Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 012_འདུལ་བ།_ན
Văn bản gốc(Tây Tạng)
Trang 11 / 19 (50.000 ký tự/trang)
རྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་སྨྱོན་མ་ཞིག་ལ་གདུགས་བས་པའི་དུས་ལས་འདས་པར་བསྟན་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་མ་དང་། ནད་ཀྱིས་གཟིར་མ་དང་། གླེན་མ་དང་། ལྐུགས་མ་དང་། འོན་མ་དང་། དམུས་ལོང་མ་དང་། གཉིད་ལོག་མ་དང་། ར་རོ་བ་དང་། མྱོས་མ་དང་། སྙོམས་པར་ཞུགས་མ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ལ་བསྟན་ན་ཐམས་ ཅད་ཉེས་བྱས་སུ་འགྱུར་རོ།། །།མདོར་ན། སྐད་དང་ལུས་དང་དབེན་པ་དང་། །མཚན་དང་བཞི་པ་དེ་བཞིན་ཏེ། །མ་ནིང་མ་དང་བར་ཆད་དང་། །དབྱར་ནི་ཐ་མར་གྱུར་པའོ། །བཙུན་པ་དགེ་སློང་འཕགས་པས་འཕགས་པའི་སྐད་དུ་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་ པ་དང་། དགེ་སློང་མ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །འཕགས་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་དགེ་སློང་མ་ལ་བསྟན་པ་དང་། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་ མཐའ་འཁོབ་པའི་སྐད་དུ་དགེ་སློང་མ་ལ་བསྟན་པ་དང་། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་པ་དང་། དགེ་སློང་མ་དེས་ཀྱང་འཕགས་ པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ལུས་ཀྱིས་དམིགས་པས་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་གདུགས་བས་པའི་དུས་ལས་ འདས་པར་དགེ་སློང་མ་ལ་བསྟན་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་སྟོན་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གདུགས་བས་པའི་དུས་ལས་འདས་ པར་དགེ་སློང་མ་ལ་བསྟན་པ་ལས་དགེ་སློང་མ་དེ་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་ བསྟན་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་གདུགས་ བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་གིས་གདུགས་བས་པ་ལ་གདུགས་བས་པར་འདུ་ཤེས་ཏེ་དགེ་སློང་མ་ལ་བསྟན་ན་ཅིར་འགྱུར། ལྟུང་བའོ། །ཉི་མ་ནུབ་པ་ལ་ཉི་མ་ནུབ་པར་འདུ་ཤེས་ཏེ་བསྟན་ན་ཉེས་པ་མེད་དོ། །ཉི་མ་མ་ནུབ་པ་ལ་ ནུབ་པར་འདུ་ཤེས་ཏེ་བསྟན་ན་ཉེས་བྱས་སོ། །ཉི་མ་མ་ནུབ་པ་ལ་མ་ནུབ་པར་འདུ་ཤེས་ཏེ་བསྟན་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་མ་ནིང་དང་། རྐུན་གནས་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། སྔར་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་རྣམས་ལ་བསྟན་ན་ ཅིར་འགྱུར། ཐམས་ཅད་ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ལ་གདུགས་བས་པའི་དུས་ལས་འདས་པར་བསྟན་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་གིས་གདུགས་བས་པའི་དུས་ ལས་འདས་པར་དགེ་སློང་མ་ལ་བསྟན་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དགེ་སློང་མ་དག་འོང་བ་ལས་བར་དུ་བར་ཆད་བརྒྱད་ལས་གང་ཡང་རུང་བ་ཞིག་བྱུང་བར་གྱུར་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ ལ་བསྟན་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དགེ་སློང་མའི་གནས་སུ་སོང་སྟེ་སྟོན་ན་ཉེས་པ་མེད་དོ།། །།མདོར་ན། སྐད་དང་ལུས་དང་དབེན་པ་དང་། །མཚན་དང་བཞི་པ་དེ་བཞིན་དུ། །བདུན་པ་མ་ནིང་དེ་བཞིན་ཏེ། །བསླབ་པ་སྩལ་དང་དགེ་སློང་མའོ། ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་ལ་འདི་སྐད་དུ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཚེ་དང་ལྡན་པ་དགེ་སློང་མ་ལ་སྟོན་ཏོ་ཞེས་མཆི་ན་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ་དགེ་སློང་འཕགས་ པས་འཕགས་པའི་སྐད་དུ་དགེ་སློང་ལ་འདི་སྐད་དུ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཚེ་དང་ལྡན་པ་ཁྱོད་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་པ་དང་། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་དེ་ སྐད་སྨྲས་པ་དང་། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་དེ་སྐད་སྨྲས་པ་དང་། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །མཐའ་ འཁོབ་པས་འཕགས་པའི་སྐད་དུ་དགེ་སློང་ལ་འདི་ལྟར་ཚེ་དང་ལྡན་པ་ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་པ་དང་། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་ལ་ལུས་ཀྱི་དམིགས་པས་འདི་ ལྟར་ཚེ་དང་ལྡན་པ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་གོ་བར་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ནས་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་ན་ཅིར་འགྱུར། ཉེས་ བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་སྨྲ་བ་ན་དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་དགེ་སློང་ལ་འདི་སྐད་དུ་འཕགས་པ་ཁྱོད་ཀྱིས་ཟས་ཅུང་ ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲ་བ་ན་དགེ་སློང་མ་དེ་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ནས་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ སྨྲས་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་ པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ་བསྙེན་པར་མ་རྫོགས་པས་མཐོང་ནས་བསྙེན་པར་མ་རྫོགས་པས་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་མཐོང་ལ་བསྙེན་པར་ རྫོགས་ཀར་དེ་སྐད་སྨྲས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་མཐོང་ལ་བསྙེན་པར་རྫོགས་ཏེ་དེ་སྐད་སྨྲས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་མཐོང་ལ་བསྙེན་པར་རྫོགས་ཀར་དེ་སྐད་སྨྲས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་མཐོང་ ལ་བསྙེན་པར་རྫོགས་ནས་དེ་སྐད་སྨྲས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་མཐོང་ལ་བསྙེན་པར་རྫོགས་པ་ན་དེ་སྐད་སྨྲས་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་མཐོང་ལ་བསྙེན་པར་མ་རྫོགས་པ་ན་དེ་སྐད་སྨྲས་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་ཟ་ མ་དང་། དགེ་སློང་མ་སུན་ཕྱུང་བ་ནས། སྔར་འཁྲུགས་པའི་བར་དུ་དེ་དག་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་ སྩལ་བ་རྣམས་ལ་དེ་སྐད་སྨྲས་ན་ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བསླབ་པ་སྩལ་བས་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་མས་དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ ཚུལ་ཕ་རྣམས་ལ་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་ན་ཅིར་འགྱུར་ཉེས་བྱས་སོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་གླེན་པ་གཉིད་ ལོག་དང་། །ར་རོ་བ་དང་མྱོས་པ་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། བཙུན་པ་དགེ་སློང་གིས་དགེ་སློང་ལ་ཕྲིན་གྱིས་འདི་སྐད་དུ་ཚེ་དང་ལྡན་པ་ཁྱོད་ཟས་ཅུང་ཟད་ཙམ་ཞིག་གི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་སྨྲས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་ བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། གཉིད་ལོག་པ་དང་། ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ལ་ ཐམས་ཅད་ཉེས་བྱས་སུ་འགྱུར་རོ།། །།མདོར་ན། མི་རུང་བ་དང་བདུན་པ་དང་། །དེ་བཞིན་མཚན་དང་བཞི་པ་དང་། །གཞན་གྱིས་བརྩམས་དང་མ་ཟིན་དང་། །ཆེ་བ་མ་ཆོག་ལྷག་དེ་བཞིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ ལྡན་འདས་ཀྱིས་ཡང་དགེ་སློང་གང་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱིས་ན་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱིས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དེ་འདི་ལྟར་ རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བར་གྱུར་པ་དང་གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི་རྔ་མོའི་བལ་དང་། བ་ལང་གི་བལ་དང་། རི་དགས་ཀྱི་བལ་དང་། རའི་བལ་དང་འདྲེས་པ་དང་། ཐགས་སུ་མ་བཏགས་པ་དང་། གོས་དེ་འདྲ་བ་ཞིག་ བགྱིད་དུ་སྩལ་ན་ཉེས་བྱས་སོ། །བཙུན་པ་བསྙེན་པར་མ་རྫོགས་པས་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱི་བར་བརྩམས་ནས་བསྙེན་པར་མ་རྫོགས་པར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩམས་ལ་བསྙེན་པར་རྫོགས་ཀར་ལགས་ན་ཅིར་འགྱུར། ཉེས་ བྱས་སོ། །བསྙེན་པར་མ་རྫོགས་པ་ན་བརྩམས་ལ་བསྙེན་པར་རྫོགས་པ་ན་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ལ་བསྙེན་པར་རྫོགས་ཀར་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ལ་བསྙེན་པར་རྫོགས་ཏེ་ལགས་ན་ཅིར་ འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བརྩམས་ལ་བསྙེན་པར་རྫོགས་པ་ན་ལགས་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བརྩམས་ལ་བསྙེན་པར་མ་རྫོགས་པ་ན་ལགས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་ མ་ལགས་པའི་དགེ་སློང་མའི་གོས་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་གི་གོས་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གཉེན་མ་ལགས་པར་འདུ་ཤེས་ཏེ་གོས་བགྱིད་ན་ཅིར་འགྱུར། ལྟུང་བའོ། །གཉེན་མ་ལགས་ པ་ལ་གཉེན་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་གཉེན་ལ་གཉེན་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །གཉེན་ལ་གཉེན་དུ་འདུ་ཤེས་ཏེ་གོས་བགྱིད་ན་ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་གཉེན་ མ་ལགས་པའི་དགེ་སློང་མ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་གོས་བགྱིད་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་གཞན་བགྱིད་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ ལགས་པའི་དགེ་སློང་མའི་གོས་གཞན་གྱིས་བརྩམས་པ་ལགས་པར་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱིད་པ་ལས་མ་ལགས་པར་བོར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་ པའི་དགེ་སློང་མའི་གོས་ཚད་ལས་ཆུང་བ་ཞིག་བགྱིས་ནས་བྱིན་གྱིས་བརླབ་ཏུ་མི་རུང་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་ཚད་ལས་ལྷག་པར་བགྱིས་ན་བྱིན་གྱིས་བརླབ་ཏུ་མི་རུང་ན་ཅིར་འགྱུར། ཉེས་བྱས་སོ།། །།འདུལ་ བ་གཞུང་དམ་པ། བམ་པོ་བརྒྱད་པ། མདོར་ན། སྨྱོན་མ་སེམས་འཁྲུགས་ན་བ་དང་། །འོན་མ་དང་ནི་གླེན་མ་དང་། །མ་ནིང་འགྲོ་བ་དེ་བཞིན་ཏེ། །བསླབ་པ་སྩལ་དང་དགེ་སློང་མའོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་སྨྱོན་མའི་གོས་བགྱིད་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་ དུ་དགེ་སློང་མ་སེམས་འཁྲུགས་མ་དང་། ནད་ཀྱིས་གཟིར་མ་དང་། གླེན་མ་དང་། ལྐུགས་མ་དང་། འོན་མ་དང་། དམུས་ལོང་མ་དང་། མ་ནིང་མ་དང་། རྐུན་གནས་མ་དང་། མི་གནས་མ་དང་། སོ་སོར་གནས་མ་དང་། སྔར་འཁྲུགས་པ་དང་། སྔར་ཉེས་པ་བྱུང་བ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱི་གོས་བྱས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་མས་དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ཀྱི་གོས་བགྱིས་ན་ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་ གིས་དགེ་སློབ་མ་དང་། དགེ་ཚུལ་མའི་གོས་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་དང་དགེ་ཚུལ་ཕ་རྣམས་ཀྱི་གོས་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བསླབ་པ་སྩལ་བས་གཉེན་མ་ལགས་པའི་དགེ་སློང་མའི་ གོས་བགྱིས་ན་ཅིར་འགྱུར་ལྟུང་བའོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་གླེན་པ་གཉིད་ལོག་དང་། །ར་རོ་བ་དང་མྱོས་པ་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་ རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་ན་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་ཕྲིན་གྱིས་གོས་སྩལ་ན་ ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་དང་། དེ་བཞིན་དུ་དགེ་སློང་མ་སྨྱོན་མ་ལ་གོས་བྱིན་པ་དང་། སེམས་འཁྲུགས་མ་དང་། ནད་ཀྱིས་གཟིར་མ་དང་། ལྐུགས་མ་ དང་། འོན་མ་དང་། གཉིད་ལོག་མ་དང་། ར་རོ་མ་དང་། མྱོས་མ་དང་། སྙོམས་པར་ཞུགས་མ་དང་། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་མ་རྣམས་ལ་གོས་བྱིན་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ།། །།མདོར་ན། མི་རུང་བ་དང་བཞི་པ་དང་། །དེ་བཞིན་མཚན་དང་མ་ཆོག་ལྷག །དེ་ལྟར་ བདུན་པ་རིན་ཆེ་བ། །ཐུན་མོང་བ་དང་མ་ནིང་ངོ་། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཇི་ལྟར་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། གཉི་ ག་མི་རུང་བ་སྟེ། མི་རུང་བ་ནི་རྔ་མོའི་བལ་དང་། བ་ལང་གི་བལ་དང་། རའི་བལ་དང་། རི་དགས་ཀྱི་བལ་དང་འདྲེས་པ་དང་། ཐགས་སུ་མ་བཏགས་པའོ། །གོས་དེ་འདྲ་བ་ཞིག་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་བསྙེན་པར་རྫོགས་པ་ལ་བསྙེན་ པར་རྫོགས་པར་འདུ་ཤེས་ཏེ་གོས་སྩལ་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་ པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གཉེན་མ་ལགས་པར་འདུ་ཤེས་ཏེ་སྩལ་ན་ཅིར་འགྱུར། ལྟུང་བའོ། །གཉེན་མ་ལགས་པ་ལ་གཉེན་དུ་འདུ་ཤེས་ན་ཅིར་འགྱུར། ཉེས་པ་མེད་དོ། ། གཉེན་ལགས་པ་ལ་གཉེན་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །གཉེན་ལ་གཉེན་དུ་འདུ་ཤེས་ན་ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་ བྱས་སོ། །བཙུན་པ་དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་ལ་གོས་སྩལ་བ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཁྲུ་གང་ ལས་ཆུང་བར་གྱུར་པའི་གོས་དང་། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་གྱུར་པའོ། །བཙུན་པ་བསྙེན་པར་མ་རྫོགས་པ་ན་བསྔོས་ལ་བསྙེན་པར་མ་རྫོགས་པ་ན་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསྔོས་ལ་བསྙེན་པར་རྫོགས་ཀར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསྔོས་ལ་བསྙེན་པར་རྫོགས་ཏེ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསྡོས་ལ་བསྙེན་པར་རྫོགས་ཀར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསྔོས་ལ་བསྙེན་པར་རྫོགས་ཏེ་སྩལ་ན་ཅིར་འགྱུར། ཉེས་ བྱས་སོ། །བསྙེན་པར་རྫོགས་པ་ན་བསྔོས་ལ་བསྙེན་པར་རྫོགས་པ་ན་སྩལ་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བསྔོས་ལ་བསྙེན་པར་མ་རྫོགས་པར་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་རིན་པོ་ཆེ་ཞིག་སྩལ་ན་ ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། རིན་དུ་བཙོངས་ལ་རིན་གྱིས་ཉོས་པའོ། །བཙུན་པ་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་ཐུན་མོང་བ་སྩལ་ ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ཁྱིམ་པ་ཞིག་ལ་གོས་སྩལ་ན་ཅིར་འགྱུར། གལ་ཏེ་དགེ་སྦྱོང་གི་གོས་བྱིན་ན་ཉེས་བྱས་སུ་འགྱུར་རོ། །འོན་ཏེ་ཁྱིམ་པའི་གོས་བྱིན་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་དགེ་སློབ་མ་དང་། དགེ་ཚུལ་མ་ལ་གོས་སྩལ་ན་ཅིར་ འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང་། རྐུན་གནས་མ་དང་། མི་གནས་མ་དང་། སོ་སོར་གནས་མ་དང་། སྔོན་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་རྣམས་ལ་གོས་བྱིན་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་འདུན་དབྱེན་མ་དང་། ཉེ་བར་ ཕྱོགས་མ་དང་། བསླབ་པ་སྩལ་བ་མོ་རྣམས་ལ་གོས་སྩལ་ན་ཅིར་འགྱུར། ཐམས་ཅད་ལྟུང་བའོ། །བཙུན་པ་དགེ་སློང་མས་ཁྱིམ་པ་ལ་གོས་སྩལ་ན་ཅིར་འགྱུར། གལ་ཏེ་དགེ་སྦྱོང་གི་གོས་བྱིན་ན་ལྟུང་བར་འགྱུར་རོ། །འོན་ཏེ་ཁྱིམ་པའི་གོས་བྱིན་ན་ཉེས་པ་མེད་དོ། ། བཙུན་པ་དགེ་སློང་མས་དགེ་སློང་དང་། དགེ་ཚུལ་ཕ་ལ་གོས་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བསླབ་པ་སྩལ་བས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་ན་ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང་། དགེ་ཚུལ་མ་ལ་ཉེས་བྱས་སོ།། །།མདོར་ན། སྔགས་ དང་བཞི་པ་རྫུ་འཕྲུལ་དང་། །མཚན་དང་དུས་དང་བདུན་པ་དང་། །ལམ་མ་ཡིན་དང་ཁྱིམ་ལ་སོགས། །སྐད་དང་ལུས་དང་དབེན་དེ་བཞིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་མའི་འདྲོན་པ་ མང་པོ་དང་ལྷན་ཅིག་ཏུ་འཐམས་ཏེ་ཤུལ་དུ་ཞུགས་ན་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་འཐམས་ནས་སྔགས་སམ། སྨན་གྱིས་བདག་མི་སྣང་བར་བགྱིས་ཏེ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་བསྙེན་པར་རྫོགས་མ་ལ་བསྙེན་པར་རྫོགས་པར་ འདུ་ཤེས་ཏེ་འཐམས་ནས་མཆིས་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་མ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་མ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་མ་ལ་བསྙེན་པར་མ་ རྫོགས་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་དང་འཐམས་ནས་ལྷན་ཅིག་ཏུ་རྫུ་འཕྲུལ་གྱིས་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་མའི་འདྲོན་པ་མང་པོ་དང་འཐམས་ནས་ལྷན་ཅིག་ཏུ་འགྲོགས་ཏེ་མཆིས་པ་ན་མཚན་འཕོས་ ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མ་དགེ་སློང་ཕའི་འདྲོན་པ་མང་པོ་དང་འཐམས་ནས་ལྷན་ཅིག་ཏུ་ཤུལ་དུ་ཞུགས་ཏེ་མཆིས་པ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་དང་འཐམས་ནས་ཤུལ་ དུ་ཞུགས་ཏེ་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དེ་ནི་འདི་ལྟར་ལམ་དུ་བར་ཆད་བརྒྱད་པོ་ལས་གང་ཡང་རུང་སྟེ། བར་ཆད་གཅིག་བྱུང་བར་གྱུར་པའོ། །བཙུན་པ་བསྙེན་པར་མ་རྫོགས་པར་འཐམས་ལ་བསྙེན་པར་མ་རྫོགས་པར་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཐམས་ལ་བསྙེན་པར་རྫོགས་ཏེ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཐམས་ལ་བསྙེན་པར་རྫོགས་ཀར་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཐམས་ལ་བསྙེན་པར་རྫོགས་ཀར་མཆིས་ན་ཅིར་ འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཐམས་ལ་བསྙེན་པར་རྫོགས་ཏེ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་འཐམས་ལ་བསྙེན་པར་རྫོགས་པ་ན་མཆིས་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་འཐམས་ལ་བསྙེན་པར་མ་རྫོགས་པ་ན་མཆིས་ན་ཅིར་ འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་འཐམས་ནས་ཤུལ་མ་ལགས་པར་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ཁྱིམ་པ་མོ་ནས། སྔར་འཁྲུགས་པའི་བར་དུ་ལྷན་ཅིག་འཐམས་ཏེ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་འདུན་ གྱི་དབྱེན་བགྱིས་མ་དང་། བསླབ་པ་སྩལ་བ་དང་འཐམས་ནས་ལྷན་ཅིག་མཆིས་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་མ་དང་ལྷན་ཅིག་འཐམས་པ་དང་། དགེ་སློང་མ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། ། འཕགས་པས་མཐའ་འཁོབ་པའི་སྐད་དུ་འཐམས་པ་དང་། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་འཐམས་པ་དང་། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་ བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་འཐམས་པ་དང་། དགེ་སློང་མ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་ལུས་ཀྱི་དམིགས་པས་འཐམས་ཏེ་ཤུལ་དུ་ཞུགས་ན་ཅིར་འགྱུར། ཉེས་བྱས་སོ། ། བཙུན་པ་དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་འཐམས་ན་ཅིར་འགྱུར་ཉེས་བྱས་སོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་གླེན་པ་གཉིད་ལོག་དང་། ། ར་རོ་བ་དང་མྱོས་པ་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་ཕྲིན་གྱིས་འཐམས་ནས་ཤུལ་དུ་ཞུགས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་ བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་སྨྱོན་མ་དང་འཐམས་ནས་ལྷན་ཅིག་ཤུལ་དུ་ཞུགས་ཏེ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་མ་དང་། ནད་ཀྱིས་གཟིར་མ་དང་། གླེན་མ་དང་། ལྐུགས་མ་དང་། འོན་མ་དང་། དམུས་ལོང་མ་དང་། གཉིད་ ལོག་མ་དང་། ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་དང་། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་མ་རྣམས་དང་འཐམས་ནས་ལྷན་ཅིག་ལམ་དུ་ཞུགས་ཏེ་དོང་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་བསླབ་པ་སྩལ་བས་དགེ་སློང་མ་དང་འཐམས་ནས་ལྷན་ཅིག་ཤུལ་དུ་ཞུགས་ ན་ཅིར་འགྱུར། ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློབ་མ་དང་། དགེ་ཚུལ་མ་དང་འཐམས་ནས་ལྷན་ཅིག་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་དགེ་སློང་དང་། དགེ་ཚུལ་ཕ་དང་། ཁྱིམ་པ་རྣམས་དང་འཐམས་ནས་ལྷན་ཅིག་ཏུ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་དང་འཐམས་ནས་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །ཇི་ལྟར་ལམ་དུ་ཞུགས་པ་དེ་བཞིན་དུ་གྲུ་རྒལ་བ་ལ་ཡང་ཤེས་པར་བྱ་སྟེ། རྫུ་འཕྲུལ་དང་། ལམ་ལས་གཞན་དུ་འགྲོ་བ་མ་གཏོགས་པར་ལྷག་མ་རྣམས་ནི་དེ་བཞིན་དུ་རྒྱས་པར་བརྗོད་པར་ བྱའོ།། །།མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་མྱོས་པ་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ བུད་མེད་དང་ལྷན་ཅིག་གཉིས་སུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་ཞིག་སྨྱོན་མ་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་མ་དང་། ནད་ཀྱིས་གཟིར་མ་ དང་། གླེན་མ་དང་། ལྐུགས་མ་དང་། འོན་མ་དང་། དམུས་ལོང་མ་དང་། གཉིད་ལོག་པ་དང་། ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་དང་། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་རྣམས་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན་ཅིར་འགྱུར། ཉེས་བྱས་ སོ།། །།མདོར་ན། གཞོན་ནུ་མ་དང་ནམ་མཁའ་དང་། །སྔགས་དང་མཚན་དང་བཞི་པ་དང་། །མ་ནིང་དབེན་པ་དེ་བཞིན་ཏེ། །བསླབ་པ་སྩལ་བ་དགེ་སློང་མའོ། །བཙུན་པ་དགེ་སློང་ཞིག་གཞོན་ནུ་མ་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པར་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བུད་ མེད་དོགས་ལ་མཆིས་ལ་དགེ་སློང་ནམ་མཁའ་ལ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་སྔགས་དང་སྨན་གྱིས་བདག་ཉིད་མི་སྣང་བར་གྱུར་ཏེ་མཆིས་པར་བགྱིད་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་བུད་མེད་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་ མཆིས་པར་མཆིས་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མ་སྐྱེས་པ་དང་ལྷན་ཅིག་གཉིས་པུ་དབེན་པ་སྐྱབས་མཆིས་པ་ན་མཆིས་པ་དང་། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་མིའི་བུད་མེད་ ལ་མིར་འདུ་ཤེས་ཏེ་གཉིས་པུ་དབེན་པ་སྐྱབས་མཆིས་པར་མཆིས་ན་ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། ། བཙུན་པ་དགེ་སློང་མ་ནིང་མ་དང་ལྷན་ཅིག་གཉིས་པུ་དབེན་པ་སྐྱབས་མཆིས་པར་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །མཚན་གཉིས་པ་ཡང་དེ་བཞིན་ནོ། །བཙུན་པ་དགེ་སློང་གིས་མ་ནིང་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པར་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་ དགེ་སློང་གིས་དགེ་སློང་མ་སུན་ཕྱུང་བ་དང་ལྷན་ཅིག་དབེན་པ་སྐྱབས་མཆིས་པར་མཆིས་ན་ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་ཕ་དང་མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་མོ་རྣམས་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པར་མཆིས་ན་ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་གཉིས་པུ་དབེན་པ་སྐྱབས་མཆིས་པར་མཆིས་ན་ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་དགེ་སློབ་མ་དང་། དགེ་ཚུལ་མ་དང་། རྐུན་གནས་དང་། སོ་སོར་གནས་མ་དང་། མི་གནས་མ་དང་། དགེ་འདུན་གྱི་དབྱེན་མ་དང་། སྔར་ཉེས་པ་བྱུང་བ་དང་། བསླབ་པ་སྩལ་བ་མོ་དང་གཉིས་པུ་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་མ་སྐྱེས་པ་ དང་གཉིས་པུ་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན་ཅིར་འགྱུར། ལྟུང་བའོ། །དགེ་སློང་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན་ཅིར་འགྱུར། ལྟུང་བའོ། །དགེ་ཚུལ་ཕ་དང་ལྷན་ཅིག་ཏུ་གཉིས་པུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན་ཅིར་འགྱུར། ལྟུང་བའོ། ། བཙུན་པ་བསླབ་པ་སྩལ་བ་བུད་མེད་དང་ལྷན་ཅིག་གཉིས་པུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་བུད་མེད་དང་གཉིས་པུ་ལྷན་ཅིག་མི་དབེན་པ་ལ་དབེན་པར་འདུ་ཤེས་ཏེ་སྐྱབས་མཆིས་པར་མཆིས་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་ སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །ཇི་ལྟར་བུད་མེད་དང་ལྷན་ཅིག་འདུག་པར་བྱེད་པ་དེ་བཞིན་དུ་དགེ་སློང་མ་དང་ལྷན་ཅིག་འདུག་པ་ལ་ཡང་རྒྱས་པར་བརྗོད་པར་བྱའོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་ གཅིག །སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་གླེན་པ་གཉིད་ལོག་དང་། །ར་རོ་བ་དང་མྱོས་པ་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་ མ་རྣམས་ཀྱིས་སྦྱོར་དུ་སྩལ་བའི་ཟས་ཟོས་ན་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་དགེ་སློང་མས་ཕྲིན་གྱིས་སྦྱོར་དུ་སྩལ་བའི་ཟས་འཚལ་བཞིན་དུ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་སྨྱོན་མས་སྦྱོར་དུ་སྩལ་བའི་ཟས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སེམས་འཁྲུགས་མ་དང་། ནད་ཀྱིས་གཟིར་མ་དང་། གླེན་མ་དང་། ལྐུགས་མ་ དང་། འོན་མ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱིས་སྦྱོར་དུ་བཅུག་པའི་ཟས་ཟོས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་སྨྱོན་མས་སྦྱོར་དུ་སྩལ་བའི་ཟས་དགེ་སློང་དེས་འཚལ་བཞིན་དུ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་མ་དང་། ནད་ཀྱིས་གཟིར་མ་དང་། གླེན་མ་དང་། ལྐུགས་མ་དང་། འོན་མ་དང་། གཉིད་ལོག་པ་དང་། ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་མོ་རྣམས་ཀྱིས་སྦྱོར་དུ་བཅུག་པ་དགེ་སློང་དེས་ ཤེས་བཞིན་དུ་ཟོས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ།། །།མདོར་ན། གཞན་གྱི་ཕྱིར་དང་དེ་བཞིན་ལུས། །མཚན་དང་བཞི་པ་བདུན་པ་དང་། །ཚུལ་ཁྲིམས་གཞན་དང་དགེ་སློང་དང་། །ཁྱིམ་པ་སློབ་པ་ཐ་མའོ། །བཙུན་པ་དགེ་སློང་མས་གཞན་གྱི་སླད་དུ་སྦྱོར་དུ་སྩལ་བ་དེས་ཀྱང་ དེ་ལྟར་འདུ་ཤེས་ཏེ་གཞན་ལ་སྩལ་བ་དང་། དགེ་སློང་དེས་ཀྱང་འཚལ་བཞིན་དུ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་ལུས་ཀྱི་དམིགས་པས་ཟས་སྦྱོར་དུ་སྩལ་བ་དང་། དགེ་སློང་དེས་འཚལ་བཞིན་དུ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་ སློང་གིས་དགེ་སློང་མས་སྦྱོར་དུ་སྩལ་བའི་ཟས་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་དགེ་སློང་གིས་སྦྱོར་དུ་སྩལ་བའི་ཟས་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་ གིས་དགེ་སློང་མས་སྦྱོར་དུ་སྩལ་བའི་ཟས་ལ་སྦྱོར་དུ་སྩལ་བར་འདུ་ཤེས་ན་ཅིར་འགྱུར། ལྟུང་བའོ། །སྦྱོར་དུ་བཅུག་པ་ལ་སྦྱོར་དུ་མ་བཅུག་པར་འདུ་ཤེས་ཏེ་ཟོས་ན་ཉེས་པ་མེད་དོ། །སྦྱོར་དུ་མ་བཅུག་པ་ལ་སྦྱོར་དུ་བཅུག་པར་འདུ་ཤེས་ཏེ་ཟོས་ན་ཉེས་བྱས་སོ། །སྦྱོར་དུ་མ་ བཅུག་པ་ལ་སྦྱོར་དུ་མ་བཅུག་པར་འདུ་ཤེས་ཏེ་ཟོས་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་སྦྱོར་དུ་སྩལ་བ་འཚལ་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྦྱོར་དུ་སྩལ་ལ་བསྙེན་པར་མ་རྫོགས་ པར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྦྱོར་དུ་སྩལ་ལ་བསྙེན་པར་རྫོགས་ཀར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྦྱོར་དུ་སྩལ་ལ་བསྙེན་པར་རྫོགས་པ་ན་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་ དུ་སྩལ་ལ་བསྙེན་པར་རྫོགས་ཀར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་སྦྱོར་དུ་སྩལ་ལ་བསྙེན་པར་རྫོགས་ནས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་སྦྱོར་དུ་སྩལ་ལ་བསྙེན་པར་རྫོགས་པ་ན་འཚལ་ན་ཅིར་འགྱུར། ལྟུང་བའོ། །བསྙེན་ པར་རྫོགས་པ་ན་སྦྱོར་དུ་སྩལ་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ཚུལ་ཁྲིམས་དང་ཐོས་པ་དང་ལྡན་པའི་སླད་དུ་སྦྱོར་དུ་སྩལ་བ་མ་གཏོགས་པར་ཡོན་ཏན་གཞན་གྱི་སླད་དུ་སྩལ་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་ སློང་གིས་ཟས་མ་གཏོགས་པ་དེ་ལས་གཞན་པའི་རྩ་བ་དང་འབྲས་བུ་ལ་སོགས་པ་སྦྱོར་དུ་སྩལ་བ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་ཞིག་སྦྱོར་དུ་སྩལ་བ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་ཚུལ་ཕ་དང་། ཟ་མ་དང་། མ་ནིང་ དང་། དགེ་སློང་མ་སུན་ཕྱུང་བ་ནས་རྒྱས་པར་བསླབ་པ་སྩལ་བ་རྣམས་ཀྱིས་སྦྱོར་དུ་བཅུག་པའི་ཟས་ཟོས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་སློབ་མས་སྦྱོར་དུ་སྩལ་བའི་ཟས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་ཚུལ་མ་དང་། མ་ ནིང་མ་དང་། དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་པ་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། སྔར་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་དང་། ཁྱིམ་པ་མོ་རྣམས་ཀྱིས་སྦྱོར་དུ་བཅུག་པ་ཟོས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་མ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ཀྱིས་སྦྱོར་དུ་སྩལ་བ་འཚལ་ན་ཅིར་འགྱུར། ཐམས་ཅད་ ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་མས་དགེ་སློང་གིས་སྦྱོར་དུ་སྩལ་བའི་ཟས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་ཚུལ་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། ཁྱིམ་པ་མོ་དང་། མ་ནིང་མོ་དང་། བསླབ་པ་སྩལ་བ་རྣམས་ཀྱིས་སྦྱོར་དུ་སྩལ་བའི་ཟས་ ཟོས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་བར་རྒྱས་པར་སྦྱར་རོ། །བཙུན་པ་བསླབ་པ་སྩལ་བས་དགེ་སློང་མས་སྦྱོར་དུ་སྩལ་བའི་ཟས་འཚལ་ན་ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ཀྱིས་སྦྱོར་དུ་སྩལ་བའི་ཟས་འཚལ་ན་ཅིར་འགྱུར། ཉེས་བྱས་ སོ།། །།མདོར་ན། ཟས་དང་གཙེས་ཀྱང་དེ་བཞིན་ཏེ། །མཉམ་པ་གཉིས་དང་མི་རུང་བ། །སྤུན་གྱི་ལྷག་མ་འཚལ་རྣམས་དང་། །བཞི་པ་བདུན་པ་གཉིས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དུས་ལ་ བབ་པ་མ་གཏོགས་པར་ཡང་ཡང་འཚལ་ན་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ་དགེ་སློང་གིས་ཁ་གཉིས་སུ་མགྲོན་དུ་བོས་པ་བདག་གིར་བགྱིས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དེ་ཡང་སྔར་བཟའ་བ་དང་བཅའ་བ་དང་། བཏུང་བ་དང་། བཞིབ་པ་དང་། བལྡག་པ་ལ་སོགས་པ་ལ་མགྲོན་དུ་བོས་ལ་ཕྱིས་ཟས་ལ་མགྲོན་དུ་བོས་པའོ། །བཙུན་པ་དགེ་སློང་ལ་གཙེ་བར་སེམས་ཤིང་མགྲོན་དུ་བོས་པར་དགེ་སློང་དེས་འཚལ་ནས་སླད་ཀྱིས་མགྲོན་དུ་བོས་པ་ལ་ཁས་བླངས་ཏེ་འཚལ་ན་ཅིར་འགྱུར། ཉེས་པ་ མེད་དོ། །བཙུན་པ་དགེ་སློང་གིས་ལན་གཉིས་ལན་གསུམ་དུ་མགྲོན་དུ་བོས་ཏེ་འཚལ་ན་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དེ་ནི་འདི་ལྟར་དགེ་སློང་གིས་གོས་མེད་པར་མགྲོན་དུ་བོས་ཏེ་ཟོས་པའི་འོག་ཏུ་གོས་དང་བཅས་པ་དང་ཁ་གཉིས་སུ་མགྲོན་དུ་བོས་པར་གྱུར་ པའོ། །བཙུན་པ་དགེ་སློང་གིས་གོས་དང་བཅས་པ་གཉིས་སུ་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། གོས་མི་རུང་བའོ། །དེ་ཡང་དགེ་སློང་གིས་ཤེས་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མི་རུང་བའི་ཟས་ལ་མགྲོན་དུ་བོས་པ་ དང་། དེའི་འོག་ཏུ་རུང་བའི་ཟས་བཙལ་ཏེ་འཚལ་ན་ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ་དགེ་སློང་ནང་པར་ཟས་ལ་མགྲོན་དུ་བོས་ལ་དེའི་འོག་ཏུ་ཡང་བོས་པའི་ཟས་འཚལ་ན་ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་གོས་མ་མཆིས་པའི་ཟས་སླད་མ་འཚལ་ན་ མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མ་གོས་མ་མཆིས་པའི་མགྲོན་དུ་བོས་པའི་སླད་མ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གོས་མ་མཆིས་པ་ལ་གོས་མ་མཆིས་པར་ འདུ་ཤེས་ཏེ་མགྲོན་དུ་བོས་པ་སླད་མ་འཚལ་ན་ཅིར་འགྱུར། ལྟུང་བའོ། །གོས་མེད་པ་ལ་གོས་དང་བཅས་པར་འདུ་ཤེས་ཏེ་ཟོས་ན་ཉེས་པ་མེད་དོ། །གོས་དང་བཅས་པ་ལ་གོས་མེད་པར་འདུ་ཤེས་ཏེ་ཟོས་ན་ཉེས་བྱས་སུ་འགྱུར་རོ། །གོས་དང་བཅས་པ་ལ་གོས་དང་བཅས་པར་འདུ་ ཤེས་ཏེ་ཟོས་ན་ཉེས་པ་མེད་དོ། །བཙུན་པ་བསྙེན་པར་མ་རྫོགས་པ་ན་གོས་མ་མཆིས་པར་མགྲོན་དུ་བོས་པ་སླད་མར་ཁས་བླངས་ལ་བསྙེན་པར་མ་རྫོགས་པར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་ཁས་བླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན་ཅིར་ འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་ཁས་བླངས་ལ་བསྙེན་པར་རྫོགས་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་ཁས་བླངས་ལ་བསྙེན་པར་རྫོགས་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་ཁས་བླངས་ལ། བསྙེན་པར་རྫོགས་ཀར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་ཁས་བླངས་ལ་བསྙེན་པར་རྫོགས་ནས་འཚལ་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་ཁས་བླངས་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་ པ་དགེ་སློང་གིས་གནས་གཅིག་ཏུ་མཆིས་ཏེ་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དེ་ནི་འདི་ལྟར་དགེ་སློང་ཁྱིམ་བདག་གཉིས་ཀྱིས་ལྷན་ཅིག་ཟས་ལ་མགྲོན་དུ་བོས་པའོ། །བཙུན་པ་བསླབ་པ་སྩལ་བས་ཟས་ཡང་ཡང་འཚལ་ན་ཅིར་འགྱུར་ལྟུང་བའོ།། །།མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་གླེན་པ་དང་། །མ་ནིང་འགྲོ་བ་དེ་བཞིན་ཏེ། །དགེ་སློང་མ་ནི་ཐ་མའོ། །བཙུན་པ་དགེ་སློང་གིས་སྨྱོན་པ་ཞིག་གིས་གོས་མ་མཆིས་པའི་མགྲོན་དུ་བོས་པ་སླད་མར་ཁས་བླངས་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། ། སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། མ་ནིང་དང་། མ་ནིང་མ་དང་། འདི་ལས་ཕྱི་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་བ་ཡང་དེ་བཞིན་ནོ། །དེ་བཞིན་དུ་དགེ་སློང་ དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱིས་ཀྱང་། གོས་མེད་པར་མགྲོན་དུ་བོས་པ་ཕྱི་མ་བཙལ་ཏེ་ཟོས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་མས་ཟས་ཡང་ཡང་ འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་མ་རྣམས་ཀྱིས་འཚལ་ན་ཅིར་འགྱུར་ཉེས་བྱས་སོ།། །།མདོར་ན། སྔགས་དང་བཞི་པ་ནམ་མཁའ་དང་། །མཚན་དང་ཟས་ཀྱང་དེ་བཞིན་ཏེ། །བདུན་པ་གཉིས་པ་གཞན་དག་དང་། །གཞན་དུ་ གྱུར་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་བྲོ་མ་འཚལ་བར་མུ་སྟེགས་ཅན་གྱི་གནས་སུ་དགོངས་ན་ཟན་ལན་གཅིག་ཟོ་ཞིག་དེ་ལས་ལྷག་པར་ཟོས་ན་ལྟུང་བར་འགྱུར་རོ་ཞེས་ གསུངས་ན། བཙུན་པ་དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བགྱིས་ཏེ་ཟན་ལན་གཉིས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་མུ་སྟེགས་ཅན་གྱི་གནས་ལ་མུ་སྟེགས་ཅན་གྱི་གནས་སུ་འདུ་ཤེས་ཏེ་ཟན་ལན་གཉིས་འཚལ་ན་ཅིར་འགྱུར། ལྟུང་བའོ། །མུ་སྟེགས་ཅན་གྱི་གནས་ལ་མུ་སྟེགས་ཅན་གྱི་གནས་མ་ཡིན་པར་འདུ་ཤེས་ན་ཉེས་པ་མེད་དོ། །མུ་སྟེགས་ཅན་གྱི་གནས་མ་ཡིན་པ་ལ་མུ་སྟེགས་ཅན་གྱི་གནས་སུ་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །མུ་སྟེགས་ཅན་གྱི་གནས་མ་ཡིན་པ་ལ་མུ་སྟེགས་ཅན་གྱི་ གནས་མ་ཡིན་པར་འདུ་ཤེས་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་ནམ་མཁའ་ལ་གནས་ནས་ཟན་ལན་གཉིས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་མུ་སྟེགས་ཅན་གྱི་གནས་སུ་ཟན་ལན་གཉིས་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་ གྱུར་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་མས་མུ་སྟེགས་ཅན་གྱི་གནས་སུ་ཟན་ལན་གཉིས་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་གིས་ཟན་མ་གཏོགས་པར་དེ་ལས་གཞན་པའི་བཟའ་བ་དང་། བཅའ་བ་ དང་། བཏུང་བ་དང་། བལྡག་པ་རྣམས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བསྙེན་པར་མ་རྫོགས་པ་ན་མུ་སྟེགས་ཅན་གྱི་གནས་སུ་དགོངས་ལ་བསྙེན་པར་མ་རྫོགས་པས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་གནས་ལ་བསྙེན་པར་རྫོགས་ ཀར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་གནས་ལ་བསྙེན་པར་རྫོགས་ནས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་གནས་ལ་བསྙེན་པར་རྫོགས་ཀར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་ གནས་ལ་བསྙེན་པར་རྫོགས་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་གནས་ལ་བསྙེན་པར་རྫོགས་པ་ན་འཚལ་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་གནས་ལ་བསྙེན་པར་མ་རྫོགས་པར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་ པ་དགེ་སློང་གིས་གཞན་ནས་ཟས་བླངས་ཏེ་མུ་སྟེགས་ཅན་གྱི་གནས་སུ་མཆིས་ནས་འཚལ་ན་ཅིར་འགྱུར་ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་མུ་སྟེགས་ཅན་གྱི་གནས་ནས་ཟས་བླངས་ལ་གཞན་དུ་མཆིས་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་མུ་སྟེགས་ཅན་ གྱི་གནས་མ་གཏོགས་པར་དེ་ལས་གཞན་པའི་དགེ་སྦྱོང་དང་བྲམ་ཟེའི་གནས་སུ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་འགྲོ་བ་དང་། །ཟ་མ་མ་ནིང་དེ་བཞིན་ཏེ། །བསླབ་པ་བྱིན་དང་དགེ་སློབ་མའོ། ། བཙུན་པ་དགེ་སློང་གིས་སྨྱོན་པའི་གནས་སུ་ཟས་སླད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། ཟ་མ་དང་། མ་ནིང་རྣམས་དང་། དེ་བཞིན་དུ་འགྲོ་བ་གཞན་ དུ་གནས་པ་རྣམས་ཀྱི་གནས་སུ་ཟས་ཕྱི་མ་ཟོས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་བསླབ་པ་སྩལ་བས་མུ་སྟེགས་ཅན་གྱི་གནས་སུ་དགོངས་ལ་ཟས་སླད་མ་འཚལ་ན་ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་རྣམས་འཚལ་ ན་ཅིར་འགྱུར། ཉེས་བྱས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་དགུ་པ། མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ན་བ་འོན་པ་འགྲོ་བའོ། །སངས་རྒྱས་ བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་མང་པོ་གྲོང་དུ་འདོང་བ་དང་། དེ་དག་ལ་བྲམ་ཟེ་དང་ཁྱིམ་བདག་དག་གིས་སྐྱོ་མ་དང་མར་ཁུར་རྣམས་མང་དུ་བྱིན་པ་ལ་དགེ་སློང་དེ་དག་གིས་འདོད་ན་ལྷུང་བཟེད་གང་བ་ གཉིས་སམ་གསུམ་ལོང་ཤིག །དེ་ལས་ལྷག་པར་བླངས་ན་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་ཕྲིན་གྱིས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་ གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་བླངས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་སྨྱོན་པ་ལས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ནད་ཀྱིས་ གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ལས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བསླངས་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། །།མདོར་ན། གཞན་གྱིས་གཞན་དང་འདི་ལས་ཕྱི། །ཟས་དང་ མི་རུང་བ་དག་དང་། །མཚན་དང་བཞི་པ་བདུན་པ་དང་། །མ་ནིང་དག་ཀྱང་དེ་བཞིན་ནོ། །བཙུན་པ་དགེ་སློང་གིས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་གཞན་ལེན་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་གཞན་ཞིག་གི་ཕྱིར་བླངས་ན་ཅིར་ འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་འདི་ལས་གཞན་ཕྱི་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བ་རྣམས་ལས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན་ཅིར་འགྱུར། ཐམས་ཅད་ཉེས་བྱས་སོ། །བཙུན་པ་ དགེ་སློང་གིས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཟས་མི་རུང་བ་བླངས་ན་ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ཟས་མ་གཏོགས་པར་དེ་ལས་གཞན་པའི་བཟའ་བ་དང་། བཅའ་བ་དང་། བཏུང་བ་ དང་། བཞིབ་པ་རྣམས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་ལེན་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་ མས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་ལེན་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན་ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ཡིན་པར་ འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དྲུག་ཕུལ་ཕྱེད་དང་ལྔ་ལས་ལྷག་པ་ལ་ལྷག་པར་འདུ་ཤེས་ཏེ་བླངས་ན་ཅིར་ འགྱུར། ལྟུང་བའོ། །ལྷག་པ་ལ་མ་ལྷག་པར་འདུ་ཤེས་ན་ཉེས་པ་མེད་དོ། །མ་ལྷག་པ་ལ་ལྷག་པར་འདུ་ཤེས་ན་ཉེས་བྱས་སུ་འགྱུར་རོ། །མ་ལྷག་པ་ལ་མ་ལྷག་པར་འདུ་ཤེས་ན་ཉེས་པ་མེད་དོ། །བཙུན་པ་བསྙེན་པར་མ་རྫོགས་པར་རྙེད་ལ་བསྙེན་པར་མ་རྫོགས་ པར་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་རྙེད་ལ་བསྙེན་པར་རྫོགས་ཀར་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་རྙེད་ལ་བསྙེན་པར་རྫོགས་པ་ན་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྙེད་ལ་བསྙེན་པར་ རྫོགས་ཀར་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྙེད་ལ་བསྙེན་པར་རྫོགས་ནས་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་རྙེད་ལ་བསྙེན་པར་རྫོགས་ནས་བླངས་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་རྙེད་ལ་བསྙེན་ པར་མ་རྫོགས་པར་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ཁྱིམ་དེ་ཉིད་དུ་འདུག་སྟེ་ཟ་བའོ། །བཙུན་པ་དགེ་སློང་གིས་ མ་ནིང་ལས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང་། མ་ནིང་རྣམས་ལས་བླངས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་བསླབ་པ་སྩལ་བས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་མས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན་ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ཀྱིས་བླངས་ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན། དུས་དང་མཚན་ནི་དེ་བཞིན་ཏེ། །བཟའ་བ་དང་ནི་བཞིབ་པ་དང་། །མི་རུང་བདུན་པ་དེ་བཞིན་ཏེ། །ཀུན་རྫོགས་མ་བྱས་བྱས་པའོ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་འཚལ་མ་འཚལ་ ལགས་ལ་ལྷག་མར་མ་བགྱིས་པར་བཟའ་བ་དང་བཅའ་བའི་རྣམས་འཆོས་སམ་འཚལ་ན་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ་དགེ་སློང་གིས་ལྷག་མར་མ་བགྱིས་པའི་བཅའ་བ་དང་བཟའ་བ་ཞིག་འཆོས་སམ་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་ དེ། ན་བའི་དུས་སུ་བྱིན་གྱིས་བརླབས་ཏེ་ཟོས་པའོ། །བཙུན་པ་དགེ་སློང་གིས་འཚལ་མ་འཚལ་ལགས་ནས་སྤངས་པ་ལས་དེས་ལྷག་མར་མ་བགྱིས་པར་བཅའ་བ་དང་། བཟའ་བ་ཞིག་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་ སློང་མས་འཚལ་མ་འཚལ་ལགས་ནས་སྤངས་པ་ལས་དེས་ལྷག་མར་མ་བགྱིས་པར་བཅའ་བ་དང་། བཟའ་བ་ཞིག་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་གིས་ལྷག་མར་བགྱིད་པ་ན་མཚན་འཕོས་ན་ལྷག་མར་བགྱིས་པ་ཞེས་ བགྱིའམ། ལྷག་མར་མ་བྱས་པ་ཞེས་བྱའོ། །བཙུན་པ་དགེ་སློང་གིས་ཟས་མ་གཏོགས་པར་དེ་ལས་གཞན་པ་བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། བཞིབ་པ་དང་། བལྡག་པ་ལ་སོགས་པ་བཟའ་བའི་ཟས་ཡིན་གྱི་སྨན་མ་ལགས་པ་དེ་དག་ལྷག་མར་མ་བགྱིས་པར་འཚལ་ན་ཅིར་ འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་གིས་ཟས་མ་གཏོགས་པར་དེ་ལས་གཞན་པའི་བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། བཞིབ་པ་དང་། བལྡག་པ་ལ་སོགས་པ་སྤངས་ན་སྤངས་པ་ཞེས་བགྱིའམ། ཨུ་པཱ་ལི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ལི་བཟའ་བ་ དང་། བཅའ་བ་དང་། བཏུང་བ་དང་། བཞིབ་པ་དང་། བལྡག་པ་ལ་སོགས་པ་ལ་སྤངས་པ་མེད་དོ། །བཙུན་པ་དགེ་སློང་གིས་སྤངས་པ་ལ་སྤངས་པར་འདུ་ཤེས་ཏེ་ལྷག་མར་མ་བགྱིས་པའི་བཟའ་བ་དང་། བཏུང་བ་རྣམས་འཚལ་ན་ཅིར་འགྱུར། ལྟུང་བའོ། །སྤངས་པ་ལ་ མ་སྤངས་པར་འདུ་ཤེས་ཏེ་འཚལ་ན་ཅིར་འགྱུར། ཉེས་པ་མེད་དོ། །མ་སྤངས་པ་ལ་སྤངས་པར་འདུ་ཤེས་ཏེ་ཟོས་ན་ཉེས་བྱས་སུ་འགྱུར་རོ། །མ་སྤངས་པ་ལ་མ་སྤངས་པར་འདུ་ཤེས་ཏེ་ཟོས་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་ལྷག་མར་མ་བགྱིས་པ་ལ་ལྷག་མར་མ་བགྱིས་པར་ འདུ་ཤེས་ཏེ་བཅའ་བ་དང་། བཟའ་བའི་རྣམས་འཚལ་ན་ཅིར་འགྱུར། ལྟུང་བའོ། །ལྷག་མར་མ་བྱས་པ་ལ་ལྷག་མར་འདུ་ཤེས་ཏེ་བཅའ་བ་དང་བཟའ་བའི་རྣམས་ཟོས་ན་ཉེས་པ་མེད་དོ། །ལྷག་མར་བྱས་པ་ལ་ལྷག་མར་མ་བྱས་པར་འདུ་ཤེས་ཏེ་ཟོས་ན་ཉེས་བྱས་སོ། །ལྷག་མར་ བྱས་པ་ལ་ལྷག་མར་བྱས་པར་འདུ་ཤེས་ཏེ་ཟོས་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་མི་རུང་བའི་ཟས་འཚལ་ལ་སྤངས་ན་སྤངས་པ་ཞེས་བགྱི་འམ་མ་སྤངས་པ་ཞེས་བགྱི། ཨུ་པཱ་ལི་སྤངས་པ་ཞེས་བྱའོ། །བཙུན་པ་བསྙེན་པར་མ་རྫོགས་པ་ན་སྤངས་ལ་བསྙེན་པར་མ་རྫོགས་པ་ན་ ལྷག་མར་མ་བགྱིས་པ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྤངས་ལ་བསྙེན་པར་རྫོགས་ཀར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྤངས་ལ་བསྙེན་པར་རྫོགས་པ་ན་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་ པར་རྫོགས་ཀར་སྤངས་ལ་བསྙེན་པར་རྫོགས་ཀར་འཚལ་ན་ཅིར་འགྱུར་ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྤངས་ལ་བསྙེན་པར་རྫོགས་ནས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་སྤངས་ལ་བསྙེན་པར་རྫོགས་པ་ན་འཚལ་ན་ཅིར་འགྱུར། ལྟུང་བའོ། ། བསྙེན་པར་རྫོགས་པ་ན་སྤངས་ལ་བསྙེན་པར་མ་རྫོགས་པར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ཀུན་ཏུ་རྫོགས་པར་མ་བྲིམས་པར་སྤངས་ན་སྤངས་པ་ཞེས་བགྱིའམ། མ་སྤངས་པ་ཞེས་བགྱི། ཨུ་པཱ་ལི་མ་སྤངས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པཱ་ ལི་ཀུན་དུ་རྫོགས་པར་མ་བྲིམས་པ་ལ་སྤངས་པ་མེད་དོ། །བཙུན་པ་རྣམ་པ་དུས་ན་ལྷག་པར་མ་བགྱིས་པ་ཞེས་བགྱི། ཨུ་པཱ་ལི་ལྔ་སྟེ། གཞན་ལ་མ་བླངས་པ་དང་། བཅའ་བ་དང་། བཟའ་བའི་རྣམས་མངོན་སུམ་དུ་མ་གྱུར་པ་དང་། བྱིན་ལེན་མ་བྱས་པ་ དང་། བསྙེན་པར་མ་རྫོགས་པ་དང་། རང་བཞིན་ལ་གནས་པ་མ་ཡིན་པ་ལས་ལྷག་མར་བྱས་པ་རྣམས་ནི་ལྷག་མར་མ་བྱས་པ་ཞེས་བརྗོད་པར་བྱའོ། །ཨུ་པཱ་ལི་རྣམ་པ་ལྔས་ན་ལྷག་མར་བྱས་པ་ཞེས་བྱ་སྟེ། གཞན་ལས་བླངས་པ་དང་། བཅའ་བ་དང་བཟའ་བའི་རྣམས་མངོན་ སུམ་དུ་གྱུར་པ་དང་། བྱིན་ལེན་བྱས་པ་དང་། བསྙེན་པར་རྫོགས་པ་དང་། རང་བཞིན་ལ་གནས་པ་ལས་ལྷག་མར་བྱས་པ་ནི་ལྷག་མར་བྱས་པ་ཞེས་བྱའོ། །བཙུན་པ་སུའི་མདུན་དུ་ལྷག་མར་བགྱི། ཨུ་པཱ་ལི་དགེ་སློང་གིས་ནི་དགེ་སློང་གི་མདུན་དུ་ལྷག་མར་བྱའི། དགེ་སློང་ མའི་མདུན་དུ་ནི་མ་ཡིན་ནོ། །དགེ་སློང་མས་ནི་དགེ་སློང་མ་ལའོ། །དགེ་ཚུལ་ཕས་ནི་དགེ་སློང་ཕ་ལའོ། །དགེ་སློབ་མས་ནི་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མའི་མདུན་དུ་ལྷག་མར་བྱའོ། །བཙུན་པ་དགེ་སློང་མའི་མདུན་དུ་ལྷག་མར་བགྱིའམ། ཨུ་པཱ་ལི་མ་ ཡིན་ནོ། །དེ་སྟེ་བཙུན་པ་ལྷག་མར་བགྱིས་ན་ལྷག་མར་བགྱིས་པ་ཞེས་བགྱི་འམ། འཚལ་བར་ཡང་བགྱིའམ་ཨུ་པཱ་ལི་མ་ཡིན་ནོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་གླེན་ པ་གཉིད་ལོག་དང་། །ར་རོ་བ་དང་མྱོས་པ་དང་། །སྙོམས་ཞུགས་འགྲོ་བ་མ་ནིང་ངོ་། །བཙུན་པ་དགེ་སློང་གིས་ཕྲིན་པ་ལས་ལྷག་མར་བགྱིས་ན་ལྷག་མར་བགྱིས་པ་ཞེས་བགྱི་འམ། ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་དེ་ལྷག་མར་བྱས་ནའང་ལྷག་མར་མ་བྱས་པ་ཞེས་བྱའོ། །བཙུན་པ་དགེ་སློང་གིས་སྨྱོན་པ་ཞིག་ལས་ལྷག་མར་བགྱིས་ན་ལྷག་མར་བགྱིས་པ་ཞེས་བགྱི་འམ་ལྷག་མར་མ་བགྱིས་པ་ཞེས་བགྱི། ལྷག་མར་མ་བྱས་པ་ཞེས་བྱའོ། །དེ་བཞིན་དུ་ དགེ་སློང་སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། གཉིད་ལོག་པ་དང་། ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱི་དྲུང་དུ་ལྷག་མར་བགྱིས་ན་ལྷག་ མར་བགྱིས་པ་ཞེས་བགྱི་འམ། ཨུ་པཱ་ལི་མ་ཡིན་ནོ། །བཙུན་པ་དགེ་སློང་གིས་མ་ནིང་ལས་ལྷག་མར་བགྱིས་ན་ལྷག་མར་བགྱིས་པ་ཞེས་བགྱི་འམ། ཨུ་པཱ་ལི་མ་ཡིན་ནོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་པ་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། སྔར་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་རྣམས་ལས་ལྷག་མར་བགྱིས་ན་ལྷག་མར་བགྱིས་ པ་ཞེས་བགྱི་འམ། ཨུ་པཱ་ལི་དེ་ནི་མ་ཡིན་ནོ། །བཙུན་པ་དགེ་སློང་གིས་དགེ་སློང་ཟ་མ་ལས་ལྷག་མར་བགྱིས་ན་ལྷག་མར་བགྱིས་པ་ཞེས་བགྱི་འམ། ལྷག་མར་བྱས་པ་ཞེས་མི་བྱ་སྟེ། ལྷག་མར་བྱས་པ་ཉིད་ཤིན་ཏུ་འདས་པ་དང་བཅས་པའོ། །བཙུན་པ་དགེ་སློང་གིས་དགེ་ འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ལས་ལྷག་མར་བགྱིས་ན་ལྷག་མར་བགྱིས་པ་ཞེས་བགྱི་འམ། ལྷག་མར་མ་བགྱིས་པ་ཞེས་བགྱི། ཨུ་པཱ་ལི་ལྷག་མར་བྱས་པ་ཞེས་ནི་བྱ་ན་ལྷག་མར་བྱེད་པ་ནི་ཤིན་ཏུ་འདས་པ་དང་བཅས་པར་ འགྱུར་རོ། །བཙུན་པ་བསླབ་པ་སྩལ་བས་ལྷག་མར་མ་བགྱིས་པའི་བཟའ་བ་དང་། བཅའ་བ་འཚལ་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་མས་ཟས་འཚལ་ཏེ་སྤངས་པའི་འོག་ཏུ་བཟའ་བ་དང་། བཅའ་བ་འཚལ་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློབ་མ་ དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ཀྱིས་ལྷག་མར་མ་བགྱིས་པའི་བཟའ་བ་དང་། བཅའ་བ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན། སྐད་དང་ལུས་དང་དབེན་དེ་བཞིན། །ཟས་དང་མི་རུང་བ་དག་དང་། །མཚན་དང་བཞི་པ་དེ་བཞིན་ཏེ། ། དགེ་འདུན་དབྱེན་དང་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་གིས་འཚལ་མ་འཚལ་ལགས་ཏེ་སྤངས་པར་འཚལ་བཞིན་དུ་ལྷག་མར་མ་ བགྱིས་པའི་ཟས་དུས་ཀྱིས་སྟོབས་ན་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་ལ་ལྷག་མར་མ་བགྱིས་པའི་བཅའ་བ་དང་བཟའ་བ་བསྟབས་པ་དང་། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་ཅིར་ འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་བསྟབས་པ་དང་། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་བསྟབས་པ་དང་། དགེ་སློང་དེས་ཀྱང་ མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་བསྟབས་པ་དང་། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ལུས་ཀྱི་དམིགས་པས་དགེ་ སློང་ལ་ལྷག་མར་མ་བགྱིས་པའི་བཅའ་བ་དང་། བཟའ་བ་བསྟབས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་མི་དབེན་པ་ལ་དབེན་པར་འདུ་ཤེས་ཏེ་ལྷག་མར་མ་བགྱིས་པའི་བཅའ་དང་བཟའ་བའི་རྣམས་བསྟབས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་ གིས་ཟས་མ་གཏོགས་པར་དེ་ལས་གཞན་པའི་བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། བཞིབ་པ་དང་། བལྡག་པ་ལ་སོགས་པ་དུས་ཀྱིས་སྟོབས་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་གིས་ཟས་འཚལ་ལགས་པར་འཚལ་བཞིན་དུ་མི་རུང་བ་གཞག་ པའི་བཅའ་བ་དང་བཟའ་བ་རྣམས་དུས་ཀྱིས་བསྟབས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ཟས་འཚལ་ལགས་པར་འཚལ་བཞིན་དུ་ལྷག་མར་མ་བགྱིས་པའི་བཅའ་བ་དང་། བཟའ་བ་རྣམས་དུས་ཀྱིས་སྟོབས་པ་ན་མཚན་འཕོས་ཏེ་དགེ་སློང་ མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་དགེ་སློང་མ་ཞིག་ཟས་འཚལ་ལགས་པར་འཚལ་བཞིན་དུ་ལྷག་མར་མ་བགྱིས་པའི་བཅའ་བ་དང་། བཟའ་བ་རྣམས་དུས་ཀྱིས་སྟོབས་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཅིར་འགྱུར། ཉེས་ བྱས་སོ། །བཙུན་པ་དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་དུས་ཀྱིས་བསྟབས་ན་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་བསྟབས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་ རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་བསྟབས་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བསྟབས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་ཞིག་ཟས་འཚལ་ལགས་པར་འཚལ་ བཞིན་དུ་སྤངས་པ་ལས་སྤངས་པར་འདུ་ཤེས་ཏེ་ཤིན་ཏུ་བསྟབས་ན་ཅིར་འགྱུར། ལྟུང་བའོ། །སྤངས་པ་ལ་མ་སྤངས་པར་འདུ་ཤེས་ཏེ་བསྟབས་ན་ཅིར་འགྱུར། ཉེས་པ་མེད་དོ། །མ་སྤངས་པ་ལ་སྤངས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །མ་སྤངས་པ་ལ་མ་སྤངས་ པར་འདུ་ཤེས་ཏེ་བསྟབས་ན་ཉེས་པ་མེད་དོ། །བཙུན་པ་དགེ་སློང་གིས་ཟ་མ་དང་། མ་ནིང་ཟས་འཚལ་ལགས་ཏེ་སྤངས་པ་ལ་བཅའ་བ་དང་། བཟའ་བ་ཤིན་ཏུ་བསྟབས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་པ་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། སྔར་ཉེས་པ་བྱུང་བ་རྣམས་ལ་དུས་ཀྱིས་བསྟབས་ན་ཐམས་ ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ཀྱིས་ཟས་འཚལ་ཏེ་སྤངས་པ་ལ་དུས་ཀྱིས་བསྟབས་ན་ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ་དགེ་སློང་གིས་དགེ་ སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་ཕ་རྣམས་ཟས་འཚལ་ལགས་ཏེ་སྤངས་པར་འཚལ་བཞིན་དུ་དུས་ཀྱིས་བསྟབས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མས་དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་ལ་ལྷག་ མར་མ་བགྱིས་པས་ཤིན་ཏུ་བསྟབས་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་ལའང་ཉེས་བྱས་ཏེ་གཅིག་ལ་གཅིག་རྒྱས་པར་སྦྱར་བར་བྱའོ། །བཙུན་པ་བསླབ་པ་སྩལ་བས་དགེ་སློང་ཞིག་ཟས་འཚལ་ལགས་ཏེ་སྤངས་པ་ལ་ལྷག་ མར་མ་བགྱིས་པའི་བཟའ་བ་དང་། བཅའ་བ་དུས་ཀྱིས་བསྟབས་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་མས་ཟས་འཚལ་ཏེ་སྤངས་པར་འཚལ་བཞིན་དུ་བཟའ་བ་དང་། བཅའ་བ་རྣམ་པ་ལྔ་དུས་ཀྱིས་བསྟབས་ན་ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ།། །།མདོར་ན། ཕྲིན་པ་སྤྲིང་ཡིག་ལག་བརྡ་དང་། །གཞན་ཟེར་བ་དང་གཅིག་ནས་གཅིག །སྨྱོན་པ་སེམས་འཁྲུགས་ན་བ་དང་། །འོན་པ་གླེན་པ་གཉིད་ལོག་དང་། །ར་རོ་བ་དང་མྱོས་པ་དང་། །སྙོམས་ ཞུགས་འགྲོ་བ་ཐ་མའོ། །བཙུན་པ་དགེ་སློང་གིས་དགེ་སློང་ཞིག་ཟས་འཚལ་ཏེ་སྤངས་པར་འཚལ་བཞིན་དུ་ལྷག་མར་མ་བགྱིས་པའི་བཅའ་བ་དང་། བཟའ་བ་རྣམས་ཕྲིན་པ་ལས་དུས་ཀྱིས་བསྟབས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་། ལག་བརྡ་ དང་། གཞན་ཟེར་བ་དང་། གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། ནད་ཀྱིས་མནར་བ་དང་། གླེན་པ་དང་། ལྐུགས་པ་དང་། འོན་པ་དང་། གཉིད་ལོག་པ་དང་། ར་རོ་བ་དང་། མྱོས་པ་དང་། སྙོམས་པར་ཞུགས་པ་ དང་། འགྲོ་བ་གཞན་དུ་གནས་པའི་དགེ་སློང་ལ་ལྷག་མར་མ་བྱས་པའི་བཅའ་བ་དང་། བཟའ་བ་དུས་ཀྱིས་བསྟབས་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། །།མདོར་ན། སྔགས་དང་ནམ་མཁའ་མཚམས་རྣམས་དང་། །མི་རུང་དུས་དང་བཟའ་བ་དང་། །དེ་ ཉིད་དང་ནི་གཞན་དུ་དང་། །མང་པོ་མཚན་དང་བཞི་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གང་དུས་ལ་བབ་པ་མ་གཏོགས་པར་མང་པོ་འདུས་ཤིང་ཟ་ན་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་སྔགས་དང་སྨན་གྱིས་བདག་མི་སྣང་བར་བགྱིས་ཏེ་མང་པོ་འདུས་པར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ནམ་མཁའ་ལ་མཆིས་ཏེ་ཟས་དོག་ས་ལ་མཆིས་པ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ དོག་ས་ལ་མཆིས་ཏེ་ཟས་ནམ་མཁའ་ལ་མཆིས་པ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མཚམས་ཀྱི་སླད་རོལ་ན་མཆིས་ཏེ་ཟས་མཚམས་ཀྱི་ནང་ན་མཆིས་པ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་མཚམས་ཀྱི་ནང་ན་མཆིས་ཏེ་ ཟས་མཚམས་ཀྱི་སླད་རོལ་ན་མཆིས་པ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་ཟས་མི་རུང་བ་མང་པོ་འདུས་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་མང་པོ་འདུས་ཏེ་ཟས་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་ སམ། ཨུ་པཱ་ལི་ཡོད་དེ། དུས་དྲུག་ལས་གང་ཡང་རུང་བའི་དུས་ཤིག་བྱུང་བར་གྱུར་པའོ། །བཙུན་པ་དགེ་སློང་གིས་ཟས་མ་གཏོགས་པར་དེ་ལས་གཞན་པའི་བཟའ་བ་དང་། བཏུང་བ་དང་། བཞིབ་པ་དང་། བལྡག་པའི་རྣམས་མང་པོ་འདུས་ཏེ་འཚལ་ན་ཅིར་འགྱུར། ཉེས་ བྱས་སོ། །བཙུན་པ་དགེ་སློང་གིས་མཚམས་ཀྱི་སླད་རོལ་ནས་གཞན་ཞིག་གིས་ཟས་བླངས་ཏེ་མཚམས་ཀྱི་ནང་དུ་མཆིས་ནས་མང་པོ་འདུས་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་མཚམས་ཀྱི་ནང་ནས་ཟས་ཤིག་བླངས་ཏེ་གཞན་དུ་མཆིས་ནས་མང་པོ་འདུས་ ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་མཚམས་གཅིག་ནས་གཅིག་པའི་དགེ་སློང་མང་པོ་ཞིག་སོ་སོར་འདུས་ཏེ་འཚལ་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དེ་སྟེ་གནས་གསུམ་གསུམ་འདུས་ཏེ་ཟོས་ཀྱི་བཞིར་མ་ཚང་བའོ། །བཙུན་པ་ དགེ་སློང་གིས་མང་པོ་འདུས་ཏེ་ཟས་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་མ་མང་དུ་འདུས་ཏེ་ཟས་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློང་གིས་ མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ཏེ་མང་པོ་འདུས་ཤིང་ཟས་འཚལ་ན་ཅིར་འགྱུར། ལྟུང་བའོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་ཕྱི་རོལ་དུ་འདུ་ཤེས་ཏེ་ཟོས་ན་ཉེས་པ་མེད་དོ། །མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ཏེ་ཟོས་ན་ཉེས་བྱས་སོ། །མཚམས་ ཀྱི་ཕྱི་རོལ་ལ་མཚམས་ཀྱི་ཕྱི་རོལ་དུ་འདུ་ཤེས་ཏེ་ཟོས་ན་ཉེས་པ་མེད་དོ།། །།མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང་། །ནད་པ་འོན་པ་གླེན་པ་དང་། །མ་ནིང་འགྲོ་ཡང་དེ་བཞིན་ཏེ། །མང་པོ་འདུས་སྨད་དགེ་སློང་མའོ། །བཙུན་པ་དགེ་སློང་གིས་སྨྱོན་པས་ མང་པོའི་གྲངས་སུ་བསྐངས་ཏེ་ལྷན་ཅིག་མཚམས་ཀྱི་ནང་དུ་མང་པོ་འདུས་ནས་ཟས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །སེམས་འཁྲུགས་པ་དང་། ནད་ཀྱིས་གཟིར་བ་དང་། འོན་པ་དང་། གླེན་པ་ཡང་དེ་བཞིན་ནོ། །བཙུན་པ་དགེ་སློང་གིས་ཟ་མ་དང་། མ་ནིང་གིས་མང་ པོའི་གྲངས་སུ་བསྐངས་ཏེ་ལྷན་ཅིག་མཚམས་ཀྱི་ནང་དུ་མང་པོ་འདུས་ཤིང་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང་། ཕ་དང་མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། མུ་ སྟེགས་ཅན་དང་། མུ་སྟེགས་ཅན་དུ་སོང་བ་དང་། རྐུན་གནས་པ་དང་། མི་གནས་པ་དང་། སོ་སོར་གནས་པ་དང་། སྔར་ཉེས་པ་བྱུང་བ་དང་། སྔར་འཁྲུགས་པ་རྣམས་ཀྱིས་མང་པོའི་གྲངས་སུ་བསྐངས་ཏེ་མཚམས་ཀྱི་ནང་དུ་ལྷན་ཅིག་ཏུ་མང་པོ་འདུས་ཤིང་འཚལ་ན་ཅིར་ འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང་། ཉེ་བར་ཕྱོགས་པ་དང་། བསླབ་པ་སྩལ་བ་རྣམས་ཀྱིས་མང་པོར་གྲངས་སུ་བསྐངས་ཏེ་ལྷན་ཅིག་མང་པོ་འདུས་ཤིང་འཚལ་ན་ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ་ དགེ་སློང་གིས་འགྲོ་བ་གཞན་དུ་གནས་པའི་དགེ་སློང་གིས་མང་པོར་གྲངས་སུ་བསྐངས་ཏེ་ལྷན་ཅིག་མཚམས་ཀྱི་ནང་དུ་མང་པོ་འདུས་ཤིང་ཟས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ ཕ་རྣམས་ཀྱིས་མང་པོའི་གྲངས་སུ་བསྐངས་ཏེ་ལྷན་ཅིག་མཚམས་ཀྱི་ནང་དུ་མང་པོ་འདུས་ཤིང་ཟས་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་མང་པོ་འདུས་ཏེ་ཟས་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། དེ་ཡང་འདི་ལྟར་ གནས་དེ་ཉིད་དུ་ཟས་ནར་མར་གྱུར་ཏམ། ཟས་ཕན་ཚུན་དུ་བསྐུར་བར་གྱུར་པའོ། །བཙུན་པ་དགེ་སློང་གིས་དབེན་པ་ལ་མང་པོར་འདུ་ཤེས་ཏེ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་བསླབ་པ་སྩལ་བས་མང་པོ་འདུས་ཤིང་ཟས་འཚལ་ན་ཅིར་འགྱུར། ལྟུང་བའོ། །བཙུན་ པ་དགེ་སློང་མས་མང་པོ་འདུས་ཤིང་འཚལ་ན་ཅིར་འགྱུར། ལྟུང་བའོ། །བཙུན་པ་དགེ་སློབ་མ་དང་། དགེ་ཚུལ་མ་དང་། དགེ་ཚུལ་ཕ་རྣམས་ཀྱིས་མང་པོ་འདུས་ཤིང་འཚལ་ན་ཅིར་འགྱུར། ཉེས་བྱས་སོ།། །།མདོར་ན། ལྷ་ཟས་བཞི་པ་དེ་བཞིན་ཏེ། །གླིང་དང་ལྷ་དང་ མཚན་རྣམས་དང་། །ཁ་ཟས་མ་ཡིན་ཉེས་པ་དང་། །ངན་པ་དག་དང་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དུས་མ་ལགས་པར་བཅའ་བ་དང་བཟའ་བའི་རྣམས་འཆོས་ སམ་འཚལ་ན་ལྟུང་བར་འགྱུར་རོ་ཞེས་གསུངས་ན། བཙུན་པ་དགེ་སློང་གིས་དུས་མ་ལགས་པར་ཟས་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པཱ་ལི་ཡོད་དེ། ལྷའི་ཟས་ཟོས་པའོ། །བཙུན་པ་ལྷའི་ཟས་ཀྱི་རང་བཞིན་ཇི་ལྟ་བུ། ཨུ་པཱ་ལི་མར་གྱི་རང་བཞིན་ལྟ