Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 025_འབུམ།_ན

Văn bản gốc(Tây Tạng)

Trang 3 / 22 (50.000 ký tự/trang)
་སྟག་ལ་ཅི་ཞིག་ལྟ་བ་སྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། སེམས་ཅན་རྣམས་ལ་ཆོས་
སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། སྟེང་
གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གང་ཚངས་པའི་ལྟ་བ་ལ་མངོན་པར་ཞེན་པ་དེ་དག་ལ། ཀྱེ་གྲོགས་པོ་དག་ཆོས་ཐམས་ཅད་སྟོང་པ་ལ་
ཅི་ཞིག་ལྟ་བ་སྐྱེད། ཆོས་ཐམས་ཅད་གསོག་དང་གསོབ་ཤ་སྟག་ལ་ཅི་ཞིག་ལྟ་བ་སྐྱེད་ཅེས་ལྟ་བའི་རྣམ་པ་དེ་དག་དང་བྲལ་བར་བྱེད་པ་མཐོང་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྙིང་རྗེ་ཆེན་པོ་ལ་གནས་
ཤིང་། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་དེ་ནི་ངོ་མཚར་ཆེ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་
གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་
པ་དང་། དོན་མཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟན་ལ་རྣམ་པར་གཟིགས་ན། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་མཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་
པར་གཟིགས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་
སྤྱད་པ་དང་། དོན་མཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་མཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། བྱང་ཤར་གྱི་
ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་
མཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་
རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། །ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་མཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་

ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་མཐུན་པའོ། །རབ་འབྱོར་
ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག། མྱི་རྣམས་བསྡུ་བའི་དངོས་པོ་བཞིས་
སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་མཐུན་པའོ། །རབ་འབྱོར་ངས་ཡང་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་
ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་མཐུན་པའོ། །རབ་འབྱོར་ངས་ཡང་འདི་
ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱི་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པ་མཐོང་སྟེ། བཞི་
གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་མཐུན་པའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཉིས་ཀྱིས་སེམས་ཅན་རྣམས་སྡུད་དེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་སྦྱིན་པ་དང་། ཆོས་སྦྱིན་པའོ། །རབ་

འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གསེར་རམ།
དངུལ་ལམ། ནོར་བུ་འམ། མུ་ཏིག་གམ། བཻཌཱུརྱ་འམ། དུང་ངམ། མན་ཤེལ་ལམ། བྱུ་རུ་འམ། ས་ལེ་སྦྲམ་མམ། ཟས་སམ། སྐོམ་མམ། གདུགས་སམ། གོས་སམ། སྤོས་སམ། འཕྲེང་བ་འམ། བྱུག་པ་འམ། མལ་ཆ་འམ། སྟན་ནམ། འཚོ་
བ་འམ། བུད་མྱེད་དམ། སྐྱེས་པ་འམ། རྟ་འམ། གླང་པོ་འམ། བདག་པོ་ཡོངས་སུ་གཏོང་ན། འདི་སྐད་དུ་ཀྱེ་སེམས་ཅན་དག་ཚུར་ཤོག། བདག་ཉིད་ཀྱི་དང་འདྲ་བར་བསླང་མྱི་དགོས་པར་ཁྱེར་ཅིག། ལོང་ལ་དེངས་ཤིག་ཅེས་བརྗོད་དེ། སྦྱིན་པ་དེས་སྦྱིན་པ་
བྱིན་ནས། སངས་རྒྱས་ལ་སྐྱབས་སུ་གཏོང་ངོ་། །ཆོས་ལ་སྐྱབས་སུ་གཏོང་ངོ་། །དགེ་འདུན་ལ་སྐྱབས་སུ་གཏོང་ངོ་། །ལ་ལ་ནི་བསླབ་པའི་གནས་ལྔ་འཛིན་ཏུ་འཛུད་དོ། །ལ་ལ་ནི་ཡན་ལག་བརྒྱད་དང་ལྡན་པའི་ཉེ་བར་གནས་པ་ལ་ཉེ་བར་གནས་པར་
བྱེད་དོ། །ལ་ལ་ནི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་འགོད་དོ། །ལ་ལ་ནི་བསམ་གཏན་དང་པོ་ལ་འགོད་དོ། །ལ་ལ་ནི་བསམ་གཏན་གཉིས་པ་ལ་འགོད་དོ། །ལ་ལ་ནི་བསམ་གཏན་གསུམ་པ་ལ་འགོད་དོ། །ལ་ལ་ནི་བསམ་གཏན་བཞི་པ་ལ་འགོད་
དོ། །ལ་ལ་ནི་བྱམས་པ་ལ་འགོད་དོ། །ལ་ལ་ནི་སྙིང་རྗེ་ལ་འགོད་དོ། །ལ་ལ་ནི་དགའ་བ་ལ་འགོད་དོ། ལ་ལ་ནི་བཏང་སྙོམས་ལ་འགོད་དོ། །ལ་ལ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་
འགོད་དོ། །ལ་ལ་ནི་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་འགོད་དོ། །ལ་ལ་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ཆོས་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་

ལོ། ལ་ལ་ནི་དགེ་འདུན་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་གཏོང་བ་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ལྷ་རྗེས་སུ་དྲན་པ་ལ་ཡང་དག་པར་སྐུལ་ལོ། །
ལ་ལ་ནི་ལུས་ལ་མྱི་གཙང་བ་ལས་སྩོགས་པའི་འདུ་ཤེས་སོ་སོར་བརྟག་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རྣམ་པར་དག་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ཡང་དག་པར་
སྤོང་བ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དབང་པོ་ལྔ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་སྟོབས་ལྔ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་
ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རྣམ་པར་ཐར་
པ་བརྒྱད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་མྱི་འཇིགས་པ་བཞི་ལ་ཡང་
དག་པར་སྐུལ་ལོ། །ལ་ལ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་བྱམས་པ་ཆེན་པོ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་སྙིང་རྗེ་ཆེན་པོ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་
ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་གྲུབ་པར་བྱ་བ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་

ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་དགྲ་བཅོམ་པ་ཉིད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རང་བྱང་
ཆུབ་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡང་དག་པར་སྐུལ་ལོ། །ལ་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་སྐུལ་ལོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་ཟང་ཟིང་གི་སྦྱིན་པ་ཡོངས་སུ་གཏོང་ཞིང་ཐབས་མཁས་པས་བླ་ན་མྱེད་པའི་བདེ་བ་དང་ལྡན་པར་འགོད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་སོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་གཉིས་པོ་འདི་
དག་ནི་ཆོས་ཀྱི་སྦྱིན་པ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །རབ་འབྱོར་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་གང་ཞེ་ན། འཇིག་རྟེན་པའི་ཆོས་རྣམས་བརྗོད་པ་དང་། བཤད་པ་དང་། མ་ནོར་བར་བསྟན་པ་སྟེ། འདི་ལྟར་མྱི་གཙང་བའི་
རྣམ་པ་དང་། བསམ་གཏན་བཞི་དང་། ཚངས་པའི་རྣམ་པར་སྤྱོད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། གཞན་ཡང་འཇིག་རྟེན་པའི་ཆོས་བྱིས་པ་སོ་སོའི་སྐྱེ་བོ་དག་དང་། ཐུན་མོང་དུ་
གྱུར་པ་རྣམས་ཏེ། རབ་འབྱོར་དེ་ནི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་དེ་བཏང་ནས། རྣམ་གྲངས་དུ་མས་འཇིག་རྟེན་གྱི་ཆོས་མ་ནོར་བར་བླངས་པ་དེ་ལས་

བསྐྱོད་དེ་དེ་ལས་བསྐྱོད་ནས། ཐབས་མཁས་པས་འཕགས་པའི་ཆོས་རྣམས་དང་། འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་དག་ལ་རབ་ཏུ་འགོད་དོ། །དེ་ལ་འཕགས་པའི་ཆོས་རྣམས་ནི་གང་། འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི་གང་ཞེ་ན།
འཕགས་པའི་ཆོས་ཤེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་།
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་སོ། །འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་
བཅོམ་པ་ཉིད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ཤེས་པའོ། །
དགྲ་བཅོམ་པ་ཉིད་ཤེས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་ཤེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པའོ། །ནང་སྟོང་པ་ཉིད་ཤེས་པའོ། །ཕྱི་སྟོང་པ་ཉིད་ཤེས་པའོ། །ཕྱི་ནང་སྟོང་པ་ཉིད་ཤེས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཤེས་པའོ། །ཆེན་པོ་སྟོང་པ་ཉིད་ཤེས་པའོ། །དོན་དམ་པ་
སྟོང་པ་ཉིད་ཤེས་པའོ། །འདུས་བྱས་སྟོང་པ་ཉིད་ཤེས་པའོ། །འདུས་མ་བྱས་སྟོང་པ་ཉིད་ཤེས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཤེས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཤེས་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཤེས་པའོ།

རང་བཞིན་སྟོང་པ་ཉིད་ཤེས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཤེས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཤེས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཤེས་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཤེས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཤེས་
པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་པའོ། །དྲན་པ་ཉེ་བར་གཞག་པ་བཞི་ཤེས་པའོ། །ཡང་དག་པར་སྤོང་བ་བཞི་ཤེས་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཤེས་པའོ། །དབང་པོ་ལྔ་ཤེས་པའོ། །སྟོབས་ལྔ་ཤེས་པའོ། །བྱང་ཆུབ་ཀྱི་ཡན་ལག་
བདུན་ཤེས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ། །འཕགས་པའི་བདེན་པ་བཞི་ཤེས་པའོ། །བསམ་གཏན་བཞི་ཤེས་པའོ། །ཚད་མྱེད་པ་བཞི་ཤེས་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཤེས་པའོ། །རྣམ་པར་ཐར་
པ་བརྒྱད་ཤེས་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཤེས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཤེས་པའོ། །མངོན་པར་ཤེས་པ་རྣམས་ཤེས་པའོ། །ཏིང་ངེ་འཛིན་རྣམས་ཤེས་པའོ། །
གཟུངས་ཀྱི་སྒོ་རྣམས་ཤེས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་པའོ། །མྱི་འཇིགས་པ་བཞི་ཤེས་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཤེས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཤེས་པའོ། །བྱམས་པ་ཆེན་པོ་
ཤེས་པའོ། །སྙིང་རྗེ་ཆེན་པོ་ཤེས་པའོ། །དགའ་བ་ཆེན་པོ་ཤེས་པའོ། །བཏང་སྙོམས་ཆེན་པོ་ཤེས་པའོ། །གཞན་ཡང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པའི་ཆོས་རྣམས་དང་།
འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཤེས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མ་གཏོགས་པར། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུ་གང་ཞེ་ན། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཕགས་པའི་ཆོས་རྣམས་ཀྱི་འབྲས་བུའོ། །དེ་ནས་ཚེ་དང་
ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་ལ་བྱེ་བྲག་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱེ་བྲག་ཡོད་དོ། །གསོལ་པ། བྱེ་བྲག་ཇི་ལྟ་བུ་ཞིག་
མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ནི་ཡེ་ཤེས་བརྙེས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་གནས་
ཤིང་། ཆོས་ཐམས་ཅད་མུན་པ་མྱེད་པ་ཐོབ་པ་ལ། བྱང་ཆུབ་སེམས་དཔའི་སེམས་ཀྱང་གཞན་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱང་གཞན་ཞེས་བྱ་བ་མྱེད་དོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་པ་སྟེ། དེ་ལ་བརྟེན་པས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་འབྱུང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་འཇིག་རྟེན་པའི་ཆོས་ཀྱི་སྦྱིན་

པ་ལ་སྦྱོར་ཞིང་ཐབས་མཁས་པས་འཕགས་པའི་ཆོས་འཇིག་རྟེན་ལས་འདས་པའི་སྦྱིན་པ་ལ་བཀོད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་འགོད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་།
སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ཚད་མྱེད་པ་བཞི་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མཐའ་
དག་གི་སྐྱེ་མཆེད་བཅུ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཉོན་མོངས་པ་མྱེད་པའི་ཏིང་ངེ་འཛིན་དང་། སྨོན་ནས་མཁྱེན་པ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་དང་། དབང་བཅུ་དང་། དེ་བཞིན་
གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བསྲུང་དུ་མྱེད་པ་གསུམ་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། བསྙེལ་བ་མྱི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་།
བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་
ཀྱི་སྒོ་རྣམས་ཏེ། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ། །རབ་འབྱོར་དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ནང་གི་ལུས་དང་། ཕྱིའི་ལུས་དང་། ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་

ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ལུས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །
ལུས་ལ་ཀུན་འབྱུང་བ་དང་། ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ལུས་ལ་མྱི་གནས་པར་རྣམ་པར་སྤྱོད་ཅིང་། འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མྱེད་དོ། །ནང་གི་ཚོར་བ་དང་། ཕྱིའི་ཚོར་བ་དང་། ཕྱི་ནང་གི་ཚོར་བ་ལ་ཚོར་བའི་རྗེས་
སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཚོར་བ་ལ་ཀུན་དུ་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །
ཚོར་བ་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཚོར་བ་ལ་ཀུན་འབྱུང་བ་དང་། ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཚོར་བ་ལ་མྱི་གནས་པར་རྣམ་པར་སྤྱོད་ཅིང་། འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མྱེད་དོ། །ནང་གི་སེམས་
དང་། ཕྱིའི་སེམས་དང་། ཕྱི་ནང་གི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མྱི་བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །སེམས་
ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །སེམས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །སེམས་ལ་ཀུན་འབྱུང་བ་དང་། ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །སེམས་ལ་མྱི་གནས་པར་རྣམ་པར་སྤྱོད་ཅིང་། འཇིག་རྟེན་ཏུ་
གང་ཡང་ཉེ་བར་ལེན་པ་མྱེད་དོ། །ནང་གི་ཆོས་དང་། ཕྱིའི་ཆོས་དང་། ཕྱི་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མྱི་བ་དེ་བ་རྣམ་པར་བསྩལ་ཅིང་

རྣམ་པར་སྤྱོད་དོ། །ཆོས་ལ་ཀུན་འབྱུང་བའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་ཀུན་འབྱུང་བ་དང་། ཟད་པའི་རྗེས་སུ་ལྟ་ཞིང་རྣམ་པར་སྤྱོད་དོ། །ཆོས་ལ་མྱི་
གནས་པར་རྣམ་པར་སྤྱོད་ཅིང་། འཇིག་རྟེན་དུ་གང་ཡང་ཉེ་བར་ལེན་པ་མྱེད་དོ། །རབ་འབྱོར་ཡང་དག་པར་སྤོང་བ་བཞི་གང་ཞེ་ན། སྡིག་ཏོ་མྱི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མྱི་སྐྱེད་པའི་ཕྱིར་མོས་པ་སྐྱེད་པ་དང་། སྐྱེས་པ་རྣམས་སྤོང་
བའི་ཕྱིར་རྩོལ་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་མོས་པ་སྐྱེད་ཅིང་བརྩོན་འགྲུས་རྩོམ་པ་དང་། སྐྱེས་པ་རྣམས་འཕེལ་ཞིང་། ཤིན་ཏུ་རྒྱས་པར་བྱ་བ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མོས་པ་སྐྱེད་
པའོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་
འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོ་ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་
དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། དེ་དག་ནི་དབང་པོ་ལྔ་ཞེས་བྱའོ། །སྟོབས་ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་།
ཤེས་རབ་ཀྱི་སྟོབས་ཏེ། དེ་དག་ནི་སྟོབས་ལྔ་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་

དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་བྱང་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་
དེ་དག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱའོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་དག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་།
ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དེ་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གསུམ་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་
དང་། མཚན་མ་མྱེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཏོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གང་ཞེ་ན། སྟོང་པའི་རྣམ་པ་དང་། དབེན་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །མཚན་
མ་མྱེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཞི་བའི་རྣམ་པ་དང་། མཚན་མ་མྱེད་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་མཚན་མ་མྱེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །སྨོན་པ་མྱེད་པའི་ཏིང་ངེ་འཛིན་གང་ཞེ་ན། མྱི་རྟག་པའི་རྣམ་པ་དང་། སྡུག་བསྔལ་གྱི་
རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མྱེད་པའི་འདུ་ཤེས་དང་ལྡན་
པས། ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །

རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་བ་ལྔ་པའོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་བ་དྲུག་པའོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་
མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་བ་བདུན་པའོ། འདུ་ཤེས་དང་། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་བ་བརྒྱད་པ་སྟེ། དེ་དག་ནི་རྣམ་པར་ཐར་བ་བརྒྱད་ཅེས་བྱའོ། །མཐར་ཀྱིས་གནས་པའི་སྙོམས་
པར་འཇུག་པ་དགུ་གང་ཞེ་ན། འདི་ལ་ལ་ལ་འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་
སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་
བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ། བཏང་
སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མྱེད་སྡུག་བསྔལ་
བ་ཡང་མྱེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་

ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་
ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་
གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་
ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ། འདི་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱའོ། །དེ་ལ་མཐའ་དག་གི་སྐྱེ་མཆེད་བཅུ་གང་ཞེ་ན། མཐའ་དགས་དང་། མཐའ་དག་
ཆུ་དང་། མཐའ་དག་མྱེ་དང་། མཐའ་དག་རླུང་དང་། མཐའ་དག་སྔོན་པོ་དང་། མཐའ་དག་སེར་པོ་དང་། མཐའ་དག་དམར་པོ་དང་། མཐའ་དག་དཀར་པོ་དང་། མཐའ་དག་རྣམ་པར་ཤེས་པ་དང་། མཐའ་དག་ནམ་མཁའ་སྟེ། དེ་དག་ནི་མཐའ་
དག་གི་སྐྱེ་མཆེད་བཅུ་ཞེས་བྱའོ། །དེ་ལ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་གང་ཞེ་ན། ནང་གཟུགས་སུ་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་ཕྲ་མོ་དང་། ཁ་དོག་སྡུག་གུ་དང་། ཁ་དོག་མྱི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ཤེས།
ཟིལ་ཀྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་སུ་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རགས་པ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མྱི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་

མནན་ཏེ་ཤེས། ཟིལ་ཀྱིས་མནན་ཏེ་མཐོང་ཞིང་དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མྱེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་ཕྲ་བ་དང་། ཁ་དོག་སྡུག་གུ་དང་། ཁ་དོག་མྱི་སྡུག་པ་མཐོང་
ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ཤེས། ཟིལ་ཀྱིས་མནན་ཏེ་མཐོང་ཞིང་དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མྱེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་རགས་པ་དང་། ཁ་དོག་སྡུག་
པ་དང་། ཁ་དོག་མྱི་སྡུག་པ་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ཤེས། ཟིལ་ཀྱིས་མནན་ཏེ་མཐོང་ཞིང་དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །ནང་གཟུགས་མྱེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་སྔོན་པོ།
ཁ་དོག་སྔོན་པོ། སྔོན་པོར་སྣང་བ། མདོག་སྔོན་པོ་འདི་ལྟ་སྟེ། དཔེར་ན་མེ་ཏོག་ཨོ་མ་ཀ་ལྟ་བུའམ། ཡུལ་བར་ན་སེར་བྱས་པའི་གོས་ལྟར་སྔོ་བ། ཁ་དོག་སྔོ་བ། སྔོ་བར་སྣང་བ། མདོག་སྔོ་བར་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་
མནན་ཏེ་ཤེས། ཟིལ་ཀྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མྱེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་སེར་པོ། ཁ་དོག་སེར་པོ། སེར་པོར་སྣང་བ། མདོག་སེར་པོ་
འདི་ལྟ་སྟེ། དཔེར་ན་ཤིང་ཀར་ཤི་ཀ་རིའི་མེ་ཏོག་ལྟ་བུའམ། ཡུལ་བར་ན་སེར་བྱས་པའི་གོས་ལྟར་སེར་བ་ཁ་དོག་སེར་བ། སེར་བར་སྣང་བ། མདོག་སེར་བར་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ཤེས། ཟིལ་ཀྱིས་མནན་ཏེ་མཐོང་ཞིང་།
དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །ནང་གཟུགས་མྱེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་དམར་པོ། ཁ་དོག་དམར་པོ། དམར་པོར་སྣང་བ། མདོག་དམར་པོ་འདི་ལྟ་སྟེ། དཔེར་ན་བན་དུ་ཛཱི་བ་ཀའི་མེ་ཏོག

ལྟ་བུ་འམ། ཡུལ་བར་ན་སེར་བྱས་པའི་གོས་ལྟར་དམར་བ། ཁ་དོག་དམར་བ་དམར་བར་སྣང་བ་མདོག་དམར་བར་མཐོང་ཡང་གཟུགས་དེ་དག་ཟིལ་ཀྱིས་མནན་ཏེ་ཤེས། ཟིལ་ཀྱིས་མནན་ཏེ་མཐོང་ཞིང་དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་ཀྱིས་
གནོན་པའི་སྐྱེ་མཆེད་བདུན་པའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་། ཕྱི་རོལ་གྱི་གཟུགས་དཀར་པོ། ཁ་དོག་དཀར་པོ་དཀར་པོར་སྣང་བ། མདོག་དཀར་པོ་འདི་ལྟ་སྟེ། དཔེར་ན་སྐར་མ་པ་བ་སངས་ཀྱི་འོད་ལྟ་བུ་འམ། ཡུལ་བ་རན་
སེར་བྱས་པའི་གོས་ལྟར་དཀར་བ། ཁ་དོག་དཀར་བ་དཀར་བར་སྣང་བ། མདོག་དཀར་བར་མཐོང་ཡང་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་ཀྱིས་མནན་ཏེ་མཐོང་ཞིང་། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་ཀྱིས་གནོན་པའི་སྐྱེ་མཆེད་བརྒྱད་
པའོ། །དེ་ལ་ཉོན་མོངས་པ་མྱེད་པ་གང་ཞེ་ན། བསམ་གཏན་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྤྱོད་པ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་ཉོན་མོངས་པ་མྱི་སྐྱེ་བའི་མཐུ་ཡོང་བ་ཏིང་ངེ་འཛིན་གང་
གིས་འགྲུབ་པ་དེ་ནི་ཉོན་མོངས་པ་མྱེད་པ་ཞེས་བྱའོ། །དེ་ལ་སྨོན་ལམ་གྱི་ཤེས་པ་གང་ཞེ་ན། བསམ་གཏན་ལ་གནས་ཏེ། འདི་ཤེས་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུས་གསུམ་གྱི་ཤས་པའམ། ཤེས་པ་གང་དང་གང་
འདོད་པར་གྱུར་པ་ད་ལ་ཡིད་ཀྱིས་སྨོན་པ་བྱེད་དེ། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་དེའི་སྨོན་ལམ་དེ་ཡོངས་སུ་གྲུབ་པར་གྱུར་ཅིག།། ཤེས་བྱ་དེ་ཡང་ཤེས་པ་དེ་ནི་སྨོན་ལམ་གྱི་ཤེས་པ་ཞེས་བྱའོ། །དེ་ལ་མངོན་པར་ཤེས་པ་དྲུག་གང་ཞེ་ན།
རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་མྱིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་

པ་ཤེས་པའི་མངོན་པར་ཤེས་པ་སྟེ། དྲུག་པོ་དེ་དག་གོ། །དེ་ལ་ཡོངས་སུ་དག་པ་བཞི་གང་ཞེ་ན། ལུས་ཡོངས་སུ་དག་པ་དང་། དམྱིགས་པ་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། ཡེ་ཤེས་
ཡོངས་སུ་དག་པ་སྟེ། བཞི་པོ་དེ་དག་གོ །དེ་ལ་དབང་བཅུ་གང་ཞེ་ན། ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་།
རྫུ་འཕྲུལ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་བ་སྟེ། བཅུ་པོ་དེ་དག་གོ །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་ནི་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་
ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ལས་ཡོངས་སུ་བླངས་པའི་རྣམ་པར་སྨིན་པ་
གནས་ཀྱི་རྣམ་པ་དང་། རྒྱུའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཁམས་སྣ་ཚོགས་ཅན་དང་། ཁམས་དུ་མ་ཅན་གྱི་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱིས་
མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱི་དབང་པོ་རབ་དང་། ཐ་མ་ཤེས་པར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཀུན་ཏུ་འགྲོ་བའི་ལམ་ཡང་
དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་

དགོང་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དགོངས་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དགོངས་པ་ནས། ཚེ་རབས་བརྒྱ་དང་། ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་
སྟོང་གི་བར་དུ་ཡང་རྗེས་སུ་དགོངས་སོ། །བསྐལ་པ་གཅིག་ཀྱང་རྗེས་སུ་དགོངས་པ་ནས། བསྐལ་པ་བརྒྱའི་བར་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་
ཕྲག་དུ་མའི་བར་དག་ཀྱང་རྗེས་སུ་དགོངས་ཏེ། བདག་ནི་འདི་ལྟ་བུ་ཞིག་ན་འདུག་འདུག་གོ། །མྱིང་ནི་འདི་ཞེས་བྱ་བར་གྱུར་ཏོ། །རིགས་ནི་འདི་ཞེས་བྱ་བར་གྱུར་ཏོ། །རུས་ནི་འདི་ཞེས་བྱ་བར་གྱུར་ཏོ། །ཟས་ནི་འདི་ཟ་ཟའོ། །ཡུན་ནི་འདི་སྲིད་ཅིག་ཏུ་གནས་
གནས་སོ། །ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་གྱུར་ཏེ། བདག་དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ཀྱང་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས། ས་མལ་དང་བཅས། གཏན་ཚིགས་དང་བཅས་པར་
རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དགོངས་སོ། །ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་། སྐྱེ་བདག་ཀྱང་གཟིགས་སོ། །ཁ་དོག་སྡུག་པ་དང་། མྱི་སྡུག་པ་དང་། བཟང་བ་དང་ངན་པ་དང་། བདེ་འགྲོ་ན་འཁོད་པ་དང་།
ངན་སོང་ན་འཁོད་པ་དང་། ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འདོང་བའི་སེམས་ཅན་རྣམས་རབ་ཏུ་མཁྱེན་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། དག་གིས་ངན་དུ་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། འཕགས་པ་ལ་
སྐུར་པ་འདེབས་པ། ལོག་པར་ལྟ་བདག་སྟེ། དེའི་རྒྱུ་དེའི་རྐྱེན་ཀྱིས་ལུས་ཞིག་ནས་ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེའོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་

ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མྱི་འདེབས་པ་ཡང་དག་པར་ལྟ་བ་དག་སྟེ། དེའི་རྒྱུ་དེའི་རྐྱེན་ཀྱིས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷའི་ནང་དུ་སྐྱེའོ་ཞེས་བྱ་བར་རབ་ཏུ་མཁྱེན་ཏོ། །ཟག་པ་རྣམས་ཟད་པའི་
ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་དང་། ཟག་པ་མྱེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་སྟོབས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་མྱི་འཇིགས་པ་བཞི་གང་ཞེ་ན། བདག་
གིས་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་དམ་བཅས་ན། དེ་ལ་ཆོས་འདི་རྣམས་མངོན་པར་སངས་མ་རྒྱས་སོ། །ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ།
འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པ་ཐོབ་པར་རྣམ་པར་
སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ་ལྷ་འམ། བདུད་དམ་ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་
བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །བདག་ཟག་པ་ཟད་དོ་ཞེས་དམ་བཅས་ན། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་བར་མ་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེ་འམ་ལྷ་འམ། བདུད་དམ། ཚངས་པའམ། སྐྱེ་དགུའི་
ཚོགས་གཞན་སུ་འང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་

འཇིགས་པ་ཐོབ་པ་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པའམ། གཞན་སུས་
ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །གང་ཡང་བདག་གིས་བར་ཆད་ཀྱི་ཆོས་སུ་བསྟེན་པ་དེ་དག་ལ་བསྟེན་ན། བར་ཆད་ཀྱི་ཆོས་སུ་མྱི་འགྱུར་རོ། །ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ།
བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུ་འང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་
པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ།
ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །གང་ཡང་བདག་གིས་ལམ་འཕགས་པའི་འབྱུང་བ་རྟོགས་པར་འགྱུར་བ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་
ཟད་པར་འགྱུར་བར་བསྟན་པ་དེ་དག་ལ་ནན་ཏན་བྱས་ན། སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་མྱི་འབྱུང་ངོ་ཞེས། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུའང་རུང་སྟེ། འཇིག་རྟེན་ན་ཆོས་
དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པར་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་

མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ།
ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བ་སྟེ། བཞི་པོ་དེ་དག་ནི་མྱི་འཇིགས་པའོ། །དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་
དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དེ་དག་ཀྱང་གང་ཞེ་ན། དོན་ལ་དམྱིགས་པ་དང་། ཆོས་ལ་དམྱིགས་པ་དང་། ངེས་པའི་ཚིག་ལ་དམྱིགས་
པ་དང་། སྤོབས་པ་ལ་དམྱིགས་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་བསྲུང་བ་མྱེད་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ནི་སྐུའི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་སྐུའི་སྤྱོད་པ་ཡོངས་སུ་མ་དག་པ་མྱི་མངའ་
བས། ལ་ལས་ཤེས་སུ་འོང་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མྱི་མངའ་སྟེ། འདི་ནི་བསྲུང་བ་མྱེད་པ་དང་པོའོ། །དེ་བཞིན་གཤེགས་པ་ནི་གསུང་གི་སྤྱོད་པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་
གསུང་གི་སྤྱོད་པ་ཡོངས་སུ་མ་དག་པ་མྱི་མངའ་བས། ལ་ལས་ཤེས་སུ་འོང་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མྱི་མངའ་སྟེ། འདི་ནི་བསྲུང་བ་མྱེད་པ་གཉིས་པའོ། །དེ་བཞིན་གཤེགས་པ་ནི་ཐུགས་ཀྱི་སྤྱོད་
པ་ཡོངས་སུ་དག་པ་དང་ལྡན་པ་སྟེ། དེ་བཞིན་གཤེགས་པ་ལ་ཐུགས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མྱི་མངའ་བས། ལ་ལས་ཤེས་སུ་འོང་ཞེས་གང་ཡང་བཅབ་པར་དགོངས་པ་དེ་བཞིན་གཤེགས་པ་ལ་མྱི་མངའ་སྟེ། འདི་ནི་བསྲུང་བ་

མྱེད་པ་གསུམ་པའོ། །དེ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཉེ་བར་གཞག་པ་གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་ཆོས་སྟོན་པའི་ཚེ། ལ་ལ་རྣ་བཏུད་དེ་རིམ་གྲོར་ཉན་ཅིང་བཀའ་ཉན་པའི་སེམས་ཉེ་བར་གཞོག་པ་དང་། ཆོས་
དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱེད་ན། ཡང་དེས་དེ་བཞིན་གཤེགས་པ་དགྱེས་པར་མྱི་འགྱུར། ཡིད་བདེ་བར་མྱི་འགྱུར། ཐུགས་ཡེང་ཡེང་པོར་མྱི་འགྱུར་ཏེ། འདི་ནི་དགོངས་པ་ཉེ་བར་གཞག་པ་དང་པོའོ། །ལ་ལ་རྣ་བཏུད་དེ།
རིམ་གྲོར་ཉན་ཅིང་། བཀའ་ཉན་པའི་སེམས་ཉེ་བར་གཞོག་པ་མྱེད་པ་དང་། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་མྱི་བྱེད་ན་ཡང་དེས་དེ་བཞིན་གཤེགས་པའི་ཐུགས་ཁྲོ་བར་མྱི་འགྱུར། མྱི་བཟོད་པར་མྱི་འགྱུར། ཐུགས་མྱི་ཆེས་
པར་མྱི་འགྱུར་ཏེ། འདི་ནི་དགོངས་པ་ཉེ་བར་གཞག་པ་གཉིས་པའོ། །ལ་ལ་རྣ་བཏུད་དེ་རིམ་གྲོར་ཉན་ཅིང་བཀའ་ཉན་པའི་སེམས་ཉེ་བར་གཞོག་ལ། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱེད། ལ་ལ་རྣ་བཏུད་དེ་རིམ་གྲོར་མྱི་ཉན་
ཅིང་། བཀའ་ཉན་པའི་སེམས་ཉེ་བར་གཞོག་པ་མྱེད་དེ། ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་མྱི་བྱེད་ཀྱང་། དེས་དེ་བཞིན་གཤེགས་པ་དགྱེས་པ་འམ། ཐུགས་ཁྲོ་བ་གཉིས་སུ་མྱི་འགྱུར་ཏེ། ཐམས་ཅད་དུ་དགོངས་པ་དང་ལྡན་
ཞིང་མཁྱེན་པར་བཏང་སྙོམས་སུ་རྣམ་པར་སྤྱོད་པ་འདི་ནི་དགོངས་པ་ཉེ་བར་གཞག་པ་གསུམ་པའོ། །དེ་ལ་དེ་བཞིན་གཤེགས་པའི་ཉམས་པ་མྱེད་པའི་ཆོས་ཉིད་གང་ཞེ་ན། གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་ཡོད་པའི་ཆོས་
སྟོན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་དུས་ལས་མྱི་འདའ་བ་སྟེ། དེ་ནི་ཉམས་པ་མྱེད་པའི་ཆོས་ཉིད་ཅེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་བག་ཆགས་ཀྱི་སྒྲིབ་པ་རབ་ཏུ་སྤངས་པ་གང་ཞེ་ན། ཉན་ཐོས་དང་། རང་སངས་

རྒྱས་ཐམས་ཅད་ནི་ཉོན་མོངས་པ་སྤངས་ཀྱང་དེ་དག་ལ་ལུས་ཀྱི་འགྱུར་བ་ཡོད་ཀྱི། དེ་བཞིན་གཤེགས་པ་ལ་ནི་དེ་ལྟ་བུ་ཡང་མྱི་མངའ་སྟེ། དེ་ནི་བག་ཆགས་ཀྱི་སྒྲིབ་པ་རབ་ཏུ་སྤངས་པ་ཞེས་བྱའོ། །དེ་ལ་དེ་བཞིན་གཤེགས་
པའི་ཐུགས་རྗེ་ཆེན་པོ་གང་ཞེ་ན། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་གང་དང་ལྡན་པས། འཇིག་རྟེན་གྱི་བརྡ་ཉེ་བར་བཟུང་སྟེ། དགེ་བའི་རྩ་བ་གཟིགས་པའི་ཕྱིར་དུས་ཐམས་ཅད་དུ་འཇིག་རྟེན་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་རྟོག་པ་
མཛད་ཅེས་བྱ་སྟེ། དངོས་སུ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ། །སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱ་བ་ལ་གཟིགས་པ་རྟག་པར་འབྱུང་སྟེ། དེ་ནི་ཐུགས་རྗེ་ཆེན་པོ་ཞེས་བྱའོ། །རབ་འབྱོར་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅྭོ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མྱི་མངའོ། །ཅ་ཅོ་མྱི་མངའོ། །དགོངས་པ་ཉམས་པ་མྱི་མངའོ། །འདུ་ཤེས་སྣ་ཚོགས་མྱི་མངའོ། །ཐུགས་མཉམ་པར་མ་བཞག་པ་མྱི་མངའོ། །མ་བརྟགས་པའི་བཏང་སྙོམས་
མྱི་མངའོ། །མོས་པ་ཡོངས་སུ་ཉམས་པ་མྱི་མངའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མྱི་མངའོ། །དགོངས་པ་ཡོངས་སུ་ཉམས་པ་མྱི་མངའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མྱི་མངའོ། །ཤེས་རབ་ཡོངས་སུ་ཉམས་པ་མྱི་མངའོ། །རྣམ་པར་
གྲོལ་པ་ཡོངས་སུ་ཉམས་པ་མྱི་མངའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མྱི་མངའོ། །སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་
འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །མ་འོངས་པའི་དུས་ལ་མ་ཆགས་མ་

ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པ་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་
ཞེ་ན། གང་ལ་དམྱིགས་པ་མྱེད་པ་དང་། དྲན་པས་དབང་སྒྱུར་བ། ཞི་བའི་རྣམ་པ་དང་ལྡན་པ། མཚན་ཉིད་མྱེད་པའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་
ན། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བར་འབྲེལ་པ་དང་། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོ་བ་དང་། སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་།
སྐུ་ཆེ་ཞིང་དྲང་བ་དང་། ཞབས་ལེགས་པར་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་པ་དང་། རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། ཕྱག་བརླ་དྲང་པོར་སླེབས་པ་དང་། གསང་བའི་གནས་སྦུབས་སུ་ནུབ་པ་དང་། གསེར་གྱི་ཁ་དོག་དང་། མདོག་ཤིན་ཏུ་
འཇམ་པ་དང་། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་དང་། ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་དང་ལྡན་པ་དང་། ཤིང་ནྱ་གྲོད་ལྟར་ཆུ་
ཞེང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་དང་། ལྗགས་ཤིན་ཏུ་ཡངས་པ་དང་། ཚངས་པའི་དབྱངས་དང་། སེང་གེའི་འགྲམ་པ་ལྟ་བུ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་
བཞི་བཅུ་ཚང་བ་དང་། སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོའི་རྩིབས་སྟོང་དང་ལྡན་པ། མུ་ཁྱུད་ཅན་ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་འདི་

ལྟ་སྟེ། རུས་པ་འམ་བ་སོ་ལ་གཟུགས་བརྐོས་པ་དང་འདྲ་བ་མངའ་བས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། །ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཇོག་ཅིང་། ཞབས་ཞུམ་པ་མྱེད་པས། ཞབས་ཤིན་ཏུ་
གནས་པའོ། །ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་པས་ཕྱག་དང་ཞབས་དྲ་བར་འབྲེལ་པའོ། །ཤིང་བལ་གྱི་ཡེའུ་ལྟར་ཤིན་ཏུ་འཇམ་ཞིང་གཞོན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པའོ། །ཕྱག་དང་ཞབས་དང་མགུར་
གྱི་ལྷུན་དང་ལྟག་པའི་ཕྱོགས་ན་ཤིན་ཏུ་མཐོ་བས་བདུན་ཤིན་ཏུ་མཐོ་བའོ། །ཕྱག་དང་ཞབས་ཀྱི་སོར་མོ་རིང་བས་སོར་མོ་རིང་བའོ། །རྟིང་པ་རིང་བས་རྟིང་པ་ཡངས་པའོ། །སྐུ་ལག་པ་མདུན་དུ་འཕགས་ལ་དྲང་བས་སྐུ་ཆེ་ཞིང་དྲང་བའོ། །པུས་མོའི་
ལྷ་ང་དང་། ལོང་བུ་མཛེས་པར་ནུབ་པས་ཞབས་ལེགས་པར་མཐོ་བའོ། །སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བས། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་པའོ། །རི་དགས་ཨེ་ན་ཡའི་བྱིན་པ་དང་། སྨྱིག་མ་དང་ལྡུམ་བུ་དར་བ་ལྟར་དྲང་ཞིང་མཉམས་
ལ་རིམ་གྱིས་གཞོལ་བར་གྲུབ་ཅིང་། བྱིན་པ་ཟླུམ་པས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུའོ། །བརླ་དྲང་པོར་བཞག་སྟེ་མ་བཏུད་ཀྱང་། ཕྱག་གི་མཐིལ་གཉིས་ཀྱིས་པུས་མོའི་ལྷ་ང་ལ་རེག་པས། ཕྱག་བརླ་དྲང་པོར་སླེབས་པའོ། །གླང་པོ་དང་རྟ་
ཅང་ཤེས་ལྟར་གསང་བའི་གནས་ཤིན་ཏུ་མཛེས་པར་སྦུབས་སུ་ནུབ་པས། གསང་བའི་གནས་སྦུབས་སུ་ནུབ་པའོ། །ཤིན་ཏུ་སྦྱངས་པའི་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པས་གསེར་གྱི་ཁ་དོག་གོ། །གསེར་དང་དངུལ་ཤིན་ཏུ་སྦྱངས་པ་ལྟར་
འཇམ་ཞིང་སྙོམས་པའི་མདོག་ཏུ་འདུག་ལ་སྐུ་ལ་རྡུལ་མྱི་འགོ་བས་མདོག་ཤིན་ཏུ་འཇམ་པའོ། །ཤིན་ཏུ་རྣམ་པར་ཕྱེ་བའི་སྤུ་རེ་རེར་སྐྱེས་ཤིང་གཉིས་སུ་མྱེད་པས། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའོ། །མེ་ཏོག་ཀུན་ད་དང་ཟླ་བ་

དང་། འོ་མ་དང་། བ་མོའི་མདོག་ལྟར་འདུག་ལ། ཉི་མ་དང་ཟླ་བ་བརྒྱ་ལས་ཀྱང་འཕགས་པར་འོད་གསལ་བའི་མཛོད་སྤུས་སྨིན་མཚམས་ཤིན་ཏུ་བརྒྱན་པས། ཞལ་མཛོད་སྤུས་བརྒྱན་པའོ། །རོ་སྟོད་ཆེ་བས་སེང་གེའི་རོ་སྟོད་དོ། །མགུར་དང་
རྒྱུད་ལེགས་པར་འབྲེལ་ཅིང་ལྷུན་ཟླུམ་པས། ཕྲག་པའི་ལྷུན་མཛེས་པར་གྲུབ་པའོ། །གསེར་གྱི་གཏན་པ་ཤིན་ཏུ་ཕྱིས་པ་ལྟར་ཕྲག་སོ་ལེགས་པར་གྲུབ་པས་ཕྲག་སོ་ཤིན་ཏུ་རྒྱས་པའོ། །རླུང་དང་། མཁྲིས་པ་དང་། བད་ཀན་གྱིས་མ་
ཉམས་ཤིང་རྣམ་པར་ཤེས་པ་འདྲ་བ་མྱེད་པས། རོ་བྲོ་བའི་མཆོག་གོ། །སྐུ་ཆུ་ཞེང་འདོམ་དུ་མཉམ་པས་ཤིང་ནྱ་གྲོད་ལྟར་ཆུ་ཞེང་གབ་པའོ། །སྤྱི་གཙུག་ཟླུམ་ཞིང་ལེགས་ལ་གཡས་ཕྱོགས་སུ་འཁྱིལ་པ་དང་ལྡན་པའི་དབུ་མཉམ་ཞིང་
ལེགས་པར་གྲུབ་ལ་མཛེས་པ་མངའ་བས་དབུ་སྤྱི་གཙུག་དང་ལྡན་པའོ། །མྱེ་ཏོག་ཨུད་པ་ལ་དམར་པོའི་འདབ་མའི་ཁ་དོག་ལྟ་བུར་འདུག་ཅིང་ཤིན་ཏུ་ཡངས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པའོ། །ཚངས་པ་དང་བྱ་ཀ་ལ་པིང་ཀ་
ལྟ་བུའི་གསུང་མངའ་བས། ཚངས་པའི་དབྱངས་སོ། །འགྲམ་པ་མྱེ་ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་མཛེས་པར་སྐྱེས་ཏེ། ཡིད་དུ་འོང་བས་སེང་གེའི་འགྲམ་པ་ལྟ་བུའོ། །མྱེ་ཏོག་ཀུན་ད་དང་དུང་གི་བཅག་འཕྲོ་ལྟར་ཤིན་ཏུ་དཀར་བའི་
ཚེམས་མངའ་བས་ཚེམས་ཤིན་དུ་དཀར་བའོ། །ཚེམས་ལ་མཐོ་དམན་མྱེད་པས་ཚེམས་མཉམ་པའོ། །ཚེམས་ལ་མཚམས་མ་དོད་པས་ཚེམས་ཐགས་བཟང་པའོ། །བླ་འོག་ཏུ་གྱེ་གུ་མྱེད་པས་ཚེམས་མཉམ་ཞིང་བཞི་བཅུ་ཚང་བའོ། །དཀར་
ནག་གི་ཆ་མ་འདྲེས་ལ་ཤིན་ཏུ་རྣམ་པར་དག་ཅིང་མདོག་དམར་པོ་སམ་ཡོགས་པས་སྤྱན་དཀར་ནག་འབྱེས་པའོ། །རྫི་མ་བླ་འོག་ཤིན་ཏུ་ལེགས་པར་གནས་ལ་མ་འཛིངས་པས་བའི་རྫི་མ་ལྟ་བུའོ། །དེ་ལ་བླ་མའི་བསུ་བསྐྱལ་དང་། ཆོས་མཉན་པ་

ལ་སྡོད་པ་དང་། གཙུག་ལག་ཁང་དང་མཆོད་རྟེན་རྗེས་སུ་སྒྲུབ་པ་ལ་སྩོགས་པ་ལ་ཕུ་དུད་དུ་བྱས་པས་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་སྟེ། དེ་ནི་འཁོར་ཤིན་ཏུ་མང་བའི་སྔ་ལྟས་སོ། །ཡི་དམ་ལ་བརྟན་པས་
ཞབས་ཤིན་ཏུ་གནས་པ་སྟེ། དེ་ནི་མྱི་གཡོ་ཞིང་ཤིན་ཏུ་བརྟན་པའི་སྔ་ལྟས་སོ། །སྦྱིན་པ་དང་། ངག་སྙན་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པའི་བསྡུ་བ་རྣམ་བཞི་གོམས་པར་བྱས་པས་ཕྱག་དང་ཞབས་དྲ་བར་འབྲེལ་པ་སྟེ། དེ་ནི་མྱུར་དུ་འདུ་བའི་
སྔ་ལྟས་སོ། །བཟའ་བ་དང་། བཅའ་བ་དང་། བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་བྱིན་པས་ཕྱག་དང་ཞབས་གཞོན་ཞིང་། འཇམ་པ་དང་། བདུན་ཤིན་ཏུ་མཐོ་བ་སྟེ། དེ་གཉིས་ནི་བཟའ་བ་དང་བཅའ་བ་དང་བཏུང་བ་ཤིན་ཏུ་ཞིམ་ཞིང་ཉམས་སུ་བདེ་
བ་ཐོབ་པའི་སྔ་ལྟས་སོ། །བཅིངས་པ་བཀྲོལ་བ་དང་། སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་སྤངས་པས་སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་སྟེ། དེ་ནི་སྐུ་ཚེ་རིང་བའི་སྔ་ལྟས་སོ། །དགེ་བའི་ཆོས་ཡང་དག་
པར་བླངས་པ་དང་། བཟུང་བ་མངོན་པར་སྤེལ་ཞིང་འགྲིབ་པར་མ་བྱས་པས་ཞབས་ཀྱི་གོང་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་པ་སྟེ། དེ་ནི་མྱི་ཉམ་པའི་ཆོས་དང་ལྡན་པའི་སྔ་ལྟས་སོ། །རིག་པ་དང་བཟོའི་ལས་རིམ་གྲོར་བྱས་ཤིང་
གཞན་བྱིན་པ་དང་། བདག་གིས་བླངས་པས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ། །བདོག་ཅིང་ཡོད་པའི་ནོར་ལ་བསླངས་ན་མྱི་འགོང་བར་གཏོང་ཞིང་མྱེད་ཅེས་མ་བྱས་པས་ཕྱག་བརླ་དྲང་བོར་སླེབས་པ་སྟེ།
དེ་ནི་ཡོ་བྱད་ལ་མངའ་བ་དང་ངུལ་བའི་སྔ་ལྟས་སོ། །གྲོགས་པོ་དང་མཛའ་བཤེས་དང་གཉེན་མ་བྱེ་བ་དང་། བྱེ་བར་གྱུར་པའི་སེམས་ཅན་རྣམས་བསྡུམས་པ་དང་། ཚངས་པའི་སྤྱོད་པ་ལ་ཡང་དག་པར་བསྐུལ་པ་དང་། གསང་བའི་ཚིག་ཡོངས་སུ་

བསྲུངས་པས། གསང་བའི་གནས་སྦུབས་སུ་ནུབ་པ་སྟེ། དེ་ནི་བུ་མང་བའི་སྔ་ལྟས་སོ། །སྟན་དང་། གོས་དང་། ཁང་པ་དང་། གཞལ་མྱེད་ཁང་དང་། གནས་བཟང་པོ་བྱིན་པས་གསེར་གྱི་ཁ་དོག་དང་མདོག་ཤིན་ཏུ་འཇམ་པ་སྟེ། དེ་གཉིས་ནི་གདན་དང་
ན་བཟའ་དང་། ཁང་པ་དང་། གཞལ་མེད་ཁང་དང་། གནས་བཟང་པོ་ཐོབ་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པ་དང་། མཁན་པོ་དང་། སློབ་དཔོན་དང་། ཕ་མ་དང་ཕུ་ནུ་ལ་སྩོགས་པ་བླ་མ་རྣམས་ལ་ཚུལ་དང་འདྲ་བར་རིམ་གྲོར་བྱས་པ་དང་། བཙུན་པར་
བྱས་པ་དང་། བཅོལ་པ་རྣ་ལ་མ་གཟན་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པ་དང་། ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ནི་མཉམ་པ་མྱེད་པའི་སྔ་ལྟས་སོ། །མྱི་སྙན་པར་མྱི་ཟེར་ཞིང་མྱི་སྨོད་ལ་སྙན་པར་སྨྲ་ཞིང་། ལེགས་པར་བཤད་པ་མཐུན་པར་འཛིན་
པས་སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་སྟེ། དེ་ནི་ཐུབ་པ་མྱེད་པའི་སྔ་ལྟས་སོ། །ན་བ་རྣམས་ལ་རྩི་དང་། རིམ་གྲོ་དང་། སྨན་དང་ཉམས་སུ་ཕན་པའི་ཟས་བྱིན་པ་དང་། རིམ་གྲོ་བྱས་པས་ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་
མཆོག་སྟེ། དེ་ནི་ནད་ཉུང་བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང་། འཁོར་དང་། བཏུང་བ་དང་། རྫིང་བུ་དང་། རྒལ་དཀའ་བའི་ཟམ་པ་དང་། ཁ་ཟས་དང་། འཕྲེང་བའི་གནས་དང་། སྟེགས་དང་། གཙུག་ལག་ཁང་བྱ་བ་ལ་སྩོགས་པ་ལ་གཞན་མོས་
པར་བྱ་བ་སྔོན་དུ་གཏོང་ཞིང་། བདག་གིས་གཞན་བྱིན་པས་ཤིང་ནྱ་གྲོད་ལྟར་ཆུ་ཞེང་གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི་མངའ་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡུན་རིང་པོར་ཚིག་སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བར་སྨྲས་
པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པ་དང་། ཚངས་པའི་དབྱངས་ཏེ། དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་པའི་གསུང་མངའ་བའི་སྔ་ལྟས་སོ། །གསུང་ཡན་ལག་ལྔ་དང་ལྡན་པ་ཞེས་བྱ་བ་ནི་ཡོངས་སུ་ཤེས་ཤིང་། རྣམ་པར་ཤེས་པར་འགྱུར་བ་

