག་པར་མི་བྱ་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བྱ་སྟེ། དེས་འདི་ལྟར་ཉེ་བར་བརྟག་པར་བྱ་བསམ་པར་བྱ་གཞལ་བར་བྱ་སྟེ་འདི་ལ་ཆོས་འགའ་ཞིག་ན་བར་བྱེད་པ་ཡང་མེད་ཆོས་འགའ་ཞིག་ན་བ་ཞེས་བྱ་བ་ཡང་མེད་དོ་ཞེས་དེས་སྟོང་པ་ཉིད་དུ་བརྟག་པར་བྱ་སྟེ་དངང་
བར་མི་བྱ་ཀུན་ཏུ་སྐྲག་པར་མི་བྱ་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་འདི་ལྟར་བསྐྱེད་པར་མི་བྱ་སྟེ་ཡུན་རིང་མོ་ཞིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་
འགྱུར་རོ་སྙམ་དུ་དེ་ལྟར་སེམས་བསྐྱེད་པར་མི་བྱ་ཞིང་དངང་བར་མི་བྱ་ཀུན་ཏུ་སྐྲག་པར་མི་བྱ་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་སྐད་ཅིག་འདི་ཙམ་པ་གང་ཡིན་པ་དེ་ནི་སྔོན་མེད་པའི་མཐའ་མ་སྟེ་འདི་ལྟ་སྟེ་མཐའ་མེད་པའོ། །ཤཱ་རིའི་བུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེས་འདི་ལྟར་དཀའ་བའི་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། སྔོན་མེད་པའི་མཐའ་མ་འདི་ནི་མང་ཞིང་ཡུན་རིང་བའོ་སྔོན་མེད་པའི་མཐའ་མ་འདི་ནི་སེམས་ཀྱི་སྐད་ཅིག་མ་གཅིག་དང་ལྡན་པ་སྟེ་འདི་ལྟ་སྟེ་མཐའ་མེད་པའོ་སྙམ་མོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཡུན་རིང་མོ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་དངང་བར་མི་བྱ་ཀུན་ཏུ་སྐྲག་པར་མི་བྱ་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
གང་འཇིགས་པ་མི་བཟད་པ་འདི་དག་དང་གཞན་དག་མཐོང་ཞིང་ཐོས་པ་དང་རྟོགས་པ་དང་རྣམ་པར་ཤེས་པ་དག་ལ་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་ན། ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་འཚང་རྒྱ་བའི་སྐལ་པ་ཡོད་པར་ཤེས་པར་བྱའོ། །ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་ཆེན་པོ་བགོ་བགོས་ཏེ། ཅི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་སེམས་

ཅན་ཐམས་ཅད་ཀྱི་ནད་རྣམས་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་འབྱུང་བ་དང་མི་ཤེས་པར་འགྱུར་བ་དེ་ལྟར་བྱ་ཞིང་དེ་ལྟར་བརྩོན་འགྲུས་བརྟན་པ་བརྩམ་པར་བྱའོ། །ཅི་ལྟར་དེ་བཞིན་གཤེགས་པས་གསུངས་པ་སྨྲ་བར་འགྱུར་བ་དང་ཅི་ལྟར་
གསུངས་པ་བཞིན་བྱེད་པར་འགྱུར་བ་དེ་ལྟར་བྱ་ཞིང་ཅི་ལྟར་དུས་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བདག་ལ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡོངས་སུ་འདྲིས་པར་བྱའོ། །དེ་ནས་འཁོར་དེར་གང་གཱའི་ལྷ་མོ་ཞེས་
བྱ་བའི་བུད་མེད་ཅིག་འདུས་པར་གྱུར་ཏེ་འདུག་པ་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་བདག་ནི་གནས་འདི་ལ་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་བགྱིད་དེ། མི་དངང་ཀུན་ཏུ་མི་སྐྲག་པར་སེམས་ཅན་ཐམས་ཅད་ལ་ཆོས་བསྟན་པར་བགྱིའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་གསེར་གྱི་ཁ་དོག་ལྟ་བུ་མཛད་དེ། འོད་དེས་འཇིག་
རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་སྟེ་སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་མ་ཐག་ཏུ་དེ་
ནས་བུད་མེད་དེས་གསེར་གྱི་མེ་ཏོག་དག་བླངས་ཏེ། གསེར་གྱི་མེ་ཏོག་གིས་བཅོམ་ལྡན་འདས་ལ་གཏོར་ཅིང་མངོན་པར་གཏོར་ལ་མངོན་པར་རབ་ཏུ་གཏོར་ཏོ། །དེ་ནས་གསེར་གྱི་མེ་ཏོག་དེ་དག་ཆགས་པ་མེད་པར་བར་སྣང་གི་ནམ་མཁའ་ལ་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་
ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པར་མི་མཛད་ན་འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་
ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་སྲིང་མོ་གང་གཱའི་ལྷ་མོ་འདི་མ་འོངས་པའི་དུས་ན་གསེར་གྱི་མེ་ཏོག་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་
གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། བསྐལ་པ་སྐར་མ་ལྟ་བུ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀུན་དགའ་བོ་སྲིང་མོ་
གང་གཱའི་ལྷ་མོ་འདི་ནི་བུད་མེད་ཀྱི་ལུས་བསྒྱུར་ཏེ་སྐྱེས་པའི་ལུས་ཐོབ་ནས། འདི་ནས་ཤི་འཕོས་ནས་མི་བསྐྱོད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །
དེར་སྐྱེས་ནས་ཀྱང་མི་བསྐྱོད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་དུ་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ། །དེ་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་དག་བལྟ་བ་དང་མ་བྲལ་བར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་
འགྱུར་རོ། །དེ་ནས་ཀྱང་གང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མ་བྲལ་བའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ་དེ་དང་དེ་དག་ཏུ་འགྲོ་བར་འགྱུར་རོ། །ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁང་བཟང་ནས་ཁང་བཟང་དུ་འགྲོ་བ་
དང་། དེ་ནམ་འཚོའི་བར་དུ་རྐང་པའི་མཐིལ་གྱིས་ས་ལ་མི་རེག་པར་འགྲོ་སྟེ་འཆི་ཀའི་བར་དུ་ཡང་རྐང་པའི་མཐིལ་ས་ལ་མ་རེག་པར་འཆི་བའི་དུས་བྱེད་པ་དེ་བཞིན་དུ་ཀུན་དགའ་བོ་སྲིང་མོ་གང་གཱའི་ལྷ་མོ་འདི་ཡང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། དེ་

ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ་མི་བསྐྱོད་པ་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཁོད་པ་དེ་དག་ནི་དེ་བཞིན་གཤེགས་པ་འདུས་པ་ཉིད་དུ་རིག་པར་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཀྱི་རྟོག་པ་
ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདམ་ལས་རྒལ་བ་ཡིན་ཏེ་མི་བསྐྱོད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་ན་ཚངས་པར་སྤྱད་པ་སྤྱོད་དོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བྱང་ཆུབ་ཡོངས་སུ་འགྲུབ་པ་ལ་ཉེ་བར་སོན་པར་རིག་པར་བྱའོ། །ཀུན་དགའ་བོ་ཡང་གསེར་གྱི་མེ་ཏོག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ཚད་ཡོད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་དག་ལ་ཚད་མ་མེད་པའི་ཉན་ཐོས་དེ་སྙེད་དག་དེར་འབྱུང་བར་འགྱུར་ཏེ་འོན་ཀྱང་གཞལ་དུ་མེད་པ་དང་བགྲང་དུ་མེད་པ་ཞེས་བྱ་བ་དེ་ལྟ་བུའི་གྲངས་སུ་
འགྲོ་བར་འགྱུར་རོ། །ཀུན་དགའ་བོ་ཡང་དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཞིང་དེར་གཅན་གཟན་གྱི་དགོན་པ་མི་འབྱུང་ཆོམ་རྐུན་གྱི་དགོན་པ་མི་འབྱུང་ཆུའི་དགོན་པ་མི་འབྱུང་མུ་གེའི་དགོན་པ་མི་འབྱུང་ནད་ཀྱི་དགོན་པ་མི་འབྱུང་སྟེ། ཀུན་དགའ་བོ་མ་ལེགས་པར་འགྱུར་བའི་དགོན་པ་
དེ་དག་དང་མ་ལེགས་པ་གཞན་དག་ཀྱང་སངས་རྒྱས་ཀྱི་ཞིང་དེར་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་ཤེས་པར་འགྱུར་རོ། །ཀུན་དགའ་བོ་ཡང་གསེར་གྱི་མེ་ཏོག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། འཇིགས་པ་མི་བཟད་པའི་དགོན་པ་འདི་ལྟ་བུའི་ངོ་བོ་དག་དེའི་ཚེ་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་ཤེས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་
སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྲིང་མོ་གང་གཱའི་ལྷ་མོ་འདིས་དེ་བཞིན་གཤེགས་པ་གང་གི་དྲུང་དུ་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་
བསྐྱེད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་སྲིང་མོ་གང་གཱའི་ལྷ་མོ་འདིས་ནི་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
ཀྱི་དྲུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དང་པོ་སེམས་བསྐྱེད་པའི་དགེ་བའི་རྩ་བ་བསྐྱེད་དོ། །དེ་ཡང་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཡིད་
ཀྱིས་གསེར་གྱི་མེ་ཏོག་གིས་གཏོར་ནས་ཡོངས་སུ་བསྔོས་ཏེ། ངས་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གང་གི་ཚེ་ཨུད་པ་ལ་ལྔས་གཏོར་ཅིང་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཐོབ་བོ། །དེ་ནས་མར་མེ་མཛད་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་
པ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། དེའི་ཚེ་སྲིང་མོ་འདིས་ང་ལུང་བསྟན་པ་ཐོས་ནས་ཀྱེ་མ་མ་ལ་བྲམ་ཟེའི་ཁྱེའུ་འདི་ཅི་ལྟར་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་བཞིན་དུ་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ན་ཅི་མ་རུང་སྙམ་དུ་སེམས་སྐྱེས་སོ། །ཀུན་དགའ་བོ་དེ་ལྟར་སྲིང་མོ་འདིས་མར་མེ་མཛད་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དང་པོ་སེམས་བསྐྱེད་པའི་དགེ་བའི་རྩ་བ་བསྐྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་ཨེ་མ་སྲིང་མོ་གང་གཱའི་ལྷ་མོ་འདི་ནི་ཡོངས་སུ་སྦྱང་བ་བགྱིས་ཤིང་མཐར་ཕྱིན་པར་བགྱིས་པ་ལགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་
ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་དེ་བཞིན་ནོ་ཀུན་དགའ་བོ་དེ་དེ་བཞིན་ཏེ། ཅི་ལྟར་སྨྲས་པ་བཞིན་ནོ། །ཨེ་མའོ་སྲིང་མོ་གང་གཱའི་ལྷ་མོ་འདི་ནི་ཡོངས་སུ་སྦྱང་བ་བྱས་ཤིང་མཐར་ཕྱིན་པར་བྱས་པ་ཡིན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ལུང་བསྟན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་སྲིང་མོ་གང་གཱའི་ལྷ་མོའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཅི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི་ཅི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་སྟོང་པའོ་སྙམ་དུ་སོ་སོར་བརྟག་པར་བྱ་སྟེ། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་སྟོང་པའོ་ཞེས་སོ་སོར་བརྟག་པར་བྱའོ། །ཅི་ལྟར་སོ་སོར་རྟོག་པ་ན་ཆོས་ཉིད་དེ་ལ་

ཆོས་ཉིད་ཀྱིས་རང་བཞིན་ཡོད་པ་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་མི་གཡེང་བའི་སེམས་ཀྱི་རྒྱུད་ཀྱིས་སོ་སོར་བརྟག་པར་བྱ་སྟེ་ཆོས་ཉིད་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་བས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་
དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་མངོན་སུམ་དུ་མི་བྱའོ་ཞེས་གསུངས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཏིང་ངེ་འཛིན་དེ་ལ་གནས་ན་ཅི་ལྟར་སྟོང་པ་ཉིད་མངོན་སུམ་དུ་མི་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་རྟོག་མོད་ཀྱི་མངོན་སུམ་དུ་
བྱའོ་སྙམ་དུ་ཡང་མི་རྟོག་ལ་མངོན་སུམ་དུ་བྱ་བ་ཡིན་ནོ་སྙམ་དུ་ཡང་མི་རྟོག་གི་ཡོངས་སུ་འདྲིས་པར་བྱའོ་སྙམ་དུ་རྟོག་གོ། །འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་ཏེ་མངོན་སུམ་དུ་བྱ་བའི་དུས་ནི་མ་ཡིན་ནོ་སྙམ་དུ་རྟོག་ཅིང་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བར་
ཡང་འགྱུར་ལ་མངོན་སུམ་དུ་ཡང་མི་བྱའོ་སྙམ་པས་མཉམ་པར་མ་བཞག་པ་ཉིད་དུ་དམིགས་པ་ལ་སེམས་ཉེ་བར་འདོགས་ཏེ། བར་སྐབས་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་མི་འགྱུར་ཞིང་ཟག་པ་ཟད་པར་ཡང་མི་
བྱེད་ལ་འདི་ལ་ཡོངས་སུ་འདྲིས་པར་ཡང་བྱེད་དོ། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་བྱ་སྟེ་མཚན་མ་མེད་
པ་མངོན་སུམ་དུ་ཡང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དགེ་བའི་རྩ་བ་བརྟན་པ་ཡོངས་སུ་བསྐྱེད་པའི་ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་འདི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི་མངོན་སུམ་དུ་བྱ་བའི་དུས་ནི་མ་ཡིན་ནོ་སྙམ་དུ་རབ་ཏུ་བཏག་པར་བྱ་སྟེ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་ཡོངས་སུ་བཟུང་ལ་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་རབ་ཏུ་དཔའ་བར་གྱུར་པ། ཤིན་ཏུ་བརྩོན་འགྲུས་དང་ལྡན་པར་གྱུར་པ། བརྟན་ཞིང་གནས་པར་གྱུར་པ། གཟུགས་
བཟང་བར་གྱུར་པ། མཛེས་པར་གྱུར་པ། རབ་ཏུ་བལྟ་ན་སྡུག་པར་གྱུར་པ། ཡོན་ཏན་མང་པོ་དང་ལྡན་པར་གྱུར་པ། ཡོན་ཏན་མཆོག་དང་ལྡན་པར་གྱུར་པ། ཚུལ་ཁྲིམས་དང་དབང་ཕྱུག་མཆོག་དང་ཐོས་པ་དང་གཏོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་གྱུར་པ། ཡིད་གཞུངས་
པར་གྱུར་པ་སྨྲ་ནུས་པར་གྱུར་པ་ལན་ལྡོན་ནུས་པར་གྱུར་བ་སྤོབས་པ་ཕུན་སུམ་ཚོགས་པར་གྱུར་པ་སྒྲུབ་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པ་དུས་ཤེས་པར་གྱུར་པ་ཡུལ་ཤེས་པར་གྱུར་པ་གནས་ཤེས་པར་གྱུར་པ་འཕོང་སྐྱེན་པའི་མཐར་ཕྱིན་པར་གྱུར་པ་མཚོན་ཆ་མང་པོ་ཟློག་པར་གྱུར་པ་མཚོན་ཆ་
སྲ་བ་ཟློག་པར་གྱུར་བ་སྒྱུ་རྩལ་ཐམས་ཅད་ལ་རབ་ཏུ་མཁས་པར་གྱུར་པ་ཤིན་ཏུ་ཡོངས་སུ་རྫོགས་པས་བཟོའི་གནས་ཐམས་ཅད་ཀྱི་ཤིན་ཏུ་མཐར་ཕྱིན་པར་གྱུར་པ། དྲན་པ་དང་ལྡན་པར་གྱུར་པ་བློ་གྲོས་དང་ལྡན་པར་གྱུར་པ་རྟོགས་པ་དང་ལྡན་པར་གྱུར་པ་མོས་པ་དང་ལྡན་པར་གྱུར་པ་ལུགས་དང་
ལྡན་པར་གྱུར་པ་བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པར་གྱུར་པ། མཛའ་བོ་དང་ལྡན་པར་གྱུར་པ་ནོར་དང་ལྡན་པར་གྱུར་པ་དཔུང་དང་ལྡན་པར་གྱུར་པ། ཡན་ལག་མ་ཚང་བ་མེད་པར་གྱུར་པ་དབང་པོ་ཡོངས་སུ་ཚང་བར་གྱུར་པ་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་
པ་འཁོར་ཕུན་སུམ་ཚོགས་པར་གྱུར་པ་སྐྱེ་བོ་མང་པོ་ལ་ཡང་ཕངས་ཤིང་ཡིད་དུ་འོང་བར་གྱུར་པར་གོས་པ་གང་དང་གང་ཉིད་ཅི་རྩོམ་པ་དེ་དང་དེ་དག་ཐམས་ཅད་ལ་སྒྲོལ་ནུས་པར་གྱུར་པ་རིགས་པས་ཐ་སྙད་དུ་བྱེད་པ་འགའ་ཞིག་ཡོད་ལ། དེ་ལ་ཐམས་ཅད་དུ་ཡང་རྙེད་པ་ཆེ་བར་གྱུར་པ་སྟེ་དེ་རྙེད་
པ་ཆེན་པོ་དེ་དང་ལྡན་པས་སྐྱེ་བོ་མང་པོ་ལ་འགེད་པར་བྱེད་བཀུར་སྟིར་བྱ་བ་ལ་བཀུར་སྟིར་བྱེད་བླ་མར་བྱ་བ་ལ་བླ་མར་བྱེད་རི་མོར་བྱ་བ་ལ་རི་མོར་བྱེད་མཆོད་པར་བྱ་བ་ལ་མཆོད་པར་བྱེད་ན། རབ་འབྱོར་འདི་ཅི་སྙམ་དུ་སེམས། ཅི་སྐྱེས་བུ་དེ་དེའི་གཞི་ལས་དགའ་བ་དང་མགུ་བ་དང་རངས་པ་དང་ཡིད་

བདེ་བ་ཆེར་སྐྱེ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ནོ་བདེ་བར་གཤེགས་པ་དེ་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡང་སྐྱེས་བུ་དེ་ཕུན་སུམ་ཚོགས་པ་ཆེན་པོ་དེ་དང་ལྡན་ནས་ཕ་མ་དང་བུ་དང་ཆུང་མ་རྣམས་ཁྲིད་དེ་
