Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 033_བརྒྱད་སྟོང་པ།
Văn bản gốc(Tây Tạng)
Trang 11 / 19 (50.000 ký tự/trang)
ིང་ཡོངས་སུ་དྲིས་ལ་ཡོངས་སུ་དྲི་བ་བྱས་པ་དེ་ནི་དུས་རེ་ཞིག་དད་པ་ཡིན་ཏེ་སླར་ཡང་སྟོར་བར་འགྱུར་ཞིང་ཡོངས་སུ་དྲི་བས་འཕྲོགས་པར་ འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཡིན་ཏེ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྔོན་ཡོངས་སུ་མ་ཞུས་ཡང་དག་པར་ཡོངས་སུ་མ་དྲིས་ཡང་དག་པར་ཡོངས་སུ་དྲི་བར་མ་བྱས་ཤིང་རྗེས་སུ་མ་འབྲངས་པར་གྱུར་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་མཉན་པར་བྱ་བའི་ཕྱིར་རེས་འགའ་ནི་འདུན་པས་རྗེས་སུ་འབྲང་བར་འགྱུར་རེས་འགའ་ནི་འདུན་པར་མི་འགྱུར་བ་དེ་ཕྱིར་ཞིང་གཡེངས་པ་དང་ཞུམ་པར་འགྱུར་དེའི་བློ་རྒོད་པར་འགྱུར་ཞིང་རས་བལ་གྱི་འདའ་བ་བཞིན་དུ་འགྱུར་ཏེ། བྱང་ཆུབ་སེམས་དཔའ་འདི་ནི་ ཐེག་པ་ལ་ཡང་དག་པར་ཞུགས་ནས་རིང་པོ་མ་ལོན་ཞིང་ཐེག་པ་ལ་གསར་དུ་ཞུགས་ཏེ་འོངས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་དད་པ་དེ་དང་དང་བ་དེ་དང་འདུན་པ་དེ་རབ་ཏུ་གཏོང་བར་འགྱུར་ཏེ། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྗེས་སུ་འཛིན་ པར་མི་འགྱུར་རྗེས་སུ་འཇུག་པར་མི་འགྱུར་རྗེས་སུ་སྟེན་པར་མི་འགྱུར་བས་དེ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་འམ་དེ་ས་གཉིས་ལས་གང་ཡང་རུང་བའི་ས་གཅིག་ཏུ་རེ་བར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོར་ཞུགས་པའི་གྲུ་ཆག་པ་ན་ གང་དག་དེར་ཤིང་ངམ་སྤང་ལེབ་ལ་མི་འཛིན་ཏམ་ཤི་བའི་རོ་ལ་མི་འཇུ་ན་རབ་འབྱོར་དེ་ནི་ཆུའི་ཕ་རོལ་གྱི་འགྲམ་དུ་མ་ཕྱིན་པར་ཆུའི་ནང་དུ་འཆི་བའི་དུས་བྱེད་པར་འགྱུར་རོ་ཞེས་རིག་པར་བྱའོ། །རབ་འབྱོར་ཡང་གང་དག་རྒྱ་མཚོ་ཆེན་པོར་ཞུགས་པའི་གྲུ་ཆག་པ་ན་དེར་ཤིང་ངམ་སྤང་ལེབ་ བམ་ཤི་བའི་རོ་ལ་འཇུ་ན་རབ་འབྱོར་དེ་ནི་ཆུས་དུས་བྱེད་པར་མི་འགྱུར་ཞིང་བདེ་བར་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་འགྱུར་ཏེ་མ་སྨས་མ་སྣད་པར་སྐམ་ས་ལ་གནས་པར་འགྱུར་རོ་ཞེས་རིག་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དད་པ་ཙམ་དང་དགའ་བ་ཙམ་དང་ དང་པ་ཙམ་དང་འདུན་པ་ཙམ་དང་ལྡན་ཡང་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་ན་རབ་འབྱོར་དེ་ནི་ལམ་གྱི་བར་མ་དོར་རྣམ་པར་འཇིག་པར་འགྱུར་ཏེ། ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཉན་ཐོས་ཉིད་དམ་རང་སངས་རྒྱས་ཉིད་དུ་གནས་པར་འགྱུར་རོ་ཞེས་དེ་ལྟར་རིག་པར་བྱའོ། ། རབ་འབྱོར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་པ་དང་བཟོད་པ་ཡོད་པ་དང་སྲེད་པ་ཡོད་པ་དང་འདུན་པ་ཡོད་པ་དང་བརྩོན་འགྲུས་ཡོད་པ་དང་བག་བྱེད་པ་ཡོད་པ་དང་མོས་ པ་ཡོད་པ་དང་ལྷག་པའི་བསམ་པ་ཡོད་པ་དང་གཏོང་བ་ཡོད་པ་དང་གུས་པར་བྱེད་པ་ཡོད་པ་དང་དགའ་བ་ཡོད་པ་དང་མགུ་བ་ཡོད་པ་དང་དང་བ་ཡོད་པ་དང་རབ་ཏུ་དགའ་བ་ཡོད་པ་དང་བརྩོན་པ་མི་གཏོང་བ་ཡོད་པ་དེ་དག་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན་པར་བྱེད་ན། དེ་ལྟར་ན་ དེ་དག་གི་དད་པ་དེ་དང་བཟོད་པ་དེ་དང་སྲེད་པ་དེ་དང་འདུན་པ་དེ་དང་བརྩོན་འགྲུས་དེ་དང་བག་བྱེད་པ་དེ་དང་མོས་པ་དེ་དང་ལྷག་པའི་བསམ་པ་དེ་དང་གཏོང་བ་དེ་དང་གུས་པར་བྱེད་པ་དེ་དང་དགའ་བ་དེ་དང་མགུ་བ་དེ་དང་དང་བ་དེ་དང་རབ་ཏུ་དགའ་བ་དེ་དང་བརྩོན་པ་མི་གཏོང་བ་དེ་དག་ཀྱང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ནས་ཐམས་ཅད་མཁྱེན་པ་ལ་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་བུད་མེད་དམ་སྐྱེས་པ་ཡང་རུང་བུམ་པ་སོ་མ་བཏང་བས་ཆུ་ཆུ་ན་རབ་འབྱོར་དེའི་བུམ་པ་དེ་ནི་ཡུན་རིང་པོར་མི་ཐུབ་སྟེ་དེ་ནི་མྱུར་བ་ཉིད་དུ་ཆག་ཅིང་ཞིག་པར་འགྱུར་བར་རིག་ པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བུམ་པ་སོ་མ་བཏང་བའི་ཕྱིར་དེ་ནི་མཐར་ས་ཉིད་དུ་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་ པ་ཡོད་པ་དང་བཟོད་པ་ཡོད་པ་དང་སྲེད་པ་ཡོད་པ་དང་འདུན་པ་ཡོད་པ་དང་བརྩོན་འགྲུས་ཡོད་པ་དང་བག་བྱེད་པ་ཡོད་པ་དང་མོས་པ་ཡོད་པ་དང་། ལྷག་པའི་བསམ་པ་ཡོད་པ་དང་གཏོང་བ་ཡོད་པ་དང་གུས་པར་བྱེད་པ་ཡོད་པ་དང་དགའ་བ་ཡོད་པ་དང་རབ་ཏུ་དགའ་བ་ཡོད་པ་ དང་དང་བ་ཡོད་པ་དང་ཡིད་དགའ་བ་ཡོད་པ་དང་བརྩོན་པ་མི་གཏོང་བ་ཡོད་དུ་ཟིན་ཀྱང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་མ་བཟུང་བར་གྱུར་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ནི་ལམ་གྱི་བར་མ་དོར་རྣམ་པར་འཇིག་པར་འགྱུར་བར་རིག་པར་བྱའོ། ། རབ་འབྱོར་བྱང་ཆུབ་སེམས་དཔའི་ལམ་གྱི་བར་མ་དོར་རྣམ་པར་འཇིག་པ་གང་ཞེ་ན། ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་བུད་མེད་དམ་སྐྱེས་པ་ཡང་རུང་སྟེ་བུམ་པ་ལེགས་པར་སོ་བཏང་བས་འབབ་ཆུའམ་རྫིང་བུ་འམ་ལྟེང་ཀ་འམ་མཚོ་ འམ་ཁྲོན་པའམ་དེ་མ་ཡིན་པའི་ཆུའི་གཞི་གཞན་ལས་ཆུ་བཅུས་ཏེ། དེས་ཆུ་དེ་ཁྱེར་ན་རབ་འབྱོར་བུམ་པ་དེས་ནི་བདེ་བར་ཁྱིམ་དུ་ཕྱིན་པར་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བུམ་པ་སོ་ལེགས་པར་བཏང་བའི་ཕྱིར་རོ། །རབ་འབྱོར་དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་བཟོད་པ་ཡོད་སྲེད་པ་ཡོད་འདུན་པ་ཡོད་བརྩོན་འགྲུས་ཡོད་བག་བྱེད་པ་ཡོད་མོས་པ་ཡོད་ལྷག་པའི་བསམ་པ་ཡོད་གཏོང་བ་ ཡོད་གུས་པར་བྱེད་པ་ཡོད་དགའ་བ་ཡོད་རབ་ཏུ་དགའ་བ་ཡོད་དང་བ་ཡོད་ཡིད་དགའ་བ་ཡོད་བརྩོན་པ་མི་གཏོང་བ་ཡང་ཡོད་ལ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་བཟུང་བར་གྱུར་ན་རབ་འབྱོར་བྱང་ཆུབ་སེམས་དཔའི་སེམས་དཔའ་ ཆེན་པོ་དེ་ནི་ལམ་གྱི་བར་མ་དོར་རྣམ་པར་འཇིག་པར་མི་འགྱུར་ཏེ་མ་སྨས་མ་སྣང་པར་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་བར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅུ་བཞི་པ། རབ་འབྱོར་འདི་ལྟ་སྟེ་ དཔེར་ན་སྐྱེས་བུ་ཤེས་རབ་འཆལ་པའི་རང་བཞིན་ཅན་ཞིག་རྒྱ་མཚོའི་གྲུ་མིག་ཚགས་མ་བྱས་ཤིང་མ་བཅོས་པ་བཅིང་བ་བཅིངས་ནས་རིང་དུ་ལོན་པ་ཞིག་ཆུའི་ནང་དུ་དྲངས་ནས་དེར་རྫས་བསྐྱས་ཏེ་གང་ཞིང་ཁལ་གྱིས་ནོན་པའི་ནང་དུ་ཞུགས་པར་གྱུར་ན། རབ་འབྱོར་གྲུ་དེ་ནི་འདི་ལྟ་སྟེ་ འདི་ལྟ་བུར་འཇིག་པའི་ཆོས་ཅན་དུ་འགྱུར་ཏེ་ཆུའི་ཕ་རོལ་དུ་མ་རྒལ་བར་དེའི་རྫས་ཀྱང་གཞན་དུ་འགྱུར་ལ་གྲུ་དེ་ཡང་གཞན་དུ་འགྲོ་བར་རིག་པར་བྱ་སྟེ། དེ་ལྟར་དེད་དཔོན་ཐབས་མི་མཁས་པ་འཆལ་པའི་ཤེས་རབ་ཅན་དེ་ནོར་ཆེན་པོ་དང་བྲལ་བ་དང་ཕྲད་པར་འགྱུར་ཏེ་རིན་པོ་ཆེའི་འབྱུང་ གནས་ཆེན་པོ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་བཟོད་པ་ཡོད་སྲེད་པ་ཡོད་འདུན་པ་ཡོད་བརྩོན་འགྲུས་ཡོད་བག་བྱེད་པ་ ཡོད་མོས་པ་ཡོད་ལྷག་པའི་བསམ་པ་ཡོད་གཏོང་བ་ཡོད་གུས་པར་བྱེད་པ་ཡོད་དགའ་བ་ཡོད་མགུ་བ་ཡོད་དང་བ་ཡོད་རབ་ཏུ་དགའ་བ་ཡོད་བརྩོན་པ་མི་གཏོང་བ་ཡོད་ཀྱང་། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞིང་ཐབས་མཁས་པ་དང་བྲལ་བར་གྱུར་ན་རབ་འབྱོར་ བྱང་ཆུབ་སེམས་དཔའ་དེ་ནི་ཐམས་ཅད་མཁྱེན་པའི་རིན་པོ་ཆེའི་འབྱུང་གནས་མ་ཐོབ་པ་ཉིད་དུ་བར་མ་དོར་ཆུད་ཟོས་ཤིང་ཡི་གསོད་པར་འགྱུར་ཏེ། རང་གི་དོན་ཆེན་པོ་ལས་ཡོངས་སུ་ཉམས་པར་འགྱུར་ཞིང་གཞན་གྱི་དོན་ཆེན་པོའི་རིན་པོ་ཆེའི་ཕུང་པོ་ལས་ཡོངས་སུ་ཉམས་པར་ འགྱུར་ཏེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་དོན་ཆེན་པོའི་རིན་པོ་ཆེའི་འབྱུང་གནས་ལས་ཡོངས་སུ་ཉམས་པར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་ཡང་བྱང་ཆུབ་སེམས་དཔའི་བར་མ་དོར་ཆུད་ཟ་བ་གང་ཞེ་ན། འདི་ལྟ་སྟེ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ ཀྱི་སའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེད་དཔོན་མཁས་པའི་རང་བཞིན་ཅན་གྱིས་རྒྱ་མཚོར་འཇུག་པའི་གྲུ་བཅིང་བ་ལེགས་པར་བཅིངས་མིག་ཚགས་བྱ་བ་ལེགས་པར་བྱས་ནས་བཅོས་པར་བྱ་བ་ལེགས་པར་བཅོས་ཏེ་ཆུའི་ནང་དུ་དྲངས་ནས་རྫས་བསྐྱས་ཏེ་གང་བར་བྱས་ ནས་ལེགས་པར་བཤམས་ཤིང་མཐུན་པའི་རླུང་དང་སྦྱར་ཏེ་དེ་གང་དུ་འགྲོ་བར་འདོད་པའི་ཕྱོགས་སུ་མཐར་གྱིས་སོང་ན། རབ་འབྱོར་གྲུ་དེ་ནི་ཆུས་འཇིག་པར་མི་འགྱུར་གྱི་གྲུ་དེ་ནི་གང་དུ་འགྲོ་བར་བྱ་བའི་ཕྱོགས་དེར་ཕྱིན་པར་འགྱུར་ཞིང་དེད་དཔོན་དེ་ཡང་རྙེད་པ་ཆེན་པོ་འདི་ལྟ་སྟེ་ འཇིག་རྟེན་གྱི་རིན་པོ་ཆེ་དག་དང་ལྡན་པར་འགྱུར་རོ་ཞེས་རིག་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་བཟོད་པ་ཡོད་སྲེད་པ་ཡོད་འདུན་ པ་ཡོད་བརྩོན་འགྲུས་ཡོད་བག་བྱེད་པ་ཡོད་མོས་པ་ཡོད་ལྷག་པའི་བསམ་པ་ཡོད་གཏོང་བ་ཡོད་གུས་པར་བྱེད་པ་ཡོད་དགའ་བ་ཡོད་མགུ་བ་ཡོད་དང་བ་ཡོད་རབ་ཏུ་དགའ་བ་ཡོད་བརྩོན་པ་མི་གཏོང་བ་ཡང་ཡོད་ལ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཞིང་ཐབས་ མཁས་པ་དང་མ་བྲལ་བར་གྱུར་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཆུད་ཟོས་བར་མི་འགྱུར་ཞིང་ཡི་གསོད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་ འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཡིན་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་བཟོད་པ་ཡོད་སྲེད་པ་ཡོད་འདུན་པ་ཡོད་ བརྩོན་འགྲུས་ཡོད་བག་བྱེད་པ་ཡོད་མོས་པ་ཡོད་ལྷག་པའི་བསམ་པ་ཡོད་གཏོང་བ་ཡོད་གུས་པར་བྱེད་པ་ཡོད་དགའ་བ་ཡོད་མགུ་བ་ཡོད་དང་བ་ཡོད་རབ་ཏུ་དགའ་བ་ཡོད་བརྩོན་པ་མི་གཏོང་བ་ཡང་ཡོད་ལ། དེའི་ཆོས་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ བཟུང་ཞིང་ཐབས་མཁས་པ་དང་མ་བྲལ་ན་དེ་ནི་གང་གིས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའི་ཆོས་མངོན་དུ་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དག་པར་ཞུགས་པར་འགྱུར་བ་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ་རང་ སངས་རྒྱས་ཀྱི་སར་མི་སྒྲུབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་འགའ་ཞིག་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་རྒན་པོ་རྒས་ཤིང་འཁོགས་པར་གྱུར་ལ། དེའི་ལུས་ལ་རླུང་ལས་གྱུར་པ་འམ་མཁྲིས་པ་ལས་གྱུར་པ་འམ་བད་ཀན་ལས་གྱུར་པ་འམ་འདུས་པ་ལས་གྱུར་ པའི་ནད་འགའ་ཞིག་གིས་བཏབ་ན་རབ་འབྱོར་དེ་ཇི་སྙམ་དུ་སེམས་སྐྱེས་བུ་དེ་ཡང་མ་བརྟེན་པར་ཁྲི་ལས་ལྡང་ནུས་སམ། རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སྐྱེས་བུ་དེ་ཁྲི་ལས་ལྡང་ ནུས་པར་གྱུར་ཀྱང་དེ་རྒས་པ་དེ་དང་ནད་དེས་བཅོམ་པས་རྒྱང་གྲགས་གཅིག་སྲིད་དམ་རྒྱང་གྲགས་གཉིས་སྲིད་དུ་འགྲོ་བའི་སྟོབས་མེད་དོ། །གལ་ཏེ་སྐྱེས་བུ་དེ་ཁྲི་ལས་ལྡང་ནུས་ཀྱང་འགྲོ་བར་བྱ་བར་སྟོབས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དད་པ་ཡོད་པ་དང་བཟོད་པ་ཡོད་པ་དང་སྲེད་པ་ཡོད་པ་དང་འདུན་པ་ཡོད་པ་དང་བརྩོན་འགྲུས་ཡོད་པ་དང་བག་བྱེད་པ་ཡོད་པ་དང་མོས་པ་ཡོད་པ་དང་ལྷག་པའི་བསམ་པ་ཡོད་པ་དང་གཏོང་ བ་ཡོད་པ་དང་གུས་པར་བྱེད་པ་ཡོད་པ་དང་དགའ་བ་ཡོད་པ་དང་མགུ་བ་ཡོད་པ་དང་དང་བ་ཡོད་པ་དང་རབ་ཏུ་དགའ་བ་ཡོད་པ་དང་བརྩོན་པ་མི་གཏོང་བ་ཡོད་པར་གྱུར་ཀྱང་། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞིང་ཐབས་མཁས་པ་དང་བྲལ་བར་གྱུར་པས་ལ་ལ་ ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ལ་ཡང་དག་པར་ཞུགས་སུ་ཟིན་ཀྱང་རབ་འབྱོར་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་བར་མ་དོར་ཆུད་ཟོས་ཤིང་ཡི་གསོད་པར་འགྱུར་ཏེ། འདི་ལྟ་སྟེ་ཉན་ཐོས་ཀྱི་ས་འམ་རང་སངས་ རྒྱས་ཀྱི་ས་ལ་གནས་པར་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་བ་དང་ཐབས་མཁས་པ་དང་བྲལ་བའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པར་གྱུར་པ་རྒན་ པོ་རྒས་ཤིང་འཁོགས་པ་དེ་ཉིད་ཀྱི་ལུས་ལ་རླུང་ལས་གྱུར་པ་འམ་མཁྲིས་པ་ལས་གྱུར་པ་འམ་བད་ཀན་ལས་གྱུར་པ་འམ་འདུས་པ་ལས་གྱུར་པའི་ནད་འགའ་ཞིག་གིས་བཏབ་སྟེ་དེའི་གཡས་དང་གཡོན་གྱི་ཕྱོགས་གཉིས་ནས་སྐྱེས་བུ་སྟོབས་དང་ལྡན་པ་གཉིས་ཀྱིས་ལེགས་པར་བརྟེན་ ཞིང་འཇུར་བཅུག་ཅིང་ལེགས་པར་བཟུང་ནས་དེ་ལ་འདི་སྐད་དུ་ཀྱེ་སྐྱེས་བུ་ཁྱོད་གང་དུ་འགྲོ་བར་བྱ་བའི་གནས་དེར་ཁྱོད་ཀྱིས་མ་ཕྱིན་གྱི་བར་དུ་ཁྱོད་བདག་ཅག་གཉིས་ཀྱིས་བརྟེན་པས་ལམ་དུ་བར་མ་དོར་རྡེག་འཆོས་པའི་འཇིགས་པར་མི་འགྱུར་གྱིས། ཁྱོད་གང་དུ་འགྲོ་འདོད་པ་དེར་ སོང་ཤིག་ཅེས་བསྒོ་ན་ཁྲི་དེ་ལས་ལྡང་ནུས་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ལ་དད་པ་ཡོད་པ་དང་བཟོད་པ་ཡོད་པ་དང་སྲེད་པ་ཡོད་ པ་དང་འདུན་པ་ཡོད་པ་དང་བརྩོན་འགྲུས་ཡོད་པ་དང་བག་བྱེད་པ་ཡོད་པ་དང་མོས་པ་ཡོད་པ་དང་ལྷག་པའི་བསམ་པ་ཡོད་པ་དང་གཏོང་པ་ཡོད་པ་དང་གུས་པར་བྱེད་པ་ཡོད་པ་དང་དགའ་བ་ཡོད་པ་དང་མགུ་བ་ཡོད་པ་དང་དང་བ་ཡོད་པ་དང་རབ་ཏུ་དགའ་བ་ཡོད་པ་དང་བརྩོན་པ་མི་ གཏོང་བ་ཡོད་པར་གྱུར་ལ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཞིང་ཐབས་མཁས་པ་དང་མ་བྲལ་བར་གྱུར་ན། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཆུད་ཟོས་པར་མི་འགྱུར་ཡི་གསོད་པར་མི་འགྱུར་ཏེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ་དེའི་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་རྗེས་སུ་ཐོབ་ནུས་པར་རིག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་དཔེའི་ལེའུ་ཞེས་བྱ་བ་སྟེ་བཅུ་བཞི་ པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བགྱི་ཅི་ལྟར་བསླབ་ པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པས་དགེ་བའི་ བཤེས་གཉེན་དག་ལ་བསྙེན་པར་བྱ་བསྟེན་པར་བྱ་བསྙེན་བཀུར་བྱའོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་འདོམས་ཤིང་རྗེས་སུ་སྟོན་པར་འགྱུར་བ་དང་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདི་ལུང་འབོགས་པ་དེ་དག་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་གྱིས་ཤིག །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་གྱིས་ཤིག །རིགས་ཀྱི་བུ་ཁྱོད་སྦྱིན་པ་གང་དང་གང་ཉིད་བྱིན་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག །རིགས་ཀྱི་བུ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་གཟུགས་སུ་མ་སྙེམས་ཤིག །དེ་བཞིན་དུ་ཚོར་བར་མ་ཡིན་འདུ་ཤེས་སུ་མ་ཡིན་འདུ་བྱེད་རྣམས་སུ་མ་ཡིན་རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམ་པར་ཤེས་པར་མ་སྙེམས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཁྱོད་ཐམས་ཅད་ མཁྱེན་པ་ཉིད་ནི་མི་བསྙེམས་པའོ། །དེ་བཞིན་དུ་ཁྱོད་ཚུལ་ཁྲིམས་གང་དང་གང་ཉིད་སྲུང་བ་དང་། དེ་བཞིན་དུ་སྦྱར་ཏེ་རིགས་ཀྱི་བུ་ཁྱོད་བཟོད་པ་གང་དང་གང་ཉིད་སྒྲུབ་པ་དང་རིགས་ཀྱི་བུ་ཁྱོད་བརྩོན་འགྲུས་གང་དང་གང་ཉིད་རྩོམ་པ་དང་རིགས་ཀྱི་བུ་ཁྱོད་བསམ་གཏན་གང་དང་གང་ཉིད་ ལ་མཉམ་པར་འཇོག་པ་དང་རིགས་ཀྱི་བུ་ཁྱོད་ཤེས་རབ་གང་དང་གང་ཉིད་ཡོངས་སུ་སྦྱོང་བར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག །རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཟུགས་སུ་མ་སྙེམས་ ཤིག །དེ་བཞིན་དུ་ཚོར་བར་མ་ཡིན་འདུ་ཤེས་སུ་མ་ཡིན་འདུ་བྱེད་རྣམས་སུ་མ་ཡིན་རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྣམ་པར་ཤེས་པར་མ་སྙེམས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཐམས་ཅད་མཁྱེན་པ་ཉིད་ནི་མི་བསྙེམས་པའོ། །རིགས་ ཀྱི་བུ་ཁྱོད་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་ལ་འདོད་པར་མ་བྱེད་ཅིག་ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལུང་འབོགས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པ་དགེ་བའི་བཤེས་གཉེན་དག་གིས་མཐར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་གཞུག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་དག་པར་ཞུགས་ཤིང་དེ་ལྟ་བུའི་ངོ་བོའི་སྦྱིན་པ་ལ་བརྟེན་དེ་ ལྟ་བུའི་ངོ་བོའི་ཚུལ་ཁྲིམས་དང་དེ་ལྟ་བུའི་ངོ་བོའི་བཟོད་པ་དང་དེ་ལྟ་བུའི་ངོ་བོའི་བརྩོན་འགྲུས་དང་དེ་ལྟ་བུའི་ངོ་བོའི་བསམ་གཏན་དང་དེ་ལྟ་བུའི་ངོ་བོའི་ཤེས་རབ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་པ་ལ་རང་དབང་དུ་གྱུར་པ་ལགས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་མི་འཚལ་གྱི། འོན་ཀྱང་སེམས་ཅན་གྱི་ཁམས་ཤིན་ཏུ་སྡུག་བསྔལ་བ་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་ཏེ་འཁོར་བར་སྐྲག་པར་མི་བགྱིད་པ་ནི་དཀའ་བ་བགྱིད་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཇིག་རྟེན་ལ་ཕན་པའི་ཕྱིར་ཞུགས་པ་དང་འཇིག་རྟེན་ལ་བདེ་བའི་ཕྱིར་དང་འཇིག་རྟེན་ལ་སྙིང་བརྩེ་ བའི་ཕྱིར་ཞུགས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་གྱི་སྐྱོབ་པར་འགྱུར་བར་བྱའོ་འཇིག་རྟེན་གྱི་སྐྱབས་སུ་འགྱུར་བར་བྱའོ་འཇིག་རྟེན་གྱི་གནས་སུ་འགྱུར་བར་བྱའོ་འཇིག་རྟེན་གྱི་དཔུང་གཉེན་དུ་འགྱུར་བར་ བྱའོ་འཇིག་རྟེན་གྱི་གླིང་དུ་འགྱུར་བར་བྱའོ་འཇིག་རྟེན་གྱི་སྣང་བར་འགྱུར་བར་བྱའོ་འཇིག་རྟེན་གྱི་ཡོངས་སུ་འདྲེན་པར་འགྱུར་བར་བྱའོ་འཇིག་རྟེན་གྱི་རྟེན་དུ་འགྱུར་བར་བྱའོ་སྙམ་སྟེ། དེ་ལྟ་བུའི་ངོ་བོའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་འགྲུས་རྩོམ་པ་དེ་དཀའ་བ་བྱེད་པ་ ཡིན་ནོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྐྱོབ་པར་འགྱུར་ཞེ་ན། རབ་འབྱོར་འཁོར་བ་ན་སྤྱོད་པའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཡོད་པ་ དེ་དག་ལས་དེ་སྐྱོབ་པར་བྱེད་ཅིང་སྡུག་བསྔལ་དེ་དག་སྤང་བའི་ཕྱིར་འབད་པར་བྱེད་ལ་བརྩོན་འགྲུས་རྩོམ་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་ གྱི་སྐྱོབ་པར་འགྱུར་རོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྐྱབས་སུ་འགྱུར་ཞེ་ན། རབ་འབྱོར་སེམས་ཅན་གང་སྐྱེ་བའི་ཆོས་ཅན་རྒ་བའི་ཆོས་ཅན་ན་བའི་ཆོས་ཅན་འཆི་ བའི་ཆོས་ཅན་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པའི་ཆོས་ཅན་གྱི་སེམས་ཅན་དེ་དག་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་ལས་ ཡོངས་སུ་ཐར་བར་བྱེད་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྐྱབས་སུ་འགྱུར་རོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་གནས་སུ་འགྱུར་ཞེ་ན། རབ་འབྱོར་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྦྱོར་བ་མེད་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ ལ་ཆོས་སྟོན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་གནས་སུ་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལྟར་ན་ སྦྱོར་བ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་འབྲེལ་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྦྱོར་བ་མེད་པའོ། །གཟུགས་ཀྱི་སྦྱོར་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འབྲེལ་པ་མེད་པའོ། །གཟུགས་ཀྱི་ འབྲེལ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྐྱེ་བ་མེད་པ་དང་འགག་པ་མེད་པའོ། །གཟུགས་ཀྱི་སྐྱེ་བ་མེད་པ་དང་འགག་པ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྦྱོར་བ་མེད་པའོ། །གང་གཟུགས་ལ་སྦྱོར་བ་མེད་པ་འདི་ནི་གཟུགས་ཀྱི་འབྲེལ་བ་མེད་པའོ་གཟུགས་ཀྱི་འབྲེལ་ བ་མེད་པ་འདི་ནི་གཟུགས་ཀྱི་སྦྱོར་བ་མེད་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རབ་འབྱོར་རྣམ་པར་ཤེས་པའི་འབྲེལ་བ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་སྦྱོར་བ་མེད་པའོ། །རྣམ་པར་ཤེས་པའི་སྦྱོར་བ་མེད་པ་གང་ཡིན་པ་དེ་ནི་རྣམ་ པར་ཤེས་པའི་འབྲེལ་བ་མེད་པའོ། །རྣམ་པར་ཤེས་པའི་འབྲེལ་བ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་སྐྱེ་བ་མེད་པ་དང་འགག་པ་མེད་པའོ། །རྣམ་པར་ཤེས་པའི་སྐྱེ་བ་མེད་པ་དང་འགག་པ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་སྦྱོར་བ་མེད་པའོ། །རྣམ་ པར་ཤེས་པའི་སྦྱོར་བ་མེད་པ་གང་ཡིན་པ་འདི་ནི་རྣམ་པར་ཤེས་པའི་འབྲེལ་བ་མེད་པའོ། །རྣམ་པར་ཤེས་པའི་འབྲེལ་བ་མེད་པ་འདི་ནི་རྣམ་པར་ཤེས་པའི་སྦྱོར་བ་མེད་པའོ། །རབ་འབྱོར་དེ་ལྟར་ན་ཆོས་ཐམས་ཅད་ནི་སྦྱོར་བ་མེད་པ་འབྲེལ་བ་མེད་པའོ་ཞེས་རྣམ་པར་ ཤེས་པས་མཐོང་བས་སྦྱོར་བ་མེད་པར་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་གནས་སུ་འགྱུར་རོ། །རབ་འབྱོར་ཅི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་དཔུང་གཉེན་དུ་འགྱུར་ཞེ་ན། རབ་འབྱོར་གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་རབ་འབྱོར་ཕ་རོལ་ཅི་ལྟ་བར་ གཟུགས་ཀྱང་དེ་བཞིན་ཏེ། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རབ་འབྱོར་རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་རབ་འབྱོར་ཕ་རོལ་ཅི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའང་དེ་བཞིན་ཏེ། རབ་འབྱོར་གཟུགས་དང་ཚོར་བ་དང་འདུ་ ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཕ་རོལ་ཅི་ལྟ་བ་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཕ་རོལ་ཅི་ལྟ་བ་ཆོས་ཐམས་ཅད་ཀྱང་ དེ་བཞིན་ནོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་མ་ལགས་སམ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལ་རྣམ་པར་རྟོག་པ་གང་ཡང་མ་མཆིས་པའི་སླད་དུའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཕ་རོལ་གང་ཡིན་པ་དེ་ལ་རྣམ་པར་རྟོག་པ་གང་ཡང་མེད་དེ་རབ་འབྱོར་རྣམ་པར་རྟོག་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་ རྒྱས་པ་ཉིད་ཡིན་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ནོ། །གང་དེ་ལྟར་ཆོས་ཐམས་ཅད་ལ་ངེས་པར་སེམས་ཤིང་མངོན་དུ་ཡང་མི་བྱེད་ཞུམ་པར་ཡང་མི་བྱེད་པར། འདི་ལྟར་བདག་ཅག་གིས་ཆོས་ འདི་དག་མངོན་པར་རྫོགས་པར་སངས་རྒྱས་པར་བྱའོ། །འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་འདི་དག་བསྟན་པར་བྱའོ། །རབ་ཏུ་བཤད་པར་བྱའོ་སྙམ་ན། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་དཔུང་གཉེན་དུ་འགྱུར་རོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་ནས་འཇིག་རྟེན་གྱི་གླིང་དུ་འགྱུར་ཞེ་ན། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འབབ་ཆུ་འམ་རྒྱ་མཚོ་དག་གི་ནང་ན་ཕྱོགས་གང་ཆུས་ཡོངས་སུ་བསྐོར་བར་གྱུར་པ་ནི་གླིང་ཞེས་བྱའོ། །རབ་འབྱོར་དེ་བཞིན་དུ་གཟུགས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་ པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རབ་འབྱོར་དེ་བཞིན་དུ་རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ་སྟེ། རབ་འབྱོར་ཡོངས་སུ་ཆད་པ་འདིས་ཆོས་ཐམས་ཅད་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ་ཡིན་ནོ། ། རབ་འབྱོར་ཆོས་ཐམས་ཅད་ཀྱི་ཡོངས་སུ་ཆད་པ་གང་ཡིན་པ་འདི་ནི་ཞི་བའོ་འདི་ནི་གྱ་ནོམ་པའོ་འདི་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །འདི་ནི་ཅི་ལྟ་བ་བཞིན་ནོ་འདི་ནི་ཕྱིན་ཅི་མི་ལོག་པ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་གླིང་དུ་འགྱུར་རོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྣང་བར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དུས་རིང་པོར་མ་རིག་པའི་སྒོ་ངའི་སྦུབས་དང་ལིང་ཏོག་གིས་ཡོངས་སུ་ཁེབས་པའི་སེམས་ཅན་མུན་པས་ཟིལ་གྱིས་ནོན་པ་ རྣམས་ཤེས་རབ་ཀྱིས་སྣང་བར་བྱེད་ཅིང་མི་ཤེས་པའི་མུན་པ་མུན་ནག་ཐམས་ཅད་སེལ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་སྣང་ བར་འགྱུར་རོ། །རབ་འབྱོར་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་ཡོངས་སུ་འདྲེན་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གཟུགས་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་རང་བཞིན་གྱིས་ སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །ཉན་ཐོས་ཀྱི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །རང་སངས་རྒྱས་ ཀྱི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་ མེད་པར་ཆོས་སྟོན་ཏོ། །ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་ རྟེན་གྱི་ཡོངས་སུ་འདྲེན་པར་འགྱུར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་རྟེན་དུ་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་ལ་གཟུགས་ནི་ནམ་མཁའི་རྟེན་ཅན་ནོ་ཞེས་ཆོས་སྟོན་པར་འགྱུར། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡང་ ནམ་མཁའི་རྟེན་ཅན་ནོ་ཞེས་ཆོས་སྟོན་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ནམ་མཁའི་རྟེན་ཅན་འགྲོ་བ་མེད་པ་འོང་བ་མེད་པ་ནམ་མཁའ་དང་མཚུངས་པ་སྟེ། ཅི་ལྟར་ནམ་མཁའ་འོང་བ་མེད་པ་འགྲོ་བ་མེད་པ་མ་བྱས་པ་རྣམ་པར་མི་འགྱུར་བ་མངོན་པར་ འདུས་མ་བྱས་པ་མི་གནས་པ་ཡང་དག་པར་མི་གནས་པ་རྣམ་པར་མི་གནས་པ་མ་སྐྱེས་པ་མ་འགགས་པ་དེ་བཞིན་དུ་རབ་འབྱོར་ཆོས་ཐམས་ཅད་ཀྱང་འོང་བ་མེད་པ་འགྲོ་བ་མེད་པ་མ་བྱས་པ་རྣམ་པར་མི་འགྱུར་བ་མངོན་པར་འདུས་མ་བྱས་པ་མི་གནས་པ་ཡང་དག་པར་མི་གནས་ པ་རྣམ་པར་མི་གནས་པ་མ་སྐྱེས་པ་མ་འགགས་པ། ནམ་མཁའ་དང་མཚུངས་པའི་ཕྱིར་རྣམ་པར་མི་རྟོག་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འོང་བ་འམ་འགྲོ་བ་མེད་དོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ རྣམས་དང་རབ་འབྱོར་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འོང་བའམ་འགྲོ་བ་མེད་དེ། རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ནི་འོང་བ་འམ་འགྲོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རྟེན་ཅན་ཏེ་དེ་དག་རྟེན་ དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་འདུ་མི་བྱེད་པའི་རྟེན་ཅན་ཏེ་ དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་འབྱུང་བ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་གྱི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་བདག་གི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མུ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཞི་བའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་དབྱུང་དུ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་ འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་འོང་བ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་འགྲོ་བ་མེད་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མི་གཡོ་བའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། ། རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་དགྲ་ བཅོམ་པ་དང་རང་སངས་རྒྱས་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྟེན་ཅན་ཏེ་དེ་དག་རྟེན་དེ་ལས་མི་འདའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ ཆོས་ཐམས་ཅད་ནི་ནམ་མཁའི་རྟེན་ཅན་ནོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་རྟེན་དུ་འགྱུར་བ་ཡིན་ནོ། །རབ་འབྱོར་ གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་དག་གིས་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང་དུ་སྤྱད་པར་གྱུར་པ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་གང་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཤེས་པར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་ པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཚལ་བར་འགྱུར་བ་དེ་དག་གི་ངོ་བོ་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཤེས་པར་འགྱུར་བ་དེ་དག་ནི་འདུལ་བ་ལས་བྱུང་བ་དབེན་པའི་རང་བཞིན་ཅན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཅི་ལྟ་བུའི་རྟེན་ ཅན་ཁོ་ནར་འགྱུར་བ་དང་རྟེན་དེ་དག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་དག་ལ་ཡང་རྟེན་འདི་ཉིད་སྟོན་པར་འགྱུར་ཞིང་དེ་དག་དེ་ལྟར་སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་བ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདི་ལྟ་བུའི་རྟེན་ཅན་དུ་འགྱུར་བ་དང་རྟེན་འདི་དག་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་དག་ལ་རྟེན་འདི་དག་ སྟོན་པར་འགྱུར་ཞིང་། དེ་དག་དེ་ལྟར་སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གཞལ་དུ་མེད་པ་གྲངས་ མེད་པ་དག་གི་རྟེན་དུ་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཞལ་དུ་མ་མཆིས་གྲངས་མ་མཆིས་པ་དག་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས། གོ་ཆ་འདི་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ དཀའ་བ་བགྱིད་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། སེམས་ཅན་གཞལ་དུ་མེད་གྲངས་མེད་པ་དག་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་ གང་གིས་གོ་ཆ་འདི་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དཀའ་བ་བྱེད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པའི་གོ་ཆ་དེ་ནི་གཟུགས་དང་འབྲེལ་བ་ཡང་མ་ཡིན་གཟུགས་ཀྱི་དོན་དུ་འབྲེལ་བ་ཡང་མ་ཡིན་ དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དང་འབྲེལ་བ་ཡང་མ་ཡིན་རྣམ་པར་ཤེས་པའི་དོན་དུ་འབྲེལ་བ་ཡང་མ་ཡིན། ཉན་ཐོས་ཀྱི་ས་དང་འབྲེལ་བ་ཡང་མ་ཡིན་ཉན་ཐོས་ཀྱི་སའི་དོན་དུ་འབྲེལ་བ་ཡང་མ་ཡིན། རང་སངས་རྒྱས་ཀྱི་ས་དང་འབྲེལ་བ་ ཡང་མ་ཡིན་རང་སངས་རྒྱས་ཀྱི་སའི་དོན་དུ་འབྲེལ་བ་ཡང་མ་ཡིན། སངས་རྒྱས་ཀྱི་ས་དང་འབྲེལ་པ་ཡང་མ་ཡིན་སངས་རྒྱས་ཀྱི་སའི་དོན་དུ་འབྲེལ་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པའི་གོ་ཆ་འདི་ ནི་ཆོས་ཐམས་ཅད་དང་མ་འབྲེལ་བའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་དེ་ལྟར་སྤྱོད་པ་དེས་གནས་གསུམ་ལ་རེ་བར་མི་བགྱི་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སའམ་སངས་རྒྱས་ཀྱི་སའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་དོན་གྱི་དབང་ཅི་ཞིག་མཐོང་ན་འདི་སྐད་དུ་འདི་ལྟར་བྱངཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་དེ་ལྟར་སྤྱོད་པ་དེས་གནས་གསུམ་ལ་རེ་བར་མི་བྱ་སྟེ། གསུམ་གང་ཞེ་ན་འདི་ལྟ་སྟེ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སའམ་སངས་རྒྱས་ཀྱི་སའོ་ཞེས་ཟེར། རབ་འབྱོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་དེ་ལྟར་སྤྱོད་པ་དེ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་ས་ལ་རེ་བ་འདི་ནི་གནས་མེད་ཅིང་གོ་སྐབས་མེད་དོ། །འོན་ཀྱང་གང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་ཆེན་པོ་བགོས་པ་འདི་ནི་ སངས་རྒྱས་ཀྱིས་ཉིད་ལ་རེ་བར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་སྟེ། དེ་ནི་སུས་ཀྱང་བསྒོམ་པར་བགྱི་བ་མ་ལགས་དེ་ནི་གང་གིས་ཀྱང་བསྒོམས་པར་མ་གྱུར་གང་གིས་ཀྱང་སྒོམ་པར་མི་བྱེད་གང་གིས་ཀྱང་ སྒོམ་པར་མི་འགྱུར་བསྒོམ་པར་བགྱི་བ་ཡང་ཅུང་ཟད་མ་མཆིས་གང་དུ་བསྒོམ་པར་བགྱི་བ་ཡང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ཡང་ཡོངས་སུ་གྲུབ་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ནམ་མཁའ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཆོས་ཐམས་ཅད་མི་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་མ་ཆགས་ པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་མཐའ་ཡས་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་དངོས་པོ་མ་མཆིས་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་ འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཡོངས་སུ་གཟུང་བ་མ་མཆིས་པ་བསྒོམ་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་གནས་པས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བརྟག་པར་བྱའོ། །རབ་འབྱོར་འདི་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་ཆགས་པར་མི་བྱེད་པ་དང་། འདི་ལྟར་གཞན་གྱིས་སྨྲས་པ་དང་གཞན་གྱིས་བགྲོས་པ་དག་ལ་མངོན་པར་ཆགས་པར་མི་བྱེད་པ་དང་། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕ་རོལ་གྱི་དད་པའི་ཕྱིར་མི་འབྲང་བ་དང་། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ལ་མི་འགོང་ཀུན་ཏུ་མི་ཞུམ་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར། ནེམ་ནུར་མི་ བྱེད་ཐེ་ཚོམ་མི་ཟ་རྨོངས་པར་མི་འགྱུར་ཞིང་། རྟོགས་པར་བྱེད་མོས་པར་བྱེད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་དང་ཐོས་པར་དགའ་བས་ན་རབ་འབྱོར་འདིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དྲིས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ལ་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་མི་ལྡན་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ བཤད་པ་ལ་མི་དངང་ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་ན། བཅོམ་ལྡན་འདས་རྣམ་པ་གང་གིས་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེ་བྲག་ཏུ་བརྟགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་ རྒྱུད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེ་བྲག་ཏུ་བརྟགས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལྟར་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་རྒྱུད་བྱེ་བྲག་ཏུ་བརྟགས་པ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་གཞོལ་བའི་རྒྱུད་དང་རབ་འབྱོར་ནམ་མཁའ་ལ་འབབ་པ་དང་རབ་འབྱོར་ནམ་མཁའ་ལ་ཕྱོགས་པའི་རྒྱུད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་རྒྱུད་བྱེ་བྲག་ཏུ་བརྟགས་པ་ཡིན་ནོ། །རབ་འབྱོར་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་ བའི་རྒྱུད་ཀྱིས་བྱེ་བྲག་ཏུ་བརྟགས་པ་གང་ཡིན་པ་དེ་ནི་བྱེ་བྲག་ཏུ་བརྟགས་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཐམས་ཅད་མཁྱེན་པ་ཉིད་ནི་གཞལ་དུ་མེད་པའོ། །རབ་འབྱོར་ཐམས་ཅད་མཁྱེན་པ་ཉིད་ནི་ཚད་མ་མེད་པའོ། །རབ་འབྱོར་གཞལ་དུ་མེད་པ་དང་ཚད་མ་མེད་པ་ གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཚོར་བ་མ་ཡིན་འདུ་ཤེས་མ་ཡིན་འདུ་བྱེད་རྣམས་མ་ཡིན་རྣམ་པར་ཤེས་པ་མ་ཡིན། ཐོབ་པ་མ་ཡིན་མངོན་པར་རྟོགས་པ་མ་ཡིན་ཁོང་དུ་ཆུད་པ་མ་ཡིན་ལམ་མ་ཡིན་ལམ་གྱི་འབྲས་བུ་མ་ཡིན་ཡེ་ཤེས་མ་ཡིན་རྣམ་པར་ཤེས་པ་མ་ཡིན་སྐྱེ་བ་མ་ཡིན་འཇིག་ པ་མ་ཡིན་འབྱུང་བ་མ་ཡིན་འགྲིབ་པ་མ་ཡིན་འགག་པ་མ་ཡིན་སྒོམ་པ་མ་ཡིན་རྣམ་པར་སྒོམ་པ་མ་ཡིན་ཏེ། སུས་ཀྱང་མ་བྱས་གང་ནས་ཀྱང་མ་འོངས་གང་དུ་ཡང་མི་འགྲོ་ཡུལ་གང་དུ་ཡང་མི་གནས་ཕྱོགས་གང་དུ་ཡང་མི་གནས་ཏེ། གཞན་དུ་ན་གཞལ་དུ་མེད་པ་ཚད་མེད་པ་ཞེས་བྱ་བ་དེ་ལྟ་བུའི་ གྲངས་སུ་འགྲོའོ། །ནམ་མཁའ་གཞལ་དུ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གཞལ་དུ་མེད་པ་སྟེ། གཞལ་དུ་མེད་པ་གང་ཡིན་པ་དེ་ནི་སུས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ་གཟུགས་ཀྱིས་མ་ཡིན་ཚོར་བས་མ་ཡིན་འདུ་ཤེས་ཀྱིས་མ་ཡིན་འདུ་བྱེད་རྣམས་ཀྱིས་ མ་ཡིན་རྣམ་པར་ཤེས་པས་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་མ་ཡིན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཡིན་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་མ་ཡིན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཡིན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཉིད་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་ཉིད་དང་འདུ་ཤེས་ཉིད་དང་འདུ་བྱེད་ཉིད་རྣམས་དང་རབ་འབྱོར་རྣམ་པར་ཤེས་པ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དོ། ། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དང་རབ་འབྱོར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་དང་བཅས་པ་དང་མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་བཅས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་ དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་པ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་དང་བཅས་ པ་དང་མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་བཅས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཏིང་དཔག་དཀའ་ བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བལྟ་དཀའ་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་དཀའ་སྟེ། དོན་གྱི་དབང་འདི་གཟིགས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ན། བརྩོན་པ་ཆུང་བ་ལ་ཐུགས་གཞོལ་བར་མཛད་དེ་ཆོས་བསྟན་པ་ལ་གཞོལ་བར་མ་མཛད་དོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་དང་མི་མཇེད་ཀྱི་བདག་པོ་ཚངས་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་དེ་དེ་བཞིན་ཏེ་དེ་དེ་བཞིན་ནོ། །ལྷའི་བུ་དག་ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ ནི་ཟབ་པའོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཏིང་དཔག་དཀའ་བའོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བལྟ་དཀའ་བའོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྟོགས་པར་དཀའ་སྟེ། དོན་གྱི་དབང་འདི་གཟིགས་ནས་ཀྱང་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ན། ཀྱེ་མ་ཆོས་ཟབ་མོ་འདི་ངས་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་པས་བརྩོན་ པ་ཆུང་བ་ལ་ཐུགས་གཞོལ་བར་མཛད་དེ་ཆོས་བསྟན་པ་ལ་གཞོལ་བར་མ་མཛད་དོ། །གང་དུ་སུས་ཀྱང་མངོན་པར་རྫོགས་པར་སངས་མ་རྒྱས་སུ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་སུ་ཡང་མངོན་པར་རྫོགས་པར་འཚང་མི་རྒྱ་བ་འདི་ནི་ཆོས་ཀྱི་ཟབ་པ་ཡིན་ནོ། །ནམ་ མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །བདག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ཆོས་ཐམས་ཅད་འོང་བ་མེད་པའི་ཕྱིར་ཆོས་འདི་ཟབ་བོ། །ཆོས་ཐམས་ཅད་འགྲོ་བ་མེད་པའི་ཕྱིར་ངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་འདི་ཟབ་པ་ཡིན་ནོ། །དེ་སྐད་ཅེས་བཀའ་ སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་འདོད་པ་ན་སྤྱོད་པའི་ལྷའི་བུ་དག་དང་མི་མཇེད་ཀྱི་བདག་པོ་ཚངས་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངོ་མཚར་ཏོ་བདེ་བར་གཤེགས་པ་རྨད་དུ་བྱུང་བའོ། ། བཅོམ་ལྡན་འདས་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པར་བསྟན་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་བཟུང་བའི་སླད་དུ་ཆོས་འདི་བསྟན་པ་ལགས་ན་འཇིག་རྟེན་དག་ནི་འཛིན་པ་ལ་སྤྱོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ལྷའི་ ལེའུ་ཞེས་བྱ་སྟེ་བཅོ་ལྔ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅོ་ལྔ་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མ་ཆོས་བསྟན་པ་འདི་ནི་ཆོས་ཐམས་ཅད་ དམིགས་སུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཆོས་འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱེ་མ་ནམ་མཁའ་དང་མཚུངས་པས་གནས་ཐམས་ཅད་དམིགས་སུ་མ་མཆིས་པའི་སླད་དུ་ཆོས་འདི་ནི་ཐོགས་པ་མ་མཆིས་པའི་མཚན་ཉིད་དོ། ། བཅོམ་ལྡན་འདས་ཀྱེ་མ་གཉིས་སུ་མ་མཆིས་པའི་སླད་དུ་ཆོས་འདི་ནི་མཚུངས་པ་མ་མཆིས་པའི་མཚན་ཉིད་དོ། །བཅོམ་ལྡན་འདས་ཀྱེ་མ་རྒོལ་བ་མ་མཆིས་པའི་སླད་དུ་ཆོས་འདི་ནི་དོ་ཟླ་མ་མཆིས་པའི་མཚན་ཉིད་དོ། །བཅོམ་ལྡན་འདས་ཀྱེ་མ་མངོན་པར་གྲུབ་པ་མ་མཆིས་པའི་སླད་ དུ་ཆོས་འདི་ནི་གནས་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱེ་མ་སྐྱེ་བ་ཐམས་ཅད་སྐྱེ་བ་མ་མཆིས་པའི་སླད་དུ་ཆོས་འདི་ནི་འབྱུང་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱེ་མ་ལམ་ཐམས་ཅད་མི་དམིགས་པའི་སླད་དུ་ཆོས་འདི་ནི་ལམ་མ་མཆིས་པའོ། །དེ་ནས་ལྷ་རྣམས་ ཀྱི་དབང་པོ་བརྒྱ་བྱིན་དང་མི་མཇེད་ཀྱི་བདག་པོ་ཚངས་པ་དང་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མ་བཅོམ་ལྡན་འདས་ཀྱི་ཉན་ཐོས་འཕགས་པ་གནས་བརྟན་རབ་འབྱོར་འདི་ ནི་རྗེས་སུ་མཐུན་པར་སྐྱེས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་འདི་ནི་འདི་ལྟར་ཆོས་གང་དང་གང་ཁོ་ནར་སྟོན་པའི་ཆོས་དེ་དང་དེ་ཉིད་སྟོང་པ་ཉིད་ལས་བརྩམས་ཏེ་སྟོན་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་རྣམས་ཀྱི་ དབང་པོ་བརྒྱ་བྱིན་དང་མི་མཇེད་ཀྱི་བདག་པོ་ཚངས་པ་དང་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གང་འདི་སྐད་དུ་གནས་བརྟན་རབ་འབྱོར་འདི་ནི་དེ་བཞིན་གཤེགས་པའི་རྗེས་སུ་མཐུན་པར་སྐྱེས་སོ་ཞེས་སྨྲས་པ་ནི། མ་སྐྱེས་ པའི་ཕྱིར་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་མཐུན་པར་སྐྱེས་ཏེ། གནས་བརྟན་རབ་འབྱོར་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བའོ། །ཅི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འོང་བ་ཡང་མེད་སོང་བ་ཡང་མེད་པ་དེ་བཞིན་དུ་ གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་འོང་བ་ཡང་མེད་སོང་བ་ཡང་མེད་དེ། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བའོ། །གནས་བརྟན་རབ་འབྱོར་ནི་དང་པོ་ཉིད་ནས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བ་སྟེ། དེ་ཅིའི་ ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་ཆོས་ཐམས་ཅད་ཀྱི་དེ་ བཞིན་ཉིད་གང་ཡིན་པ་དེ་ནི་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་དོ། །གནས་བརྟན་རབ་འབྱོར་ནི་དེ་བཞིན་ཉིད་དེའི་རྗེས་སུ་སོང་བ་སྟེ། དེ་བས་ན་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ཡང་དེ་བཞིན་ཉིད་མ་ཡིན་ཏེ། དེ་བཞིན་ ཉིད་དེའི་རྗེས་སུ་སོང་བའོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་གནས་པ་གང་ཡིན་པའི་གནས་པ་དེས་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པའོ། །ཅི་ལྟར་དེ་ བཞིན་གཤེགས་པའི་དེ་བཞིན་ཉིད་འགྱུར་བ་མེད་པ་དང་རྣམ་པར་འགྱུར་བ་མེད་པ་དང་རྟོག་པ་མེད་པ་དང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་འགྱུར་བ་མེད་པ་དང་རྣམ་པར་འགྱུར་བ་མེད་པ་དང་རྟོག་པ་མེད་པ་དང་རྣམ་པར་རྟོག་པ་མེད་པའོ། ། དེ་ལྟར་ན་གནས་བརྟན་རབ་འབྱོར་ཡང་དེ་བཞིན་ཉིད་དེས་འགྱུར་བ་མེད་པ་རྣམ་པར་འགྱུར་བ་མེད་པ་རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །ཅི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འགྱུར་བ་མེད་རྣམ་པར་འགྱུར་བ་མེད་རྟོག་པ་མེད་ རྣམ་པར་རྟོག་པ་མེད་དེ་གང་ལ་ཡང་ཐོགས་པ་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་འགྱུར་བ་མེད་རྣམ་པར་འགྱུར་བ་མེད་རྟོག་པ་མེད་རྣམ་པར་རྟོག་པ་མེད་དེ་གང་ལ་ཡང་ཐོགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ གང་ཡིན་པ་དང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་འདི་ནི་གཅིག་སྟེ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །གཉིས་སུ་མེད་པའི་དེ་བཞིན་ཉིད་ནི་གང་དུ་ཡང་དེ་བཞིན་ཉིད་མ་ཡིན་གང་ལས་ཀྱང་དེ་བཞིན་ཉིད་མ་ཡིན་གང་གི་ཡང་དེ་བཞིན་ ཉིད་མ་ཡིན་ཏེ། གང་གི་ཕྱིར་དེ་ནི་གང་གི་ཡང་དེ་བཞིན་ཉིད་མ་ཡིན་པ་དེས་ན་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་པ་སྟེ་གཉིས་སུ་མེད་པའི་དེ་བཞིན་ཉིད་ནི་གཉིས་སུ་བྱར་མེད་དོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་མ་བྱས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་རྗེས་སུ་ སྐྱེས་ཏེ། མ་བྱས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ནམ་ཡང་དེ་བཞིན་ཉིད་མ་ཡིན་པར་མི་འགྱུར་རོ། །གང་གི་ཕྱིར་དེ་ནམ་ཡང་དེ་བཞིན་ཉིད་མ་ཡིན་པར་མི་འགྱུར་བ་དེའི་ཕྱིར་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་དེ་གཉིས་སུ་མེད་པའི་དེ་བཞིན་ཉིད་ནི་གཉིས་སུ་བྱར་མེད་དོ། ། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །ཅི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ལ་མི་རྟོག་རྣམ་པར་མི་རྟོག་པ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐམས་ཅད་དུ་ཐམས་ཅད་ ཆོས་ལ་མི་རྟོག་རྣམ་པར་མི་རྟོག་གོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་དང་རབ་འབྱོར་ནི་དེ་བཞིན་ཉིད་ཀྱིས་མངོན་པར་སྤྲུལ་པ་སྟེ། འདི་གཉི་ག་ཡང་བསྐལ་པ་མ་ཡིན་ཞིང་ཐ་མི་དད་པ་སྟེ། ཐ་དད་པར་བྱེད་པ་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ན་གནས་བརྟན་རབ་ འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གཞན་མ་ཡིན་པ་དེ་བཞིན་དུ་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གཞན་མ་ཡིན་ལ་ཆོས་ཐམས་ཅད་ཀྱི་དེ་ བཞིན་ཉིད་ལས་གཞན་མ་ཡིན་པ་གང་ཡིན་པ་དེ་ནི་གང་གི་ཡང་དེ་བཞིན་ཉིད་མ་ཡིན་པར་མི་འགྱུར་ཏེ། དེ་བཞིན་ཉིད་དེ་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་དེ་ལ་གནས་བརྟན་རབ་འབྱོར་གྱིས་གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱིས་རྗེས་སུ་སོང་བར་ཁས་ བླངས་ཏེ། འདིར་འགའ་ཞིག་འགའ་ཞིག་ཏུ་རྗེས་སུ་སོང་བར་ཁས་བླངས་པ་ཡང་མེད་དོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །ཅི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འདས་པ་མ་ཡིན་མ་འོངས་པ་མ་ཡིན་ད་ལྟར་བྱུང་བ་ མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་འདས་པ་མ་ཡིན་མ་འོངས་པ་མ་ཡིན་ད་ལྟར་བྱུང་བ་མ་ཡིན་ཏེ་དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་བཞིན་ཉིད་དེའི་རྗེས་སུ་སོང་བས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཀྱིས་ཀྱང་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བ་སྟེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་ངོ་། །འདས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་ངོ་། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མ་ འོངས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་ངོ་། །མ་འོངས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་ངོ་། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་ངོ་། །ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་ངོ་། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་སོང་ངོ་། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་ རྗེས་སུ་སོང་སྟེ། དེ་ལྟར་ན་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་དང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འདི་ནི་གཉིས་སུ་བྱར་མེད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་རབ་འབྱོར་གྱི་དེ་བཞིན་ ཉིད་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ནི་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན་ཉིད་དེ་དེ་བཞིན་ཉིད་གང་གིས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ན་ཡང་དེ་བཞིན་གཤེགས་པའི་མིང་འཐོབ་པར་འགྱུར་བ་དེ་ནི་དེ་བཞིན་ཉིད་འདི་ཡིན་ནོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འདི་ བསྟན་པ་དེའི་ཚེ་ན་ཡང་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་བཞིན་དུ་ས་ཆེན་པོ་འདི་རྣམ་པར་འགྱུར་བ་དྲུག་དང་ལྟས་ཆེན་པོ་བཅྭ་བརྒྱད་དུ་འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས་ཀུན་ཏུ་ རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག །འཁྲུགས་རབ་ཏུ་འཁྲུགས་ཀུན་ཏུ་རབ་ཏུ་འཁྲུགས། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་ཀུན་ཏུ་རབ་ཏུ་ཆེམ་ཆེམ། འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་རབ་ཏུ་འུར་འུར་རོ། །གཞན་ཡང་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དེ་དག་ ལ་སྨྲས་པ་ལྷའི་བུ་དག་དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །གཞན་ཡང་གནས་བརྟན་རབ་འབྱོར་ནི་གཟུགས་ཀྱི་རྗེས་སུ་མ་སྐྱེས་ཏེ། ཚོར་བའི་མ་ཡིན་འདུ་ཤེས་ཀྱི་མ་ཡིན་འདུ་བྱེད་རྣམས་ཀྱི་མ་ཡིན་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས་སོ། །རྒྱུན་ ཏུ་ཞུགས་པའི་འབྲས་བུའི་རྗེས་སུ་མ་སྐྱེས་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མ་ཡིན་ཕྱིར་མི་འོང་བའི་འབྲས་བུའི་མ་ཡིན་དགྲ་བཅོམ་པའི་འབྲས་བུའི་རྗེས་སུ་མ་སྐྱེས་སོ། །རང་སངས་རྒྱས་ཉིད་ཀྱི་རྗེས་སུ་མ་སྐྱེས་སངས་རྒྱས་ཉིད་ཀྱི་རྗེས་སུ་མ་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ ལྟར་གང་གིས་རྗེས་སུ་སྐྱེ་བ་དང་གང་རྗེས་སུ་སྐྱེ་བའི་ཆོས་དེ་དག་ནི་ཡང་དག་པར་ཡོད་པ་མ་ཡིན་ཞིང་ཉེ་བར་མི་དམིགས་སོ། །དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དེ་བཞིན་ཉིད་འདི་ནི་སྤྱོད་པ་ཟབ་མོ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཤཱ་རིའི་བུ་འདི་ལྟ་སྟེ་དེ་བཞིན་ཉིད་འདི་ནི་སྤྱད་པ་ཟབ་ མོ་ཡིན་ནོ། །དེ་བཞིན་ཉིད་བསྟན་པ་འདི་བཤད་པ་ན་ཡང་དགེ་སློང་སུམ་བརྒྱ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ལྔ་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །ལྷའི་བུ་ལྔ་སྟོང་སྔོན་ཡོངས་སུ་སྦྱང་བ་བྱས་པ་ དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དྲུག་ཅུ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་དེ་རྣམས་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་ ཤེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་རྣམས་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བའི་རྒྱུ་ནི་གང་ལགས་རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་ དཔའ་འདི་དག་གིས་ནི་སངས་རྒྱས་ལྔ་བརྒྱ་ལ་བསྙེན་བཀུར་བྱས་ཤིང་ཐམས་ཅད་དུ་ཡང་སྦྱིན་པ་བྱིན་ཚུལ་ཁྲིམས་བསྲུངས་བཟོད་པ་བསྒྲུབས་བརྩོན་འགྲུས་བརྩམས་བསམ་གཏན་དག་བསྐྱེད་དེ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞིང་ཐབས་མཁས་པ་དང་བྲལ་བར་གྱུར་ ཏོ། །ཤཱ་རིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་འདི་དག་གི་ལམ་སྟོང་པ་ཉིད་དམ་མཚན་མ་མེད་པ་ལ་སྤྱོད་པ་འམ་སྨོན་པ་མེད་པ་ཡིན་མོད་ཀྱི། དེ་ལྟར་ན་ཡང་དེ་དག་ཐབས་མཁས་པ་དང་མི་ལྡན་པའི་ཕྱིར་ཡང་དག་པའི་མཐའ་མངོན་དུ་བྱས་ནས་ཉན་ཐོས་ཀྱི་སར་ངེས་པར་བྱུང་གི་སངས་ རྒྱས་ཀྱི་སར་ནི་མ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་འདབ་ཆགས་བྱ་ཞིག་གི་ལུས་དཔག་ཚད་བརྒྱ་པ་འམ་དཔག་ཚད་ཉིས་བརྒྱ་པ་འམ་དཔག་ཚད་སུམ་བརྒྱ་པ་འམ་དཔག་ཚད་བཞི་བརྒྱ་པ་འམ་དཔག་ཚད་ལྔ་བརྒྱ་པ་ཙམ་དུ་གྱུར་པ་ཞིག་ཡོད་དེ། དེ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ ན་འདུག་པ་ལས་འཛམ་བུའི་གླིང་འདིར་འགྲོའོ་སྙམ་དུ་སེམས་ཤིང་ཤཱ་རིའི་བུ་འདབ་ཆགས་བྱ་དེ་འདབ་མ་མ་སྐྱེས་པ་འམ་འདབ་མ་བྱི་བར་གྱུར་པ་འམ་འདབ་མ་བཅད་པར་གྱུར་ལ། དེས་འཛམ་བུའི་གླིང་འདིར་གནས་པར་བྱའོ་སྙམ་དུ་བསམས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་ནས་ བདག་ཉིད་མཆོངས་ཏེ་འདབ་ཆགས་བྱ་དེ་དེ་ནས་ལྷུང་བ་དང་། ནམ་མཁའི་བར་སྣང་ལ་གནས་པའི་བར་དེར་འདི་སྙམ་དུ་ཀྱེ་མའོ་བདག་ཕྱིར་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་གནས་པར་བྱའོ་སྙམ་དུ་སེམས་ན་ཤཱ་རིའི་བུ་དེ་ཅི་སྙམ་དུ་སེམས་ཅི་འདབ་ཆགས་བྱ་དེས་ཕྱིར་སུམ་ཅུ་ རྩ་གསུམ་པའི་ལྷའི་ནང་ན་གནས་པར་ནུས་སམ། ཚེ་དང་ལྡན་པ་ཤཱ་རིའི་བུས་གསོལ་བ། །བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གལ་ཏེ་ཡང་འདི་སྙམ་དུ་ཀྱེ་མ་བདག་ནི་མ་སྨས་མ་སྣད་པར་འཛམ་བུའི་གླིང་དུ་གནས་པར་བྱའོ་སྙམ་ན། ཤཱ་རིའི་བུ་དེ་ཅི་སྙམ་དུ་སེམས་ཅི་འདབ་ཆགས་བྱ་དེ་མ་སྨས་མ་སྣད་པར་འཛམ་བུའི་གླིང་དུ་གནས་པར་འགྱུར་རམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་འཛམ་བུའི་གླིང་དུ་ལྟུང་ནས་སྨས་ཤིང་སྣད་པར་འགྱུར་ཏེ། དེ་འགུམ་པ་ འམ་འབུམ་པ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་དུ་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ལགས་ཏེ། གང་གི་ལུས་ཀྱང་ཆེན་པོར་གྱུར་པ་དང་འདབ་མ་ཡང་མ་མཆིས་པར་གྱུར་པ་དང་མཐོན་པོ་ཞིག་ནས་ཀྱང་ལྟུང་བར་གྱུར་པའི་སླད་དུའོ། །དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བསྐལ་པ་གང་ གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཤིང་སྦྱིན་པ་བྱིན་ཚུལ་ཁྲིམས་བསྲུངས་བཟོད་པ་བསྒྲུབས་བརྩོན་འགྲུས་བརྩམས་བསམ་གཏན་ལ་མཉམ་པར་བཞག་སྟེ། དེ་རྒྱ་ཆེར་ཡང་དག་པར་ཞུགས་པར་གྱུར་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་དེའི་སེམས་ ཆེར་བསྐྱེད་པར་གྱུར་ཀྱང་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ས་ཡོངས་སུ་མ་ཟིན་ཅིང་ཐབས་མཁས་པ་དང་བྲལ་བར་གྱུར་ན་འདི་ལྟར་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་སར་ལྷུང་ངོ་། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དེ་དང་ཏིང་ངེ་འཛིན་དེ་དང་ཤེས་རབ་དེ་དང་རྣམ་པར་གྲོལ་བ་དེ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དེ་ལ་མཚན་མའི་ཚུལ་གྱིས་སེམས་ཤིང་འཛིན་པར་བྱེད་པ་དེས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་མི་ཤེས་མི་མཐོང་སྟེ། ཏིང་ངེ་འཛིན་མ་ཡིན་ཤེས་རབ་མ་ཡིན་རྣམ་པར་གྲོལ་བ་མ་ཡིན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་མི་ཤེས་ མི་མཐོང་ངོ་། །དེས་མ་ཤེས་མ་མཐོང་བས་སྟོང་པ་ཉིད་ཀྱི་སྒྲ་ཉན་ཅིང་དེས་སྒྲ་དེ་ལ་མཚན་མར་བྱེད་དེ་དེས་སྒྲ་དེ་མཚན་མར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འདོད་པ་དེའི་ཕྱིར་འདི་ནི་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་ལ་གནས་ པར་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞིང་ཐབས་མཁས་པ་དང་བྲལ་བར་གྱུར་པ་དེ་ནི་འདི་ལྟར་འགྱུར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཅི་ལྟར་བཤད་པའི་དོན་བདག་གི་ འཚལ་བ་ལྟར་ན་བྱང་ཆུབ་སེམས་དཔའ་གང་བསོད་ནམས་ཀྱི་ཚོགས་ཤིན་ཏུ་མང་པོ་དང་ལྡན་དུ་ལགས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ལ་ཐབས་མཁས་པ་དང་བྲལ་ཞིང་དགེ་བའི་བཤེས་གཉེན་དང་མི་ལྡན་པར་གྱུར་ན། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་འཐོབ་པ་ལ་ཐེ་ཚོམ་དུ་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི་ཞིང་ཐབས་མཁས་པ་ ལ་ཡང་བརྩོན་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ ཡོངས་སུ་མ་བཟུང་ཞིང་ཐབས་མཁས་པ་དང་བྲལ་བ་ནི་བསོད་ནམས་ཀྱི་ཚོགས་མང་པོ་དང་ལྡན་ན་ཡང་དགེ་བའི་བཤེས་གཉེན་དང་བྲལ་བར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པ་ནི་ཐེ་ཚོམ་དུ་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པར་བྱ་ཞིང་ཐབས་མཁས་པ་དང་ཡང་ལྡན་པར་བྱའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདོད་པ་ན་སྤྱོད་པའི་ ལྷའི་བུ་རྣམས་དང་བཅས་པ་དང་མི་མཇེད་ཀྱི་བདག་པོ་ཚངས་པ་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་བཅས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་བོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཤིན་ཏུ་འབྱུང་བར་དཀའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་སོགས་པ་འདོད་པ་ན་སྤྱོད་པའི་ལྷའི་བུ་ རྣམས་དང་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་སོགས་པ་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་འབྱུང་བར་དཀའ་ སྟེ། ཤེས་རབ་འཆལ་བ་དང་བརྩོན་འགྲུས་དམན་པ་དང་མོས་པ་དམན་པ་དང་ཐབས་མི་མཁས་པ་དང་སྡིག་པའི་གྲོགས་པོ་ལ་སྟེན་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཤིན་ཏུ་འབྱུང་བར་དཀའོ། །དེ་ནས་བཅོམ་ལྡན་ འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབྱུང་བར་དཀའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བ་འབྱུང་བར་ཤིན་ཏུ་དཀའོ་ཞེས་ བཀའ་སྩལ་ན། གང་ལ་ཅུང་ཟད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་མ་མཆིས་ན། བཅོམ་ལྡན་འདས་ཅི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་འབྱུང་བར་དཀའ་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ་བ་ཤིན་ཏུ་འབྱུང་བར་དཀའ་བ་ལགས། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ལགས་པའི་སླད་དུ་ཆོས་གང་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་པའི་ཆོས་དེ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ་སྟེ། བཅོམ་ལྡན་འདས་ཆོས་གང་སྤང་བར་བགྱི་བའི་སླད་དུ་ཆོས་བསྟན་པའི་ཆོས་དེ་ཡང་མ་མཆིས་སོ། །དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོ