Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 016_འབུམ།_ག

Văn bản gốc(Tây Tạng)

Trang 12 / 23 (50.000 ký tự/trang)
་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྲེད་པ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ལེན་པ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྲིད་པ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་།

སྐྱེ་བ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རྒ་ཤི་མྱི་རྟག་ཅེས་བྱ་བར་ཤེས་པའོ། །དེ་ལ་ཀུན་རྫོབ་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དང་གང་ཟག་གཞན་གྱི་སེམས་སེམས་ཀྱིས་ཤེས་པའོ། །དེ་ལ་འདྲིས་པ་ཤེས་པ་གང་ཞེ་ན། གང་
གིས་ལམ་ཤེས་པ་དང་། ཡོངས་སུ་བྱང་བ་ཤེས་པའོ། །དེ་ལ་སྒྲ་ཅི་བཞིན་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ། རབ་འབྱོར་འདི་ཡང་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་
པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་དབང་པོ་གསུམ་སྟེ། གསུམ་གང་ཞེ་ན། ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱའོ། །ཞེས་བྱ་བའི་དབང་པོ་དང་། ཡོངས་སུ་ཤེས་པའི་
དབང་པོ་དང་། ཡོངས་སུ་ཤེས་པས་རྟོགས་པའི་དབང་པོའོ། །དེ་ལ་ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱའོ། །ཞེས་བྱ་བའི་དབང་པོ་གང་ཞེ་ན། སློབ་པའི་གང་ཟག་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་
པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་ཡོངས་སུ་སྣང་བར་མ་གྱུར་པ་འདི་ནི་ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་བྱའོ་ཞེས་བྱ་བའི་དབང་པོའོ། །དེ་ལ་ཡོངས་སུ་ཤེས་པའི་དབང་པོ་གང་ཞེ་ན། གང་ཟག་སློབ་
པ་ཡོངས་སུ་ཤེས་པར་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ་འདི་ནི་ཡོངས་སུ་ཤེས་པའི་དབང་པོ་ཞེས་བྱའོ། །དེ་ལ་ཡོངས་སུ་ཤེས་པས་
རྟོགས་པའི་དབང་པོ་གང་ཞེ་ན། གང་ཟག་མྱི་སློབ་པ་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་

འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། རབ་འབྱོར་འདི་ནི་ཡོངས་སུ་ཤེས་པས་རྟོགས་པའི་དབང་པོ་ཞེས་བྱ་སྟེ། རབ་འབྱོར་འདི་ཡང་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཏིང་ངེ་འཛིན་གསུམ་སྟེ། གསུམ་གང་ཞེ་ན། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྟོག་པ་མྱེད་ཅིང་
དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ།
དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ། འདི་ནི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཏོ། །དེ་ལ་རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་
གང་ཞེ་ན། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པའི་བར་ཏེ། འདི་ནི་རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་
དང་། བསམ་གཏན་བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མྱེད་འདུ་ཤེས་
མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའོ། །འདི་ནི་མྱི་རྟག་མྱི་དཔྱོད་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། རབ་འབྱོར་འདི་ཡང་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་རྗེས་སུ་དྲན་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་།
ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དང་།
ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་
ལྟ་སྟེ། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། དེ་ལ་བསམ་གཏན་བཞི་གང་ཞེ་ན། འདི་ལ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་
ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་
དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་

དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་
ཀྱང་ནུབ་པས། བདེ་བ་ཡང་མྱེད་སྡུག་བསྔལ་ཡང་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་མྱི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཤིང་གནས་ཏེ། དེ་དག་ནི་བསམ་གཏན་བཞིའོ། །དེ་ལ་ཚད་མྱེད་པ་བཞི་གང་ཞེ་ན་
འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ་
ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་
ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ་
མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་
རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །དེ་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་

པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་
ཤིང་མྱི་དམྱིགས་པའི་ཚུལ་གྱིས་རྣམ་པར་སྤྱོད་དེ། དེ་དག་ནི་ཚད་མྱེད་པ་བཞིའོ། །དེ་ལ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་
ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་
ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་
ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའོ། །དེ་ལ་རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་
ཐར་པ་དང་པོའོ། །ནང་གཟུགས་མྱེད་པའི་འདུ་ཤེས་དང་ལྡན་པས། ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་

ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་
ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་
དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་
ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་བར་དུ་དེ་མྱི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཤིང་གནས་ཏེ་དེ་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །དེ་ལ་
མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདོད་པས་དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་
བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་
གྱུར་པས། རྟོག་པ་མྱེད་པ། དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་

བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་
ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད་སྡུག་བསྔལ་ཡང་མྱེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་
སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་
བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་
རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་
འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་བར་དུ་མྱི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཤིང་
གནས་ཏེ། དེ་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ། བཅུ་གང་ཞེ་ན། རབ་འབྱོར་

འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གནས་ལའང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གནས་མ་ཡིན་པ་ལའང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་
ཤེས་སོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ལས་ཡོངས་སུ་ལེན་པའི་རྣམ་པར་སྨྱིན་པ། གནས་ཀྱི་རྣམ་པ་དང་། རྒྱུའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འཇིག་རྟེན་ནི་ཁམས་སྣ་ཚོགས་ཅན་ཏེ། འཇིག་
རྟེན་ནི་ཁམས་དུ་མ་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་གཞན་དང་། གང་ཟག་གཞན་གྱི་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་གཞན་དང་གང་ཟག་
གཞན་གྱི་དབང་པོ་རབ་དང་། ཐམ་ཤེས་པར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ཏུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་
དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ཏེ། ཚེ་
རབས་གཅིག་ཀྱང་རྗེས་སུ་དྲན་པ་ནས། ཚེ་རབས་བརྒྱ་དང་། ཚེ་རབས་སྟོང་དང་། ཚེ་རབས་བརྒྱ་སྟོང་དང་། ཚེ་རབས་བྱེ་བ་དང་། ཚེ་རབས་བྱེ་བ་བརྒྱ་དང་། ཚེ་རབས་བྱེ་བ་སྟོང་དང་། ཚེ་རབས་བྱེ་བ་བརྒྱ་ཕྲག་སྟོང་དང་། ཚེ་རབས་བྱེ་བ་ཁྲག་ཁྲིག་བརྒྱ་
ཕྲག་སྟོང་དག་ཀྱང་རྗེས་སུ་དྲན་ནོ། །བསྐལ་པ་གཅིག་ཀྱང་རྗེས་སུ་དྲན་པ་ནས། བསྐལ་པ་བརྒྱ་དང་། བསྐལ་པ་སྟོང་དང་། བསྐལ་པ་བརྒྱ་ཕྲག་སྟོང་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་བར་དག་ཀྱང་རྗེས་སུ་དྲན་ཏེ། བདག་ནི་འདི་ལྟ་