ཚོགས་པ་འགའ་ཞིག་དང་ལྡན་པས། འབྲོག་དགོན་པ་ཆེན་པོ་འཇིགས་པ་ཆེན་པོ་བྱིས་པ་རྣམས་ལ་སྡིགས་མོར་རུང་བ་སྤུ་ཟིང་ཞེས་བྱེད་པ་དེར་ཞུགས་པར་གྱུར་ལ། དེ་དེར་ཕྱིན་ནས་ཕ་མ་དང་བུ་དང་ཆུང་མ་དེ་དག་ལ་བདག་གིས་ཁྱེད་འབྲོག་དགོན་པ་འཇིགས་པ་མི་བཟད་པ་ཆེན་པོ་འདི་ནས་ཉེ་ཞོ་
མེད་ཅིང་བདེ་ལེགས་སུ་མྱུར་དུ་བསྒྲལ་ཏེ་མྱུར་དུ་ཐར་བར་བྱ་ཡིས་མ་འཇིགས་ཤིག་མ་འཇིགས་ཤིག་ཅེས་མི་འཇིགས་པ་བསྟབས་ལ། རབ་འབྱོར་ཡང་འབྲོག་དགོན་པ་དེ་ན་སྐྱེས་བུ་དེ་ལ་ཕྱིར་རྒོལ་བ་དང་མི་མཛའ་བ་མང་པོ་ཞིག་བྱུང་བར་གྱུར་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཕྱིར་
རྒོལ་བ་དང་མི་མཛའ་བ་དེ་དག་ཉེ་བར་གནས་པས། སྐྱེས་བུ་དཔའ་བོ་ཕྱིར་མི་ལྡོག་པ་ལྟ་བ་དང་བརྩོན་འགྲུས་དང་སྟོབས་དང་ལྡན་པ་ཤེས་རབ་དང་ལྡན་པ་ཤིན་ཏུ་མཉེས་གཤིན་པ་མཛངས་པ་བརྟན་པ་ཚོགས་ཆེན་པོ་དང་ལྡན་པ་དེ། ཕ་མ་དང་བུ་དང་ཆུང་མ་དེ་དག་བོར་ཏེ་འབྲོག་
དགོན་པ་འཇིགས་པ་ཆེན་པོ་མི་བཟད་པ་དེ་ལས་བདག་གཅིག་པུ་བྱུང་སྟེ། འགྲོ་བར་སེམས་སམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་སྐྱེས་བུ་དེའི་ཕ་མ་དང་བུ་དང་ཆུང་མ་དེ་དག་ཡོངས་
སུ་མི་འདོར་ཏེ། དེ་ནང་དང་ཕྱིའི་དཔུང་གི་ཚོགས་དང་ཡང་ལྡན་ལ་འབྲོག་དགོན་པ་དེ་ན་ཕྱིར་རྒོལ་བ་དང་མི་མཛའ་བ་དེ་དག་ལ་ཕྱིར་རྒོལ་བ་གཞན་དེ་བས་ཆེས་མང་བ་ཆེས་དཔའ་བ་གོ་མཚོན་ཆེས་སྲ་བ་ཆེས་རླབས་ཆེ་བ་དག་མཆིས་པས་སྲུང་བས་ན་དེའི་སླད་དུ་དེའི་ཕྱིར་རྒོལ་བ་མི་མཛའ་བ་
ཀླན་ཀ་ཚོལ་བ་གླགས་ལྟ་བ་གླགས་ཚོལ་བ་དག་གིས་གླགས་མི་རྙེད་དེ། བཅོམ་ལྡན་འདས་དེའི་སླད་དུ་སྐྱེས་བུ་སྟོབས་དང་ལྡན་པ་དེ་མ་སྣད་མ་སྨས་པར་ཕ་མ་དང་བུ་དང་ཆུང་མ་དང་བདག་ཉིད་ཀྱང་འབྲོག་དགོན་པ་འཇིགས་པ་ཆེན་པོ་མི་བཟད་པ་དེ་ལས་འབྱུང་ནུས་ཏེ། བདེ་བའམ་

བདེ་ལེགས་སུ་མྱུར་དུ་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་གྱི་བར་དུ་ཕྱིན་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་སྙིང་བརྩེ་བའི་བྱམས་པ་ལ་གནས་པ་སྙིང་རྗེ་ལ་གནས་པ་དགའ་བ་ལ་གནས་པ་བཏང་སྙོམས་ལ་གནས་པ་ཐབས་མཁས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་ཡང་དགེ་བའི་རྩ་བ་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གནང་
བའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོས་ནས་འདི་ལྟར་ཡང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་འཇུག་པ་དེ་ལྟ་ན་ཡང་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་ལ་ཡང་དག་པའི་མཐའ་གང་ཡང་མངོན་སུམ་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་
ན། འདི་ལྟར་འདིའི་ཡོངས་སུ་འཛིན་པར་བྱེད་པ་ནི་མཆོག་ཏུ་སྟོབས་དང་ལྡན་ཞིང་མཆོག་ཏུ་བརྟན་པ་ཡིན་ཏེ། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པའོ། །དེས་ན་འདིའི་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་ཡིན་ཞིང་དེས་ན་འདིས་དགེ་ཞིང་བདེ་བར་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་བྱམས་པའི་སེམས་དམིགས་པར་བྱེད་ཅིང་དམིགས་པར་བྱས་ནས་དེ་དག་ལ་བྱམས་པའི་མཆོག་གིས་ཉེ་བར་
