Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 025_འབུམ།_ན
Văn bản gốc(Tây Tạng)
Trang 22 / 22 (50.000 ký tự/trang)
ུ་ཤེས་ཐམས་ཅད་ཀྱིས་སྟོང་སྟེ། རབ་འབྱོར་ལ་ལ་ཞིག་གིས་སྤྲུལ་པ་ཞིག་སྤྲུལ་ན། དེ་ལ་གང་སྟོང་པ་ཉིད་མ་ཡིན་པ་དེ་ལྟ་བུའི་དངོས་པོ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། སྤྲུལ་པ་དེ་ལ་གང་སྟོང་པ་ཉིད་མ་ལགས་པ་དེ་ལྟ་བུའི་དངོས་པོ་གང་ཡང་མ་མཆིས་ཏེ། སྟོང་པ་ཉིད་གང་ལགས་པ་དང་། སྤྲུལ་པ་གང་ལགས་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས་ཏེ། དེ་གཉིས་ཀ་ཡང་སྟོང་པ་ཉིད་ཀྱིས་སྟོང་ན། དེ་ཅིའི་སླད་དུ། འདི་ནི་སྟོང་པ་ཉིད་དོ། །འདི་ནི་སྤྲུལ་པའོ། །ཞེས་བགྱི་བར་རྣམ་པར་བཅབ་པ་མཛད། དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟ་སྟེ། སྟོང་པ་ཉིད་དང་། སྤྲུལ་ པ་གཉིས་ཀ་ཡང་སྟོང་པ་ཉིད་ལ་དམིགས་སུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་གང་སྤྲུལ་པ་མ་ ཡིན་པ་དེ་ལྟ་བུ་ཡོད་དམ། གང་སྤྲུལ་པ་དེ་ནི་སྟོང་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་པའི་ཆོས་སྤྲུལ་པ་ལགས་ཀྱང་། འཇིག་རྟེན་ལས་འདས་པའི་ཆོས་འདི་ལྟ་སྟེ། དྲན་པ་ཉེ་ བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་ པའི་སྒོ་གསུམ་དང་། འཕགས་པའི་བདེན་པ་བཞི་དང་། སྟོང་པ་ཉིད་ཐམས་ཅད་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ དང་། དེ་དག་གི་འབྲས་བུ་གང་གིས་གང་ཟག་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཞེས་གང་ཟག་རྣམ་པར་དགོད་པའི་ཆོས་དེ་དག་ཀྱང་སྤྲུལ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་སྤྲུལ་པ་སྟེ། དེ་ལ་ལ་ལ་ནི་ཉན་ཐོས་ཀྱིས་སྤྲུལ་པའོ། ། ལ་ལ་ནི་རང་སངས་རྒྱས་ཀྱིས་སྤྲུལ་པའོ། །ལ་ལ་ནི་བྱང་ཆུབ་སེམས་དཔས་སྤྲུལ་པའོ། །ལ་ལ་ནི་དེ་བཞིན་གཤེགས་པས་སྤྲུལ་པའོ། །ལ་ལ་ནི་ཉོན་མོངས་པས་སྤྲུལ་པའོ། །ལ་ལ་ནི་ལས་ཀྱིས་སྤྲུལ་པའོ། །རབ་ འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་གང་སྤངས་པ་ཞེས་བགྱི་བ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་ འོད་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་སངས་རྒྱས་ཀྱིས་འམ། སངས་རྒྱས་ཀྱིས་འམ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་ཆོས་དེ་དག་ཐམས་ཅད་ཀྱང་སྤྲུལ་པ་ལགས་སམ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོརད་བསྐྱེད་པ་འམ། བཀག་པའི་ཆོས་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་སྤྲུལ་པའོ། །གསོལད་པ། བཅོམ་ལྡན་འདས་གང་མ་སྤྲུལ་པའི་ཆོས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལད་པ། ཆོས་གང་ལ་སྐྱེ་བ་ཡང་མྱེད། འགག་པ་ཡང་མེད་པ་དེ་ནི་མ་སྤྲུལ་པའོ། །གསོལད་པ། ད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལད་པ། མི་མཉམ་ བའི་མྱ་ངན་ལས་འདས་པ་སྟེ། ཆོས་དེ་ནི་མ་སྤྲུལ་པའོ། །གསོལད་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སྟོང་པ་ཉིད་ལས་ཀྱང་མྱི་གཡོ་ལ། གཉིས་སུ་ཡང་མྱི་དམིགས་ཏེ། ཆོས་གང་ཡང་སྟོང་པ་ཉིད་ མ་ཡིནད་པ་དེ་ལྟ་བུ་མྱེད་དོ། །ཞེས་བཀའ་སྩལད་པ་ལྟར་ན། བཅོམ་ལྡན་འདས་མྱི་མཉམ་པའི་མྱ་ངན་ལས་འདས་པ་ཡང་སྤྲུལ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལད་ པ། རབ་འབྱོརད་དེ་དེ་བཞིན་ནོ། །དེ་དེ་བཞིནད་ཏེ། རབ་འབྱོརད་ཆོས་ཐམས་ཅད་ནི་སྟོང་པ་སྟེ། དེ་དག་ནི་ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་ བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མ་བྱས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ། །རབ་འབྱོརད་ཀྱིས་གསོལ་པ། བཅོམ་ལྡན་འདས་ལས་དང་པོ་པའི་གང་ཟག་གིས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡོངས་སུ་འཚལ་བར་བགྱི་ན། ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལད་པ། རབ་འབྱོརད་ཅི་སྔོན་དངོས་ པོ་ཡོད་པར་གྱུར་ལ། ཕྱིས་དངོས་པོ་མྱེད་པར་འགྱུར་བ་ཡོད་དམ། རབ་འབྱོརད་འདི་ལ་དངོས་པོ་ཡོད་པ་ཡང་མེད། དངོས་པོ་མྱེད་པ་ཡང་མྱེད། ངོ་བོ་ཉིད་ཀྱང་མྱེད། གཞན་གྱི་དངོས་པོ་ཡང་མྱེད་ན། དེ་ལ་གང་ཡོངས་ སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རེ་སྐན།། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ཆོས་ཉིད་མྱི་འགྱུར་བ་བསྟན་པའི་ལེའུ་སྟེ། བདུན་ཅུ་རྩ་གཉིས་སོ།། །