དང་། མཉན་ན་དགའ་ཞིང་མྱི་མཐུན་པ་མྱེད་པ་དང་། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང་། གཏང་མྱི་བྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་གསལ་བའོ། །ཡུན་རིང་པོ་ནས་ཚིག་ཀྱལ་པ་སྤངས་ཤིང་། དུས་སུ་སྨྲ་སྨྲ་བས་
སེང་གེའི་འགྲམ་པ་ལྟ་བུ་སྟེ། དེ་ནི་ཚིག་ཀུན་གྱིས་མཉན་པའི་སྔ་ལྟས་སོ། །རིམ་གྲོར་བྱ་བ་དང་བརྙས་པ་མྱེད་པ་གཉིས་ཀྱིས་འཚོ་བ་ཡོངས་སུ་དག་པས། ཚེམས་ཤིན་ཏུ་དཀར་བ་དང་མཉམ་པ་སྟེ། དེ་ནི་འཁོར་སྔ་ནས་བསྩགས་པའི་སྔ་ལྟས་
སོ། །ཡུན་རིང་པོ་ནས་བདེན་ཞིང་ཕྲ་མ་མྱེད་པའི་ཚིག་སྨྲ་སྨྲ་བས་ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་སྟེ། དེ་ནི་འཁོར་དབྱེར་མྱི་ཕྱེད་པའི་སྔ་ལྟས་སོ། །པང་གིས་མཁྱུད་པ་བཞིན་དུ་ཉེས་པར་བསམ་པ་མྱེད་ལ། མ་ཆགས་
མྱི་སྔང་བ་དང་། རྨོངས་པ་མྱེད་པའི་མྱིག་གིས་ལྟ་ལྟ་བས། སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ། །རབ་འབྱོར་དེ་དག་ནི་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་སོ། །དེ་ལ་དེ་བཞིན་
གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟར་འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཉེན་
བཤེས་བྱམས་པ་དང་འདྲ་བར་སེམས་ཅན་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བ་སྟེ། སེན་མོའི་མདོག་སྣུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རིགས་དང་རྒྱུད་མཐོན་པོར་བྱུང་བ་སྟེ། སེན་མོ་མཐོ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་
ནི་ཚུལ་ལ་ཁ་ན་མ་ཐོ་བ་མྱི་མངའ་བ་སྟེ། སོར་མོ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་ཤིན་ཏུ་ཚོགས་པ་སྟེ། སོར་མོ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་རིམ་གྱིས་གྲུབ་པ་སྟེ། སོར་མོ་རིམ་གྱིས་

གཞོལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་དང་། གསུང་དང་སྐུའི་འཕྲིན་ལས་དང་འཚོ་བ་ཤིན་ཏུ་དབེན་པ་སྟེ། རྩ་མི་མངོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་མདུད་པ་འགྲེལ་པ་སྟེ། རྩ་ལ་མདུད་པ་མྱེད་པ་
ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་དབེན་པའི་ཆོས་མངའ་བ་སྟེ། ལོང་བུ་མི་མངོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མྱི་མཉམ་པ་ཐམས་ཅད་ལས་སྒྲོལ་བསྟེ་ཞབས་མྱི་མཉམ་པ་མྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་
འདས་རྣམས་ནི་མྱིའི་སེང་གེ་སྟེ། སེང་གེའི་འགྲོས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མྱིའི་གླང་པོ་སྟེ། གླང་པོའི་འགྲོས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་བཞུད་པ་སྟེ།
ངང་པའི་སྟབས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མྱིའི་ཁྱུ་མཆོག་སྟེ། ཁྱུ་མཆོག་གི་སྟབས་སུ་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐུན་པའི་ལམ་མངའ་བ་སྟེ། གཡས་ཕྱོགས་སུ་བཞུད་པ་ཡིན།
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བལྟ་ན་མཛེས་པ་སྟེ། མཛེས་པར་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཐུགས་ཡོན་པོ་མྱི་མངའ་བ་སྟེ་མ་ཡོ་བར་བཞུད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་རྣམ་པར་
དག་པའི་ཡོན་ཏན་སྟོན་པ་སྟེ། སྐུ་ཤིན་ཏུ་ལེགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྡིག་པའི་ཆོས་རྣམས་ཤིན་ཏུ་སྤྱངས་པ་སྟེ། སྐུ་ཤིན་ཏུ་སྦྱངས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཆོས་རིམ་གྱིས་སྟོན་པ་སྟེ།
སྐུར་རིམ་གྱིས་གཞོལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྐུ་དང་། གསུང་དང་། ཐུགས་གཙང་མ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་ཐུགས་འཇམ་

པ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཐུགས་མངའ་བ་སྟེ། སྐུ་ཤིན་ཏུ་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་དང་
འདུལ་བ་ཤིན་ཏུ་རྫོགས་པ་སྟེ། དཔེ་བྱད་ཤིན་ཏུ་རྫོགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོན་ཏན་ཡངས་ཤིང་བཟང་བ་སྟོན་པ་སྟེ། སྐུ་ཆེ་ཞིང་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཐམས་ཅད་ལ་
མཉམ་པའི་ཐུགས་མངའ་བ་སྟེ། སྐུ་ལེགས་པར་མཉམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཆོག་ཏུ་འཇམ་པའི་ཆོས་སྟོན་པ་སྟེ། སྐུ་ཤིན་ཏུ་གཞོན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཞུམ་པ་མྱེད་པའི་
ཐུགས་མངའ་བ་སྟེ། སྐྲ་ཞུམ་པ་མྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མྱི་དགེ་བའི་རྩེ་བ་ཐམས་ཅད་བྱང་བ་སྟེ། སྐུ་ཤིན་ཏུ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང་ཟད་པ་སྟེ། སྐུ་
ཤིན་ཏུ་མཁྲེགས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་དང་། ཉིང་ལག་ལེགས་པར་སྟོན་པ་སྟེ། ཡན་ལག་དང་ཉིང་ལག་སྤ་བར་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་
རྣམས་ནི་གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། སྣང་བ་རབ་རིབ་མྱེད་ཅིང་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་དང་ལྡན་པའི་སློབ་མ་མངའ་བ་སྟེ། ཕྱལ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་
འཁོར་བའི་ཉེས་པ་ཐམས་ཅད་ཤིན་ཏུ་སྦྱངས་པ་སྟེ། ཕྱལ་ཤིན་ཏུ་བྱང་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ང་རྒྱལ་གྱི་དེའུ་བཅོམ་པ་སྟེ། ཕྱལ་མ་ཞོམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཟད་པ་རྣམ་

པར་ཟློག་པ་སྟེ། ཕྱལ་ཕྱམ་མེར་འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཟབ་མོ་ཤིན་ཏུ་ཐུགས་སུ་ཆུད་པ་སྟེ། ལྟེ་བ་ཟབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐུན་པར་འཛིན་པའི་སློབ་མ་མངའ་བ་སྟེ། ལྟེ་
བ་གཡས་ཕྱོགས་སུ་འཁྱིལ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སློབ་མ་ཀུན་ནས་མཛེས་པའི་དགེ་འདུན་མངའ་བ་སྟེ། ཀུན་ནས་མཛེས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་ཤིན་ཏུ་གཙང་མ་དང་ལྡན་
པ་སྟེ། ཀུན་སྤྱོད་པ་ཤིན་ཏུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ནག་པོ་བསྟན་པ་དང་བྲལ་བའི་ཆོས་དང་འདུལ་བ་མངའ་བ་སྟེ། སྐུ་ལ་སྨེ་བ་དང་གནག་བག་མྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིང་
བལ་ལྟར་ཡང་བ་རབ་ཏུ་ཐོབ་པའི་ཆོས་སྟོན་པ་སྟེ། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་གི་སྐྱེ་བོ་དང་། སྐྱེ་བོ་ཕལ་ལ་བྱམས་པས་དགེ་སྦྱོང་ཆེན་པོ་བརྙེས་པ་སྟེ། ཕྱག་གི་རི་མོ་སྣུམ་པ་ཡིན།
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་ཟབ་ཅིང་བརྟན་པར་བཞུགས་པ་སྟེ། ཕྱག་གི་རི་མོ་ཟབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཟོད་པའི་ཆོས་ཡངས་པ་སྟོན་པ་སྟེ། ཕྱག་གི་རི་མོ་རིང་བ་ཡིན། སངས་རྒྱས་བཅོམ་ལྡན་
འདས་རྣམས་ནི་བསླབ་པའི་གནས་ཧ་ཅང་ཡང་མྱི་རིང་བར་འཆའ་བ་སྟེ། ཞལ་ཧ་ཅང་ཡང་མྱི་རིང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟུགས་བརྙན་འཇིག་རྟེན་ཐམས་ཅད་དུ་བཀྱེ་བ་སྟེ། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་
བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇམ་པ་སྔོན་དུ་བཏང་ཞིང་འདུལ་བ་སྟེ། ལྗགས་ཤིན་ཏུ་འཇམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པ་སྟེ། ལྗགས་ཤིན་ཏུ་སྲབ་པ་ཡིན། སངས་རྒྱས་བཅོམ་