བུ་ཞིག་ན་འདུག་འདུག་གོ། །མྱིང་ནི་འདི་ཞེས་བྱའོ། །རིགས་ནི་འདི་ཞེས་བྱའོ། །རུས་ནི་འདི་ཞེས་བྱའོ། །ཟས་ནི་འདི་ཟ་ཟའོ། །ཡུན་ནི་འདི་སྲིད་ཅིག་ཏུ་གནས་གནས་སོ། །ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་གྱུར་ཏེ། དེ་ལྟར་བདག་
དེ་ནས་ཤི་འཕོས་ནས་ཆེ་གེ་མོ་ཞིག་དུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ཀྱང་འདིར་སྐྱེས་སོ་ཞེས་བྱ་བར་རྣམ་པ་དང་བཅས། ས་མལ་དང་བཅས། གཏན་ཚིགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ། །ལྷའི་མྱིག་
རྣམ་པར་དག་པ་མྱིའི་ལས་འདས་པས། སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དག་ཀྱང་མཐོང་ངོ་། །ཁ་དོག་སྡུག་པ་དང་། ཁ་དོག་མྱི་སྡུག་པ་དང་། བཟང་བ་དང་། ངན་པ་དང་། བདེ་འགྲོ་ན་འཁོད་པ་དང་། ངན་སོང་ན་འཁོད་པ་དང་། ལས་ཇི་ལྟ་བ་བཞིན་དུ་
ཉེ་བར་འདོང་བའི་སེམས་ཅན་རྣམས་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ་དག་གིས་ངན་དུ་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བདག་སྟེ། དེའི་རྒྱུ་དེའི་
རྐྱེན་གྱིས་ལུས་ཞིག་ནས་ངན་སོང་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེའོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་
པ་ལ་སྐུར་པ་མྱི་འདེབས་པ། ཡང་དག་པར་ལྟ་བ་དག་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་ལྷའི་ནང་དུ་སྐྱེའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཟག་པ་རྣམས་ཟད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་
པར་གྲོལ་བ་ཟག་པ་མྱེད་པ། རང་གིས་མངོན་པར་ཤེས་པས་མངོན་དུ་བྱས་ཏེ། ཉེ་བར་བསྒྲུབས་ཤིང་རྣམ་པར་སྤྱོད་དོ། །བདག་གི་སྐྱེ་བ་ནི་ཟད་དོ། །བདག་གིས་ཚངས་པར་སྤྱོད་པ་ནི་སྤྱད་དོ། །བྱ་བ་ནི་བྱས་སོ། །རྣམ་པ་འདི་ལྟ་བུ་གཞན་ནི་མྱེད་

དོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། རབ་འབྱོར་དེ་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་མྱི་
འཇིགས་པ་བཞི་སྟེ། བཞི་གང་ཞེ་ན། བདག་གིས་ཡང་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན། དེ་ལ་ཆོས་འདི་རྣམས་མངོན་པར་སངས་མ་རྒྱས་སོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ།
ཚངས་པའམ། གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་། ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་
དང་། མྱི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ཀྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷ་འམ་བདུད་དམ། ཚངས་པ་
འམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ། བདག་གིས་རབ་ཏུ་བསྐོར་བར་བྱའོ། །བདག་ཟག་པ་ཟད་དོ་ཞེས་དམ་བཅས་ན། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ། །ཞེས་བྱ་བར་བ་དག་ལ་དགེ་སྦྱོང་
ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་
བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་

སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །གང་ཡང་བདག་གིས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་ལ་
བསྟེན་ན། བར་ཆད་ཀྱི་ཆོས་སུ་མྱི་འགྱུར་བ་དེ་ལྟ་བུའི་གནས་མྱེད་དེ། དེའི་ཕྱིར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ། །ཞེས་བྱ་བའི་རྒྱུ་
ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ཀྱི་
ནང་དུ་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །གང་
ཡང་བདག་གིས་ལམ་འཕགས་པའི་འབྱུང་བ་རྟོགས་པར་འགྱུར་བ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་བསྟན་པ་དེ་དག་ལ་ནན་ཏན་བྱས་ན། སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་མྱི་འབྱུང་ངོ་ཞེས་བྱ་བ་དེ་ལྟ་
བུའི་གནས་མྱེད་དེ། དེའི་ཕྱིར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ་
རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མྱེད་པ་ཐོབ་པ་དང་། མྱི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ཀྱི་ནང་དུ་སེང་གེའི་སྒྲ་བསྒྲག་

གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མྱི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་བ་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་
པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་སྟེ། བཞི་གང་ཞེ་ན། དོན་སོ་སོ་ཡང་དག་
པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་
ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དེ། བཅྭོ་བརྒྱད་གང་ཞེ་ན། གང་གིས་ནམ་ལ་དེ་བཞིན་གཤེགས་པ་བླ་ན་མྱེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ་དང་། གང་གིས་ནམ་ལ་ལྷ་དང་བཅས་པའི་འཇིག་རྟེན། བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པ་སྡུག་
བསྔལ་ཟད་པར་འགྱུར་བའི་ལམ་གྱིས་རྗེས་སུ་བསྟན་ཏེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མྱི་མངའོ། །ཅ་ཅོ་མྱི་མངའོ། །དགོངས་པ་
ཉམས་པ་མྱི་མངའོ། །འདུ་ཤེས་སྣ་ཚོགས་མྱི་མངའོ། །ཐུགས་མཉམ་པར་མ་བཞག་པ་མྱི་མངའོ། །མ་བརྟགས་པའི་བཏང་སྙོམས་མྱི་མངའོ། མོས་པ་ཡོངས་སུ་ཉམས་པ་མྱི་མངའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མྱི་མངའོ། །

དགོངས་པ་ཡོངས་སུ་ཉམས་པ་མྱི་མངའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མྱི་མངའོ། །ཤེས་རབ་ཡོངས་སུ་ཉམས་པ་མྱི་མངའོ། །རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མྱི་མངའོ། །རྣམ་པར་
གྲོལ་བའི་ཡེ་ཤེས་གཟིགས་པ་ཡོངས་སུ་ཉམས་པ་མྱི་མངའོ། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་
ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །འདས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །མ་འོངས་པའི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །ད་ལྟར་
བྱུང་བའི་དུས་ལམ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་གཟུངས་ཀྱི་སྒོ་རྣམས་ཏེ་ཡི་གེ་མཉམ་པ་ཉིད་དང་། བརྗོད་པ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་། ཡི་གེ་ལ་འཇུག་པ་སྟེ། དེ་ལ་ཡི་གེའི་སྒོ་དང་། ཡི་གེ་ལ་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་མ་སྐྱེས་
པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་
ཅད་འཆི་འཕོ་དང་སྐྱེ་བ་མྱེད་པས། ཆོས་ཐམས་ཅད་ཀྱི་སྒོའོ། །ན་ཞེས་བྱ་བ་ནི་མྱིང་དང་བྲལ་ཞིང་མྱིང་གི་རང་བཞིན་མ་ཐོབ་མ་སྟོར་བས་ཆོས་ཐམས་ཅད་ཀྱི་སྒོའོ། །ལ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་ཤིང་སྲིད་པའི་འཁྲི་ཤིང་དང་། རྒྱུ་དང་རྐྱེན་

ཡང་དག་པར་བཅོམ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ད་ཞེས་བྱ་བ་ནི་དུལ་བ་དང་དུལ་བའི་གནས་སུ་ཡོངས་སུ་ངེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །བ་ཞེས་བྱ་བ་ནི་བཅིངས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཊ་ཞེས་བྱ་བ་ནི་
དཀྲུགས་མ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་ཆགས་པ་མྱི་དམྱིགས་པས་ཆགས་པར་མྱི་འགྱུར། འཆིང་བར་མྱི་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །བ་ཞེས་བྱ་བ་ནི་ངག་གི་ལམ་དང་སྒྲ་ཡང་དག་པར་ཆད་པའི་ཕྱིར་
ཆོས་ཐམས་ཅད་ཀྱི་སྒོའོ། །ཏ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལས་མ་གཡོས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཡ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམྱིགས་སུ་མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྟ་ཞེས་བྱ་བ་ནི་ཁེངས་པ་དམྱིགས་
སུ་མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཀ་ཞེས་བྱ་བ་ནི་བྱེད་པ་པོ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་མྱི་དམྱིགས་པས་མཉམ་པ་ཉིད་ལས་མྱི་འདའ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །མ་ཞེས་བྱ་བ་
ནི་བདག་གིར་བྱ་བ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ག་ཞེས་བྱ་བ་ནི་འགྲོ་བ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཐ་ཞེས་བྱ་བ་ནི་གནས་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཛ་ཞེས་བྱ་བ་ནི་སྐྱེ་བ་མྱི་དམྱིགས་
པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཤྭ་ཞེས་བྱ་བ་ནི་དབུགས་དམྱིགས་སུ་མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །དྷ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དམྱིགས་སུ་མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཤ་ཞེས་བྱ་བ་ནི་ཞི་གནས་དམྱིགས་སུ་
མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཁ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པས་དམྱིགས་སུ་མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཀྵ་ཞེས་བྱ་བ་ནི་ཟད་པ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྟ་ཞེས་བྱ་བ་ནི་བསྟོད་པ་མྱི་

དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཛྙ་ཞེས་བྱ་བ་ནི་ཡེ་ཤེས་དམྱིགས་སུ་མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །རྟ་ཞེས་བྱ་བ་ནི་ཉོན་མོངས་པ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་རྒྱུ་མྱི་
དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །བྷ་ཞེས་བྱ་བ་ནི་འཇིགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཚ་ཞེས་བྱ་བ་ནི་མདོག་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྨ་ཞེས་བྱ་བ་ནི་དྲན་པ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་
ཀྱི་སྒོའོ། །ཧྭ་ཞེས་བྱ་བ་ནི་བོད་པ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཏས་ཞེས་བྱ་བ་ནི་མོས་པ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །གྷ་ཞེས་བྱ་བ་ནི་སྟུག་པོ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཐ་ཞེས་བྱ་བ་ནི་བསྒྲུབ་པ་
མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཎ་ཞེས་བྱ་བ་ནི་ཉོན་མོངས་པ་མྱེད་པས་གང་ཡང་འགྲོ་བ་མྱེད་ཅིང་འོང་བ་མྱེད་དེ། གནས་པ་མྱེད་ཅིང་འདུག་པ་མྱེད་ལ་ཉལ་བར་འགྱུར་བ་མྱེད་པས་རྣམ་པར་མྱི་རྟོག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཕ་ཞེས་བྱ་
བ་ནི་འབྲས་བུ་དམྱིགས་སུ་མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྐ་ཞེས་བྱ་བ་ནི་ཕུང་པོ་དམྱིགས་སུ་མྱེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཡས་ཞེས་བྱ་བ་ནི་མྱི་བདེ་བ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་སྤྱོད་པ་མྱི་
དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཊ་ཞེས་བྱ་བ་ནི་སྡུག་བསྔལ་མྱི་དམྱིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཌྷ་ཞེས་བྱ་བ་ནི་གཡོག་པ་མྱི་དམྱིགས་པས་མཐའ་ཐུག་པར་གནས་པར་འཆི་འཕོ་མྱེད་ཅིང་སྐྱེ་བ་མྱེད་པའི་ཕྱིར་ཆོས་ཐམས་
ཅད་ཀྱི་སྒོ་སྟེ། དེ་ཡན་ཆད་ཡི་གེའི་ཐ་སྙད་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་ཡང་གང་གིས་ཐ་སྙད་དུ་བྱ་བ་དང་། གང་གིས་བརྗོད་པ་དང་། གང་གིས་བསྟན་པ་དང་། གང་བྲི་བ་དང་། གང་སྣང་བ་དང་། གང་ཀླག་པར་བྱ་བ་དེ་

ལྟ་བུའི་མྱིང་གང་ཡང་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའ་བཞིན་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་སྟེ། རབ་འབྱོར་འདི་ནི་གཟུངས་ཀྱི་སྒོ་ལ་འཇུག་པ་ཨ་ལས་སྩོགས་པའི་ཡི་གེ་བསྟན་པ་ལ་འཇུག་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གང་གིས་ཨ་ལས་སྩོགས་པའི་ཡི་གེ་ལ་མཁས་པར་བྱ་བ་འདི་ཡོངས་སུ་ཤེས་ན། དེ་ནི་སྒྲ་གང་ལ་ཡང་ཆགས་པར་མྱི་འགྱུར་ཏེ། ཐམས་ཅད་ཆོས་ཉིད་ཀྱིས་ཡང་དག་པར་སྒྲུབ་པར་འགྱུར་ཞིང་སྒྲ་ཤེས་པར་བྱ་བ་ལ་མཁས་པ་ཐོབ་པར་འགྱུར་རོ། །
རབ་འབྱོར་བྱང་ཆུབ་སེམས་དཔའ་གང་གིས་ཨ་ལས་སྩོགས་པའི་ཡི་གེ་ལ་འཇུག་པའི་ཕྱག་རྒྱ་འདི་དང་། ཨ་ལས་སྩོགས་པའི་ཡི་གེ་ལ་འཇུག་པའི་ཕྱག་རྒྱའི་ཚིག་འདི་དག་ཐོས་ཏེ། ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་།
ཀུན་ཆུབ་པར་བྱེད་ཅིང་གཞན་ལ་ཡང་ཚུལ་དང་ལྡན་པའི་བློས་སྟོན་ན། དེ་ལ་ལེགས་པ་ཉི་ཤུ་ཡོད་པར་ཤེས་པར་བྱའོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན། བློ་གྲོས་དང་ལྡན། རྟོགས་པ་དང་ལྡན། བློ་དང་ལྡན། དགའ་བ་དང་ལྡན།
ངོ་ཚ་ཤེས་པ་དང་ལྡན། སྤོབས་པ་དང་ལྡན་པར་འགྱུར་བ་དང་། གཟུངས་ཀྱི་སྒོ་འདི་ཡང་ཉོན་མོངས་པ་མྱེད་པར་ཐོབ་ཅིང་ཐེ་ཙོམ་མྱེད་པར་འགྱུར་ལ། གཞན་ལས་ངག་སྙན་པ་ཐོས་ཀྱང་ཆགས་པར་འགྱུར་བ་མྱེད་ཅིང་ཞེ་གཅོད་པའི་ཚིག་ཐོས་ཀྱང་
ཁོང་ཁྲོ་བར་མྱི་འགྱུར་བས། མཐོ་བ་མྱེད་ཅིང་དམའ་བ་མྱེད་དེ། ཚུལ་བཞིན་དུ་གནས་པར་འགྱུར་བ་དང་། སྒྲ་ལ་མཁས་པར་འགྱུར་བ་དང་། ཕུང་པོ་ལ་མཁས་པར་འགྱུར་བ་དང་། ཁམས་ལ་མཁས་པར་འགྱུར་བ་དང་། སྐྱེ་མཆེད་ལ་མཁས་
པར་འགྱུར་བ་དང་། བདེན་པ་ལ་མཁས་པར་འགྱུར་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་འགྱུར་བ་སྟེ། རྒྱུ་ལ་མཁས་ཤིང་རྐྱེན་ལ་མཁས་པར་འགྱུར་བ་དང་། ཆོས་ཉིད་ལ་མཁས་པར་འགྱུར་བ་དང་། དབང་པོ་རབ་དང་ཐ་མ་

ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། ལྷའི་རྣ་བའི་ཤེས་པ་ལ་མཁས་པར་འགྱུར་བ་དང་། ཕ་རོལ་གྱི་སེམས་ཤེས་པར་བྱ་བ་ལ་མཁས་པར་འགྱུར་
བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། རྫུ་འཕྲུལ་གྱི་རྣམ་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། ཟག་པ་ཟད་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། གནས་དང་གནས་མ་ཡིན་པ་
བསྟན་པ་ཤེས་པར་བྱ་བའི་མཁས་པར་འགྱུར་བ་དང་། འགྲོ་བ་ལ་མཁས་ཤིང་ལྡོག་པ་ལ་མཁས་པར་འགྱུར་བ་དང་། སྤྱོད་ལམ་ལ་མཁས་པར་འགྱུར་བ་དང་། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་ལ་མཁས་པ་ཡང་འཐོབ་པར་འགྱུར་ཏེ། རབ་འབྱོར་
གཟུངས་ཀྱི་སྒོ་ཨ་ལས་སྩོགས་པའི་ཡི་གེ་ལ་འཇུག་པ་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་
དགུའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་
དག་པར་ཞུགས་པ་ཡིན་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ས་ནས་སར་འཕར་ཏེ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་
ཕྱིན་པ་དྲུག་ལ་སྤྱོད་ཅིང་། ས་ནས་སར་འཕར་བ་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་འཕོ་བ་མྱེད་པས། ཆོས་གང་ཡང་འོང་བ་མྱེད་ཅིང་འགྲོ་བ་མྱེད་དེ། འཕོ་བའམ་ཉེ་བར་འཕོ་བ་མྱེད་དོ། །འོན་ཀྱང་ཆོས་ཐམས་ཅད་ཀྱིས་

གང་ཡིན་པ་དེ་ལ་རློམ་སེམས་སུ་བྱེད་པའམ། སེམས་པ་མྱེད་དེ་ས་ཡོངས་སུ་སྦྱོང་བ་ཡང་མྱི་བྱེད་པ་མ་ཡིན་ལ། ས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱང་བ་གང་ཞེ་ན།
རབ་འབྱོར་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྦྱོང་བ་བཅུ་པོ་འདི་དག་བྱ་སྟེ། བཅུ་གང་ཞེ་ན། དེ་མྱི་དམྱིགས་པའི་ཚུལ་གྱིས་ལྷག་པའི་བསམ་པ་ལས་སྩོགས་པ་ཡོངས་སུ་སྦྱང་བ་དང་། མཚན་མ་མྱི་
དམྱིགས་པའི་ཕྱིར་ཕན་པའི་དངོས་པོ་ཡོངས་སུ་སྦྱང་ཞིང་སེམས་ཅན་མྱི་དམྱིགས་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བ་དང་། སྦྱིན་པ་དང་། གཏོང་བ་དང་། ལེན་པ་མྱི་དམྱིགས་པའི་ཕྱིར་གཏོང་བ་ཡོངས་སུ་སྦྱང་བ་དང་།
དེས་རློམ་སེམས་སུ་མྱི་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་བསྟན་པ་ཡོངས་སུ་སྦྱང་བ་དང་། ཆོས་ཐམས་ཅད་མྱི་དམྱིགས་པའི་ཕྱིར་ཆོས་བཙལ་བ་ཡོངས་སུ་སྦྱང་བ་དང་། ཁྱིམ་མྱི་དམྱིགས་པའི་ཕྱིར་ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་བ་དང་། མཚན་
དང་དཔེ་བྱད་བཟང་པོའི་མཚན་མ་མྱི་དམྱིགས་པའི་ཕྱིར། སངས་རྒྱས་ཀྱི་སྐུ་ལ་མས་པ་ཡོངས་སུ་སྦྱང་བ་དང་། ཆོས་ཀྱི་རྣམ་པ་མྱི་དམྱིགས་པའི་ཕྱིར། ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བ་དང་། ཆོས་ཀྱི་ཡང་དག་པ་ཉིད་མྱི་དམྱིགས་པའི་ཕྱིར།
ང་རྒྱལ་དང་ཁེངས་པ་བསྩལ་བ་ཡོངས་སུ་སྦྱང་བ་དང་། ཚིག་མྱི་དམྱིགས་པའི་ཕྱིར་བདེན་པའི་ཚིག་ཡོངས་སུ་སྦྱང་བ་སྟེ། རབ་འབྱོར་ཡོངས་སུ་སྦྱང་བ་བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་བྱ་བ་དག་
གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག་ཡང་དང་ཡང་དུ་ཡིད་ལ་བྱ་སྟེ། དེ་ལ་ནན་ཏན་དུ་བྱའོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་

དང་། བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དང་། བཟོད་པའི་མཐུ་ལ་གནས་པ་དང་། རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱི་གཏང་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་དང་། བླ་མ་བསྙེན་བཀུར་
ཞིང་དད་པས་གུས་པར་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བ་སྟེ། རབ་འབྱོར་ཆོས་བརྒྱད་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས། ཡང་དང་ཡང་དུ་ཡིད་ལ་བྱ་ཞིང་། དེ་དག་ལ་ནན་ཏན་
དུ་བྱ་བ་དག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མང་དུ་ཐོས་པས་མྱི་ངོམས་ཤིང་དེ་ལ་ཡང་ཡི་གེ་ལ་མངོན་པར་མ་ཞེན་པ་དང་། ཟང་
ཟིང་མྱེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་ཅིང་དེས་ཀྱང་རློམ་སེམས་སུ་མྱི་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་སྐྱེད་ཅིང་། ཡོངས་སུ་སྔོ་ཡང་དེས་རློམ་སེམས་སུ་མྱི་འགྱུར་བ་དང་། དཔག་ཏུ་མྱེད་པའི་
འཁོར་བས་ཡོངས་སུ་སྐྱོ་བ་མྱེད་ཅིང་། དེས་ཀྱང་རློམ་སེམས་སུ་མྱི་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་ཀྱང་དེ་རློམ་སེམས་སུ་མྱི་འགྱུར་བ་སྟེ། རབ་འབྱོར་ཆོས་ལྔ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ས་གསུམ་པ་ལ་གནས་པས་གནས་པར་བྱ་བ་དག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས། ཆོས་བཅུ་པོ་འདི་དག་ཡོངས་སུ་བླངས་ཤིང་གནས་པར་བྱ་སྟེ། དེ་དག་ཡོངས་སུ་གཏང་བར་མྱི་
བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དགོན་པ་ལ་གནས་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མྱི་གཏང་བ་དང་། བསླབ་པ་ཡོངས་སུ་མྱི་གཏང་བ་དང་། འདོད་པའི་ཡོན་ཏན་ལ་སྨད་པ་དང་། མྱ་ངན་

ལས་འདའ་བ་དང་ལྡན་པའི་སེམས་བསྐྱེད་པ་དང་། རྫས་ཐམས་ཅད་ཡོངས་སུ་གཏང་བ་དང་། སེམས་ཞུམ་པ་མྱེད་པ་དང་། དངོས་པོ་ཐམས་ཅད་ལ་ལྟོས་པ་མྱེད་པ་སྟེ། རབ་འབྱོར་ཆོས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་
བཞི་པ་ལ་གནས་པས་ཡོངས་སུ་གཏང་བར་མྱི་བྱ་ཞིང་ཡང་དག་པར་བླངས་ཏེ་གནས་པར་བྱ་བ་དག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཆོས་དྲུག་པོ་འདི་དག་ཡོངས་སུ་སྤང་བར་བྱ་སྟེ། དྲུག་
གང་ཞེ་ན། འདི་ལྟར་ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བ་དང་། དགེ་སློང་མ་དང་བསྟེན་པ་དང་། རིགས་ལ་སེར་སྣ་བྱེད་པ་དང་། འདུ་འཛིའི་གནས་དང་། གནོད་སེམས་དང་། བདག་སྟོད་ཅིང་གཞན་སྨོད་པ་སྟེ། ཆོས་དྲུག་པོ་དེ་དག་ནི་ཡོངས་
སུ་སྤང་བར་བྱའོ། །ཡང་ཆོས་བཅྭོ་བརྒྱད་ཡོངས་སུ་སྤང་བར་བྱ་སྟེ། འདི་ལྟར་མྱི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོངས་སུ་སྤང་བར་བྱའོ། །ལྷག་པའི་ང་རྒྱལ་དང་། ཁེངས་པ་དང་། ཕྱིན་ཅི་ལོག་རྣམས་དང་། ཐེ་ཙོམ་དང་། འདོད་ཆགས་དང་
ཞེ་སྡང་དང་། གཏི་མུག་ཉམ་རངས་སུ་མི་འདོར་བ་སྟེ། ཆོས་བཅྭོ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་
དྲུག་པ་ལ་གནས་པས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ། ཆོས་དྲུག་གང་ཞེ་ན། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། །རང་སངས་རྒྱས་ཀྱི་སེམས་
ཡོངས་སུ་སྤང་བར་བྱའོ། །སྲེད་པའི་སེམས་ཡོངས་སུ་སྤང་བར་བྱའོ། །སློངས་མོ་བ་མཐོང་ན་ཞུམ་པ་མྱེད་པར་བྱ་སྟེ། ཞུམ་པའི་སེམས་ཡོངས་སུ་སྤང་བར་བྱའོ། །དངོས་པོ་ཐམས་ཅད་ཡོངས་སུ་བཏང་བས་ཡིད་མྱི་བདེ་བར་མྱི་བྱ་སྟེ།

ཡིད་མྱི་བདེ་བ་ཡོངས་སུ་སྤང་བར་བྱའོ། །སློངས་མོ་བ་མཐོང་ན་སློངས་མོ་བས་འཁྲུག་པར་མྱི་བྱ་སྟེ། འཁྲུག་པའི་སེམས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་ཆོས་དྲུག་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ས་དྲུག་པ་ལ་གནས་པས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་མྱི་བྱ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འཛིན་པར་མྱི་བྱའོ། །སེམས་
ཅན་དུ་འཛིན་པར་མྱི་བྱའོ། །སྲོག་ཏུ་འཛིན་པར་མྱི་བྱའོ། །གང་ཟག་ཏུ་འཛིན་པར་མྱི་བྱའོ། །ཆད་པར་འཛིན་པར་མྱི་བྱའོ། །རྟག་པར་འཛིན་པར་མྱི་བྱའོ། །མཚན་མའི་འདུ་ཤེས་སུ་མྱི་བྱའོ། །རྒྱུར་ལྟ་བ་དང་། མྱིང་དང་གཟུགས་ལ་མངོན་པར་
ཆགས་པ་དང་། ཕུང་པོ་ལ་མངོན་པར་ཆགས་པ་དང་། ཁམས་ལ་མངོན་པར་ཆགས་པ་དང་། སྐྱེ་མཆེད་ལ་མངོན་པར་ཆགས་པ་དང་། ཁམས་གསུམ་ལ་མངོན་པར་ཆགས་པ་དང་། ཁམས་གསུམ་ལ་མངོན་པར་ཞེན་པ་དང་། ཁམས་གསུམ་ལ་རྟེན་པ་དང་། ཁམས་གསུམ་ལ་
གནས་པ་དང་། སངས་རྒྱས་ལ་རྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། ཆོས་ལ་རྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། དགེ་འདུན་ལ་རྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། ཚུལ་ཁྲིམས་ལ་རྟེན་པའི་
ལྟ་བ་ལ་མངོན་པར་ཆགས་པ་དང་། ཆོས་རྣམས་སྟོང་ངོ་ཞེས་ཞུམ་པར་འགྱུར་བ་དང་། སྟོང་པ་ཉིད་དང་འགལ་བ་སྟེ། རབ་འབྱོར་ཆོས་ཉི་ཤུ་པོ་དེ་དག་ནི་བྱ་བ་མ་ཡིན་པའོ། །དེས་ཆོས་ཉི་ཤུ་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། ཉི་ཤུ་གང་
ཞེ་ན། སྟོང་པ་ཉིད་རྫོགས་པར་བྱ་བ་དང་། མཚན་མ་མྱེད་པ་མངོན་དུ་བྱ་བ་དང་། སྨོན་པ་མྱེད་པ་ཤེས་པར་བྱ་བ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་དང་། སེམས་ཅན་དེ་དག་ལ་བརྙས་

པར་མྱི་བྱ་བ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་བ་དང་། ཡང་དག་པའི་ཚུལ་རབ་ཏུ་རྟོགས་ཤིང་། དེས་རློམ་སེམས་སུ་མྱི་བྱ་བ་དང་། མྱི་སྐྱེ་བ་ལ་བཟོད་པ་དང་། མྱི་སྐྱེ་བ་ཤེས་པ་དང་། ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པ་དང་། རྟོག་པ་
ཡང་དག་པར་བསྩལ་བ་དང་། འདུ་ཤེས་དང་། ལྟ་བ་རྣམ་པར་བཟློག་པ་དང་། ཉོན་མོངས་པ་རྣམ་པར་བཟློག་པ་དང་། ཞི་གནས་དང་། ལྷག་མཐོང་གི་ས་དང་། དུལ་བའི་སེམས་དང་། ཞི་བའི་སེམས་དང་། ཐོགས་པ་མྱེད་པ་དང་། བྱམས་པའི་སྐབས་ཤེས་པ་དང་། གང་དུ་འདོད་པའི་
ཞིང་དུ་འགྲོ་བ་དང་། ཐམས་ཅད་དུ་བདག་གི་ངོ་བོ་སྟོན་པ་སྟེ། རབ་འབྱོར་ཆོས་ཉི་ཤུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱ་བའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པར་བྱ་བ་དང་། མངོན་པར་ཤེས་པས་རྣམ་པར་རྩེ་བ་དང་། སངས་རྒྱས་ཀྱི་ཞིང་བལྟ་
ཞིང་སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་དེ་དག་ཡོངས་སུ་བསྒྲུབ་པ་དང་། སངས་རྒྱས་བསྙེན་བཀུར་ཞིང་སངས་རྒྱས་ཀྱི་སྐུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པ་སྟེ། རབ་འབྱོར་བཞི་པོ་དེ་དག་ནི་ཡོངས་སུ་རྫོགས་པར་བྱ་བའི་ཆོས་སོ། །རབ་འབྱོར་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དབང་པོ་རབ་དང་ཐ་མ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་། སྒྱུ་མ་
ལྟ་བུའི་ཏིང་ངེ་འཛིན་ལ་ཡང་དང་ཡང་མཉམ་པར་གཞག་པར་བྱ་བ་དང་། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཇི་ལྟ་ཇི་ལྟར་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་བསྒྲུབ་པའི་ཕྱིར་ཆེད་དུ་བསམས་ཤིང་སྲིད་པ་ཉེ་བར་ལེན་པ་སྟེ། རབ་འབྱོར་