འབྲེལ་བར་བྱེད་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉོན་མོངས་པའི་ཕྱོགས་དང་བདུད་ཀྱི་ཕྱོགས་ལས་ཤིན་ཏུ་འདས་ཤིང་། ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་ཏེ་དེ་ཏིང་ངེ་འཛིན་དེ་ལ་གནས་སོ། །རབ་འབྱོར་དེ་ཟག་པ་ཟད་པ་མཐོང་ཀྱང་ཕ་
རོལ་ཏུ་ཕྱིན་པའི་མཆོག་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བར་དེར་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་

མི་གནས་ཏེ་དེས་མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་པ་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འདབ་ཆགས་བྱ་ནི་ནམ་མཁའ་བར་སྣང་ལ་རྒྱུ་ཡང་ས་ལ་མི་ལྟུང་ཞིང་གནས་ཅི་ལ་ཡང་མི་རྟེན་པར་འདུག་སྟེ་ནམ་མཁའ་བར་སྣང་ཉིད་ལ་གནས་ཀྱང་དེ་ལ་ཡང་མི་རྟེན་མི་གནས་སོ། །
རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་པས་གནས་ཤིང་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་ཡང་བྱེད་དོ། །མཚན་མ་མེད་པ་ལ་གནས་པས་གནས་ཤིང་མཚན་མ་མེད་པ་ལ་ཡོངས་སུ་འདྲིས་པར་ཡང་བྱེད་དོ། །སྨོན་པ་མེད་པ་ལ་གནས་
པས་གནས་ཤིང་སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་ཡང་བྱེད་དེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་རྫོགས་པར་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པར་ཡང་མི་ལྟུང་ངོ་། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་སྟོབས་དང་ལྡན་པ་མདའི་མཚོན་ལ་ལེགས་
པར་བསླབས་པ་ཤིན་ཏུ་མཐར་ཕྱིན་པ་དེས་མདའ་སྟེང་དུ་འཕངས་ཏེ་མདའ་འཕངས་ནས་དེ་མདའ་གཞན་དག་གིས་སླར་བཟློག་ནས་མདའ་དེ་ས་ལ་མི་ལྟུང་བར་འཛིན་ཏེ། མདའ་སྔ་མ་དེ་ལ་མདའ་ཕྱི་མ་རྒྱུད་མར་འཕངས་པས་ས་ལ་ལྟུང་དུ་མི་སྟེར་ཏེ། ཀྱེ་མ་མདའ་དེ་ས་ལ་ལྷུང་ཡང་སླ་སྙམ་
དུ་འདོད་པ་མ་བྱུང་བ་དེ་སྲིད་དུ་མདའ་དེ་ས་ལ་མི་ལྟུང་ངོ་། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པས་ཡོངས་སུ་བཟུང་བ་དེ་ནི་ཅི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་དེ་དག་
ཡོངས་སུ་སྨིན་པ་དང་ཤིན་ཏུ་ཡོངས་སུ་སྨིན་པར་མ་གྱུར་པ་དེ་སྲིད་དུ་ཡང་དག་པའི་མཐའ་དམ་པ་དེ་མངོན་སུམ་དུ་མི་བྱེད་དོ། །གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་དེ་དག་ཡོངས་སུ་སྨིན་ཅིང་ཤིན་ཏུ་སྨིན་པར་གྱུར་པ་དེའི་ཚེ་ཡང་དག་པའི་མཐའ་དམ་པ་མངོན་
སུམ་དུ་བྱེད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པར་བྱ། དེ་ལྟར་ཆོས་ཟབ་མོ་དེ་དག་གི་ཆོས་ཉིད་སོ་སོར་བརྟག་ཅིང་ཉེ་བར་བསམ་པར་བྱ་སྟེ་མངོན་སུམ་དུ་ནི་མི་

བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅོ་བརྒྱད་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གང་སྟོང་པ་ཉིད་ལ་སྤྱོད་སྟོང་པ་ཉིད་ལ་གནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ལ་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བགྱིད་པ་ནི་དཀའ་བ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤིན་ཏུ་དཀའ་བ་
བགྱིད་པ་ལགས་ཏེ། བཅོམ་ལྡན་འདས་དེ་ནི་ངོ་མཚར་ཏོ་བདེ་བར་གཤེགས་པ་དེ་ནི་ཤིན་ཏུ་ངོ་མཚར་ཆེའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་གང་སྟོང་པ་ཉིད་ལ་སྤྱོད་ཅིང་སྟོང་པ་ཉིད་ལ་གནས་ཏེ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞོག་ཅིང་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་པ་ནི་དཀའ་བ་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤིན་ཏུ་དཀའ་བ་བྱེད་
པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་སྟེ། དེ་ལ་བདག་གིས་སེམས་ཅན་དེ་དག་ཐམས་ཅད་ཐར་བར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ཅན་གྱི་སྨོན་ལམ་གྱི་ཁྱད་པར་དེ་དག་འབྱུང་བར་
འགྱུར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་ཅན་ཐམས་ཅད་བདག་གིས་ཡོངས་སུ་མི་གཏང་ངོ་། །བདག་གིས་འདི་དག་ཐམས་ཅད་ཡོངས་སུ་ཐར་བར་བྱའོ་ཞེས་སེམས་མངོན་པར་བསྒྲུབ་ཅིང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་
མངོན་པར་སྒྲུབ་པ་དང་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་དང་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐབས་མཁས་པ་དང་ལྡན་པར་རིག་པར་བྱ་སྟེ། དེ་ནི་སངས་རྒྱས་ཀྱི་ཆོས་

ཡོངས་སུ་མ་རྫོགས་པར་བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཐབས་མཁས་པས་སྲུང་བར་བྱེད་དོ། །དེས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་པ་གང་ཡིན་པ་དེ་ཉིད་དེའི་སེམས་བསྐྱེད་པ་ཡིན་ཏེ་དེ་ལྟར་སེམས་བསྐྱེད་པ་དེ་དང་
ཐབས་མཁས་པ་དེ་དང་ལྡན་པ་དེ་ནི་བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོའི་གནས་སུ་གྱུར་པ་འདི་ལྟ་སྟེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་རྣམ་པར་ཐར་པའི་སྒོ་མཚན་མ་མེད་
པའི་ཏིང་ངེ་འཛིན་དང་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་འདི་དག་ལ་སོ་སོར་རྟོག་པ་འམ། སོ་སོར་རྟོག་པར་འདོད་པར་གྱུར་ན། དེས་འདི་ལྟར་སེམས་མངོན་པར་བསྒྲུབ་པར་བྱ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོར་སེམས་ཅན་དུ་འདུ་ཤེས་པས་དམིགས་པ་ལ་
སྤྱོད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དམིགས་པའི་ལྟ་བ་ཅན་གྱིས་དམིགས་པའི་ལྟ་བ་སྤང་བའི་ཕྱིར་སེམས་ཅན་དེ་དག་ལ་ཆོས་བསྟན་ཏོ་སྙམ་དུ་བསམས་ནས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