ལྡན་འདས་རྣམས་ནི་བྱིས་པའི་སྐྱེ་བོ་འདོད་ཆགས་པ་རྣམས་ཀྱི་ཆོས་དང་འདུལ་བ་གཏིང་དཔག་པར་དཀའ་བ་སྟེ། ལྗགས་ཤིན་ཏུ་དམར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གླང་པོའི་སྒྲ་དང་འབྲུག་གི་སྒྲ་ལྟ་བུས་བསྙེངས་པ་
མྱི་མངའ་བ་སྟེ། གླང་པོའི་ང་རོ་དང་འབྲུག་གི་དབྱངས་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བར་སྨྲ་བའི་སློབ་མ་མངའ་བ་སྟེ། སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བའི་གསུང་དང་ལྡན་པ་ཡིན།
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྲིད་པ་ཀུན་ཏུ་སྦྱོར་བ་ལས་འདས་པ་སྟེ། ཚེམས་མཆེ་བ་ཤིན་ཏུ་ཟླུམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱེ་བོ་རྣོ་བ་རྣམས་འདུལ་བ་སྟེ། ཚེམས་མཆེ་བ་རྣོ་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་
རྣམས་ནི་ཆོས་དང་འདུལ་བ་ཤིན་ཏུ་དཀར་བ་སྟེ། ཚེམས་མཆེ་བ་ཤིན་ཏུ་དཀར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སའི་ཕྱོགས་མཉམ་པ་ལ་བཞུགས་པ་སྟེ། མཆེ་བ་མཉམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རིམ་གྱིས་མངོན་པར་
རྟོགས་པའི་ཆོས་སྟོན་པ་སྟེ། ཚེམས་མཆེ་བ་རིམ་གྱིས་གཞོལ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པ་སྟེ། ཤངས་ལེགས་པར་མཐོ་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུལ་བའི་སྐྱེ་བོ་
གཙང་མ་མངའ་བ་སྟེ། ཤངས་ཤིན་ཏུ་གཙང་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་ཆོས་ཕུལ་དུ་ཡངས་པ་མངའ་བ་སྟེ། སྤྱན་རིང་བ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ་
སྤྱན་རྣམ་པར་དག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་གྱི་ཚོགས་ཤིན་ཏུ་བསྩགས་པ་སྟེ། རྫི་མ་སྟུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྷ་དང་ལྷ་མ་ཡིན་དང་། སྐྱེས་བུ་དང་། ན་ཆུང་མཆོག་མྱིག་དཀར་ནག་འབྱེས་ཤིང་པད་

མོའི་འདབ་མ་ལྟར་འདུག་པ་རྣམས་ཀྱིས་མངོན་པར་དགའ་བར་བྱས་པ་སྟེ། སྤྱན་དཀར་ནག་འབྱེས་ཤིང་པད་མོའི་འདབ་མ་ལྟར་འདུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཡངས་པ་གཟིགས་པ་སྟེ། སྨྱིན་མ་རིང་བ་དང་ལྡན་པ་ཡིན། སངས་
རྒྱས་བཅོམ་ལྡན་འདས་རྣམས་ནི་འཇམ་པར་འདུལ་བ་ལ་མཁས་པ་སྟེ། སྨྱིན་མ་འཇམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱོན་ཐམས་ཅད་མཁྱེན་པ་སྟེ། སྨྱིན་མའི་སྤུ་མཉམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་
རྣམས་ནི་དགེ་བའི་རྩ་བའི་སྣུམ་གྱིས་སེམས་སྣུམ་པར་གྱུར་པའི་སྐྱེ་བོ་འདུལ་བ་སྟེ། སྨྱིན་མ་སྣུམ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་མཆོག་ཏུ་ཡངས་ཤིང་དོན་དང་ལྡན་པ་མངའ་བ་སྟེ། སྙན་ལེགས་ཤིང་སྙན་ཤལ་རིང་བ་ཡིན། སངས་རྒྱས་
བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་རྒྱུད་ལས་རྣམ་པར་རྒྱལ་པ་སྟེ། སྙན་མཉམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་བསམ་པ་མཉམས་པ་འདུལ་བ་སྟེ། སྙན་གྱི་དབང་པོ་མཉམས་པ་དང་ལྡན་པ་ཡིན། སངས་རྒྱས་
བཅོམ་ལྡན་འདས་རྣམས་ནི་ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་བྱང་བ་སྟེ། ཞལ་འཕྲལ་བ་ལེགས་པར་གྲུབ་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕས་ཀྱི་རྒོལ་བ་ཤིན་ཏུ་འདུལ་བ་སྟེ། ཞལ་འཕྲལ་བ་ཡངས་པ་དང་ལྡན་པ་ཡིན།
སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྨོན་ལམ་དམ་པ་ཤིན་ཏུ་རྫོགས་པ་སྟེ། དབུ་ཤིན་ཏུ་རྒྱས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡུལ་གྱི་བུང་བ་རྣམ་པར་ཟློག་པ་སྟེ། དབུ་བུང་བ་ལྟར་གནག་པ་དང་ལྡན་པ་ཡིན། སངས་རྒྱས་བཅོམ་ལྡན་
འདས་རྣམས་ནི་མཐོང་བ་དང་བསྒོམ་པས་སྤང་བའི་བག་ལ་ཉལ་བ་ཟད་པར་བྱས་པ་སྟེ། དབུ་སྟུག་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་འཇམ་པས་བསྟན་པའི་སྙིང་པོ་ཐུགས་སུ་ཆུད་པ་སྟེ། དབུ་འཇམ་པ་ཡིན། སངས་རྒྱས་བཅོམ་

ལྡན་འདས་རྣམས་ནི་རྟག་ཏུ་མ་འཁྲུགས་པའི་ཐུགས་དང་ལྡན་པ་སྟེ། དབུ་མྱི་འཛིངས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བརླང་བའི་གསུང་དང་ཡོངས་སུ་བྲལ་བ་སྟེ། དབུ་མྱི་རྩུབ་པ་ཡིན། སངས་རྒྱས་བཅོམ་
ལྡན་འདས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མྱེ་ཏོག་གིས་སྐྱེ་བོ་མཐུན་པར་བསྒྲུབས་པ་སྟེ། དབུ་དྲི་ཞིམ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་། དགའ་བ་འཁྱིལ་པས་བརྒྱན་
པ་ཡིན། རབ་འབྱོར་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །རབ་འབྱོར་དེ་ལྟར་དེ་ལྟ་བུའི་ཆོས་ཀྱི་རྣམ་པ་དེ་དག་གཞན་ལ་བཤད་པ་དང་། བསྟན་པ་དང་། ཡང་དག་པར་
བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་ཞེས་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་རྣམས་ཟང་ཟིང་གི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པས་སྡུད་པ་ཡིན་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་ཀྱི་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སྙན་པས་
སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་སྡུད་པ་ཡིན་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙན་པར་སྨྲ་བས་སེམས་ཅན་

རྣམས་སྡུད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་སྙན་པར་སྨྲ་བས་སེམས་ཅན་རྣམས་སྡུད་དོ། །རབ་
འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་བྱ་བས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དོན་བྱ་བས་སེམས་ཅན་རྣམས་སྡུད་དོ། །དེ་ཅིའི་
ཕྱིར་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་བྱ་བས་སེམས་ཅན་རྣམས་སྡུད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དོན་མཐུན་པས་སེམས་ཅན་ར