ཆོས་བཞི་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བརྒྱད་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱ་བའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་
ཡོངས་སུ་རྫོགས་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟར་སྨོན་ལམ་མཐའ་ཡས་པ་ཡོངས་སུ་གཟུང་བ་སྟེ། ཇི་ལྟ་ཇི་ལྟར་སྨོན་པ་དེ་ལྟ་དེ་ལྟར་ཕུན་སུམ་ཚོགས་པར་འགྱུར་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་
མཁའ་ལྡིང་དང་། མྱིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པ་དང་། ཡོངས་སུ་རྫོགས་པའི་སྤོབས་པས་ངེས་པར་བསྟན་པ་ཤེས་པ་དང་། མའི་མངལ་དུ་འགྲོ་བ་ཕུན་སུམ་ཚོགས་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། རྒྱུད་ཕུན་སུམ་ཚོགས་པ་
དང་། རུས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། ཚེ་ཕུན་སུམ་ཚོགས་པ་དང་། མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པ་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་
ཕུན་སུམ་ཚོགས་པ་སྟེ། རབ་འབྱོར་ཆོས་བཅུ་གཉིས་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགུ་པ་ལ་གནས་པས་ཡོངས་སུ་རྫོགས་པར་བྱ་བའོ། །རབ་འབྱོར་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་
བསམ་པ་ལས་སྩོགས་པ་ཡོངས་སུ་སྦྱང་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དགེ་བའི་རྩ་བ་

མང་པོ་ཡང་དག་པར་སྡུད་པ་འདི་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ལས་སྩོགས་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པའི་དངོས་པོ་ཡོངས་སུ་སྦྱང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་གང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐེག་པ་ཆེན་པོའི་ཡེ་ཤེས་ཚོལ་ཞིང་སྒྲུབ་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པའི་དངོས་པོ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་
པ་ཉིད་ཡོངས་སུ་སྦྱང་བ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། །ཚད་མྱེད་པ་བཞི་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མངོན་པར་བསྒྲུབ་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སེམས་
མཉམ་པ་ཉིད་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཏོང་བ་ཡོངས་སུ་སྦྱང་བ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་རྣམ་པར་རྟོག་པ་མྱེད་པར་སྦྱིན་པ་དེ་ཡོངས་སུ་གཏོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཏོང་བ་
ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། གང་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་སྐུལ་བ་དང་། གཞོག་པ་དང་། རབ་ཏུ་གཞོག་པར་བྱེད་པ་དེ་དག་ནི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ཏེ། དགེ་བའི་བཤེས་གཉེན་དེ་དག་ལ་བསྟེན་པ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་བླ་མ་ལ་ཕུ་དུད་དུ་བྱ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་བཙལ་བ་ཡོངས་སུ་སྦྱང་བ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་ཆོས་ཚོལ་ཞིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་མྱི་ལྟུང་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་བཙལ་བ་ཡོངས་

སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་བ་གང་ཞེ་ན། ཚེ་རབས་ཐམས་ཅད་དུ་འདུ་འཛི་མྱེད་པར་འབྱུང་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་འབྱུང་
ཡང་དེ་ལ་བར་ཆད་བྱེད་པ་གང་ཡང་མྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ལ་མོས་པ་ཡོངས་སུ་སྦྱང་བ་གང་ཞེ་ན།
སངས་རྒྱས་ཀྱི་སྐུ་མཐོང་ནས། ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་གྱི་བར་དུ། སངས་རྒྱས་ཡིད་ལ་བྱ་བ་དང་ནམ་ཡང་འབྲལ་བར་མྱི་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ལ་མོས་པ་
ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་མངོན་དུ་གྱུར་པའམ། ཡོངས་སུ་མྱ་ངན་ལས་འདས་
པའི་ཚེ། སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་། ཐོག་མར་ཡང་དགེ་བ་བར་དུ་ཡང་དགེ་བ་ཐ་མར་ཡང་དགེ་བ། ཡི་གེ་བཟང་པོ། དོན་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཚངས་པའི་སྤྱོད་པ་འདི་
ལྟ་སྟེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་
དང་། གཏན་ལ་བབ་པ་བསྟན་པ་དག་ཡང་དག་པར་སྟོན་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་དང་། ཁེངས་པ་

བསྩལ་བ་ཡོངས་སུ་སྦྱང་བ་གང་ཞེ་ན། ང་རྒྱལ་དང་། ཁེངས་པ་ཇི་ལྟར་བསྩལ་བ་དེས། ནམ་ཡང་རིགས་དམའ་བར་མྱི་སྐྱེ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་དང་། ཁེངས་པ་བསྩལ་བ་ཡོངས་སུ་སྦྱང་བའོ། །དེ་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་དུ་སྨྲས་པ་དེ་ལྟར་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ཡོངས་སུ་སྦྱང་བའོ། །རབ་འབྱོར་དེ་དག་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པའི་ཡོངས་སུ་སྦྱང་བ་བཅུའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཡིད་ལ་མྱི་
བྱེད་ཅིང་། དེ་མ་ཡིན་པའི་ཚུལ་ཁྲིམས་ངན་པར་བྱེད་པ་དང་། བྱང་ཆུབ་ཀྱི་བགེགས་སུ་འགྱུར་བའི་ཆོས་གཞན་དག་ཀྱང་ཡིད་ལ་མྱི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །དེ་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཕན་པ་ཆུང་ངུ་ཞིག་བྱས་ཀྱང་འཁོར་བ་ཟད་ཀྱི་བར་དུ་ཆུད་མི་གཟོན་ན། མང་པོ་ལྟ་
ཅི་སྨོས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་མཐུ་ལ་གནས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་གནོད་སེམས་མྱེད་ཅིང་
འཚེ་བ་མྱེད་པའི་སེམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་མཐུ་ལ་གནས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་

ཅད་ཐེག་པ་གསུམ་ལ་ཡོངས་སུ་སྨྱིན་པར་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རབ་ཏུ་དགའ་ཞིང་སྤྲོ་བ་མྱོང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་སུ་
མྱི་གཏང་བ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་སུ་མྱི་གཏང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་
གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཤིང་བདག་གིས་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དམྱལ་བར་གནས་པར་བྱ་སྟེ། སེམས་ཅན་
ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་བཀོད་ཀྱི་བར་དུ། དེ་དག་དུ་གཏུབ་ཅིང་གཤེག་པ་དང་། བརྡུང་ཞིང་བཙོ་བ་དང་། བསྲེག་པ་ལས་སྩོགས་པ་ཉམས་སུ་མྱོང་བར་བྱའོ་སྙམ་སྟེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་སྤྲོ་ཞིང་སྐྱོ་བ་མྱེད་པ་སྟེ།
འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་མངོན་དུ་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་བསྙེན་བཀུར་ཞིང་དད་པས་གུས་པར་བྱ་བ་གང་ཞེ་ན། འདི་ལྟར་བླ་མ་རྣམས་ལ་སྟོན་པའི་འདུ་ཤེས་སུ་བྱེད་
པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་བསྙེན་བཀུར་ཞིང་དད་པས་གུས་པར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བ་གང་ཞེ་ན། འདི་ལྟ་སྟེ། ལས་གཞན་
མྱེད་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་ལས་གཞན་མེད་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་ཚོལ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་ཞིང་ཚོལ་བའོ། །དེ་ལ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་མྱི་ངོམས་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་འདིའམ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་གང་ཇི་བསྟན་པ་དེ་དག་
ཐམས་ཅད་ཡོངས་སུ་གཟུང་བར་བྱའོ། །ཞེས་མྱི་ངོམས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་མྱི་ངོམས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མྱེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་
འབྱེད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྟོན་པའི་ཚེ། ཆོས་ཀྱི་སྦྱིན་པ་དེས་ཆུང་ངུ་ན་བྱང་ཆུབ་དུ་ཡང་རེ་བ་མྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་པའོ། །
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་སྐྱེད་ཅིང་ཡོངས་སུ་སྔོ་བ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་། བདག་དང་གཞན་གྱི་སེམས་ཀྱི་ཞིང་
ཡོངས་སུ་སྦྱོང་བའི་ཚེ། དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་སྐྱེད་ཅིང་ཡོངས་སུ་སྔོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་དཔག་ཏུ་མྱེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་པ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་ཉེ་བར་བརྟེན་ན། སེམས་ཅན་ཡོངས་སུ་སྨྱིན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དེ་ལྟ་བུའི་དགེ་བའི་རྩ་བས་ཉེ་བར་རྟོན་ཅིང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་ཀྱི་བར་དུ་ནམ་ཡང་སྐྱོ་བར་མྱི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དཔག་ཏུ་མྱེད་པའི་འཁོར་བས་ཡོངས་སུ་སྐྱོ་བ་མྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པ་གང་ཞེ་ན་འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ལ་སྨོད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པའོ། །དེ་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་ལ་གནས་པ་ཡོངས་སུ་མྱི་གཏང་བ་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལས་འདའ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་ལ་གནས་པ་ཡོངས་སུ་མྱི་
གཏང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པ་ཆུང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ལ་ཡང་འདོད་པ་མྱི་སྐྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
འདོད་པ་ཆུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོག་ཤེས་པ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱང་རློམ་སེམས་སུ་མྱི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོག་ཤེས་པའོ། །
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱངས་པའི་ཡོན་ཏན་གྱི་སྡོམ་པ་མྱི་གཏང་བ་གང་ཞེ་ན། འདི་ལྟར་ཆོས་ཟབ་མོ་རྣམས་ལ་རྟོག་པར་གཞོག་པའི་བཟོད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱངས་པའི་ཡོན་
ཏན་གྱི་སྡོམ་པ་མྱི་གཏང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསླབ་པ་ཡོངས་སུ་མྱི་གཏང་བ་གང་ཞེ་ན། བསླབ་པ་ཐམས་ཅད་རྒྱུ་བ་མྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསླབ་པ་ཡོངས་སུ་མྱི་གཏང་
བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པའི་ཡོན་ཏན་ལ་སྨད་པ་གང་ཞེ་ན། འདོད་པའི་སེམས་མྱི་སྐྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པའི་ཡོན་ཏན་ལ་སྨད་པའོ། །དེ་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་མྱ་ངན་ལས་འདའ་བ་དང་ལྡན་པའི་སེམས་བསྐྱེད་པ་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱ་ངན་ལས་འདའ་བ་དང་ལྡན་པའི་
སེམས་བསྐྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྫས་ཐམས་ཅད་ཡོངས་སུ་གཏང་བ་གང་ཞེ་ན། ཕྱི་ནང་གི་ཆོས་ཐམས་ཅད་ལ་འཛིན་པ་མྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྫས་ཐམས་ཅད་ཡོངས་སུ་
གཏང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཞུམ་པ་མྱེད་པ་གང་ཞེ་ན། རྣམ་པར་ཤེས་པ་གནས་པ་ལ་དེའི་སེམས་མྱི་གནས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཞུམ་པ་མྱེད་པའོ། །དེ་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དངོས་པོ་ཐམས་ཅད་ལ་ལྟོས་པ་མྱེད་པ་གང་ཞེ་ན། དངོས་པོ་ཐམས་ཅད་ཡིད་ལ་མྱི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དངོས་པོ་ཐམས་ཅད་ལ་ལྟོས་པ་མྱེད་པའོ། །
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་རྫུས་ཏེ་སྐྱེ་བ་དང་། མགོ་བྲེགས་ཤིང་ངུར་སྨྲིག་གི་གོས་བགོ་བ་སྟེ།
འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་མ་དང་བསྟེན་པ་ཡོངས་སུ་སྤང་བ་གང་ཞེ་ན། དགེ་སློང་མ་དང་སེ་གོ་ལ་གཏོགས་པ་
ཙམ་དུ་ཡང་ལྷན་ཅིག་མྱི་གནས་ཤིང་། དེའི་རྒྱུས་ཡོངས་སུ་སྐོམ་པའི་སེམས་མི་སྐྱེད་ཅིང་། དེའི་རྒྱུས་གོས་འཐོབ་པར་མྱི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་མ་དང་བསྟེན་པ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ལ་སེར་སྣ་བྱེད་པ་ཡོངས་སུ་སྤང་བ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། གང་བདག་གིས་སེམས་ཅན་
ཐམས་ཅད་ལ་བདེ་བའི་རྣམ་པ་བསྒྲུབ་པར་བྱ་བ་དེ་དག་སེམས་ཅན་འདི་དག་རང་རང་གི་བསོད་ནམས་ཀྱིས་བདེ་བར་གྱུར་ན། དེ་ལ་བདག་གིས་སེར་སྣའི་སེམས་བསྐྱེད་པར་མྱི་བྱའོ། །ཞེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ལ་
སེར་སྣ་བྱེད་པ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། འདུ་འཛིའི་གནས་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་འཛིའི་གནས་གང་དུ་གནས་པས།
ཉན་ཐོས་སམ། རང་སངས་རྒྱས་ཡོད་པའམ། དེ་དང་ལྡན་པའི་གཏམ་འབྱུང་བར་འགྱུར་བའམ། དེ་དང་ལྡན་པའི་སེམས་བསྐྱེད་པ་སྐྱེ་བར་འགྱུར་བ་དེ་ལྟ་བུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པར་མྱི་བྱ་སྟེ། འདི་ནི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་འཛིའི་གནས་ཡོངས་སུ་སྤང་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནོད་སེམས་ཡོངས་སུ་སྤང་བར་བྱ་བ་ཡན་ཞེ་ན། གནོད་སེམས་དང་འཚེ་བའི་སེམས་ཀྱི་སྐབས་
མྱི་འབྱེད་ཅིང་། ཐབ་མོའི་སེམས་སམ། རྩོད་པའི་སེམས་ཀྱི་གོ་མྱི་འབྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནོད་སེམས་ཡོངས་སུ་སྤང་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་
སྟོད་པ་ཡོངས་སུ་སྤང་བ་གང་ཞེ་ན། ཕྱི་ནང་གི་ཆོས་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་སྟོད་པ་ཡོངས་སུ་སྤང་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོའི་གཞན་སྨོད་པ་ཡོངས་སུ་སྤང་བ་གང་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཞན་སྨོད་པ་ཡོངས་སུ་སྤང་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་མྱི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། དེ་དག་ནི་འདི་ལྟར་བདེ་འགྲོ་ལ་ཡང་བར་དུ་གཅོད་ན། འཕགས་པའི་ལམ་ལྟ་ལ་ཅི་སྨོས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ལ་སྨོས་ཀྱང་མྱི་དགོས་ཀྱིས་
སྤང་བར་བྱའོ་ཞེས་སྤོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷག་པའི་ང་རྒྱལ་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་
ན། དེ་ནི་འདི་ལྟར་དེས་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་མྱེད་ན་གང་གིས་ང་རྒྱལ་དུ་འགྱུར་བའི་ལྷག་པ་ལྟ་ཅི་སྨོས་ཞེས་ང་རྒྱལ་དུ་མྱི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་ང་རྒྱལ་ཡོངས་སུ་སྤང་
བར་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁེངས་པ་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། དེ་ནི་འདི་ལྟར་དེས་གང་ལ་ཁེངས་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། འདི་ནི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁེངས་པ་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིན་ཅི་ལོག་རྣམས་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། དངོས་པོར་མྱི་དམྱིགས་པ་སྟེ། འདི་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིན་ཅི་ལོག་རྣམས་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡིད་གཉིས་སྤང་བར་བྱ་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ཡིད་གཉིས་དང་བྲལ་བར་མཐོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི་ཡིད་གཉིས་ཡོངས་སུ་སྤང་བར་བྱ་བའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཉམ་རངས་སུ་མྱི་འདོར་བ་ཡིན་ཞེ་ན། དེ་ནི་འདི་ལྟར་དེས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་
ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཉམ་རངས་སུ་མྱི་འདོར་བའོ། །དེ་ལ་ས་དྲུག་པ་ལ་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་བ་གང་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་
སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་སྟེ། དེ་ཅིའི་
ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཤེས་པར་བྱ་བའི་གང་ཆེན་མཚོ་ལྔའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཕྱིན་ཏོ། །ཕྱིན་པར་འགྱུར་རོ། །ལྔ་གང་
ཞེ་ན། འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། མྱི་བརྗོད་པ་དང་། འདུས་མ་བྱས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་ཆོས་དྲུག་ཡོངས་སུ་སྤང་བར་བྱ་བ་ཡིན་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། །འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། རང་སངས་རྒྱས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ། །འདི་ལྟར་དེ་ནི་བྱང་ཆུབ་ཀྱི་
ལམ་མ་ཡིན་པས། སྲེད་པའི་སེམས་ཡོངས་སུ་སྤང་བར་བྱའོ། །འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། སློངས་མོ་པ་མཐོང་ན་སེམས་ཞུམ་པ་མྱི་བསྐྱེད་དོ། །འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པས། དངོས་པོ་ཐམས་ཅད་ཡོངས་སུ་གཏང་བས་ཡིད་མྱི་བདེ་བར་མྱི་བྱའོ། །འདི་ལྟར་དེ་ནི་བྱང་

