Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 033_བརྒྱད་སྟོང་པ།
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
ན་པར་རྫོགས་པར་འཚང་རྒྱ་བ་གང་ལགས་པ་དང་མངོན་པར་འཚང་རྒྱ་བར་ བགྱི་བ་གང་ལགས་པ་དང་འཚལ་བ་གང་ལགས་པ་དང་འཚལ་བར་བགྱི་བ་གང་ལགས་པའི་ཆོས་དེ་དག་ཐམས་ཅད་ནི་སྟོང་པའོ། །བཅོམ་ལྡན་འདས་རྣམ་གྲངས་འདིས་ཀྱང་བདག་ནི་འདི་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ འབྱུང་བར་སླ་བ་ལགས་ཏེ་འབྱུང་བར་དཀའ་བ་ནི་མ་ལགས་སོ་ཞེས་སེམས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འབྱུང་བ་མེད་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་ བར་དཀའོ། །རབ་འབྱོར་ཡང་དག་པ་མ་ཡིན་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་བར་དཀའོ། །རབ་འབྱོར་རྣམ་པར་མི་རྟོག་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ། །རབ་འབྱོར་རྣམ་པར་མ་བསྒྲུབས་པའི་ཕྱིར་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་བར་དཀའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་མཆོག་ཏུ་འབྱུང་བར་དཀའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་ པ་རབ་འབྱོར་སྟོང་པ་ཞེས་བྱ་བའི་རྣམ་གྲངས་འདིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་བར་དཀའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མཆོག་ཏུ་འབྱུང་བར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་ནམ་མཁའ་འདི་སྙམ་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་སོ། །ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་དུ་ཆོས་འདི་དག་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པའི་ཕྱིར་རོ། །ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་བར་སླར་ཟིན་ན་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་པ་ཞིག་ན། ཚེ་དང་ལྡན་པ་རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་སྟེ། ཚེ་དང་ལྡན་པ་རབ་འབྱོར་དེ་བས་ན་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་བར་དཀའ་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མཆོག་ཏུ་འབྱུང་བར་དཀའོ་ཞེས་དེ་ལྟར་རིག་པར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་ བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གཟུགས་གང་ཡིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གང་ཕྱིར་ལྡོག་པའི་ཆོས་དེ་གཟུགས་ལས་གཞན་ན་ཡོད་དམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཅི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་ རྣམ་པར་ཤེས་པ་གང་ཡིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ གང་ཕྱིར་ལྡོག་པའི་ཆོས་དེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལས་གཞན་ན་ཡོད་དམ་རྣམ་པར་ཤེས་པ་ལས་གཞན་ན་ཡོད་དམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གཟུགས་ཀྱི་ དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཚོར་བའི་དེ་བཞིན་ཉིད་དང་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་ རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གང་ཕྱིར་ལྡོག་པའི་ཆོས་དེ་གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ན་ཡོད་དམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་ཆོས་དེ་ཚོར་བའི་དེ་བཞིན་ཉིད་དང་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་ལས་གཞན་ན་ཡོད་དམ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་ན་ཡོད་དམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གཟུགས་གང་ཡིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་འམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ ཤཱ་རིའི་བུ་ཡང་ཅི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་གང་ཡིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་འམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་ སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་གཟུགས་ལས་གཞན་ན་ཡོད་དམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ ལྡན་པ་ཤཱ་རིའི་བུ་ཡང་ཅི་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལས་གཞན་ན་ཡོད་དམ་རྣམ་པར་ཤེས་པ་ལས་གཞན་ན་ཡོད་དམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་ འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་འམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཚོར་པའི་དེ་བཞིན་ཉིད་དང་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་དང་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་འམ། ཤཱ་ རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གང་ཡིན་པ་དེ་གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ན་ཡོད་དམ། ཤཱ་རིའི་ བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གང་ཡིན་པ་དེ་ཚོར་བའི་དེ་བཞིན་ཉིད་དང་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་ རྣམས་ཀྱི་དེ་བཞིན་ཉིད་ལས་གཞན་ན་ཡོད་དམ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་ན་ཡོད་དམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གཟུགས་གང་ཡིན་པ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་རིག་པར་བྱ་འམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་གང་ཡིན་པ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་རིག་པར་བྱ་འམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གཟུགས་ལས་གཞན་པའི་ཆོས་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིག་ པར་བྱའམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ལས་གཞན་པ་དང་རྣམ་པར་ཤེས་པ་ལས་གཞན་པའི་ཆོས་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་རིག་པར་བྱ་འམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིག་པར་བྱ་འམ། ཤཱ་རིའི་བུས་ སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཚོར་བའི་དེ་བཞིན་ཉིད་དང་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་དང་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ རིག་པར་བྱ་འམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་པའི་ཆོས་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིག་པར་བྱ་འམ། ཤཱ་རིའི་བུས་ སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཚོར་བའི་དེ་བཞིན་ཉིད་དང་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་ལས་གཞན་པ་དང་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་པའི་ཆོས་གང་ཡིན་ པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིག་པར་བྱ་འམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཅི་སྙམ་དུ་སེམས་དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་ གམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཅི་སྙམ་དུ་སེམས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་ཆོས་དེ་དེ་བཞིན་ཉིད་ལ་ཡོད་དམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་གང་ཞིག་ཆོས་ཉིད་དེ་ཉིད་ལ་མི་གནས་པའི་ཚུལ་གྱིས་གནས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གང་ཕྱིར་ལྡོག་པའི་ཆོས་དེ་གང་ཡིན། ཤཱ་རིའི་བུ་གང་ཞིག་དེ་བཞིན་ཉིད་ དུ་གྱུར་པའི་ཆོས་དེ་ཡང་གང་ཡིན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་དེ་བཞིན་ཉིད་ཕྱིར་ལྡོག་པར་འགྱུར་བ་ཡང་ཡོད་དམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་བདེན་པ་ཉིད་དང་གནས་པ་ཉིད་དུ་ཆོས་ཐམས་ཅད་ དམིགས་སུ་མེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་བའི་ཆོས་དེ་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཆོས་ཀྱི་ཚུལ་གྱི་རྣམ་པ་གང་ཞིག་ཚེ་དང་ལྡན་པ་གནས་ བརྟན་རབ་འབྱོར་གྱིས་བཤད་པ་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གང་ཕྱིར་ལྡོག་པའི་ཆོས་དེ་གང་ཡང་མེད་དོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གསུམ་པོ་གང་དག་ཡིན་པ་འདི་དག་ནི་དེ་བཞིན་གཤེགས་པས་གསུངས་ པ་ཡིན་ན། ཅི་ལྟར་ཚེ་དང་ལྡན་པ་རབ་འབྱོར་གྱིས་བསྟན་པ་ལྟར་ན་ནི་གསུམ་པོ་དག་གི་རྣམ་པར་གཞག་པ་ཡོད་པར་མི་འགྱུར་གྱི། ཐེག་པ་གཅིག་ཁོ་ནར་འགྱུར་ཏེ་འདི་ལྟ་སྟེ་སངས་རྒྱས་ཀྱི་ཐེག་པ་བྱང་ཆུབ་སེམས་དཔའི་ཐེག་པའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤཱ་ རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་ཚེ་དང་ལྡན་པ་གནས་བརྟན་རབ་འབྱོར་ཉན་ཐོས་ཀྱི་ཐེག་པ་ཅན་ནམ་རང་སངས་རྒྱས་ཀྱི་ཐེག་པ་ཅན་ནམ་ཐེག་པ་ཆེན་པོ་པའི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ཡོད་པར་ཁས་མི་ལེན་ནམ། རེ་ཞིག་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ འདི་ལ་དྲི་དགོས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཁྱོད་ཉན་ཐོས་ཀྱི་ཐེག་པ་ཅན་ནམ་རང་སངས་རྒྱས་ཀྱི་ཐེག་པ་ཅན་ནམ་ཐེག་པ་ཆེན་པོ་པའི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ཡོད་པར་ཁས་ མི་ལེན་ནམ། རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་དེ་བཞིན་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ཉན་ཐོས་ཀྱི་ཐེག་པ་ཅན་ནམ་རང་སངས་རྒྱས་ཀྱི་ཐེག་པ་ཅན་ནམ་ཐེག་པ་ཆེན་པོ་པའི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ཡང་དག་པར་རྗེས་སུ་མཐོང་ངམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ཏེ་དེ་བཞིན་ཉིད་ཀྱང་རེ་ཞིག་རྣམ་པ་གསུམ་དུ་དམིགས་སུ་མེད་ན་བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས། རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་དེ་བཞིན་ཉིད་རྣམ་པ་གཅིག་ཏུ་ཡང་དམིགས་སུ་ཡོད་དམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་ འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་ཁྱོད་ཀྱིས་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའི་ཆོས་གཅིག་ཀྱང་ཡང་དག་པར་རྗེས་སུ་མཐོང་ངམ། ཤཱ་རིའི་བུས་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ བདེན་པ་ཉིད་དང་གནས་པ་ཉིད་དུ་བྱང་ཆུབ་སེམས་དཔའི་ཆོས་དེ་ཡང་དམིགས་སུ་མེད་ན་ཁྱོད་ཅིའི་ཕྱིར་འདི་སྙམ་དུ་འདི་ནི་ཉན་ཐོས་ཀྱི་ཐེག་པ་ཅན་འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་ཅན་འདི་ནི་ཐེག་པ་ཆེན་པོ་བོའོ་སྙམ་དུ་སེམས། ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་ཉིད་ ལ་རབ་ཏུ་རྣམ་པར་འབྱེད་པ་རྣམས་ཁྱད་པར་མེད་པ་དང་བྱེ་བྲག་མེད་པ་དང་ཐ་དད་དུ་བྱར་མེད་པ་ཉིད་ཐོས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་མི་འགོང་ཀུན་ཏུ་མི་ཞུམ་ཕྱིར་ཕྱོགས་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ བྱང་ཆུབ་ཏུ་ངེས་པར་འབྱུང་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པའི་མཐུ་དང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཁྱོད་དེ་སྐད་དུ་སྨྲ་ བར་སྤོབས་པ་དེ་ནི་རབ་འབྱོར་ལེགས་སོ་ལེགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་ཉིད་རབ་ཏུ་རྣམ་པར་འབྱེད་པ་རྣམས་ཁྱད་པར་མེད་པ་དང་བྱེ་བྲག་མེད་པ་དང་ཐ་དད་དུ་བྱ་བ་མེད་པར་ཐོས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་མི་འགོང་ཀུན་ཏུ་མི་ ཞུམ་ཕྱིར་མི་ཕྱོགས་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ལ་ངེས་པར་འབྱུང་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་གང་གིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འདི་ངེས་པར་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་ པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འཚལ་བས་ཅི་ལྟར་གནས་པར་བགྱི་ཅི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས། སེམས་ཅན་ཐམས་ཅད་ལ་མཉམ་པར་གནས་པར་བྱ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་བསྐྱེད་པར་བྱ་སྟེ་མི་མཉམ་པ་མེད་པའི་སེམས་ཀྱིས་ གཞན་ལ་དམིགས་པར་བྱ། བྱམས་པའི་སེམས་ཀྱིས་གཞན་ལ་དམིགས་པར་བྱ། ཕན་པའི་སེམས་ཀྱིས་གཞན་ལ་དམིགས་པར་བྱ། དགེ་བའི་སེམས་ཀྱིས་གཞན་ལ་དམིགས་པར་བྱ། ང་རྒྱལ་བཅག་པའི་སེམས་ཀྱིས་གཞན་ལ་དམིགས་པར་བྱ། ཁོང་ཁྲོ་བ་མེད་པའི་སེམས་ ཀྱིས་གཞན་ལ་དམིགས་པར་བྱ་འཚེ་བ་མེད་པའི་སེམས་ཀྱིས་གཞན་ལ་དམིགས་པར་བྱ། ཐོ་འཚམ་པ་མེད་པའི་སེམས་ཀྱིས་གཞན་ལ་དམིགས་པར་བྱ། སེམས་ཅན་ཐམས་ཅད་ལ་མར་འདུ་ཤེས་པ་ཉེ་བར་བཞག་པ་དང་ཕར་འདུ་ཤེས་པ་དང་བུར་འདུ་ཤེས་པ་དང་བུ་མོར་འདུ་ཤེས་པ་ཉེ་བར་ བཞག་སྟེ་གཞན་ལ་དམིགས་པར་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སེམས་ཅན་ཐམས་ཅད་ལ་དེ་ལྟར་གནས་པར་བྱ་དེ་ལྟར་བསླབ་པར་བྱ་སྟེ། བདག་ སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པར་བྱའོ། །བདག་ཉིད་ཀྱང་སྡིག་པ་ཐམས་ཅད་ལས་ལྡོག་པ་ལ་གནས་པར་བྱ། སྦྱིན་པ་སྦྱིན་པར་བྱ་ཚུལ་ཁྲིམས་བསྲུང་བར་བྱ་བཟོད་པ་བསྒོམ་པར་བྱ་བརྩོན་འགྲུས་བརྩམ་པར་བྱ་བསམ་གཏན་ལ་མཉམ་པར་གཞག་པར་བྱ་ཤེས་རབ་ཀྱིས་ཡོངས་ སུ་རྒྱས་པར་བྱ། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང་ལུགས་དང་མཐུན་པ་མ་ཡིན་པ་བལྟ་བར་བྱ། གཞན་དག་ཀྱང་དེ་ལ་ཡང་དག་པར་བསྐུལ་བ་དང་དེའི་བསྔགས་པ་བརྗོད་པ་དང་དེ་ལ་རྗེས་སུ་མཐུན་པས་དགའ་བར་བྱའོ། །དེ་བཞིན་དུ་བདེན་པ་ནས་བྱང་ཆུབ་སེམས་ དཔའི་སྐྱོན་མེད་པར་འཇུག་པའི་བར་དང་སེམས་ཅན་རྣམས་ཡོངས་སུ་སྨིན་པ་ལ་གནས་ནས་གཞན་དག་ཀྱང་དེ་ལ་ཡང་དག་པར་བསྐུལ་བ་དང་དེའི་བསྔགས་པ་བརྗོད་པ་དང་དེ་ལ་རྗེས་སུ་མཐུན་པས་དགའ་བར་བྱའོ། །དེ་ལྟར་འདོད་ཅིང་དེ་ལྟར་སློབ་པ་ནི་སྒྲིབ་པ་མེད་པའི་ཚུལ་ནས་དམ་པའི་ཆོས་གནས་པ་ དང་སྒྲིབ་པ་མེད་པའི་རང་བཞིན་གྱི་བར་དུ་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་དེ་བཞིན་ཉིད་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་གང་དག་ལགས་རྟགས་གང་དག་ལགས་མཚན་མ་གང་དག་ལགས། བཅོམ་ལྡན་འདས་ཅི་ལྟར་བདག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལགས་པར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སོ་སོའི་སྐྱེ་བོའི་ས་གང་ཡིན་པ་དང་ཉན་ཐོས་ཀྱི་ས་གང་ཡིན་པ་དང་རང་སངས་རྒྱས་ཀྱི་ས་གང་ཡིན་པ་དང་སངས་རྒྱས་ཀྱི་ས་གང་ཡིན་འདི་ནི་དེ་བཞིན་ཉིད་ཀྱི་ས་ཞེས་བྱ་སྟེ། འདི་དག་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་གཉིས་སུ་མེད་ཅིང་གཉིས་སུ་ བྱར་མེད་དེ་རྟོག་པ་མེད་ལ་རྣམ་པར་རྟོག་པ་མེད་པའོ། །དེ་བཞིན་ཉིད་དེ་དང་ཆོས་ཉིད་དེ་ལ་འཇུག་པ་དང་དེ་བཞིན་ཉིད་ལ་གནས་ཤིང་དེ་བཞིན་ཉིད་ལ་མི་རྟོག་རྣམ་པར་མི་རྟོག་སྟེ། དེ་ལྟར་འཇུག་ཅིང་དེ་ལྟར་ཞུགས་པ་ནི་དེ་བཞིན་ཉིད་ཅི་ལྟ་བ་བཞིན་ཐོས་ནས་དེ་ལས་ཀྱང་སོང་ནས་འདི་ལྟར་མ་ཡིན་ནོ་ ཞེས་ནེམ་ནུར་མི་བྱེད་ཡིད་གཉིས་མི་བྱེད་ཐེ་ཚོམ་མི་བྱེད་རྨོངས་པར་མི་བྱེད་དེ་འོན་ཀྱང་འདི་ནི་དེ་བཞིན་ཏེ་དེ་ཁོ་ན་ལྟར་ཡིན་ནོ་ཞེས་མོས་པར་བྱེད་ཁོང་དུ་ཆུད་པར་བྱེད་དོ། །ཅི་ཐོད་ཐོད་སྨྲ་བར་མི་འགྱུར་གྱི་དོན་དང་ལྡན་པའི་ཚིག་ཏུ་སྨྲ་སྟེ་དོན་དང་མི་ལྡན་པ་མ་ཡིན་ཞིང་ཕ་རོལ་གྱིས་བྱས་པ་དག་དང་མ་བྱས་ པ་ལ་མི་ལྟ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་སྦྱོང་དང་བྲམ་ཟེ་ཁྱེད་འདི་དག་ནི་ཤེས་པར་བྱ་བ་ཤེས་སོ། །བལྟ་བར་བྱ་བ་མཐོང་ངོ་ཞེས་དགེ་སྦྱོང་དང་བྲམ་ཟེ་གཞན་དག་གི་ངོར་མི་ལྟ་ཞིང་། ལྷ་གཞན་དག་ལ་ཕྱག་མི་འཚལ་ལྷ་གཞན་དག་ལ་མེ་ཏོག་གམ་བདུག་པ་འམ་དྲི་འམ་ཕྲེང་བ་འམ་ བྱུག་པ་འམ་ཕྱེ་མ་འམ་གོས་སམ་གདུགས་སམ་རྒྱལ་མཚན་ནམ་དྲིལ་བུ་འམ་བ་དན་དག་གམ་མར་མེ་དག་སྦྱིན་པར་མི་སེམས་ཤིང་ལྷ་གཞན་དག་ལ་མི་རྟེན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ཡང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ངན་སོང་དུ་མི་སྐྱེ་ཞིང་བུད་མེད་ཀྱི་དངོས་པོ་ཡང་ཡོངས་སུ་མི་འཛིན་ཏོ། །རབ་འབྱོར་གཞན་ཡང་ ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ནས་གནས་ཏེ། དེ་བདག་ཉིད་ཀྱང་སྲོག་གཅོད་པ་སྤངས་ཤིང་གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ཉིད་ཀྱང་མ་བྱིན་པར་ལེན་ པ་སྤངས་ཤིང་གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ཉིད་ཀྱང་འདོད་པས་ལོག་པར་སྤྱོད་པ་སྤངས་པ་ཡིན་ཞིང་གཞན་ཡང་འདོད་པས་ལོག་པར་སྤྱོད་པ་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ཉིད་ཀྱང་འབྲུའི་ཆང་དང་བཅོས་པའི་ཆང་བག་ མེད་པའི་གནས་སྤངས་ཤིང་གཞན་ཡང་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ཉིད་ཀྱང་བརྫུན་དུ་སྨྲ་བ་སྤངས་ཤིང་གཞན་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ཉིད་ཀྱང་ཕྲ་མ་སྨྲ་བ་སྤངས་ཤིང་གཞན་ཡང་ ཕྲ་མ་སྨྲ་བ་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ཉིད་ཀྱང་ཚིག་རྩུབ་མོ་སྨྲ་བ་སྤངས་ཤིང་གཞན་ཡང་ཚིག་རྩུབ་མོ་སྨྲ་བ་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ཉིད་ཀྱང་ཚིག་ཀྱལ་པ་སྨྲ་བ་སྤངས་ཤིང་གཞན་ཡང་ཚིག་ཀྱལ་པ་སྨྲ་བ་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ ཉིད་ཀྱང་བརྣབ་སེམས་སྤངས་ཤིང་གཞན་ཡང་བརྣབ་སེམས་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ཉིད་ཀྱང་གནོད་སེམས་སྤངས་ཤིང་གཞན་ཡང་གནོད་སེམས་སྤོང་བ་ལ་ཡང་དག་པར་འགོད་དོ། །བདག་ཉིད་ཀྱང་ལོག་པར་ལྟ་བ་སྤངས་ཤིང་གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ ཡང་དག་པར་འགོད་དོ། །རབ་འབྱོར་དེ་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་ཉིད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ནས་གནས་ཤིང་གཞན་ཡང་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་ཡང་དག་པར་སྟོན་ཡང་དག་པར་ འགོད་ཡང་དག་པར་གཟེངས་སྟོད་ཡང་དག་པར་རབ་ཏུ་དགའ་བར་བྱེད་བརྟན་པར་བྱེད་དེ་དེ་རྨི་ལམ་དུ་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་གཅིག་གམ་མང་དུ་ཡང་རུང་སྟེ་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་ཞིང་སེམས་ཀྱིས་ཀྱང་ཀུན་ ཏུ་མི་སྤྱོད་དོ། །རབ་འབྱོར་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་རྨི་ལམ་དུ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་མངོན་དུ་འགྱུར་ཏེ། རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ཡང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་དང་གང་ཀུན་ཆུབ་པར་བྱེད་པ་དང་སྦྱིན་པར་བྱེད་པ་དེ་དང་དེ་ཉིད་སེམས་ལ་ཀུན་ཆུབ་ པར་བྱེད་ཅིང་སྦྱིན་པར་བྱེད་དེ། བདག་གིས་ཆོས་འདི་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་སྦྱིན་པར་བྱ་སྟེ་ཆོས་བསྟན་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ཆོས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་ཆོས་ཀྱི་སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་ལ་ཐུན་ མོང་དུ་བྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ཡང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཟབ་མོ་བཤད་པ་ལ་ནེམ་ནུར་མི་བྱེད་ཡིད་གཉིས་མི་བྱེད་ཐེ་ཚོམ་མི་བྱེད་རྨོངས་པར་མི་འགྱུར་རོ། །དེ་ཕན་པའི་ཚིག་དང་ལྡན་པར་འགྱུར་ཚིག་རན་པར་འགྱུར་ཚིག་འཇམ་པར་འགྱུར། རྨུགས་པ་དང་གཉིད་ཆུང་བར་འགྱུར་རོ། །བག་ལ་ ཉལ་མེད་པར་འགྱུར། དེ་འོང་ངམ་འགྲོ་བ་ན་ཡང་སེམས་མ་འཁྲུལ་བར་འགྲོ་ཞིང་འོང་ངོ་། །དེ་དྲན་པ་ཉེ་བར་གཞག་ཅིང་འགྲོ །དྲན་པ་ཉེ་བར་གཞག་ཅིང་འོང་། དེ་རྐང་པ་ས་ལ་འདེག་པ་བུལ་བར་མི་བྱེད་རྐང་པ་ས་ལ་འཇོག་པ་བུལ་བར་མི་བྱེད། བདེ་བ་ཉིད་དུ་འདེག་བདེ་བར་ འཇོག་རྐང་པ་ས་ལ་གྱ་ཚོམ་དུ་མི་འདེགས་རྐང་པ་ས་ལ་གྱ་ཚོམ་དུ་མི་འཇོག་དེ་མཐོང་བཞིན་དུ་ས་ཕྱོགས་སུ་གོམ་པ་འདོར་རོ། །རབ་འབྱོར་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ལུས་ལ་ཆོས་གོས་ཡོངས་སུ་ལོངས་སྤྱད་པ་ཡང་ཤིག་མེད་པར་འགྱུར་ཏེ་ ཀུན་ཏུ་སྤྱོད་པ་གཟོབ་པར་འགྱུར་གནོད་པ་ཉུང་བར་འགྱུར་སྐྱོན་ཉུང་བར་འགྱུར་རོ། །སེམས་ཅན་གཞན་དག་གི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་དག་གང་ཡོད་པ་དེ་དག་ཀྱང་དེའི་ལུས་ལ་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ངོ་། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ཡིན་ནོ། །ཅི་ལྟ་ཅི་ལྟར་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ཡང་ལུས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ། །ངག་ཡོངས་སུ་དག་པ་དང་སེམས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཡོངས་སུ་དག་པ་གང་ ལགས་པར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་ལྟ་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ལ་བྱ་བ་ཉུང་བ་ཡོངས་སུ་འཛིན་ཏོ། ། སེམས་གཡོ་མེད་པ་དང་སེམས་སྒྱུ་མེད་པ་དང་སེམས་གྱ་གྱུ་མེད་པ་དང་སེམས་ཡོན་པོ་མེད་པ་ཡོངས་སུ་འཛིན་ཏོ། །རབ་འབྱོར་སེམས་རྣམ་པར་དག་པ་གང་ཡིན་པ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པར་འགྱུར་ཏེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སེམས་ཡོངས་སུ་དག་པར་རིག་པར་བྱའོ། །རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ།། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་ལྷུར་མི་བྱེད་དོ། །ཆོས་གོས་དང་བསོད་སྙོམས་དང་མལ་སྟན་དང་ན་བའི་གསོས་སྨན་དང་ཡོ་བྱད་དག་ལ་ལྷུར་བྱེད་པ་མ་ཡིན་ནོ། ། ཕྲག་དོག་དང་སེར་སྣ་མང་བ་མ་ཡིན་ནོ། །ཆོས་ཟབ་མོ་དག་བཤད་ན་ཡང་དག་པར་མི་ཞུམ་ཞིང་བློ་བརྟན་པར་འགྱུར་བློ་ཟབ་པར་འགྱུར་རི་མོར་བྱས་ཏེ་གཞན་ལས་ཆོས་ཉན་ཅིང་རི་མོར་བྱས་ཏེ་གཞན་ལས་ཆོས་གང་ཉན་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱོར་བར་ བྱེད་དོ། །འཇིག་རྟེན་གྱི་བཟོའི་གནས་དང་ལས་ཀྱི་གནས་ཅི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཆོས་ཉིད་དང་སྦྱོར་བར་བྱེད་དེ། གང་ཆོས་ཀྱི་དབྱིངས་དང་མི་སྦྱོར་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཐམས་ཅད་ཀྱང་ དེ་དང་ལྡན་པར་ཡང་དག་པར་མཐོང་ངོ་། །རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་གཞན་ ཡང་གལ་ཏེ་བདུད་སྡིག་ཅན་དེས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མངོན་པར་སྤྲུལ་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དེ་རེ་རེར་ཡང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དག་དང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དག་དང་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དག་ མངོན་པར་སྤྲུལ་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་ཟེར་ཏེ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཕྱིར་མི་ལྡོག་པར་ལུང་བསྟན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་ཏུ་ སྐྱེས་ཏེ། ཁྱོད་ཀྱང་ཕྱིར་མི་ལྡོག་པར་ལུང་བསྟན་པས་ཁྱོད་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་ཏུ་སྐྱེ་བར་འགྱུར་གྱིས་འདི་ལྟར་ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་དེ་ཕྱིར་བཤགས་པར་གྱིས་ཤིག་སོ་སོར་སྤོངས་ཤིག་སེམས་ཅན་དམྱལ་བ་བརྒྱད་པོ་དེར་སྐྱེས་ན་ཁྱོད་ལ་སངས་ རྒྱས་ཀྱིས་ཅི་ཞིག་བྱ། དེ་ལྟར་བྱས་ན་ཁྱོད་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ་ཞེས་ཟེར་བ་དེ་ལྟ་ན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཁྲུག་མི་གཡོ་ཞིང་། འདི་སྙམ་དུ་གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་འགྲོ་ རྣམས་སུ་སྐྱེ་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་སྙམ་དུ་ཤེས་ན། རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་ བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གན་དུ་འོངས་ནས་འདི་སྐད་ཅེས་ཟེར་ཏེ་གང་ཁྱོད་ཀྱིས་སྔོན་ཐོས་པ་དེ་ཕྱིར་བཤགས་པར་གྱིས་ཤིག་གང་ཁྱོད་ཀྱིས་སྔོན་ཡོངས་སུ་བཟུང་བ་དེ་སོ་སོར་ སྤོངས་ཤིག་གལ་ཏེ་ཁྱོད་ཀྱིས་འདི་ཕྱིར་བཤགས་ཤིང་གལ་ཏེ་ཁྱོད་ཀྱིས་འདི་སོ་སོར་སྤངས་པ་དེ་ལྟ་ན་ང་ཁྱོད་ཀྱི་གན་དུ་ཡང་དང་ཡང་དུ་ཉེ་བར་འོང་ངོ་། །གང་ཁྱོད་ཀྱིས་དེ་ལྟར་ཐོས་པ་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ་འདི་ནི་སྙན་དངགས་བྱེད་པས་རང་བཟོར་བྱས་པའོ། །ཡང་ གང་ང་འཆད་པ་འདི་ནི་སངས་རྒྱས་ཀྱིས་བཤད་པ་སྟེ་འདི་ནི་སངས་རྒྱས་ཀྱི་བཀའོ་ཞེས་ཟེར་བ་དེ་ཐོས་ནས་གལ་ཏེ་བྱང་ཆུབ་སེམས་དཔའ་འཁྲུག་ཅིང་གཡོ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་འདི་ནི་དེ་བཞིན་གཤེགས་པ་དག་གིས་ལུང་མ་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་འདི་ནི་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་མ་ཡིན་ཞིང་འདི་ནི་ཕྱིར་མི་ལྡོག་པའི་ཁམས་ལ་གནས་པ་མ་ཡིན་པར་རིག་པར་བྱའོ། །རབ་འབྱོར་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་སྡིག་ཅན་ལས་ཚིག་འདི་དག་ཐོས་ནས་ཀྱང་མི་འཁྲུག་མི་གཡོ་ཞིང་ དེ་ཆོས་ཉིད་ལ་རྟོན་ཏེ་མི་སྐྱེ་བ་ཉིད་དང་མི་འགག་པ་ཉིད་དང་མངོན་པར་འདུ་མི་བྱེད་པ་ཉིད་ལ་རྟོན་ཅིང་གཞན་གྱི་དད་པའི་ཕྱིར་མི་འགྲོ་སྟེ། རབ་འབྱོར་དཔེར་ན་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་གཞན་གྱི་དད་པའི་ཕྱིར་མི་འབྲང་སྟེ་ཆོས་ཉིད་ལ་མངོན་སུམ་དུ་བྱེད་ཅིང་བདུད་སྡིག་ཅན་ གྱིས་མི་འཕྲོགས་པ་དེ་བཞིན་དུ། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་གྱི་གང་ཟག་དག་གིས་མི་བརྫི་བ་ཡིན་ཏེ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ཕྱིར་མི་ ལྡོག་པའི་ཆོས་ཅན་དུ་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་དུ་ངེས་ཤིང་རྫོགས་པའི་བྱང་ཆུབ་ལ་གཞོལ་བར་འགྱུར་རོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གང་གི་ཚེ་ཕྱིར་མི་ལྡོག་པའི་ཁམས་ལ་གནས་པར་གྱུར་པ་དེའི་ཚེ་གཞན་གྱི་དྲིང་ལ་མི་འཇོག་ པར་འགྱུར་བ་ཡིན་ནོ། །རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅུ་དྲུག་པ། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གན་དུ་ལ་ལ་འོངས་ནས་འདི་སྐད་ཅེས་ཟེར་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ནི་འཁོར་བའི་སྤྱོད་པ་ཡིན་ཏེ་ཁྱོད་འདི་ ཉིད་དུ་སྡུག་བསྔལ་མཐར་ཕྱུང་ལ་ཕྱིར་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་དག་མྱོང་བར་མ་བྱེད་ཅིག །ཀྱེ་མ་མ་ལ་རེ་ཞིག་འདི་ཉིད་དུ་ཁྱོད་ཀྱི་ཕུང་པོ་འདི་མངོན་པར་གྲུབ་པར་མི་འགྱུར་བར་ཡང་ཁྱོད་ཕུང་པོ་གཞན་ཡོངས་སུ་གཟུང་བར་སེམས་པ་ལྟ་ག་ལ་སྲིད་ཅེས་ཟེར་བ་ ལ་གལ་ཏེ་དེ་མི་འཁྲུག་མི་གཡོ་ན། བདུད་སྡིག་ཅན་བདག་ཉིད་དེར་འོངས་ནས་དེ་ལ་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་བཅོམ་ལྡན་འདས་དག་ལ་ཆོས་གོས་དང་བསོད་སྙོམས་དང་མལ་སྟན་དང་ སྙུན་ཀྱི་གསོས་སྨན་དང་ཡོ་བྱད་དག་གིས་རིམ་གྲོར་བྱས་པ་དང་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པ་དང་། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་བསྙེན་བཀུར་བྱས་ཤིང་བྱང་ཆུབ་སེམས་དཔའི་ ཐེག་པ་འདི་ཉིད་ཀྱི་ཕྱིར་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་གནས་པར་བྱ་ཞེས་ཡོངས་སུ་ཞུས་ཡོངས་སུ་དྲིས་ཡོངས་སུ་དྲི་བ་བྱས་ཏེ། ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པར་བྱ་བ་དེ་ལྟར་དེ་བཞིན་གཤེགས་པ་དེ་དག་གིས་བསྟན་ པ་དེ་བཞིན་དུ་གནས་དེ་བཞིན་དུ་སྤྱད་དེ་བཞིན་དུ་རྣལ་འབྱོར་དུ་བྱས་ཀྱང་དེ་དག་གིས་ད་དུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལྟར་གདམས་པ་དང་རྗེས་སུ་བསྟན་པ་ལ་གནས་ཤིང་དེ་ལྟར་བསླབས་པས་ཀྱང་ཐམས་ ཅད་མཁྱེན་པ་ཉིད་རྗེས་སུ་མ་ཐོབ་ན། ཡང་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ཐོབ་པར་ག་ལ་འགྱུར་ཞེས་བྱས་ནས། གལ་ཏེ་དེ་ལྟ་བུས་ཀྱང་མི་འཁྲུག་མི་གཡོ་ན། བདུད་སྡིག་ཅན་གྱིས་ས་ཕྱོགས་དེ་ཉིད་དུ་དགེ་སློང་དག་མངོན་པར་སྤྲུལ་ནས་ འདི་སྐད་ཅེས་ཟེར་ཏེ། འདི་ལྟར་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་གང་དག་ཡིན་པ་འདི་དག་ནི་བྱང་ཆུབ་ཏུ་ཞུགས་པར་གྱུར་པ་ལས་ད་ལྟར་དགྲ་བཅོམ་པ་ཉིད་ཐོབ་ཅིང་དགྲ་བཅོམ་པ་ཉིད་ལ་གནས་པ་ཡིན་ན། ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ ག་ལ་འགྱུར་ཞེས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་སྐད་བཤད་དེ་སྐད་བསྟན་ཀྱང་སེམས་མི་འཁྲུག་མི་གཡོ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་འབྲལ་བར་བྱེད་པའི་ཚིག་རྣམས་གཞན་ལས་ཐོས་ནས་སེམས་ཆོས་ཉིད་ལས་ཡོངས་སུ་ཉམས་པར་མི་འགྱུར་དེའི་ཡིད་ཕྱིར་ལྡོག་པར་མི་འགྱུར་དེའི་སེམས་གཞན་དུ་མི་འགྱུར་ཞིང་བདུད་ཀྱི་ལས་དེ་དག་ཐམས་ཅད་དེ་ལྟར་ཤེས་ན་ རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དག་ལ་སྤྱོད་པ་དེ་དག་ཐམས་ཅད་མཁྱེན་པ་ཉིད་མི་འཐོབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ཅིང་དེ་ལྟར་སློབ་སྟེ་དེ་ བཞིན་གཤེགས་པས་ཅི་ལྟར་གསུངས་པའི་སྤྱོད་པ་དེ་དང་མ་བྲལ་བ་དང་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་དང་མ་བྲལ་བ་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་བ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གལ་ཏེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་བདུད་ཀྱི་ལས་རྣམས་ཁོང་དུ་ཆུད་ཅིང་འབྲལ་བར་བྱེད་པའི་ཚིག་རྣམས་གཞན་ལས་ཐོས་ནས་ཡོངས་སུ་མི་ཉམས་དེའི་ཡིད་ཕྱིར་མི་ལྡོག་སེམས་གཞན་དུ་མི་འགྱུར་ཏེ། བདུད་ཀྱི་ལས་དེ་དག་དེ་ལྟར་ཤེས་ན་རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་ མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ནི་གཟུགས་ཀྱི་འདུ་ཤེས་ མངོན་པར་འདུ་བྱེད་པ་མ་ཡིན་གཟུགས་ཀྱི་འདུ་ཤེས་སྐྱེད་པ་མ་ཡིན། དེ་བཞིན་དུ་ཚོར་བའི་འདུ་ཤེས་མ་ཡིན་འདུ་ཤེས་ཀྱི་འདུ་ཤེས་མ་ཡིན་འདུ་བྱེད་རྣམས་ཀྱི་འདུ་ཤེས་མ་ཡིན་རྣམ་པར་ཤེས་པའི་འདུ་ཤེས་མངོན་པར་འདུ་བྱེད་པ་མ་ཡིན་རྣམ་པར་ཤེས་པའི་འདུ་ཤེས་སྐྱེད་པ་མ་ཡིན་ ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པས་ཆོས་རྣམས་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ་ཆོས་དེ་ཡང་མི་དམིགས་ཤིང་མངོན་པར་འདུ་མི་བྱེད་མི་སྐྱེད་དོ། །དེ་བས་ན་ མི་སྐྱེ་བའི་ཡེ་ཤེས་ཀྱི་བཟོད་པ་ཐོབ་པ་ཞེས་བྱ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཏེ་ཉེ་བར་འོངས་ནས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུན་པ་ཟློག་པར་བྱེད་དོ། འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་དེ་ ནི་ནམ་མཁའ་དང་མཚུངས་སོ། །འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་ཆོས་འདི་ནི་མེད་པའོ། །འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་ཆོས་འདི་ནི་ཡོད་པ་མ་ཡིན་པ་སྟེ་སུ་ཞིག་དེ་ལ་ཤེས་པར་འགྱུར་སུ་ཞིག་དེ་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ དེས་གང་ཡང་ངེས་པར་མི་འབྱུང་སྟེ། གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་གང་ཤེས་པར་བྱེད་པ་དང་གང་ཤེས་པར་བྱ་བའི་ཆོས་དེ་དག་ཐམས་ཅད་ནམ་མཁའ་དང་མཚུངས་ཏེ་ཁྱོད་ནི་དོན་མེད་པར་ཉོན་མོངས་སོ། ། འདི་ལྟ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་བྱ་བ་དེ་ནི་བདུད་ཀྱི་ལས་སུ་བསྟན་ཏེ། འདི་ནི་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ནོ་ཞེས་ཟེར་ཞིང་གང་འབྲལ་བར་བྱེད་པ་འདི་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་རིགས་ཀྱི་བུ་འམ་རིགས་ ཀྱི་བུ་མོ་དེས་དེ་ལྟར་ཤེས་པར་བྱ་སྟེ་དེ་ལྟར་བསམ་པར་བྱ་དེ་ལྟར་རིག་པར་བྱ་སྟེ། དེ་ལྟར་བསམས་ནས་དེ་ལ་སེམས་བརྟན་པར་བྱའོ། །སེམས་མི་གཡོ་བ་དང་སེམས་མི་འཕྲོགས་པར་བྱའོ། །རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་ལས་ ལྡོག་ཅིང་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པར་འགྱུར་བ་ཡིན་ནོ། །དེ་དག་འདོད་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །དེ་བཞིན་དུ་གཉིས་པ་དང་དེ་བཞིན་དུ་གསུམ་པ་དང་དེ་བཞིན་དུ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་སྟེ་དེ་བསམ་གཏན་བཞི་པོ་དེ་དག་ལ་གནས་ཤིང་ བསམ་གཏན་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དེ་བསམ་གཏན་དག་ལ་སྙོམས་པར་འཇུག་ཀྱང་བསམ་གཏན་གྱི་དབང་གིས་མི་སྐྱེ་ཞིང་ཡང་དེ་ཉིད་འདོད་པ་ན་སྤྱོད་པའི་ཆོས་རྣམས་ལ་གནས་པར་བྱེད་དེ། རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མིང་ཆེད་ཆེར་བྱེད་པ་མ་ཡིན། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ཆེད་ཆེར་བྱེད་པ་མ་ཡིན་ཏེ་མིང་ལ་ཆགས་པར་མི་བྱེད་དོ། ། དེ་སེམས་མི་འཁྲུག་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་སུ་འགྱུར་ཏེ། དེ་འགྲོ་བ་དང་འོང་བ་ན་སེམས་འཁྲུལ་པས་མི་འགྲོ་སེམས་འཁྲུལ་པར་མི་འོང་སྟེ་དྲན་བཞིན་དུ་འོང་དྲན་བཞིན་དུ་འགྲོའོ། །དེ་གལ་ཏེ་ཁྱིམ་ན་གནས་ན་ཡང་འདོད་པ་རྣམས་ལ་འདོད་པ་ལ་མངོན་པར་ཆགས་པའམ་ བསམ་པ་ལྷག་པར་ཆེར་མི་འབྱུང་སྟེ། དེ་སྐྱོ་བར་འདུ་ཤེས་པས་འདོད་པ་ལ་ཡོངས་སུ་སྤྱོད་ཅིང་དེ་སྐྲག་པར་འདུ་ཤེས་པས་འདོད་པ་ལ་ཡོངས་སུ་སྤྱོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་ཆོམ་རྐུན་གྱི་གནས་དགོན་པའི་ནང་དུ་སོང་སྟེ་ཟས་ཀྱི་བྱ་བ་བྱེད་ན་སྐྲག་པའི་འདུ་ཤེས་ ཀྱིས་ཟས་ཀྱི་བྱ་བ་བྱེད་ཅིང་འགྲོ་བར་འདུ་ཤེས་པས་ཟས་ཀྱི་བྱ་བ་བྱེད་དེ། བདག་ཆོམ་རྐུན་གྱི་གནས་དགོན་པ་འདི་ནས་ཅི་ཙམ་ན་འདའ་སྙམ་དུ་དེ་ལྟར་འདུ་ཤེས་པས་རིངས་ཐབས་སུ་ཟས་ཟ་བ་དེ་བཞིན་དུ། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ ཁྱིམ་ན་གནས་ན་འདོད་པ་གང་དང་གང་དག་ལ་ཡོངས་སུ་སྤྱོད་པའི་འདོད་པ་དེ་དང་དེ་དག་ལ་དོན་དུ་མི་གཉེར་བ་ཉིད་དང་མི་བརྐམ་པ་ཉིད་དང་མ་ཆགས་པ་ཉིད་དུ་ཡོངས་སུ་སྤྱོད་དོ། །འདོད་པའི་ཡོན་ཏན་ལྔ་པོ་དགའ་བའི་རང་བཞིན་ཅན་བདེ་བའི་རང་བཞིན་ཅན་དེ་དག་ལ་དོན་དུ་མི་གཉེར་བ་ཉིད་ དུ་འགྱུར་རོ། །དེ་དག་ཁྱིམ་ན་གནས་ན་མཉམ་པ་དང་མི་མཉམ་པས་འཚོ་བར་མི་བྱེད་དེ་ཆོས་འབའ་ཞིག་གིས་འཚོ་བར་བྱེད་ཅིང་ཆོས་མ་ཡིན་པས་མི་འཚོའོ། །འཆི་བར་གྱུར་ཀྱང་སླའི་གཞན་ལ་གནོད་པ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེས་བུ་དམ་པ་སྐྱེས་བུ་ཆེན་ པོ་སྐྱེས་བུ་མཆོག་སྐྱེས་བུ་མཆོག་རབ་སྐྱེས་བུ་མཛེས་པ་སྐྱེས་བུ་ཁྱུ་མཆོག་སྐྱེས་བུ་རྒྱ་ཆེ་བ་སྐྱེས་བུ་གཙོ་བོ་སྐྱེས་བུ་སྐྱེས་མཆོག་སྐྱེས་བུ་གཅེས་པ་སྐྱེས་བུ་པད་མོ་སྐྱེས་བུ་པད་མ་དཀར་པོ་སྐྱེས་བུ་ཅང་ཤེས་སྐྱེས་བུ་གླང་པོ་ཆེ་སྐྱེས་བུ་སེང་གེ་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་དག་གིས་ནི་ སེམས་ཅན་ཐམས་ཅད་བདེ་བའི་མཆོག་ལ་གཟུང་བར་བྱ་བ་ཡིན་ནོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཁྱིམ་ན་གནས་ཏེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་བསྐྱེད་པ་ཐོབ་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་དེ་དག་དང་རྟགས་ དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གནོད་ སྦྱིན་ཆེན་པོ་ལག་ན་རྡོ་རྗེ་རྟག་པར་ཕྱི་བཞིན་འབྲང་བར་འགྱུར་ཏེ། དེ་ཐུབ་པར་དཀའ་ཞིང་མི་དང་མི་མ་ཡིན་པ་དག་གིས་འདའ་བར་བྱ་མི་ནུས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་བསྙེན་དཀའ་བར་འགྱུར་རོ། །དེ་སེམས་མི་གཡེང་བར་འགྱུར་དབང་པོ་མ་ཚང་བར་ མི་འགྱུར་ཏེ། དབང་པོ་ཡོངས་སུ་རྫོགས་པར་འགྱུར་ཞིང་དབང་པོ་ཡོངས་སུ་མ་རྫོགས་པར་མི་འགྱུར་སྐྱེས་བུ་ཁྱུ་མཆོག་གི་དབང་པོ་དང་ལྡན་པར་འགྱུར་ཏེ་སྐྱེས་བུ་དམ་པ་མ་ཡིན་པར་མི་འགྱུར། དེ་བུད་མེད་དག་དབང་དུ་བྱ་བའི་སྔགས་ཀྱི་རིགས་དང་རྩི་དང་རིག་པ་དང་སྨན་ ལ་སོགས་པ་དེ་དག་ཐམས་ཅད་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྦྱོར་ཏེ། འཚོ་བ་ཡོངས་སུ་དག་པར་འགྱུར་ལོག་པས་འཚོ་བར་མི་འགྱུར་རོ། །རྩོད་པ་དང་རྒོལ་བར་སྨྲ་བའི་ངང་ཚུལ་ཅན་དུ་མི་འགྱུར་ལྟ་བ་དྲང་པོར་འགྱུར་བ་དག་ལ་མི་སྟོད་གཞན་ལ་མི་སྨོད་དེ། དེ་ཡོན་ཏན་ དེ་དག་དང་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །དེ་སྐྱེས་པ་དང་བུད་མེད་དག་ལ་ཁྱོད་ཀྱི་བུ་ཕོར་འགྱུར་རོ་ཞེ་འམ་བུ་མོར་འགྱུར་རོ་ཞེས་ལུང་མི་སྟོན་ཏེ་དེ་ལ་དེ་ལྟ་བུ་ལ་སོགས་པའི་ཀུན་སྟོན་པའི་ཉེས་པ་དེ་ལྟ་བུའི་ངོ་བོ་མི་འབྱུང་ངོ་། །རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་ དག་དང་མཚན་མ་དེ་དག་དང་ཡང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་གཞན་ཡང་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་དང་ལྡན་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་རྣམ་པ་གང་ཡིན་པ་དང་རྟགས་གང་ཡིན་པ་དང་མཚན་མ་གང་ཡིན་པའི་རྣམ་པ་དེ་དག་དང་ རྟགས་དེ་དག་དང་མཚན་མ་དེ་དག་བསྟན་པར་བྱའོ། །ཡང་དེ་དག་གང་ཞེ་ན་འདི་ལྟ་སྟེ་དེ་དག་ཕུང་པོ་དང་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་དག་ནི་འདུ་འཛི་ལ་དགའ་བའི་གཏམ་གྱི་སྦྱོར་བ་དང་ རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །རྒྱལ་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །རྐུན་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དམག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་ གནས། ཐབ་མོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། བདག་གི་གཏམ་གྱི་སྦྱོར་བ་དང་ རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། བློན་པོ་དང་བློན་པོ་ཆེན་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། སྐྱེས་པ་དང་བུད་མེད་དང་མ་ནིང་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། བཞོན་པ་དང་སྐྱེད་མོས་ཚལ་དང་ གཙུག་ལག་ཁང་དང་གཞལ་ཡས་ཁང་དང་མཚེའུ་དང་མཚོ་དང་ལྟེང་ཀ་དང་རྫིང་དང་ནགས་ཚལ་དང་ཀུན་དགའི་ར་བ་དང་རིའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། གནོད་སྦྱིན་དང་སྲིན་པོ་དང་ཡི་དགས་དང་ཤ་ཟ་དང་ལུས་སྲུལ་པོ་དང་གྲུལ་བུམ་གྱི་ གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། ཟས་དང་བཏུང་བ་དང་གོས་དང་རྒྱན་དང་སྤོས་དང་ཕྲེང་བ་དང་བྱུག་པའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། སྲང་དང་ལམ་གྱི་བཞི་མདོ་དང་དཔོང་ས་དང་ཚོང་འདུས་དང་བུ་བཟའི་གཏམ་གྱི་ སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། གླུ་དང་གར་དང་། སྙན་པ་བརྗོད་པ་དང་བྲོ་བརྡུང་བ་དང་རོལ་མོ་མཁན་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། རྒྱ་མཚོ་དང་ཆུ་བོ་དང་གླིང་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་ གནས། ཆོས་དང་འགལ་བའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། སོ་སོའི་སྐྱེ་བོ་ལ་དགའ་བའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་ཏེ། གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ ལ་བརྩོན་པར་གནས་ཤིང་ཐམས་ཅད་མཁྱེན་པ་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་མ་བྲལ་བར་འགྱུར་ཏེ། དེ་དག་ནི་ཐབ་མོ་དང་མཚང་འདྲུ་བ་དང་རྩོད་པ་དང་རྒོལ་བའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། དེ་དག་ནི་ཆོས་འདོད་པ་ཁོ་ནར་འགྱུར་ ཏེ་ཆོས་མ་ཡིན་པར་འདོད་པར་མི་འགྱུར། དེ་དག་ནི་མི་འབྱེད་པ་རྗོད་པ་སྨྲ་བར་འགྱུར་ཏེ་འབྱེད་པ་རྗོད་པ་སྨྲ་བར་མི་འགྱུར་དེ་དག་ནི་མཛའ་བར་འདོད་པ་ཡིན་ཏེ་མི་མཛའི་བར་འདོད་པ་མ་ཡིན་དེ་དག་ནི་ཆོས་སྨྲ་བར་འགྱུར་ཏེ་ཆོས་མ་ཡིན་པ་སྨྲ་བར་མི་འགྱུར་དེ་དག་ནི་དེ་བཞིན་ གཤེགས་པ་མཐོང་བ་ཁོ་ནར་འདོད་པས་རེ་བར་བྱེད་དེ་འཇིག་རྟེན་གྱི་ཁམས་གཞན་དག་ན་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་གི་དྲུང་དུ་ཉེ་བར་སྐྱེ་བར་བྱ་བའི་ཕྱིར་སེམས་བསྐྱེད་ཅིང་དེ་དག་འདོད་ ན་དེར་ཉེ་བར་སྐྱེས་ཏེ། དེ་དག་དེ་ལྟར་དེ་བཞིན་གཤེགས་པ་ལ་བལྟ་བ་དང་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བ་དང་མི་བྲལ་བར་འགྱུར་རོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་འདོད་པ་ན་སྤྱོད་པའི་ལྷ་དག་ལས་ ཤི་འཕོས་པ་དང་གཟུགས་ན་སྤྱོད་པའི་ལྷ་དག་ལས་ཤི་འཕོས་པ་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་དག་ལས་ཤི་འཕོས་ནས་འཛམ་བུའི་གླིང་གི་ཡུལ་གྱི་དབུས་འདི་ཉིད་ཀྱི་ནང་ན། མི་དག་སྒྱུ་རྩལ་ལ་མཁས་པ་སྙན་དངགས་ལ་མཁས་པ་སྔགས་དག་ལ་མཁས་པ་རིག་ པ་དག་ལ་མཁས་པ་བསྟན་བཅོས་དག་ལ་མཁས་པ་མཚན་མ་དག་ལ་མཁས་པ་ཆོས་ཀྱི་དོན་ལ་མཁས་པ་དག་ཡོད་པར་སྐྱེ་སྟེ། མཐའ་འཁོབ་ཀྱི་སྐྱེ་བོ་དག་ཏུ་སྐྱེ་བ་ནི་ཉུང་། ཕལ་ཆེར་ཡུལ་གྱི་དབུས་སུ་སྐྱེའོ། །གང་དག་མཐའ་འཁོབ་ཀྱི་སྐྱེ་བོའི་ནང་དུ་སྐྱེས་པ་དེ་དག་ཀྱང་གྲོང་ཁྱེར་ཆེན་པོའི་ ནང་དུ་སྐྱེས་ཏེ། དེ་དག་ལ་ཡང་ཡོན་ཏན་འདི་དག་ཡོད་དོ། །རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་ གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་བདག་ཕྱིར་མི་ལྡོག་པ་འམ་ཕྱིར་མི་ལྡོག་པ་མ་ཡིན་པ་སྙམ་དུ་མི་སེམས་ཏེ། དེ་ནི་འདི་ལྟར་རང་གི་ས་ལ་ཐེ་ཚོམ་མི་སྐྱེ་སོམ་ཉི་མི་བྱེད་དེ་ཀུན་ཏུ་ཞུམ་པར་ཡང་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་རྒྱུན་དུ་ཞུགས་པ་ནི་ རང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ནེམ་ནུར་མི་བྱེད་ཐེ་ཚོམ་མི་ཟ་བ་དེ་བཞིན་དུ། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རང་གི་བྱང་ཆུབ་སེམས་དཔའི་ས་ལ་ནེམ་ནུར་མི་བྱེད་ཐེ་ཚོམ་མི་ཟ་སོམ་ཉིར་མི་བྱེད་དེ་རང་གི་ས་ལ་དེ་ཀུན་ཏུ་ཞུམ་པར་མི་འགྱུར་རོ། ། བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཀྱང་མྱུར་དུ་རིག་ཅིང་དེ་དག་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཀྱི་དབང་དུ་མི་འགྲོའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་གིས་མཚམས་མེད་པ་བྱས་ནས་འཆི་ཀའི་གནས་སྐབས་ཀྱི་བར་དུ་མཚམས་མེད་པའི་སེམས་དེ་དང་མི་འབྲལ་བར་འགྱུར་ཏེ། སེམས་དེ་བསལ་བ་འམ་གནན་པར་མི་ནུས་ཤིང་འཆི་ཀའི་དུས་ཀྱི་བར་དུ་དེའི་སེམས་དེ་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་སེམས་ཀྱང་གནས་པར་འགྱུར་ཞིང་རང་གི་ཕྱིར་མི་ལྡོག་པའི་ས་ལས་མི་བསྐྱོད་པར་འགྱུར་ ཏེ། དེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཀྱང་བསྐྱོད་པ་འམ་བསྒུལ་བར་མི་ནུས་སོ། །བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་ཀྱང་རིག་པར་བྱེད་དེ་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་གི་དབང་དུ་མི་འགྲོ་སྟེ་དེ་རང་གི་ས་ལ་ནེམ་ནུར་མི་བྱེད་ཅིང་ཐེ་ཚོམ་མི་བྱེད་པས་ཚེ་འཕོས་ན་ཡང་ཉན་ ཐོས་ཀྱི་སེམས་དང་རང་སངས་རྒྱས་ཀྱི་སེམས་མི་སྐྱེའོ། །དེ་ཚེ་འཕོས་ན་ཡང་འདི་སྙམ་དུ་སེམས་ཏེ་བདག་ནི་མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་འགྱུར་ཏེ། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ་སྙམ་ནས་ད་རང་གི་ས་ལ་གནས་ཤིང་དེ་གཞན་གྱི་ དྲིང་མི་འཇོག་པར་འགྱུར་རང་གི་ས་ལ་མི་བརྫི་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མི་འཕྲོགས་པའི་སེམས་དང་མི་འཕྲོགས་པའི་ཡེ་ཤེས་ཀྱིས་གནས་པ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡང་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་ཀྱིས་ཉེ་བར་འོངས་ཏེ་དེར་ཉེ་བར་འོངས་ནས་ འདི་སྐད་ཟེར་ཏེ་ཁྱོད་འདི་ཉིད་དུ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་གྱིས་ཤིག་ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏེ། རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྣམ་པ་དེ་དག་མེད་རྟགས་དེ་དག་མེད་མཚན་མ་དེ་དག་མེད་དེ་དག་ཡོད་པ་མ་ཡིན་ན་ཅི་ཁྱོད་དེ་ལ་སྤྱོད་དམ་ཞེས་ཟེར་ལ། གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་གཞན་དུ་གྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འདི་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པར་རིག་པར་བྱའོ། །གལ་ཏེ་ཡང་འདི་སྙམ་དུ་ཀྱེ་མ་འདི་ནི་བདུད་སྡིག་ཅན་ཡིན་ཏེ་སངས་རྒྱས་ཀྱི་ཆ་ བྱད་དུ་མངོན་པར་སྤྲུལ་ནས་འོངས་པ་འམ་བདུད་ཀྱི་བྱིན་གྱིས་བརླབས་པའམ་བདུད་ཀྱིས་སྤྲུལ་པ་ཞིག་ཡིན་ཏེ། འདི་ནི་དེ་བཞིན་གཤེགས་པ་མ་ཡིན་ནོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་སྐད་གསུངས་པ་དེ་ནི་དེ་བཞིན་ཏེ། གཞན་དུ་མ་ ཡིན་ནོ་ཞེས་སེམས་སམ། གལ་ཏེ་དེ་འདི་སྙམ་དུ་སོ་སོར་རྟོག་ཅིང་འདི་སྙམ་དུ་སེམས་ཏེ་ཀྱེ་མ་འདི་ནི་བདུད་སྡིག་ཅན་གྱིས་སངས་རྒྱས་སུ་བྱིན་གྱིས་བརླབས་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་དབྲལ་བར་འདོད་དོ་སྙམ་ལ། རབ་འབྱོར་གལ་ཏེ་བདུད་སྡིག་ཅན་ཕྱིར་ལོག་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མི་ ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རྣམ་པ་འདི་དག་དང་རྟགས་འདི་དག་དང་མཚན་མ་འདི་དག་ཡོད་ན་རབ་འབྱོར་ཇི་ལྟར་དེ་ལ་ཡོན་ཏན་འདི་དག་ཡོད་པ་དང་སྦྱར་ན་ཀྱེ་མ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འདི་ནི་གདོན་མི་ཟ་བར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ཡིན་པར་རིག་པར་བྱའོ། །དེ་ ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་ཡོད་པའི་ཕྱིར་ཏེ། རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་བར་བྱེད་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། །དེའི་ཕྱིར་རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ཤིན་ཏུ་བརྩོན་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་རྣམས་ལ་དགའ་བ་དང་གུས་པ་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཀྱི་སྐུའོ་ཞེས་ཆོས་ལ་ དགའ་བ་དང་གུས་པའི་ཕྱིར་དམ་པའི་ཆོས་ཡོངས་སུ་འཛིན་པར་བྱེད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་འདས་པ་འབའ་ཞིག་གི་དམ་པའི་ཆོས་ཡོངས་སུ་གཟུང་བ་མ་ཡིན་གྱི་སངས་རྒྱས་བཅོམ་ལྡན་འདས་ད་ལྟར་བྱུང་བ་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བ་ཡང་འདི་ཉིད་ཡིན་མ་བྱོན་པའི་སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་བཟུང་བ་ཡང་འདི་ཉིད་ཡིན་ཏེ། དེ་ལ་བདག་ཀྱང་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་གྲངས་སུ་བགྲང་བར་གཏོགས་པ་དེས་ན་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལ་ལུང་བསྟན་ཏེ་འདི་ནི་བདག་གི་ཡང་ དམ་པའི་ཆོས་ཡོངས་སུ་བཟུང་བའོ་སྙམ་སྟེ་དོན་གྱི་དབང་འདི་མཐོང་ནས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཉིད་ཡོངས་སུ་གཏོང་བ་དག་བྱེད་དོ། །སྲོག་ཡོངས་སུ་གཏོང་བ་དག་ཀྱང་བྱེད་དེ་དེ་ལ་ཞུམ་པར་མི་འགྱུར་ལེ་ལོ་མི་བྱེད་དོ། །རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་ མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་ལ་ནེམ་ནུར་མེད་ཐེ་ཚོམ་མི་ཟའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པ་ཁོ་ན་ཆོས་སྟོན་པ་ལ་ནེམ་ནུར་མ་མཆིས་ཤིང་ཐེ་ཚོམ་མི་འཚལ་བ་ལགས་ཀྱི་ཉན་ཐོས་ལ་མ་ལགས་སམ། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་ཉན་ཐོས་ཆོས་སྟོན་པ་ལ་ཡང་ནེམ་ནུར་མི་བྱེད་ཅིང་ཐེ་ཚོམ་མི་ཟའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ན་དེའི་ཕྱིར་དེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་མི་འགལ་བར་ཉན་ཏེ། ཐོས་ནས་ ཀྱང་ནེམ་ནུར་མི་བྱེད་ཐེ་ཚོམ་མི་ཟ་སྟེ། རབ་འབྱོར་ཡོན་ཏན་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་ཡིན་ནོ། །རབ་འབྱོར་འདི་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ མི་ལྡོག་པའི་རྣམ་པ་དང་རྟགས་དང་མཚན་མར་རིག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། ཕྱིར་མི་ལྡོག་པའི་རྣམ་པ་དང་རྟགས་དང་མཚན་མའི་ལེའུ་ཞེས་བྱ་བ་སྟེ་བཅུ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་ཆེན་པོའི་ཚོགས་དང་ལྡན་པ་དང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་ཚད་ མ་མཆིས་པ་དང་ལྡན་པ་དང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ་ནི་ངོ་མཚར་ཏོ། །དེ་སྐད་ཅེས་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ་དེ་དེ་ བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པས་ནི་ཡེ་ཤེས་མཐའ་ཡས་མུ་མེད་པ་རབ་ཏུ་འཐོབ་སྟེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ནི་ཕྱིར་མི་ ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་རྟགས་དང་མཚན་མ་དག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྟོན་ཀྱང་སྤྱོད་དེ། དེའི་སླད་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གནས་ཟབ་མོ་ཟབ་ མོ་དག་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་གནས་ཟབ་མོ་ཟབ་མོ་དག་ལས་བརྩམས་ནས་ཤེས་པར་བྱ་བར་འདོད་པ་ལེགས་སོ་ལེགས་སོ། །རབ་འབྱོར་ཟབ་ཅེས་བྱ་བ་དེ་ ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ། །རབ་འབྱོར་འདི་ལྟ་སྟེ་ཟབ་ཅེས་བྱ་བ་དེ་ནི་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་མི་བྱེད་པ་དང་མ་བྱུང་བ་དང་མ་སྐྱེས་པ་དང་དངོས་པོ་མེད་པ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་དང་མྱ་ངན་ལས་འདས་པ་དང་བྲལ་བར་གྱུར་པའི་ཚིག་བླ་ དགས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ཆོས་དེ་དག་འབའ་ཞིག་གི་ཚིག་བླ་དགས་ལགས་ཀྱི་ཆོས་ཐམས་ཅད་ཀྱི་ཡང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ནི་ཆོས་ཐམས་ཅད་ཀྱི་ཡང་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ནི་ཟབ་བོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ཟབ་བོ། །རབ་འབྱོར་གཟུགས་ཅི་ལྟར་ཟབ། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རབ་འབྱོར་རྣམ་པར་ཤེས་པ་ཅི་ལྟར་ཟབ་ཅེ་ན། རབ་འབྱོར་དེ་བཞིན་ཉིད་ཅི་ལྟ་བ་དེ་བཞིན་དུ་གཟུགས་ཟབ་བོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རབ་འབྱོར་དེ་བཞིན་ཉིད་ཅི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པ་ཟབ་བོ། །རབ་འབྱོར་དེ་ལ་གཟུགས་ཀྱི་དེ་བཞིན་ཉིད་ཅི་ལྟ་བ་དེ་བཞིན་དུ་གཟུགས་ཟབ་བོ། །དེ་ བཞིན་དུ་ཚོར་བའི་དེ་བཞིན་ཉིད་དང་འདུ་ཤེས་ཀྱི་དེ་བཞིན་ཉིད་དང་འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་ཅི་ལྟ་བ་དང་རབ་འབྱོར་དེ་ལ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཅི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པ་ཟབ་བོ། །རབ་འབྱོར་གང་ལ་གཟུགས་མེད་པ་འདི་ནི་གཟུགས་ཀྱི་ཟབ་པ་ཉིད་དོ། །རབ་ འབྱོར་དེ་བཞིན་དུ་གང་ལ་ཚོར་བ་མེད་པ་དང་འདུ་ཤེས་མེད་པ་དང་འདུ་བྱེད་རྣམས་མེད་པ་དང་། རྣམ་པར་ཤེས་པ་མེད་པ་འདི་ནི། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཟབ་པ་ཉིད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་སྲིད་དུ་ཐབས་ཞིབ་མོས་ གཟུགས་ལས་ཀྱང་བཟློག་ལ་མྱ་ངན་ལས་འདས་པ་ཡང་བསྟན་པ་དང་། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་ཅི་སྲིད་དུ་ཐབས་ཞིབ་མོས་རྣམ་པར་ཤེས་པ་ལས་ཀྱང་བཟློག་ལ་མྱ་ངན་ལས་འདས་པ་ཡང་བསྟན་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གནས་ཟབ་མོ་ཟབ་མོ་འདི་དག་གང་ཞིག་སེམས་པར་འགྱུར་འཇལ་བར་འགྱུར་ངེས་པར་རྟོག་པར་འགྱུར་ཏེ། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཅི་ལྟར་བསྟན་པ་དེ་བཞིན་དུ་གནས་པར་བྱའོ། །བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལས་ཅི་ལྟར་བཤད་པ་དེ་བཞིན་དུ་བསླབ་པར་བྱའོ། །བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཅི་ལྟར་ཉེ་བར་བསྟན་པ་དེ་བཞིན་དུ་བསྒྲུབ་པར་བྱའོ། །དེ་བཞིན་དུ་སྒྲུབ་པར་བྱེད་པ་དང་དེ་བཞིན་དུ་ཉེ་བར་སེམས་པ་དང་དེ་བཞིན་དུ་ཉེ་བར་ཡོངས་སུ་རྟོག་པར་དེ་བཞིན་དུ་རབ་ཏུ་སྦྱོར་བར་བྱེད་པ་དང་ དེ་བཞིན་དུ་རྩོལ་བ་དང་དེ་བཞིན་དུ་འབད་པར་བྱེད་པས། ཉིན་གཅིག་ཙམ་ཡང་འདི་ལ་རྣལ་འབྱོར་དུ་བྱེད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཉི་མ་གཅིག་པོ་དེ་ལ་ལས་ཅི་ཙམ་བྱེད་པར་འགྱུར་ཞེ་ན། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་འདོད་ཆགས་ ལ་སྤྱོད་པ་རྣམ་པར་རྟོག་པ་ལ་སྤྱོད་པ་ལ་ལ་ཞིག་ཡོད་ལ་སྐྱེས་བུ་འདོད་ཆགས་ལ་སྤྱོད་པ་རྣམ་པར་རྟོག་པ་ལ་སྤྱོད་པ་དེས། བུད་མེད་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ཞིག་དང་དུས་བཏབ་པར་གྱུར་ལ། བུད་མེད་དེ་ཡང་གཞན་གྱིས་ཡོངས་སུ་ཟིན་པ་ཞིག་ཡིན་ཏེ། བདག་ཉིད་ཁྱིམ་ནས་ འབྱུང་ཞིང་འོང་བའི་དབང་མེད་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས་སྐྱེས་བུ་དེའི་རྣམ་པར་རྟོག་པ་ཅི་ལྟ་བུ་དང་ལྡན་པ་དག་འབྱུང་བར་འགྱུར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་དེའི་རྣམ་པར་རྟོག་པ་ནི་བུད་མེད་དང་ལྡན་པ་ཁོ་ན་འབྱུང་སྟེ་དེ་ནི་མཆིའོ། །དེ་མཆིས་ནས་དེ་དང་ལྷན་ ཅིག་འདི་ལྟར་སྤྱད་པར་བྱའོ། །འདི་ལྟར་དགའ་བར་བྱའོ་འདི་ལྟར་རྩེ་བར་བྱའོ་འདི་ལྟར་རབ་ཏུ་རྣམ་པར་སྤྱོད་པར་བྱའོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས་སྐྱེས་བུ་དེ་ལ་ཉི་མ་འདས་ཀྱི་བར་དུ་རྣམ་པར་རྟོག་པ་ཅི་སྙེད་ཅིག་འབྱུང་། རབ་འབྱོར་གྱིས་གསོལ་ བ། བཅོམ་ལྡན་འདས་གདུགས་འདས་ཀྱི་བར་དུ་སྐྱེས་བུ་དེ་ལ་རྣམ་པར་རྟོག་པ་མང་པོ་ཞིག་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྐྱེས་བུ་དེ་ལ་ཉི་མ་འདས་ཀྱི་བར་དུ་རྣམ་པར་རྟོག་པ་ཅི་སྙེད་ཅིག་འབྱུང་བ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བསྐལ་པ་དེ་སྙེད་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་པ་དང་འདོར་བ་དང་མཐར་འབྱིན་པར་བྱེད་དོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཅི་ལྟར་བཞག་པ་དང་ཅི་ལྟར་བཤད་པ་དང་ཅི་ལྟར་ཉེ་བར་བསྟན་པ་དང་ཅི་ལྟར་བསྟན་པ་དང་ཅི་ལྟར་ངེས་པར་བསྟན་པ་ལྟར་འདི་ལ་གནས་ པ་དང་སློབ་པ་དང་རྟོགས་པ་དང་ཉེ་བར་སེམས་པ་དང་རྣལ་འབྱོར་དུ་བྱེད་པ་ནི། ཉེས་པ་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པར་འགྱུར་བའི་ཉེས་པ་དེ་དག་ཀྱང་རྣམ་པར་སྤོང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་བརྩོན་པར་བྱེད་ཅིང་དེ་ལྟ་བུའི་གནས་པ་འདིས་གནས་པ་དེ་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་འདིས་ཉིན་གཅིག་ལས་དེ་སྙེད་བྱེད་དོ། །བྱང་ཆུབ་སེམས་དཔའ་གང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་སྟེ་སྦྱིན་པ་བྱིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉིན་གཅིག་ཙམ་ཡང་རྣལ་འབྱོར་དུ་བྱེད་ན་འདི་ཉིད་དེ་བས་ཁྱད་པར་དུ་འཕགས་སོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་གང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་སྟེ་རྒྱུན་དུ་ཞུགས་པ་དག་ལ་སྦྱིན་པ་སྦྱིན་པར་བྱེད་ཅིང་རབ་ཏུ་འཇོག་པ་དང་། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དག་ལ་ཡང་སྦྱིན་པ་སྦྱིན་པར་བྱེད་ཅིང་རབ་ཏུ་འཇོག་ པ་དང་། རང་སངས་རྒྱས་དག་ལ་སྦྱིན་པ་སྦྱིན་པར་བྱེད་ཅིང་རབ་ཏུ་འཇོག་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་ཅིང་རབ་ཏུ་འཇོག་པར་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དང་། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཅི་ལྟར་ཉེ་བར་བསྟན་པ་དང་ཅི་ལྟར་བསྟན་པ་དང་ཅི་ལྟར་ངེས་པར་སྟོན་པ་དེ་བཞིན་དུ་ཉིན་གཅིག་ཙམ་ཡང་རྣལ་འབྱོར་དུ་བྱེད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཉིད་བསོད་ ནམས་ཆེས་མང་དུ་སྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་གང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་རྒྱུན་དུ་ཞུགས་པ་དག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བར་ལ་སྦྱིན་པ་སྦྱིན་པར་བྱེད་ཅིང་རབ་ཏུ་འཇོག་པ་དང་། ཚུལ་ཁྲིམས་ཡོངས་སུ་ རྫོགས་པར་བྱེད་པར་གྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་གང་ཞིག་ཡིད་ལ་བྱེད་པ་དེ་ལས་ལངས་ཏེ་ཆོས་སྟོན་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སྔ་མ་དེ་བས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འདི་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་གང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་རྒྱུན་དུ་ཞུགས་པ་དག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བར་ལ་སྦྱིན་པ་སྦྱིན་པར་བྱེད་ ཅིང་རབ་ཏུ་འཇོག་པ་དང་། ཚུལ་ཁྲིམས་ཀྱང་ཡོངས་སུ་རྫོགས་པར་བྱེད་པར་གྱུར། བཟོད་པ་དང་ཡང་ལྡན་པར་གྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་གང་ཞིག་ཡིད་ལ་བྱེད་ པ་དེ་ལས་ལངས་ཏེ་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སྔ་མ་དེ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་གང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་རྒྱུན་ཏུ་ ཞུགས་པ་དག་ནས་ཡ