ཆུབ་ཀྱི་ལམ་མ་ཡིན་པས། ཐོག་མ་སེམས་བསྐྱེད་ནས། ཁ་ཟ་ཡག་གི་སེམས་སུ་མྱི་བྱའི་སྦྱིན་པ་ཡོངས་སུ་གཏང་བར་བྱའོ་ཞེས་བྱ་བ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དྲུག་ཡོངས་སུ་སྤང་བར་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་བདག་ཏུ་འཛིན་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་བདག་ཤིན་ཏུ་མྱེད་པའི་ཕྱིར་རོ། །སེམས་ཅན་དུ་འཛིན་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་སེམས་ཅན་ཤིན་ཏུ་མྱེད་པའི་ཕྱིར་རོ། །སྲོག་ཏུ་འཛིན་པར་མྱི་བྱ་ཞེ་ན། དེ་ནི་འདི་
ལྟར་སྲོག་ཤིན་ཏུ་མྱེད་པའི་ཕྱིར་རོ། །གང་ཟག་ཏུ་འཛིན་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་གང་ཟག་ཤིན་ཏུ་མྱེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆད་པར་འཛིན་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ཤིན་
ཏུ་མ་སྐྱེས་པའི་ཕྱིར་ཆོས་གང་ཡང་ཆད་པ་མྱེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་འཛིན་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་གང་ལ་སྐྱེ་བ་མྱེད་པ་དེ་ལ་རྟག་པ་དང་། ཆད་པ་མྱེད་པའི་ཕྱིར་རོ། །དེ་ལ་ཇི་
ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའི་འདུ་ཤེས་སུ་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་ཀུན་ནས་ཉོན་མོངས་པ་ཤིན་ཏུ་མྱེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུར་ལྟ་བར་མྱི་བྱ་ཞེ་ན། དེ་ནི་
འདི་ལྟར་དེས་ལྟ་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་བའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱིང་དང་གཟུགས་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་དེས། དེའི་དངོས་པོ་ཡང་དག་པར་
རྗེས་སུ་མྱི་མཐོང་བའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕུང་པོ་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་ཕུང་པོ་ཤིན་ཏུ་མྱེད་པའི་ཕྱིར་ཏེ། དེ་ལྟར་ན་ཕུང་པོ་ལ་མངོན་པར་ཆགས་པར་མྱི་བྱའོ། །

དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། །ཁམས་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་ཁམས་རྣམས་ཤིན་ཏུ་མྱེད་པའི་ཕྱིར་ཏེ། དེ་ལྟར་ན་ཁམས་ལ་མངོན་པར་ཆགས་པར་མྱི་བྱའོ། །དེ་
ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྐྱེ་མཆེད་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་སྐྱེ་མཆེད་རྣམས་ཤིན་ཏུ་མྱེད་པའི་ཕྱིར་ཏེ། དེ་ལྟར་ན་སྐྱེ་མཆེད་ལ་མངོན་པར་ཆགས་པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་རང་བཞིན་མྱེད་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཁམས་གསུམ་ལ་མངོན་པར་ཆགས་པར་
མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་མངོན་པར་ཞེ་ན་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་དངོས་པོ་མྱེད་ཅིང་མྱི་དམྱིགས་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
ཁམས་གསུམ་ལ་མངོན་པར་ཞེ་ན་པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་བརྟེན་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་དངོས་པོ་མྱེད་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཁམས་གསུམ་ལ་བརྟེན་པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་གནས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་དེའི་དངོས་པོ་མྱེད་པའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས། ཁམས་གསུམ་ལ་གནས་པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་སངས་རྒྱས་སུ་ལྟ་བ་ལ་བརྟེན་

པས། སངས་རྒྱས་མཐོང་བར་མྱི་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ལ་བརྟེན་
པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་སུ་ལྟ་བ་ལ་བརྟེན་པས། ཆོས་མཐོང་བར་མྱི་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །
དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི་འདི་ལྟར་དགེ་འདུན་དུ་ལྟ་བ་ལ་བརྟེན་པས། དགེ་འདུན་མཐོང་བར་མྱི་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས། དགེ་འདུན་ལ་བརྟེན་པའི་ལྟ་བ་ལ་མངོན་པར་ཆགས་པར་མྱི་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཚུལ་ཁྲིམས་ལ་བརྟེན་པའི་ལྟ་བུ་ལ་མངོན་པར་ཆགས་པར་མྱི་བྱ་ཞེ་ན། དེ་ནི