Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 010_འདུལ་བ།_ཐ
Văn bản gốc(Tây Tạng)
Trang 4 / 20 (50.000 ký tự/trang)
ས་བཀའ་སྩལ་པ། རི་བའི་རིན་སྦྱིན་པར་བྱ་བའམ། དེའི་སེམས་མགུ་བར་བྱའོ། །དགེ་སློང་དག་གཙུག་ལག་ཁང་གཞན་དང་། གྲོང་གཞན་དག་ ཏུ་དེང་ཉིད་ཕྱིར་ལྡོག་པའི་བསམ་པས་ཆོས་གོས་གསུམ་པོ་དག་མེད་པར་དོང་བ་དང་། དེ་རྣམས་དེར་དོང་བ་དག་ལ་ཅི་ཙམ་ན་བྱ་བའི་རྣམ་པ་དེ་ལྟ་བུ་དག་བྱུང་སྟེ་དེར་ནམ་སྲོས་པར་གྱུར་ཏོ། །དེ་དག་བསླབ་པ་ལ་གུས་པས་མཚན་མོ་ཕྱིར་དོང་བ་ན་སེང་གེ་དང་། སྟག་དང་། ཆོམ་རྐུན་པ་དང་། གཡོན་ཅན་དག་ གིས་བགྲོད་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་ལྟ་བུའི་བསམ་པས་དོང་བ་རྣམས་དེར་ནམ་སྲོས་པར་གྱུར་ན། དེ་ཉིད་དུ་འདུག་པར་བྱ་ཞིང་། ཚངས་པ་མཚུངས་པར་སྤྱོད་པ་དག་ལས་ཆོས་ གོས་དག་བརྙས་ཏེ་བྱིན་གྱིས་བརླབ་པར་བྱའོ། །དེ་རྣམས་ཆོས་གོས་དག་བརྙས་ནས་ཇི་ལྟར་བྱིན་གྱིས་བརླབ་པར་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔ་མ་རང་གི་སེམས་ཀྱིས་ཕྱུང་བ་བྱིན་གྱིས་བརླབ་པར་བྱའོ། །ལྔ་པོ་འདི་དག་ནི་སེམས་བསྐྱེད་པས་འགྲུབ་སྟེ། གསོ་སྦྱོང་ དང་། དགག་དབྱེ་དང་། ཆོས་གོས་བྱིན་གྱིས་བརླབ་པ་དང་། ཆོས་གོས་དབྱུང་བ་དང་། གང་ཟག་མགྲོན་དུ་བོས་པའོ། །དགེ་སློང་དེ་དག་གིས་ཆོས་གོས་དྲས་ཤིང་ཁ་དོག་མ་བསྒྱུར་བ་དག་རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དྲས་ཤིང་ཁ་དོག་མ་བསྒྱུར་བ་དག་རྙེད་ན་དྲས་ ཤིང་ཁ་དོག་མ་བསྒྱུར་བ་དག་བྱིན་གྱིས་བརླབ་པར་བྱའོ། །ཇི་སྟེ་ཁ་དོག་མ་བསྒྱུར་ཅིང་མ་དྲས་པ་དག་རྙེད་ན་ལྷན་ཐབས་ཀྱིས་གླན་ལ་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་རྙེད་ན་དེ་ལྟ་ན་ལེགས། གལ་ཏེ་མ་རྙེད་ན་དེ་བཞིན་བྱིན་གྱིས་བརླབ་པར་བྱའོ། །ཐ་ན་ཁྱིམ་པའི་གོས་ལ་ཡང་བྱིན་གྱིས་བརླབ་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་ཅིག་གདིང་བ་མེད་པར་ཡུལ་གཞན་དུ་འདོང་བ་དང་། དེར་དོང་བ་དེ་རྣམས་འགྱོད་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་ཆོས་གོས་གསུམ་དང་བྲལ་བར་ནི་གསུངས་ཀྱི། གདིང་བ་དང་ནི་མ་ཡིན་ཏེ། དེ་ལྟ་བས་ན་བསམས་བཞིན་དུ་བཞག་སྟེ་འགྲོ་བར་མི་བྱའོ། །བརྗེད་པ་ལ་ནི་ལྟུང་བ་མེད་དོ།། །།སྡོམ་ནི། ཆུ་ཚགས་ལ་ནི་རྣམ་ བཞི་དང་། །སྡེར་རྣམས་དང་ནི་གཅིག་ཏུ་ཟ། །གོས་གཅིག་གིས་ནི་ཟ་བ་དང་། །སྒྲེན་མོར་ཁྲུས་ནི་བྱེད་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ལྷོ་ལམ་ནས་དགེ་སློང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་ འཚལ་བ་གཉིས་ཤིག་མཉན་ཡོད་དུ་དོང་ངོ་། །དེ་གཉིས་ལམ་དུ་ཆུ་ཟད་ནས་སྐོམ་པའི་སྡུག་བསྔལ་གྱིས་གདུངས་པ་ན་རྫིང་བུ་ཞིག་གི་དྲུང་དུ་ཕྱིན་ནས་དེ་གཉིས་ལས་གཅིག་གིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་མྱུར་དུ་ཆུ་རྟོགས་ཤིག་དང་བཏུང་ངོ་། །དེས་བརྟག་པར་བརྩམས་པ་དང་། ཇི་ཙམ་ན་ཆུ་མ་ དག་པར་གྱུར་ནས་དེས་ཚིགས་སུ་བཅད་པ་སྨྲས་པ། བསྐལ་པ་འབུམ་ཕྲག་སྟོང་དག་ཏུ། །གང་ཞིག་མཐོང་བར་རབ་དཀའ་བས། །བདག་གིས་ཆུ་དག་འཐུངས་ནས་ནི། །དེ་ནས་འདྲེན་པ་བལྟ་བར་བྱ། །ཅིག་ཤོས་ཀྱིས་ཚིགས་སུ་བཅད་པ་སྨྲས་པ། གང་ཞིག་སེམས་ཅན་རྣམས་ལ་ཐུགས་ ནས་ཐུགས་རྗེ་ཞིང་། །སྲིད་པ་ཀུན་ལ་ཆགས་པ་གཏན་ནས་སྤངས་གྱུར་པ། །དེ་ཡི་བསྟན་མཆོག་འདི་ལ་བསླབ་པ་བླང་བ་ཡིས། །སྲོག་ཉིད་སྤང་གི་སྲོག་ཆགས་གསད་པར་བྱ་བ་མིན། །དེ་ནས་གང་གིས་ཆུ་འཐུངས་པ་དེ་ནི་སོང་ངོ་། །གང་གིས་མ་འཐུངས་པ་དེས་ནི་བརྩོན་འགྲུས་བརྩམས་ཏེ། ཤིང་ལྗོན་པ་ཞིག་ གི་དྲུང་དུ་འདུག་ནས། དེ་ཇི་སྲིད་དུ་ལུས་ཀྱི་མཐུ་ཡོད་པ་དེ་སྲིད་དུ་དགེ་བའི་ཕྱོགས་དག་བྱས་ཤིང་གང་གི་ཚེ་ལུས་ཀྱི་མཐུ་དང་བྲལ་བ་དེའི་ཚེ་འཆི་བའི་དུས་ལ་བབ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ལྷའི་བུའམ། ལྷའི་བུ་མོའི་ཆོས་ཉིད་ནི་སྐྱེས་ནས་རིང་པོ་མ་ལོན་པ་ལ་སེམས་གསུམ་སྐྱེ་ སྟེ། གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་སྐྱེས་པའོ། །དེས་མི་རྣམས་ཀྱི་ནང་ནས་ཤི་འཕོས་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་བྱས་པས་སྐྱེས་པར་མཐོང་ངོ་། །དེ་ནས་སྔོན་དགེ་སློང་ལྷའི་ བུ་དེ་འདི་སྙམ་དུ་སེམས་ཏེ། གང་གི་ཕྱིར་བདག་ཡོངས་སུ་གནས་པ་བསྟེན་ཏེ་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས་བདག་ཡོངས་སུ་གནས་པ་མ་བསྟེན་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོའོ་སྙམ་མོ། །དེ་ནས་སྔོན་དགེ་སློང་ལྷའི་བུ་རྣ་ཆ་གདུབ་ཀོར་གཡོ་ཞིང་དྲི་མ་མེད་པ་ཐོགས་ཏེ། དོ་ཤལ་དང་སེ་མོ་དོས་བརྒྱན་པའི་ལུས་ཀྱིས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དག་གིས་ཐུ་བ་བཀང་སྟེ་ཁ་ དོག་ཤིན་ཏུ་འདས་པས་མཚན་མོ་ལ་བབ་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་མེ་ཏོག་དག་གིས་མངོན་པར་གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་སྔོན་དགེ་སློང་ལྷའི་བུའི་ཁ་དོག་ གི་མཐུས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་དགེ་སློང་ལྷའི་བུའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། གང་ཐོས་ནས་སྔོན་དགེ་སློང་ལྷའི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་ པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་རྩ་ལག་གི་ཚོགས་ཀྱིས་ ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཡང་སྨྲས་པ། ཁྱོད་མཐུས་རབ་དྲེགས་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་པར་གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་ གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང་། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ་བར་གྱུར། །འགྲོ་བ་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བ་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་ བུ་མཆིས། །དེ་ནས་གདུད་བྱས་དོ་ཤལ་རབ་འཕྱང་བས། །ཞབས་ལ་ཕྱག་འཚལ་རངས་པ་སྐྱེས་གྱུར་ནས། །དགྲ་ཐུལ་གཡས་ནས་ཡོངས་སུ་བསྐོར་བྱས་ཏེ། །ལྷ་ཡི་འཇིག་རྟེན་མངོན་ཕྱོགས་མཁའ་ལ་སོང་། །དེ་ནས་སྔོན་དགེ་སློང་ལྷའི་བུ་ཚོང་པ་ཁེ་སྤོགས་རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཏོག་འབྱོར་པ་ ལྟ་བུ་དང་། དཔའ་བོ་གཡུལ་ལས་རྣམ་པར་རྒྱལ་བ་ལྟ་བུ་དང་། ནད་པ་ནད་ཐམས་ཅད་ལས་ཡོངས་སུ་ཐར་བ་ལྟ་བུར་གྱུར་ཏེ། ཆ་ལུགས་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པའི་ཆ་ལུགས་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་ཅིག་ཤོས་དེ་ཡང་ཁད་ཀྱིས་མཉན་ཡོད་དུ་ཕྱིན་ཏོ། ། དེ་ནས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ། རྐང་པ་དག་བཀྲུས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་དགེ་སློང་གློ་བུར་དུ་འོངས་ པ་ལ་དགེ་སློང་ཁྱོད་ད་གཟོད་གང་ནས་འདིར་འོངས། དབྱར་གང་དུ་གནས་ཞེས་ཡང་དག་པར་དགའ་བས་ཡང་དག་པར་དགའ་བར་མཛད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་ཁྱོད་ག་ལས་འདིར་འོངས། དབྱར་གང་དུ་གནས་ཞེས་ཡང་དག་པར་དགའ་བར་མཛད་པ་དང་། དེས་གསོལ་པ། བཙུན་པ་བདག་ལྷོ་ཕྱོགས་ནས་ད་གཟོད་འདིར་མཆིས་ཏེ། ལྷོ་ཕྱོགས་སུ་དབྱར་གནས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ལ་གྲོགས་དགེ་སློང་ལྟ་ཡོད་དམ། བཅོམ་ལྡན་འདས་མཆིས་སོ། །དེ་གར་སོང་། དེས་ཇི་ལྟར་གྱུར་པ་གསོལ་ཏོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ཡི་བསྟན་ལ་མ་གུས་གང་། །དེས་ནི་ང་མཐོང་ཅི་ཞིག་ཕན། །དེས་ནི་ང་ལ་བལྟས་ན་ཡང་། །མཐོང་བ་མ་ཡིན་མཆོད་པ་མིན། །ང་ཡི་བསླབ་ལ་གང་སློབ་པའི། །དགེ་སློང་དེས་ནི་ང་མཐོང་སྟེ། །ཤེས་རབ་དམན་པ་ཁྱོད་ཀྱིས་ ནི། །སངས་རྒྱས་མངོན་སུམ་མ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་ལས་བླ་གོས་ཕྱེ་ནས་ཡང་ཚིགས་སུ་བཅད་དེ་བཀའ་སྩལ་པ། ལྟོས་ཤིག་དགེ་སློང་ལུས་འདི་ལ། །གཙང་ཞིང་གསེར་གྱི་མདོག་འདྲ་བ། །སྔོན་གྱི་ལས་ཀྱི་རྣམ་སྨིན་དང་། །ཕ་དང་མ་ལས་བྱུང་བའོ། །གང་ གིས་ཆོས་ཉིད་མ་མཐོང་བ། །རྫོགས་པའི་སངས་རྒྱས་དེས་མ་མཐོང་། །གང་གིས་ཆོས་ཉིད་མཐོང་གྱུར་པ། །དེ་ཡིས་ཐུབ་པ་ཆེན་པོ་མཐོང་། །གཞན་ཡང་བརྟན་ཞིང་དགེ་བའི་བློ་གྲོས་ཅན། །བསླབ་པ་རྗེས་སུ་སྲུང་བྱེད་པ། །དེ་ཡིས་དང་པོར་ང་ལ་ནི། །གཟུགས་ཀྱི་སྐུ་དང་ཆོས་སྐུར་མཐོང་། ། བདག་ཉིད་ཆེན་པོ་འོད་སྲུང་གི། །བསླབ་མཚམས་འདས་པ་ད་རུང་དུ། །ཨེ་ལའི་འདབ་དེ་ཀླུ་ཡི་ནི། །སྐྱེ་གནས་དག་ལས་མ་ཐར་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་ཆུ་ཚགས་མི་འཆང་བ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་ ཆུ་ཚགས་ཉེ་བར་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆུ་ཚགས་ཉེ་བར་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཆུ་ཚགས་དུ་ཡོད་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་ཚགས་ནི་ལྔ་སྟེ། ཆུ་ཚགས་གྲུ་གསུམ་དང་། བུམ་ཚགས་ ལྕེའུ་ཅན་དང་། རིལ་བ་ཞབས་ཚགས་ཅན་དང་། དཔྱངས་ཚགས་དང་། བསལ་ཚགས་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་ཕན་ཚུན་ཞེ་འགྲས་པ་གཉིས་ཤིག་ ལྗོངས་རྒྱུ་ཞིང་དོང་ངོ་། །དེ་དག་ལས་གཅིག་ལ་ནི་ཆུ་ཚགས་ཡོད། ཅིག་ཤོས་ལ་ནི་མེད་དོ། །གང་ལ་ཡོད་པ་དེས་ཆུ་བཙགས་ཏེ་འཐུངས་པ་དང་། གང་ལ་མེད་པ་དེས་སྨྲས་པ། ཚེ་དང་ལྡན་པ་ཆུ་ཚགས་གཡོར་ཅིག་དེས་མ་སྟེར་ནས་དེ་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་ཞེ་འགྲས་པ་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །གལ་ཏེ་དེ་ལྟ་བུའི་རྐྱེན་ཅིག་བྱུང་ན་གཅིག་ལ་གཅིག་བཟོད་པ་གསོལ་ཏེ་འདོང་བར་བྱའོ།། །།འདུལ་བ་ཕྲན་ཚེགས་ ཀྱི་གཞི། བམ་པོ་ལྔ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་གཉིས་ཞིག་ལྗོངས་རྒྱུ་ཞིང་དོང་བ་དང་། དེ་དག་ལས་གཅིག་ལ་ནི་ཆུ་ཚགས་ཡོད། ཅིག་ཤོས་ལ་ནི་མེད་ནས་དེ་ལ་དེས་ དྲིས་པ། ཁྱོད་ལ་ཆུ་ཚགས་ཡོད་དམ་མེད། དེས་སྨྲས་པ་ཡོད་དོ། །སྦྱིན་ནམ་མི་སྦྱིན་ཞེས་ནི་མ་སྨྲས་སོ། །དེ་དག་ལས་གང་ཆུ་ཚགས་ཡོད་པ་དེས་ནི་ཆུ་འཐུངས་པ་དང་། གང་ལ་མེད་པ་དེས་སྨྲས་པ། ཚེ་དང་ལྡན་པ་ཆུ་ཚགས་གཡོར་ཅིག །དེས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་བདག་ལ་ཆུ་ ཚགས་ནི་དྲིས་ཀྱི་སྦྱིན་ནམ་མི་སྦྱིན་མ་དྲིས་པས་མ་གུས་པ་ཁྱོད་ལ་ཁོ་བོས་ཆུ་ཚགས་ཅིའི་ཕྱིར་སྦྱིན། མི་སྦྱིན་གྱིས་སོང་ཤིག །དེས་དེ་ལ་མ་བྱིན་པས་དེ་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་འདོད་པའི་དགེ་ སློང་གིས་གལ་ཏེ་ཆུ་ཚགས་མེད་ན་དགེ་སློང་གྲོགས་པོ་ལ་ཁྱོད་ལ་ཆུ་ཚགས་ཡོད་དམ་མེད་དྲི་བར་བྱའོ། །གལ་ཏེ་ཡོད་དོ་ཞེས་ཟེར་ན་བདག་ལ་སྦྱིན་ནམ་མི་སྦྱིན་ཞེས་བརྗོད་པར་བྱ་ཞིང་གལ་ཏེ་སྦྱིན་ནོ་ཞེས་ཟེར་ན་འགྲོ་བར་བྱའི་གཞན་དུ་ན་འགྲོ་བར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་གཉིས་ཤིག་ལྗོངས་རྒྱུ་ཞིང་དོང་ངོ་། །དེ་དག་ལས་གཅིག་ལ་ནི་ཆུ་ཚགས་ཡོད། ཅིག་ཤོས་ལ་ནི་མེད་པ་དང་། གང་ལ་མེད་པ་དེས་དེ་ལ་དྲིས་པ། ཁྱོད་ལ་ཆུ་ཚགས་ཡོད་དམ་མེད། དེས་སྨྲས་པ། ཡོད་དོ། །བདག་ལ་གཡར་ རམ་མི་གཡར། གཡར་རོ། །དེ་དག་དོང་བ་དང་ཇི་ཙམ་ན་ལམ་ཀར་འགྲོན་པ་དག་ཅིག་འོངས་ནས་གང་ལ་ཆུ་ཚགས་ཡོད་པ་དེའི་བྱ་བ་གང་ཡིན་པ་དེ་འགྲོན་པ་དེ་ཉིད་ལས་གྲུབ་སྟེ། དེ་ཕྱིར་ལྡོག་པར་བརྩམས་པ་དང་། ཅིག་ཤོས་དེས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་བདག་ལ་ཆུ་ཚགས་ཁས་བླངས་པ་གཡོར་ཅིག ། དེས་སྨྲས་པ། དེ་ལྟ་ན་དེ་ནི་བདེན་ན་བདག་གིས་ཆུ་བཙག་པའི་སླད་དུ་བྱིན་གྱི། ཐམས་ཅད་ཀྱི་ཐམས་ཅད་དུ་བྱིན་པ་ནི་མ་ཡིན་ནོ་ཞེས་དེས་མ་བྱིན་པས་དེ་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ གང་ལ་ཆུ་ཚགས་མེད་པ་དེས་དགེ་སློང་གྲོགས་པོ་ལ་ཁྱོད་ལ་ཆུ་ཚགས་ཡོད་དམ་མེད་ཅེས་དྲི་བར་བྱའོ། །གལ་ཏེ་ཡོད་དོ་ཞེས་ཟེར་ན་དེས་ཇི་བདག་ལ་སྦྱིན་ནམ་མི་སྦྱིན་ཞེས་བརྗོད་པར་བྱའོ། །གལ་ཏེ་སྦྱིན་ནོ་ཞེས་ཟེར་ན་གལ་ཏེ་ཁྱོད་སླར་ལྡོག་པར་གྱུར་ཏམ། གཞན་དུ་འགྲོ་བར་གྱུར་ན་སྦྱིན་ནམ་མི་སྦྱིན་ཞེས་བརྗོད་ པར་བྱའོ། །གལ་ཏེ་སྦྱིན་ནོ་ཞེས་ཟེར་ན་འགྲོ་བར་བྱའི་གཞན་དུ་ན་འགྲོ་བར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཆུ་ ཚགས་མ་མཆིས་པར་གཙུག་ལག་ཁང་གཞན་ནམ། གྲོང་གཞན་དུ་མཆིར་གནང་ངམ། ཉེ་བ་འཁོར་མི་གནང་ངོ་། །གལ་ཏེ་དེར་སོང་ནས་ཕོངས་པར་མི་འགྱུར་ན་གནང་ངོ་། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཆུ་ཚགས་གཅིག་གིས་གཉིས་ལྗོངས་རྒྱུ་ཞིང་མཆིར་གནང་ངམ། ཉེ་བ་འཁོར་གལ་ཏེ་དེར་སོང་ནས་ཕོངས་པར་མི་འགྱུར་ན་གནང་ངོ་། །བཙུན་པ་ཆུ་ཚགས་གཅིག་གིས་མང་པོ་རྣམས་སམ། དགེ་འདུན་དག་ལྗོངས་ རྒྱུ་ཞིང་མཆིར་གནང་ངམ། ཉེ་བ་འཁོར་གལ་ཏེ་དེར་སོང་ནས་ཕོངས་པར་མི་འགྱུར་ན་གནང་ངོ་། །བཙུན་པ་ཆུ་ཚགས་མ་མཆིས་པར་ཆུ་ཀླུང་གི་འགྲམ་ནས་མཆིར་གནང་ངམ། ཉེ་བ་འཁོར་གནང་སྟེ། མགྱོགས་པ་ལ་གལ་ཏེ་ཆུ་གཞན་དང་འདྲེས་པར་མ་གྱུར་ན་རྒྱང་གྲགས་རེ་རེ་ཞིང་བརྟག་པར་བྱའོ། ། ཆུ་གཞན་དང་འདྲེས་པར་གྱུར་ན་གང་དང་གང་དུ་ལེན་པ་དེ་དང་དེར་བརྟག་པར་བྱའོ། །མི་མགྱོགས་པ་ལ་ནི་འགྲམ་དང་འགྲམ་དུ་བརྟག་པར་བྱའོ། །དེ་ལ་མགྱོགས་པ་ནི་རྒྱུན་མྱུར་བའོ། །མི་མགྱོགས་པ་ནི་རྒྱུན་བུལ་བའོ། །བཙུན་པ་འགྲམ་གྱི་ཉེ་འཁོར་གང་ལགས། ཉེ་བ་འཁོར་འདོམ་ གང་ཁོ་ར་ཁོར་ཡུག་གོ། །བཙུན་པ་ཆབ་མ་བཙགས་ཤིང་མ་བརྟགས་པ་འཚལ་དུ་གནང་ངམ། ཉེ་བ་འཁོར་མི་གནང་ངོ་། །བཙུན་པ་ཆབ་མ་བཙགས་ཤིང་བརྟགས་པ་འཚལ་དུ་གནང་ངམ། ཉེ་བ་འཁོར་མིག་གིས་དག་གོ་ཞེས་བྱ་སྟེ་གནང་ངོ་། །བཙུན་པ་ཆབ་བཙགས་ཤིང་ བརྟགས་པ་འཚལ་དུ་གནང་ངམ། ཉེ་བ་འཁོར་གནང་ངོ་། །འོན་ཀྱང་ཆུ་རུང་བ་ནི་ལྔ་སྟེ། དགེ་འདུན་གྱིས་རུང་བ་དང་། གང་ཟག་གིས་རུང་བ་དང་། ཆུ་ཚགས་ཀྱིས་རུང་བ་དང་། ཆུ་མིག་གིས་རུང་བ་དང་། ཁྲོན་པས་རུང་བའོ། །དེ་ལ་དགེ་འདུན་གྱིས་རུང་བ་ནི་གང་དགེ་འདུན་ མཐུན་པས་བསྐོས་པའི་དགེ་སློང་གིས་ཆུ་བཙགས་པར་གྱུར་པ་སྟེ། དགེ་འདུན་གྱིས་རུང་བ་དེ་ལ་དགེ་སློང་གིས་ལོངས་སྤྱད་པར་བྱའོ། །གང་ཟག་གིས་རུང་བ་ནི་དགེ་སློང་གང་ཚུལ་ཁྲིམས་མ་ཉམས་པ་དང་། ལྟ་བ་མ་ཉམས་པ་དང་། སྤྱོད་པ་མ་ཉམས་པ་དང་། འཚོ་བ་མ་ཉམས་པས་ ཡོངས་སུ་དག་པར་གྱུར་པ་སྟེ། གང་ཟག་གིས་རུང་བ་དེ་ལ་དགེ་སློང་གིས་ལོངས་སྤྱད་པར་བྱའོ། །ཆུ་ཚགས་ཀྱིས་རུང་བ་ནི་ཆུ་ཚགས་གང་ནམ་ཡང་མ་དག་པ་མ་ཡིན་པ་དེས་བཙགས་པ་སྟེ། བཏུང་བར་བྱའོ། །ཆུ་མིག་གིས་རུང་བ་ནི་འབབ་པའོ། །ཁྲོན་པས་རུང་བ་ནི་ཁྲོན་པ་གང་གི་ཆུ་དག་ པ་དེ་ལས་ཉི་མ་ནུབ་ཀར་བླངས་ནས་ཇི་སྲིད་ཉི་མ་ཤར་གྱི་བར་དུ་སྟེ། ཁྲོན་པས་རུང་བའི་ཆུ་བཏུང་བར་བྱའོ། །དགེ་སློང་རྣམས་ཧ་ཅང་ཡུན་རིང་དུ་ཆུ་རྟོག་པས་འཁྲུལ་པ་མཐོང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླང་དྲུག་གི་ཤིང་རྟ་སྨྱིག་མས་བཀང་བ་འཁོར་བ་ཙམ་མམ། ཇི་ ཙམ་གྱིས་ཡིད་ཆེས་པ་དེ་ཙམ་དུ་བརྟག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་དགེ་སློང་རྣམས་ལ་སྡེར་སྤྱད་དག་འབུལ་བར་བྱེད་པ་ན་དགེ་སློང་རྣམས་མི་ལེན་ ཏོ། །དེ་དག་གིས་སྨྲས་པ། འཕགས་པ་དག་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བར་མ་གྱུར་པ་དེའི་ཚེ་ནི་མུ་སྟེགས་ཅན་དག་ཡོན་གནས་ལགས། ད་ནི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བས་ཁྱེད་ཡོན་གནས་ལགས་ཏེ། གལ་ཏེ་ཁྱེད་ཀྱིས་མི་བཞེས་ན་ཅི་ བདག་ཅག་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་དགེ་བའི་ལམ་རྒྱགས་མ་མཆིས་པར་འཆིའམ་བཞེས་ཤིག །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་སྡེར་སྤྱད་དག་ བླང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་ཕྱིར་སྡེར་སྤྱད་དག་བླང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་དེ་དག་བླངས་ནས་མཛོད་དུ་བཅུག་སྟེ་བཞག་ནས་དེ་བཞིན་དུ་ལྷུང་བཟེད་དག་ཏུ་ཟ་བ་དང་། བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ མཐོང་སྟེ་སྨྲས་པ། འཕགས་པ་དག་བདག་ཅག་གིས་སྡེར་སྤྱད་ཕུལ་བ་དེ་དག་མི་གདའ་ན། དགེ་སློང་རྣམས་ཀྱིས་སྨྲས་པ། བཞིན་བཟངས་དག་མཛོད་ན་འདུག་གོ། །དེ་དག་གིས་སྨྲས་པ། འཕགས་པ་དག་ཅི་བདག་ཅག་གི་ཁྱིམ་ན་གནས་མ་མཆིས་ཏེ། བདག་ཅག་གིས་ཁྱེད་ལ་ ཕུལ་ལམ། ཡོངས་སུ་ལོངས་སྤྱད་ན་བདག་ཅག་ལ་ཡོངས་སུ་ལོངས་སྤྱད་པའི་རྒྱུ་ལས་བྱུང་བའི་བསོད་ནམས་སུ་འགྱུར་བ་ཞིག་ན་ཁྱེད་ཀྱིས་ཀྱང་མཛོད་དུ་བཅུག་པ་ལྟ། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་ བདག་གིས་བྱིན་པའི་སྡེར་སྤྱད་དག་ཡོངས་སུ་ལོངས་སྤྱད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སྦྱིན་བདག་གིས་བྱིན་པའི་སྡེར་སྤྱད་དག་ཡོངས་སུ་ལོངས་སྤྱད་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་ཡོངས་སུ་ལོངས་སྤྱད་པར་བརྩམས་སོ། །བྲམ་ཟེ་དང་ཁྱིམ་བདག་གཞན་ རྒྱ་ཆེན་པོ་ལ་མོས་པ་དེ་དག་གིས་སྡེར་སྤྱད་ཚད་ཆེན་པོ་དག་ཕུལ་བ་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་དེ་དག་འཁྲུ་བས་ངལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡེར་སྤྱད་ཀྱི་ཞལ་ཏ་བ་བསྐོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སྡེར་སྤྱད་ཀྱི་ཞལ་ཏ་བ་ བསྐོ་བར་བྱའོ་ཞེས་བཀའ་སྩལ་པ་དང་། བྱེ་བྲག་མེད་པར་བསྐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ལྔ་དང་ལྡན་པའི་སྡེར་སྤྱད་ཀྱི་ཞལ་ཏ་བ་མ་བསྐོས་པ་ནི་བསྐོ་བར་མི་བྱ། བསྐོས་པ་ནི་དབྱུང་བར་བྱ་སྟེ་ལྔ་གང་ཞེ་ན་འདུན་པས་འགྲོ་བ་དང་། ཞེ་སྡང་དང་། གཏི་མུག་དང་ འཇིགས་པས་འགྲོ་བ་དང་། སྡེར་སྤྱད་བྲིམས་པ་དང་མ་བྲིམས་པ་དག་མི་ཤེས་པའོ། །ཆོས་ལྔ་དང་ལྡན་པའི་སྡེར་སྤྱད་ཀྱི་ཞལ་ཏ་བ་མ་བསྐོས་པ་ནི་བསྐོ་བར་བྱ། བསྐོས་པ་ནི་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མ་ཡིན་པ་དང་། གཏི་མུག་གིས་མ་ ཡིན་པ་དང་། འཇིགས་པས་མི་འགྲོ་བ་དང་། སྡེར་སྤྱད་བྲིམས་པ་དང་མ་བྲིམས་པ་དག་ཤེས་པའོ། །བསྐོ་བ་ནི་འདི་ལྟར་བྱ་སྟེ། གནས་མ་ལ་བཤམས་ནས། གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་འདུན་རྣམས་ལ་བསྒོ་ནས་དགེ་འདུན་ཐམས་ཅད་འདུས་ཏེ་འདུག་པ་དང་། རེ་ ཞིག་དང་པོར་སྤྲོ་བ་བྱ་སྟེ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྡེར་སྤྱད་འབྲིམ་པར་བསྐོ་བར་སྤྲོའམ་གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་སྨྲ་བར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་ བ་འདི་དགེ་འདུན་གྱི་སྡེར་སྤྱད་འབྲིམ་པར་སྤྲོ་སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་སྡེར་སྤྱད་ཀྱི་ཞལ་ཏ་བར་བསྐོས་ཏེ། སྡེར་སྤྱད་ཀྱི་ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྡེར་སྤྱད་འབྲིམ་པར་ འགྱུར་རོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་སྡེར་སྤྱད་འབྲིམ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་སྡེར་སྤྱད་ཀྱི་ཞལ་ཏ་བར་བསྐོ་ཞིང་སྡེར་སྤྱད་ཀྱི་ཞལ་ཏ་ བ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་སྡེར་སྤྱད་འབྲིམ་པར་འགྱུར་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་སྡེར་སྤྱད་ཀྱི་ཞལ་ཏ་བར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་སྡེར་སྤྱད་ཀྱི་ཞལ་ཏ་བ་ མིང་འདི་ཞེས་བགྱི་བ་དགེ་འདུན་ལ་སྡེར་སྤྱད་དག་འབྲིམ་པར་འགྱུར་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་རྣམས་ཀྱིས་ཟས་ཟོས་ནས་ལྷག་མས་འབགས་བཞིན་དུ་དེ་ཉིད་ལ་བྱིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷག་མས་འབགས་པ་དག་ལྷན་ ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་བཀྲུ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ལྷག་མས་འབགས་པ་དག་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་བཀྲུ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞན་དག་ཅིག་ལ་འཁོར་མེད་ནས་དེ་དག་བདག་ཉིད་ འཁྲུ་བར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་སྡེར་སྤྱད་ཀྱི་ཞལ་ཏ་བ་དག་ཁོ་ནས་བཀྲུ་བར་བྱ་ཞིང་དེ་དག་གིས་ཀྱང་དེ་དག་ལ་སྦྱིན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ སོ། །དྲུག་སྡེ་རྣམས་ལྷུང་བཟེད་ནག་པོ་གཅིག་ཏུ་ཅིག་ཆར་བཟའ་བར་བརྩམས་ནས་དེ་དྲུག་ཅར་གྱིས་མཉམ་དུ་ལག་པ་བཅུག་པ་དང་། ལྷུང་བཟེད་ལག་པ་ལ་ཐོགས་ཏེ་དེ་འཕྱང་བར་གྱུར་པ་དང་། དེ་དག་གིས་ཚེ་དང་ལྡན་པ་དག་ལྷུང་བཟེད་ནག་པོ་ཆོ་འཕྲུལ་བྱེད་པ་ལ་ལྟོས། དེ་དག་གིས་ལག་ པ་དྲངས་ཏེ་ལྷུང་ནས་ཆག་པ་དང་། དེ་དག་གིས་རྟ་གད་ཀྱིས་བཏབ་པ་དགེ་སློང་རྣམས་ཀྱིས་མཐོང་སྟེ་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་ལྟ་བུ་མི་མཛེས་པ་བྱས་ནས་གནོང་སྟེ་འདུག་པར་བྱ་བ་ཡིན་ན། ཁྱེད་དགོད་པ་ལྟ། དེ་དག་གིས་སྨྲས་པ། ཅི་བྱས་ཆང་འཐུངས་སམ་ཀུན་ དོང་ཟོས། དགེ་སློང་རྣམས་ཀྱིས་སྨྲས་པ་དང་། ཅི་དེ་ཡང་བྱེད་དམ། གཞན་ཅི་བྱས། ལྷུང་བཟེད་ནག་པོ་མ་བཅག་གམ། འདི་ལ་འགལ་བ་ཅི་ཞིག་ཡོད། ཅི་རྫ་མཁན་ཤིའམ། འཇིམ་པ་མེད་དམ། གཞན་བྱར་ཟད་མོད། དེ་དག་ཅང་མི་སྨྲ་བར་འདུག་པ་དང་། སྐབས་ དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་གཅིག་ཏུ་ཟ་བ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་གཅིག་ཏུ་བཟའ་བར་མི་བྱའོ། །ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་གཅིག་ཏུ་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཅིག་འགྲོན་པ་དང་། ཐབས་ཅིག་ཆས་པ་འགྲོན་པ་ཕྱོགས་གཅིག་ཏུ་ཟན་བཟའ་བར་བརྩམས་པ་ན་དགེ་སློང་དེ་དག་ཐམས་ཅད་ལ་སྡེར་སྤྱད་དག་མི་བདོག་སྟེ། དེ་དག་རེ་རེ་ ནས་ཟན་ཟ་བ་ལ་རིང་ཞིག་ཐོགས་ནས་འགྲོན་པ་ཐལ་བ་དང་། ཆོམ་པོ་དག་གིས་བཅོམ་མོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་དུ་ཞུགས་པ་ན་གལ་ཏེ་སྡེར་སྤྱད་དག་མ་རྙེད་ན་གཅིག་ཏུ་བཟའ་བར་བྱ་སྟེ། ལག་པ་ནི་རེ་རེ་ནས་གཞུག་པར་བྱ་ཞིང་དབྱུང་བར་བྱའི་ཅིག་ཅར་དུ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ལམ་དུ་ཞུགས་པ་ན་གལ་ཏེ་སྡེར་སྤྱད་དག་མ་རྙེད་ན་གཅིག་ཏུ་བཟའ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དེ་ན་དགེ་ཚུལ་གང་དག་འཁོད་པ་དེ་དག་དང་ལྷན་ཅིག་གཅིག་ཏུ་ཟ་བར་བྱེད་པས་ཉེས་ དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་བཟུང་ལ་དེ་དག་དང་ལྷན་ཅིག་བཟའ་བར་བྱའོ། །རུང་བ་བྱེད་པ་གཞན་དག་ཅིག་ཡོད་པ་དེ་དག་ཟན་ཟ་བ་ན་འགྲོན་པ་རྣམས་དང་བྲལ་ནས་ཉེས་དམིགས་དེ་ཉིད་དུ་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། གོང་བུར་སྒོངས་ལ་བྱིན་ཅིག །དགེ་སློང་གཞན་དག་ཅིག་གཉེན་གྱི་ཁྱིམ་དུ་སོང་བ་དང་། གཉེན་དག་གིས་སྨྲས་པ། བདག་ཅག་ལྷན་ཅིག་ཟོས་ནས་རིང་ཞིག་ལོན་པས་ཟན་ལྷན་ཅིག་བཟས་ཚུར། དེ་དག་གིས་སྨྲས་པ། ཁྱེད་ནི་ཁྱིམ་པ། བདག་ཅག་ནི་རབ་ཏུ་བྱུང་བ་ཡིན་པས་ བཟར་མི་རུང་ངོ་། །དེ་དག་མི་དགའ་ནས་མཆི་མས་བརྣངས་ཤིང་འདུག་གོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཡང་དང་ཡང་དུ་དོན་དུ་གཉེར་ན་གདོན་མི་ཟ་བར་དུས་ཀྱིས་འཆུ་བར་ཤེས་ནས་གང་ དུ་གཞན་དག་གིས་མཐོང་ན་མི་མཛེས་པར་མི་འགྱུར་བ་དེར་སྡེར་སྤྱད་བཟུང་ལ་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་གོས་གཅིག་ པུ་དང་བསོད་སྙོམས་ཟ་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་དྲིས་པ། ཤེས་ལྡན་དག་ཟན་ཟ་བ་འདི་དག་སུ་ཞིག །གཞན་དག་གིས་སྨྲས་པ། དགེ་སྦྱོང་ཤཱཀྱའི་བུ་ཡིན་ནོ། །དེ་དག་འཕྱ་ཞིང་ཤེས་ལྡན་དག་སྟོན་པ་ངོ་ཚ་ཤེས་པ་དང་ལྡན་པ་དེ་ལྟ་བུ་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ དང་བྲལ་བ་འདི་དག་ལྟ་བུ་ག་ལ་ཡོད་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་གོས་གཅིག་གོན་པ་ལས་གྱུར་གྱིས་དེ་བས་ན་དགེ་སློང་གིས་གོས་གཅིག་ དང་ཟན་བཟའ་བར་མི་བྱའོ། །ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གོས་གཅིག་དང་ཟན་བཟའ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། རྒན་པོ་རྒན་ཏེ་ཉམ་ཆུང་བ་དང་། ནད་པ་སྦྱོར་མི་བཟོད་པ་དག་ཆོས་གོས་རྣམས་གྱོན་ཏེ་ཟན་བཟའ་བར་མི་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་རྔུལ་ཟན་འཇམ་པོ་དང་། ཟན་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །འོན་ཀྱང་གཞན་དག་ཅིག་གིས་མ་ནུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཕྱོགས་དབེན་པར་བཟའ་བར་བྱ་སྟེ། འདི་ ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་ཆུ་བོ་དྲེགས་ལྡན་ལ་གཅེར་བུར་ཁྲུས་བྱེད་པ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་དྲིས་པ། ཤེས་ལྡན་དག་ གཅེར་བུ་པ་ཁྲུས་བྱེད་པ་འདི་དག་སུ་ཞིག་གཞན་དག་གིས་སྨྲས་པ། དགེ་སློང་ཤཱཀྱའི་བུ་ཡིན་ནོ། །དེ་དག་འཕྱ་ཞིང་ཤེས་ལྡན་དག་སྟོན་པ་ངོ་ཚ་ཤེས་པ་དང་ལྡན་པ་དེ་ལྟ་བུ་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་བྲལ་བ་འདི་ལྟ་བུ་དག་ག་ལ་ཡོད་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་སྒྲེན་མོར་ཁྲུས་བྱེད་པ་ལས་གྱུར་གྱིས་དེ་ལྟ་བས་ན་དགེ་སློང་གིས་སྒྲེན་མོར་ཁྲུས་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་ཁྲུས་རས་བཅང་ བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁྲུས་རས་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཉིས་སྦྱར་འཆང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆིག་རྐྱང་བཅང་བར་བྱ་སྟེ། གང་ལ་ཉིས་སྦྱར་ཡོད་པ་དེས་ནི་ཆུ་བརྟགས་ལ་བཀྲུ་བར་བྱའོ། །ཆོས་གོས་ གསུམ་པ་རྣམས་མི་རུང་ངོ་སྙམ་ནས་མི་འཆང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ། །གཞན་དག་ཅིག་གིས་ཁྲུས་རས་མ་རྙེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་གིས་ཁྲུས་རས་མ་རྙེད་པས་ ལོ་མ་དག་གིས་མདུན་དང་རྒྱབ་ནས་གཡོགས་ཏེ། ཕྱོགས་དབེན་པ་གང་ན་གཞན་དག་གིས་མཐོང་ནས་མ་དད་པར་མི་འགྱུར་བར་ཁྲུས་བྱའོ། །དགེ་སློང་རྣམས་ཁྲུས་རས་གཅུས་ཏེ་དེ་དག་འགྱོད་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་ཆིག་རྐྱང་ལ་ནི་སྲོག་ཆགས་དག་ མེད་མོད་ཀྱི་འོན་ཀྱང་རས་བཤལ་ནས་གཅུ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།། །།སྡོམ་ནི། མོན་སྲན་གྲེའུ་དང་མི་རུང་བའི། །ས་དང་བསྐྱུགས་ཤིང་ཟ་བ་དང་། །བདམས་ཤིང་ཟས་ནི་ཟ་བ་དང་། །འགྱོད་དང་ཁར་བའི་ལྷུང་བཟེད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ནམ་གྲུ་གང་ཅི་ལ་ཡང་ཁུ་ཕྲིག་ཟ་བ་ཅིག་པས་དེའི་མིང་ནམ་གྲུ་ཁུ་ཕྲིག་ཅན་ནམ་གྲུ་ཁུ་ཕྲིག་ཅན་ཞེས་བྱ་བར་ཆགས་སོ། །དེ་དུས་གཞན་ཞིག་ན་ཆབ་ཁུང་སར་ཞུགས་པ་དང་། དེས་དེ་ན་མོན་སྲན་གྲེའུའི་ ཞལ་ལུ་ཞིག་མཐོང་ནས་དེ་ཡང་དག་པ་མ་ཡིན་པའི་རྟོག་པ་སྐྱེས་པ་བདག་གིས་ས་བོན་གྱི་ཆོས་མ་རུང་བར་བྱས་སོ་སྙམ་མོ། །ཅི་ཙམ་དུས་གཞན་ཞིག་ན་དགེ་འདུན་ལ་མོན་སྲན་གྲེའུའི་བཟའ་བ་དག་ཅིག་གྲུབ་པ་དེ་མི་ཟ་བར་ལྷུང་བཟེད་བཀབ་སྟེ་འདུག་པ་དང་། ལྷན་ཅིག་གནས་པ་དང་། ཉེ་གནས་ དག་གིས་སྨྲས་པ། མཁན་པོ་དགེ་འདུན་ལ་མོན་སྲན་གྲེའུའི་བཟའ་བ་དག་བྱུང་བ་ཅིའི་སླད་དུ་མི་གསོལ། དེས་སྨྲས་པ། བུ་དག་ཁོ་བོས་ས་བོན་གྱི་ཆོས་མ་རུང་བར་བྱས་སོ། །དེ་དག་གིས་སྨྲས་པ། མཁན་པོ་ཇི་ལྟ་བུ་ཞིག་བགྱིས། དེས་ཇི་ལྟར་གྱུར་པ་བསྙད་པ་དང་། དེ་དག་གིས་ཀྱང་མི་ བཟའ་བར་བརྩམས་སོ། །དེ་དག་ལ་འགྲོགས་བཤེས་རྣམས་ཀྱིས་དྲིས་པ། ཅིའི་ཕྱིར་མི་ཟ། དེ་དག་གིས་ཇི་ལྟར་གྱུར་པ་བསྙད་པ་དང་། དེ་འཁོར་མང་པོ་ཅན་ཞིག་པས་དེ་ལ་བརྟེན་ནས་དགེ་འདུན་ཐམས་ཅད་ཀྱིས་མ་ཟོས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ས་བོན་གྱི་རིགས་ཚོས་དཀའ་བ་ཞེས་བྱ་བ་ཡོད་དེ། དེ་ཡང་རླངས་པ་བྱུང་ན་ཚོས་སོ་ཞེས་བྱས་ནས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་ བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་མི་རུང་བའི་ས་ནས་ཤིང་འཁྲུངས་ལ་རུང་བའི་སར་འབྲས་བུ་ལྷགས་ན་ཡོངས་སུ་ལོངས་སྤྱད་པར་བགྱིའམ། ཡོངས་སུ་ལོངས་སྤྱད་ པར་མི་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །བཙུན་པ་རེ་ཞིག་མི་རུང་བའི་ས་ནས་ཤིང་འཁྲུངས་ལ་མི་རུང་བའི་སར་འབྲས་བུ་དག་ལྷགས་ན་ཡོངས་སུ་ལོངས་སྤྱད་པར་བགྱི་འམ། ཡོངས་སུ་ལོངས་སྤྱད་པར་མི་བགྱི། ཉེ་བ་འཁོར་ ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །བཙུན་པ་རེ་ཞིག་རུང་བའི་ས་ནས་ཤིང་འཁྲུངས་ལ་མི་རུང་བའི་སར་འབྲས་བུ་དག་ལྷགས་ན་ཡོངས་སུ་ལོངས་སྤྱད་པར་བགྱིའམ། ཡོངས་སུ་ལོངས་སྤྱད་པར་མི་བགྱི། ཉེ་བ་འཁོར་གལ་ཏེ་ཞག་ཏུ་མ་ལོན་ན་ཡོངས་སུ་ལོངས་སྤྱད་པར་བྱའོ། །བཙུན་པ་རེ་ཞིག་ རུང་བའི་ས་ནས་ཤིང་འཁྲུངས་ལ་རུང་བའི་སར་འབྲས་བུ་དག་ལྷགས་ན་ཡོངས་སུ་ལོངས་སྤྱད་པར་བགྱི་འམ། ཡོངས་སུ་ལོངས་སྤྱད་པར་མི་བགྱི། ཉེ་བ་འཁོར་ཡོངས་སུ་ལོངས་སྤྱད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་གནས་པ་དེས་སློང་མོ་བཏབ་པས་གླང་ཞིག་རྙེད་དོ། །དེའི་འོག་ཏུ་བ་ཞིག་རྙེད་དོ། །དེའི་འོག་ཏུ་ཡང་གླང་ཞིག་རྙེད་དོ། །དེའི་འོག་ཏུ་ཡང་བ་ཞིག་རྙེད་དེ་དེའི་བ་ལང་ཁྱུ་ལོངས་པར་གྱུར་ཏོ། །བྲམ་ཟེ་དེས་ཐོག་མར་རྙེད་པའི་གླང་ལ་བཀྲ་ཤིས་ཀྱི་ བློ་བྱུང་ནས། གླང་དེ་ཡན་དུ་བཏང་ངོ་། །དུས་གཞན་ཞིག་ན་དེ་རྒས་འཁོགས་ཉམ་ཆུང་བར་གྱུར་ཏེ། དེ་ཆུ་འདོད་ནས་ཆུ་བོ་དྲེགས་ལྡན་གྱི་འགྲམ་དུ་སོང་བ་ལས་འདམ་དུ་སོང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ལམ་དེར་སོང་བ་ལས། དེས་དེ་མཐོང་ནས་བསམས་པ། གླང་འདི་ལ་དགེ་བའི་རྩ་བ་ལྟ་ ཅུང་ཟད་ཡོད་དམ་སྙམ་པ་དང་། ཡོད་པར་མཐོང་ངོ་། །སུ་ལ་རག་ལས་སྙམ་པ་དང་། བདག་ཁོ་ན་ལ་སྟེ། དེས་འདམ་ནས་ཕྱུང་ནས་ལག་པས་ཕྱིས་སོ། །དེ་ནས་བཞིན་བཟངས་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་ བའོ་ཞེས་ཆོས་ཚིག་གསུམ་བཤད་དེ་ང་ལ་དད་པར་ཡང་གྱིས་ཤིག་དང་། དེ་ལྟ་ན་བྱོལ་སོང་གི་སྐྱེ་གནས་ལས་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་སྨྲས་ནས་སོང་ངོ་། །དེ་ཡང་ཝ་དག་གིས་ཟོས་པ་དང་། དེ་ཝ་དག་གིས་ཟ་བའི་ཚེ་བསམས་པ། གལ་ཏེ་འཕགས་པ་དེ་འདིར་མ་ཕྱིན་ན་བདག་འདི་ འདྲ་བའི་གནས་སྐབས་སུ་མི་འགྱུར་རོ་སྙམ་ནས། དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སེམས་མངོན་པར་དང་བར་བྱས་ནས་དུས་ལས་འདས་ཏེ། མཉན་ཡོད་ན་བྲམ་ཟེ་ལས་དྲུག་ལ་བརྩོན་པའི་རིགས་ཞིག་ཏུ་སྐྱེས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་གླང་དེའི་གནས་སྐབས་དེ་ཇི་ལྟ་བུ་ཞིག་ཡིན་བསམས་པ་ དང་། ཇི་ཙམ་ན་དུས་ལས་འདས་པར་མཐོང་ངོ་། །ཡང་གར་སྐྱེས་བསམས་པ་དང་། མཉན་ཡོད་ཉིད་དུ་བྲམ་ཟེ་ལས་དྲུག་ལ་བརྩོན་པའི་རིགས་སུ་སྐྱེས་པར་མཐོང་ནས་དེ་ཁྱིམ་དེར་ཡང་དང་ཡང་དུ་སོང་ཞིང་དེས་བྲམ་ཟེ་དེ་ཆུང་མ་དང་བཅས་ཏེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་ བཀོད་དོ། །དེ་དུས་གཞན་ཞིག་ན་ཕྱི་བཞིན་འབྲང་བའི་དགེ་ཚུལ་མེད་པར་སོང་བ་དང་། བྲམ་ཟེ་དེས་སྨྲས་པ། འཕགས་པ་ཅི་ཕྱི་བཞིན་འབྲང་བའི་དགེ་ཚུལ་མི་མངའ་འམ། དེས་སྨྲས་པ། བཞིན་བཟངས་ཅི་ཁོ་བོའི་ཕྱི་བཞིན་འབྲང་བའི་དགེ་ཚུལ་དག་རྩྭ་ཀུ་ཤ་ལས་བཟུང་བ་འམ། རྩྭ་ཀུ་ཤ་ ལ་བཟུང་བས་འབྱུང་ངམ། ཁྱོད་ལྟ་བུ་ལས་རྙེད་པ་གང་ཡིན་པ་དེ་ཁོ་བོའི་ཕྱི་བཞིན་འབྲང་བའི་དགེ་ཚུལ་དུ་འགྱུར་མོད། འཕགས་པ་བདག་གི་མཆིས་འབྲང་འདི་ལ་སེམས་ཅན་ཞུགས་ཏེ་གལ་ཏེ་ཁྱེའུར་བཙས་ན་དེ་ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་ཚུལ་བགྱིའོ། །བཞིན་བཟངས་ནད་མེད་ཅིག་བླངས་སོ་ཞེས་ སྨྲས་ནས་སོང་ངོ་། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་བུ་བ་ལང་གི་ཤ་ཚུགས་ལྟ་བུ་ཞིག་བཙས་པ་དང་། དེའི་ཉེ་དུ་རྣམས་ལྷགས་ཏེ་འདུས་ནས་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་མིང་འདོགས་པར་བྱེད་དེ། ཁྱེའུའི་མིང་ཅིར་གདགས། ཉེ་དུ་རྣམས་ཀྱིས་ སྨྲས་པ། གང་གི་ཕྱིར་ཁྱེའུ་འདི་ཤ་ཚུགས་བ་ལང་དང་འདྲ་བའི་དེའི་ཕྱིར་ཁྱེའུའི་མིང་བ་ལང་བདག་ཏུ་གདགས་སོ་ཞེས་མིང་བ་ལང་བདག་ཅེས་བྱ་བར་བཏགས་སོ། །དེ་བསྐྱེད་བསྲིངས་ནས་ཆེན་པོར་གྱུར་པ་དང་། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ ལྷུང་བཟེད་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན་དེས་བྲམ་ཟེ་དེའི་ཁྱིམ་དུ་ཕྱིན་པ་དང་། བྲམ་ཟེ་དེས་བྱོན་པ་ལེགས་སོ་ཞེས་བྱ་བའི་སྨྲ་བ་ཀུན་དུ་སྤྱད་ནས་རྐང་པ་ལ་ཕྱག་བྱས་སོ། །ཆུང་མས་ཀྱང་དེ་ལ་བཟའ་བ་དང་བཅའ་བ་གཙང་ ཞིང་བསོད་པས་ལྷུང་བཟེད་བཀང་སྟེ་ཕུལ་ལོ། །ཁྱེའུ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུའི་གདོང་དུ་ལྟ་ནས་དེས་བྲམ་ཟེ་ལ་བརྡ་བྱས་པ་དང་། དེས་ཁྱེའུ་དེ་ལ་སྨྲས་པ། བུ་ཁྱོད་ངས་མ་བཙས་པ་ནས་འཕགས་པ་ཤཱ་རིའི་བུའི་ཕྱི་བཞིན་འབྲང་བའི་དགེ་ཚུལ་དུ་ཕུལ་གྱིས་འཕགས་པ་དང་ལྷན་ཅིག་སོང་ཤིག །སེམས་ ཅན་དེ་སྲིད་པ་ཐ་མ་པ་ཞིག་སྟེ། དེའི་ཕྱི་བཞིན་སོང་བ་དང་། དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ཏེ། གདམས་ངག་བྱིན་ནོ། །དེས་འབད་བརྩལ་བསྒྲིམས་པས་འཁོར་བའི་འཁོར་ལོ་གཡོ་བ་དང་། མི་གཡོ་བ་ཆ་ལྔ་པ་འདི་ཉིད་རྟོགས་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཆོས་ཉིད་ཀྱིས་ འཇིག་པ་ལྟུང་བ། འགྱེས་པ། རྣམ་པར་འཇིག་པའི་ཆོས་ཅན་དུ་བསྒོམས་ཏེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། སེམས་གསེར་དང་བོང་བར་མཚུངས་པ། ཙན་དན་དང་སྟེའུར་འདྲ་བ། ནམ་མཁའ་ དང་ལག་མཐིལ་དུ་མཉམ་པ། མ་རིག་པའི་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་རྙེད་པ་ལ་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དུ་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་དང་། ཕྱག་ བྱ་བ་དང་། གུས་པར་སྨྲ་བར་བྱ་བའི་དགྲ་བཅོམ་པར་གྱུར་ཏོ། །དེ་ལ་ལས་ལས་སྐྱེས་པའི་མིད་པ་གཉིས་ཡོད་དེ། གཅིག་ནས་ནི་སྐྱུགས་པ་འབྱིན་ཏོ། །ཅིག་ཤོས་ནས་ནི་མིད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་ཟས་ཀྱི་བསླབ་པ་མ་བཅས་པ་དེའི་ཚེ་ནི་བསྐྱུགས་ཤིང་ མིད་དོ། །གང་གི་ཚེ་བཅས་པ་དེའི་ཚེ་ནི་བསྐྱུགས་ཤིང་འདོར་བས་དེ་ལུས་རྐེ། ཉམ་ཆུང་། ཤིག་ཤིག་པོ། རོད་ཉམས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་ དགའ་བོ་བ་ལང་བདག་ཅིའི་ཕྱིར་ལུས་རྐེ། ཉམ་ཆུང་། ཤིག་ཤིག་པོ། རོད་ཉམས་པར་གྱུར། དེས་ཇི་ལྟར་གྱུར་པ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་མིད་པ་གཉིས་གྲུབ་པ་དེས་སྐྱུགས་པ་ལན་གཉིས་ སམ། གསུམ་བོར་ཏེ་ཁ་བཀྲུས་ནས་ལྷག་མ་མིད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དགེ་སློང་རྣམས་ཟས་ཟོས་ནས་བསྐྱུགས་ཏེ་དེ་དག་འགྱོད་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དགེ་སློང་གཞན་ཞིག་ཟན་ཟོས་ཏེ་སྐྱུགས་ན་དེས་ཁ་བཀྲུ་བར་བྱ་སྟེ། འདི་ ལ་འགྱོད་པར་མི་བྱའོ། །གང་གི་ཚེ་ཚེ་དང་ལྡན་པ་བ་ལང་བདག་རབ་ཏུ་བྱུང་བ་དེའི་ཚེ་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་སྨོད། ཁ་ཟེར་ཞིང་དགེ་སྦྱོང་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ཉམས་ཤིང་ཚངས་པའི་ཚུལ་ཉམས་ཏེ། ད་ནི་བ་ལང་བདག་ལ་སོགས་པ་འཇིགས་འཇིགས་ལྟ་ རྣམས་ཀྱང་རབ་ཏུ་འབྱིན་ཏོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་ཐོས་ཆེན་པོ་རི་རབ་དང་འདྲ་བ་ལ་སྐྱེ་བོའི་ཚོགས་ཕལ་པོ་ཆེ་མ་དད་པར་བྱེད་ཀྱིས། དེ་ལྟ་བས་ན་བ་ལང་བདག་ཡུལ་དབུས་སུ་གནས་སུ་མི་ གཞུག་གོ་སྙམ་ནས། ཚེ་དང་ལྡན་པ་བ་ལང་བདག་ལ་བཀའ་སྩལ་པ། བ་ལང་བདག་ཁྱོད་དེང་ཕྱིན་ཆད་ཡུལ་དབུས་ན་མ་གནས་པར་མཐའ་འཁོབ་ཀྱི་གནས་མལ་དག་སྟེན་ཅིག །བཙུན་པ་དེ་ལྟར་འཚལ་ལོ་ཞེས་ཚེ་དང་ལྡན་པ་བ་ལང་བདག་གིས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་མཉན་ ཡོད་ནས་མི་སྣང་བར་གྱུར་ཏེ། ཤིང་ཤིར་ཤ་ཀའི་གཞལ་མེད་ཁང་སྟོང་པར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ། དགེ་སློང་བ་ལང་ བདག་འདི་ཡིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་བ་ལང་བདག་གིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཤ་ཚུགས་བ་ལང་ལྟ་བུར་གྱུར་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བ་ལང་བདག་ཉིད་ཀྱིས་ལས་རྣམས་བྱས་ཤིང་བསགས་པ། ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། ཆུ་བོ་བཞིན་ཉེ་བར་གནས་པ་ངེས་པར་མྱོང་བར་འགྱུར་བ་ཡིན་ཏེ། བ་ལང་བདག་ཉིད་ཀྱིས་བྱས་པའི་ལས་རྣམས་གཞན་སུ་ཞིག་གིས་མྱོང་བར་ འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། འོན་ཀྱང་ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། སྐྱེ་ མཆེད་དང་། ཁམས་དག་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་རོ། །བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ་དེའི་ བསྟན་པ་ལ་འདི་རབ་ཏུ་བྱུང་བར་གྱུར་ཏོ། །དགེ་སློང་གང་གིས་རབ་ཏུ་བྱུང་བ་དེ་རྒས་འཁོགས་ཉམ་ཆུང་བ་ཞིག་སྟེ། དེས་དེའི་ལྷུང་བཟེད་འཁྲུ་བ་ན་དགེ་སློང་གཞན་ཞིག་དང་ལྷན་ཅིག་ཁ་ཏོན་ཟེར་བ་ལས་རིང་ཞིག་ཐོགས་ནས་དེའི་མཁན་པོ་དེས་རང་དགར་ཟན་ཟོས་པ་དང་། དེ་ཁ་ཏོན་ལ་ཆགས་པས་མཁན་ པོ་དེ་ལས་འཕྱས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཟན་ཟོས་ནས་བདག་ཉིད་ཀྱི་ལྷུང་བཟེད་བཀྲུས་ཏེ་མཁན་པོའི་དྲུང་དུ་སོང་བ་དང་། ད་དུང་ཟན་ཟ་བ་མཐོང་ནས་དེ་ཀུན་ནས་དཀྲིས་པས་སྨྲས་པ། མཁན་པོ་ཅི་ཁྱོད་གླང་རྒན་བཞིན་དུ་ལྡད་ཅིང་བཞུགས་སམ། དེས་བསམས་པ། འདི་ཀུན་ནས་ དཀྲིས་པས་གལ་ཏེ་ཅུང་ཟད་ཅིག་སྨྲས་ན། ཇེ་ཐུ་བར་འཁྲུག་པ་སྐྱེད་པར་འགྱུར་གྱིས་གང་གི་ཚེ་འདི་ཀུན་ནས་དཀྲིས་པ་དང་བྲལ་བ་དེའི་ཚེ་དྲི་བར་བྱའོ་སྙམ་ནས། དེས་དེ་ཀུན་ནས་དཀྲིས་པ་དང་བྲལ་བ་དང་སྨྲས་པ། ཚེ་དང་ལྡན་པ་ཅི་ཟེར། དེས་སྨྲས་པ། ཁྱོད་གླང་རྒན་བཞིན་ལྡད་དམ་ཞེས་དེ་སྐད་ མཆི་མོད། དེས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་ང་སུ་ཡིན་ཤེས་སམ། འཚལ་ཏེ་ཁྱོད་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བ་ལགས་ལ། བདག་ཀྱང་དེ་ཁོ་ནའི་གསུང་རབ་ལ་རབ་ཏུ་བྱུང་བ་ལགས་སོ། །དེས་སྨྲས་པ། དེ་ནི་དེ་ལྟ་ ཡིན་ཏེ་བདེན་ན་འོན་ཀྱང་རབ་ཏུ་བྱུང་བས་བྱ་བ་འམ་བྱེད་པ་གང་ཡིན་པ་དེ་ངས་བྱས་ཏེ། དེ་ལྟ་བས་ན་ང་ནི་འཆིང་བ་ཐམས་ཅད་ལས་གྲོལ་བ་ཡིན། ཁྱོད་ནི་འཆིང་བ་མཐའ་དག་གིས་བཅིངས་པ་ཡིན་ན་ཁྱོད་ཀྱིས་ངག་གི་ལས་རྩུབ་མོ་སྨྲས་ཀྱིས། ཁྱོད་ཀྱིས་ལས་དེ་ཅི་ནས་ཀྱང་བསྲབས་པ་ ཉིད་དང་། ཡོངས་སུ་ཟད་པ་ཉིད་དང་། ཡོངས་སུ་གཏུགས་པར་འགྱུར་བར་ཉེས་པ་ལ་ཉེས་པར་ཤོགས་ཤིག །དེས་ཉེས་པ་ལ་ཉེས་པར་བཤགས་སོ། །གང་འདིས་དགེ་སློང་དགྲ་བཅོམ་པ་ལ་གླང་རྒན་ཞེས་བྱ་བའི་སྨྲ་བ་ཀུན་དུ་སྤྱོད་པ་ཀུན་དུ་སྤྱད་པའི་ལས་དེའི་རྣམ་པར་སྨིན་པས་ ཚེ་རབས་ལྔ་བརྒྱར་བ་ལང་གི་སྐྱེ་གནས་སུ་སྐྱེས་སོ། །ལས་ཀྱི་ལྷག་མ་དེ་ཉིད་ཀྱིས་ད་ལྟར་ཤ་ཚུགས་བ་ལང་ལྟ་བུར་སྐྱེས་སོ། །ཡང་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་བ་ལང་བདག་གིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་ སྨིན་པས། བཅོམ་ལྡན་འདས་ཀྱིས་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ཏུ་ལུང་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །གང་དུ་སྨོན་ལམ་བཏབ་ལགས། འདི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དེ་ཁོ་ནའི་ གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་ཐོབ་པར་མ་གྱུར་ཏོ། །གང་གི་ཐད་དུ་རབ་ཏུ་བྱུང་བ་དེ་ནི་བཅོམ་ལྡན་འདས་འོད་སྲུང་གིས་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ཏུ་ལུང་བསྟན་ཏོ། །དེ་ན་ འདིས་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་གི་ཐད་དུ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་འགའ་ཡང་ཐོབ་པར་མ་གྱུར་གྱིས། དགེ་བའི་རྩ་བ་འདིས་བདག་བཅོམ་ ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པ་དེའི་གསུང་རབ་ ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ཞིང་། ཇི་ལྟར་བདག་གིས་མཁན་པོ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ཏུ་བསྟན་པ་དེ་བཞིན་ དུ་བདག་ཀྱང་ཤཱཀྱའི་རྒྱལ་པོ་ཤཱཀྱ་ཐུབ་པ་དེས་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ཏུ་སྟོན་པར་གྱུར་ཅིག །སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་བས་མཐའི་གནས་མལ་ལ་དད་པ་རྣམས་ཀྱི་ནང་ན་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་འདྲེན་མ་རྣམས་སྤངས་ནས་ལས་གཅིག་ཏུ་དཀར་བ་དག་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་གིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་འདི་བྱིན་ཅིག །འདི་ལས་བྱིན་ཅིག་ཅེས་འདམ་ཞིང་འདམ་ཞིང་ཟས་ཟ་བ་དང་འདྲིམ་པ་འཁྲུགས་པར་ གྱུར་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་བདམས་ཤིང་ཟས་བཟའ་བར་མི་བྱ་སྟེ། ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་ མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་ཟས་ཟ་བ་ན་ལྷུང་བཟེད་བཟེད་པ་ལས་དེ་ལྷུང་བཟེད་ཀྱི་གཞིའི་སྟེང་དུ་ལྷུང་ལྷུང་བཟེད་ཀྱི་གཞི་བཟེད་པ་ལས་ལྷུང་བཟེད་དུ་ལྷུང་ནས་དེ་རྣམས་འགྱོད་དེ་མི་ཟ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལྷུང་བཟེད་བཟེད་པ་ལས་ལྷུང་བཟེད་ཀྱི་གཞིའི་སྟེང་དུ་ལྷུང་ན་བྱིན་ལེན་བྱས་པ་ཞེས་བྱ། ལྷུང་བཟེད་ཀྱི་གཞི་བཟེད་པ་ལས་ལྷུང་བཟེད་ཀྱི་ནང་དུ་ལྷུང་ན་བྱིན་ལེན་བྱས་པ་ཞེས་བྱ། ལྷུང་བཟེད་བཟེད་པ་ལས་ལྷུང་བཟེད་ཀྱི་ནང་དུ་ལྷུང་ན་བྱིན་ ལེན་བྱས་པ་ཞེས་བྱ། ལྷུང་བཟེད་ཀྱི་གཞི་བཟེད་པ་ལས་ལྷུང་བཟེད་ཀྱི་གཞིའི་ནང་དུ་ལྷུང་ན་བྱིན་ལེན་བྱས་པ་ཞེས་བྱ་སྟེ། འོན་ཀྱང་བྱིན་ལེན་གྱི་སེམས་ནི་ཉེ་བར་གཞག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་ བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཉེ་དགའ་བོ་ཁར་བའི་མགར་བའི་དྲུང་དུ་སོང་ནས་དེས་སྨྲས་པ། བཞིན་བཟངས་ཁར་བའི་ལྷུང་བཟེད་ཅིག་བྱ་ན་ནུས་སམ། དེས་སྨྲས་པ། འཕགས་པ་འདི་ཉིད་བདག་གི་བཟོ་ལགས་ཀྱིས་ཚད་ཇི་ཙམ་ཞིག་བགྱི། ཆེན་པོར་བྱའོ། །འཕགས་པ་ཁྱོད་ ལ་ཁར་བའི་ལྷུང་བཟེད་ཆེན་པོ་ཅི་འཚལ། བཀྲེན་པ་ཁྱོད་ཅི་རིན་མེད་པར་བྱེད་དུ་འཇུག་སྙམ་མམ། རིན་ཐང་སྦྱིན་གྱིས་བྱོས་ཤིག །དེས་བསམས་པ། འདི་ལ་བདག་གི་ཁར་བ་ཅི་ཞིག་འགོད་བྱའོ་སྙམ་ནས་དེས་དེའི་ཁར་བའི་ལྷུང་བཟེད་ཆེན་པོ་ཞིག་བྱས་སོ། །དེས་སྨྲས་པ། གང་ འདིའི་ནང་དུ་ཆུད་པ་གཞན་ཞིག་ཀྱང་གྱིས་ཤིག །དེས་གཞན་ཡང་བྱས་སོ། །དེ་བཞིན་དུ་གཞན་གང་ཡིན་པ་བདུན་པའི་བར་དུ་བྱས་ནས་དེ་རྣམས་ཚེ་དང་ལྡན་པ་ཉེ་དགའ་བོས་དགེ་ཚུལ་འཁྲུར་བཅུག་སྟེ། ཚོན་སྣ་ལྔ་པའི་སྐུད་པ་ལས་དྲ་བ་བྱེད་དུ་བཅུག་ནས་དེ་རྣམས་དེར་བཅུག་སྟེ། གོ་རིམས་བཤམས་ནས་དགེ་ཚུལ་གྱི་མགོ་ལ་བསྐུར་ཏེ་གང་དུ་མགྲོན་དུ་བོས་པ་དེར་འགྲོའོ། །སོན་ནས་དེ་དག་བཀྲམ་སྟེ་འདུག་པ་དང་། ཁྱིམ་བདག་དང་བྲམ་ཟེ་རྣམས་ཀྱིས་སྨྲས་པ། འཕགས་པ་ཅི་ཁྱོད་ཀྱིས་ཁར་བའི་མགར་བའི་ཟོང་བཀྲམ་མམ། དེས་སྨྲས་པ། བཀྲེན་པ་ ཁྱེད་ཅི་ཤེས། འདིར་ནི་རེ་ཞིག་ཕྱེ་དག་བླང་ངོ་། །འདིར་ནི་སྣུམ་ཁུར་དག་གོ། །འདིར་ནི་འབྲས་ཆན་དག་གོ། །གཞན་རྣམས་སུ་ནི་ཚོད་མ་དག་བླང་ངོ་། །དེ་རྣམས་ཀྱིས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་ཀོ་རེས་འགའ་ཚོད་མ་མང་པོ་དག་འབྱུང་བས་གཞན་དག་དང་ གཞན་དག་ཀྱང་ཉེ་བར་གཞག་དགོས་སོ་ཞེས་བྱས་པ་དང་། དེ་ཅང་མི་སྨྲ་བར་འདུག་གོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་ཁར་བའི་ལྷུང་བཟེད་འཆང་བ་ལས་གྱུར་ གྱིས་དེ་ལྟ་བས་ན་དགེ་སློང་གིས་ཁར་བའི་ལྷུང་བཟེད་བཅང་བར་མི་བྱའོ། །འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཁ་གཟར་དང་། ཚྭ་ཁུག་དང་། ཕུལ་བའི་བཏུང་ཕོར་ནི་མ་གཏོགས་སོ།། །།སྡོམ་ནི། རྐང་པ་བཀྲུ་བ་བཀག་པ་དང་། །ཤོལ་ཟངས་དག་ནི་གནང་བ་དང་། །དེ་བཞིན་བསིལ་ ཡབ་ཉིད་དང་ནི། །སྦྲང་མ་རྣམས་ལ་གཡབ་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་བབ་བབ་ཏུ་རྐང་པ་འཁྲུ་བ་དེར་སྦྲང་བུ་དག་གིས་གང་བར་འདུག་གོ། །ཇི་ཙམ་ན་བྲམ་ཟེ་དང་ ཁྱིམ་བདག་གཙུག་ལག་ཁང་ལྟར་འོངས་པ་དེ་དག་གིས་མཐོང་ནས་སྨྲས་པ། འཕགས་པ་སྦྲང་བུ་ཟ་ཟི་མཆི་བས་གང་བའི་ཕྱོགས་འདི་ཅི་ཞིག །དགེ་སློང་རྣམས་ཀྱིས་སྨྲས་པ། བདག་ཅག་གིས་འདིར་རྐང་པ་བཀྲུས་སོ། །དེ་དག་འཕྱ་སྟེ། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་གཙང་ སྦྲ་མེད་དེ་བབ་བབ་ཏུ་རྐང་པ་འཁྲུའོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་བབ་བབ་ཏུ་བཀྲུ་བར་མི་བྱའི། འོན་ཀྱང་གནས་ཁང་གི་སྟེང་ཤར་ལྷོའི་མཚམས་སུ་རྐང་པ་བཀྲུ་བའི་གནས་བྱའོ། །བཅོམ་ལྡན་ འདས་ཀྱིས་རྐང་པ་བཀྲུ་བའི་གནས་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་ཇི་ལྟ་བུ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རུ་སྦལ་ལྟ་བུར་བྱའོ། །རབ་ཏུ་འཇམ་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩུབ་པོར་བྱའོ། །དགེ་སློང་རྒས་ པ་འཁོགས་པ་ཉམ་ཆུང་བ་དེ་དག་ཕྱོགས་དེར་འགྲོ་མི་ནུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་གྱོ་མོ་ཉེ་བར་གཞག་པར་བྱའོ། །དགེ་སློང་རྣམས་གྱོ་མོར་འཁྲུ་བ་ན་དེ་ཆག་ནས་ཇི་མ་རུང་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤོལ་ཟངས་ཉེ་བར་གཞག་ པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཤོལ་ཟངས་ཉེ་བར་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་ཤོལ་ཟངས་དག་ཉེ་བར་བཞག་གོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། འཕགས་པ་འདི་ཅི་ཞིག ། དེ་རྣམས་ཀྱིས་སྨྲས་པ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་ཤོལ་ཟངས་གནང་ངོ་། །འཕགས་པ་ཅི་དགེ་སྦྱོང་ཁྱེད་འདོད་པའི་ཡོན་ཏན་དག་གིས་གནོད་དམ། དེ་དག་གིས་སྨྲས་པ། ཁྱེད་ཀྱི་མགྲིན་པར་རྡོག་པས་མནན་ཏོ། །དེ་དག་འཕྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསེར་དང་། དངུལ་དང་། ཤེལ་དང་། བཻ་ཌཱུརྱ་ལས་བྱས་པའི་ཤོལ་ཟངས་དག་ཉེ་བར་གཞག་པར་མི་བྱ་སྟེ། འོན་ཀྱང་འཇིམ་པ་ལས་བྱས་པའི་ཤོལ་ཟངས་ཉེ་བར་གཞག་པར་བྱའོ། །རྔ་མོ་ལྟ་བུ་ཉེ་བར་གཞག་པ་དང་། དེ་ལྡེག་ནས་བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། གླང་པོ་ཆེའི་རྐང་པ་ལྟ་བུར་བྱ་ཞིང་དེའི་དབུས་སུ་འབུར་ཀ་དམ་པའི་མེ་ཏོག་ལྟ་བུར་བྱའོ། །ཤིན་ཏུ་འཇམ་པོར་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩུབ་པོར་བྱའོ། །དགེ་སློང་རྣམས་ཤོལ་ཟངས་བབ་བབ་ཏུ་འཇོག་ནས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ནི་ཁང་ཏོག་ཏུ་ཁས་ཕུབ་ལ་ཞོག་ཅིག །གང་ཟག་དག་གི་ནི་གནས་ཁང་གི་སྒོ་ལྐོག་ཏུ་ཞོག་ཅིག །སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀཽ་ཤཱམྦཱི་ན་སྒྲ་ལེན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དཔྱིད་ཀྱི་དུས་ལ་བབ་ནས་དགེ་སློང་རྣམས་ཚ་བས་རྨྱ་སྟེ། དེ་དག་ ལུས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རྐེ། ཉམ་ཆུང་། ཤིག་ཤིག་པོ། རོད་ཉམས་པར་གྱུར་པ་ཁྱིམ་བདག་དང་། བྲམ་ཟེ་རྣམས་ཀྱིས་མཐོང་ནས་སྨྲས་པ། འཕགས་པ་ཁྱེད་ཅིའི་སླད་དུ་ལུས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རྐེ། ཉམ་ཆུང་ཤིག་ཤིག་པོ། རོད་ཉམས་པར་གྱུར། དེ་དག་གིས་ ཇི་ལྟར་གྱུར་པ་བསྙད་པ་དང་། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག་ཁྱེད་བསིལ་ཡབ་མི་འཆང་ངམ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་དག་ཁྱེད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་བསིལ་ཡབ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བསིལ་ཡབ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་ཡུ་བ་གསེར་དང་། དངུལ་དང་། ཤེལ་དང་། བཻ་ཌཱུརྱ་ལས་བྱས་པ་བསྲུབས་པ། བཀྲ་བ་དང་། ཉེ་བར་བཀྲ་བའི་ཡུ་བ་ཅན་གྱི་བསིལ་ཡབ་དག་བཅངས་པ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ཞེས་བྱ་བ་ནས། ཁྱེད་ཀྱི་མགྲིན་པ་རྡོག་པས་མནན་ཏོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་དག་འཕྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུ་བ་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པ་བསྲུབས་པ་བཀྲ་བ་དང་། ཉེ་བར་བཀྲ་བའི་ཡུ་བ་ཅན་གྱི་བསིལ་ཡབ་དག་ཉེ་བར་གཞག་པར་མི་བྱའི། འོན་ཀྱང་བསིལ་ཡབ་གཉིས་པོ་རྩྭ་བ་རུ་ཏ་ ལས་བྱས་པ་དང་། ཤིང་ཏ་ལའི་འདབ་མ་བཅང་བར་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་དགེ་སློང་རྣམས་ལ་བསིལ་ཡབ་རྣམ་པ་སྣ་ཚོགས་འབུལ་བ་ན་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་འདུན་གྱི་ཕྱིར་བཅང་བར་ བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པ་ན་བཞུགས་སོ། །དགེ་སློང་རྣམས་ལ་སྦྲང་མ་དག་ཟ་སྟེ། དེ་དག་གི་ལུས་སྦྲང་མས་ཟོས་པས་འབྲུམ་བུས་གང་སྟེ། དེ་དག་གིས་ཡང་དང་ཡང་དུ་ཕྲུགས་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ སྨྲས་པ། འཕགས་པ་དག་ཁྱེད་ཅིའི་ཕྱིར་ལུས་འདི་ལྟར་འབྲུམ་བུས་གང་། དེ་དག་གིས་ཇི་ལྟར་གྱུར་པ་བསྙད་པ་དང་། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག་ཁྱེད་སྦྲང་ཡབ་མི་འཆང་ངམ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་དག་ཁྱེད་ཀྱི་སྟོན་པ་ནི་ཐུགས་ རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་སྦྲང་ཡབ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སྦྲང་ཡབ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་ སྡེ་རྣམས་ཀྱིས་ཡུ་བ་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པ་དང་། རྔ་མ་ལས་བྱས་པའི་སྦྲང་ཡབ་དག་ཉེ་བར་གཞག་པ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །སྦྲང་ཡབ་ནི་ལྔ་སྟེ། བལ་ལས་བྱས་པ་དང་། ཤ་ན་ལས་བྱས་པ་ དང་། རས་བལ་ལས་བྱས་པ་དང་། རས་མ་དང་། ལོ་མ་སྦམས་པའོ།། །།སྡོམ་ནི། གོས་མདུད་པ་དང་ལུས་དང་ནི། །ཁར་བ་དྲ་བ་འཆང་བ་དང་། །སྒོག་སྐྱ་དག་ནི་བཀག་པ་དང་། །ནད་པ་ལ་ནི་གནང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་སྟོངས་མོ་བྱའོ་ཞེས་བཀའ་སྩལ་པ་དང་། དེ་ན་དགེ་སློང་གཅིག་སྐས་ལ་འཛེག་པ་ན་འོག་ན་ཤིང་མཁན་ཞིག་འདུག་པ་དེས་དེ་མདོམས་དང་བ་མཐོང་ནས་སྨྲས་པ། འཕགས་པ་ཁྱོད་སྐྱེས་པའི་དབང་པོ་དང་ལྡན་ པས་བདག་གིས་ཕོ་ལགས་པར་གདོད་འཚལ་ལོ། །དེ་གནོང་ནས་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་གོས་མདུད་པ་མ་བོར་བ་ཉིད་དུ་སྐས་ལ་འཛེག་པ་ལས་ གྱུར་གྱིས་དེའི་ཕྱིར་དགེ་སློང་མཁར་ལེན་བྱེད་པ་གོས་མདུད་པ་བོར་ནས་མཁར་ལེན་བྱེད་དུ་གཞུག་གོ་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་སྟོངས་མོ་བྱེད་པས་གོས་མདུད་པ་བོར་ནས་མཁར་ལེན་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ གོས་མདུད་པ་བོར་ནས་མཁར་ལེན་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་གོས་མདུད་པ་བོར་ནས་མཁར་ལེན་བྱེད་པ་ན་མ་དད་པ་རྣམས་འཕྱ་སྟེ། འཕགས་པ་ཅི་སྟོབས་འགྱེད་དམ། དེ་དག་གིས་སྨྲས་པ། བཞིན་བཟངས་དག་མཁར་ལེན་བྱེད་དོ། །དེ་དག་ཅང་མི་སྨྲ་བར་འདུག་པའི་ སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་སྐས་ལ་འཛེག་པ་དེ་དག་གིས་མདུད་པ་བོར་བར་བྱའི་གཞན་དག་གིས་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་ལུས་ཀྱིས་ཁུར་ཁྱེར་བ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་འཕྱ་སྟེ། འཕགས་པ་བདག་ཅག་ནི་རེ་ཞིག་ཕ་མ་དང་བུ་དང་ཆུང་མའི་སླད་དུ་ཁུར་ཐོགས་ན་ཁྱེད་སུའི་སླད་དུ་ལུས་ཀྱིས་ཁུར་བསྣམས། དེ་དག་གིས་སྨྲས་ པ། བཞིན་བཟངས་དག་བདག་ཅག་ལ་ཡང་སྟོན་པ་མཆོད་པ་དང་། དགེ་འདུན་བཤོས་གསོལ་བ་དང་། ནད་པ་རྣམས་ཀྱི་རིམ་གྲོ་དང་། བྱ་བ་མང་པོ་ཡོད་དོ། །དེ་དག་ཅང་མི་སྨྲ་བར་འདུག་གོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ལུས་ཀྱིས་ཁུར་བཀུར་བར་མི་བྱའོ། །ཁྱེར་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་སོ། །དགེ་སློང་རྣམས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཛེག་ཅིང་འབབ་པ་ན་དེ་དག་གྲེད་ཅིང་རྡེག་ འཆོས་ཏེ་སྣད་པར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། དེ་ལྟ་བས་ན་དགེ་སློང་རྣམས་ཀྱི་ཁར་བ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཁར་བ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་ དང་། དྲུག་སྡེ་རྣམས་ཀྱིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་ཁར་བ་བསྲུབས་པ། བཀྲ་བ་ཉེ་བར་བཀྲ་བ་དག་བཅངས་པ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འཕྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་གཉིས་ཀྱིས་ཁར་བ་བཅང་བར་བྱ་སྟེ། རྒན་པོ་རྒས་ཏེ་ཉམ་ཆུང་བ་དང་། ནད་པ་སྦྱོར་མི་ནུས་པས་སོ། །བཅོམ་ལྡན་འདས་ཀྱིས་གཉིས་ཀྱིས་ཁར་བ་བཅང་བར་བྱ་སྟེ། རྒན་པོ་རྒས་ཏེ་ཉམ་ཆུང་བ་དང་། ནད་པ་སྦྱོར་མི་བཟོད་པས་སོ་ཞེས་བཀའ་སྩལ་པ་ དང་། རྒན་པོར་གཏོགས་པ་དང་། ནད་པར་གཏོགས་པ་རྣམས་ཀྱང་ཁར་བ་འཆང་བ་ལ་ཞུགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པོ་དང་ནད་པས་དགེ་འདུན་ལ་ཁར་བའི་སྡོམ་པ་གསོལ་བར་བྱ་ཞིང་། གང་ལ་དགེ་འདུན་གྱིས་ཁར་བའི་སྡོམ་པ་བྱིན་པ་དེས་ཁར་བ་བཅང་བར་ བྱའོ། །གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་བསྒོ་ནས་དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པ་དང་། དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པས་རྒན་པའི་མཐར་ཙོག་ཙོག་པོར་འདུག་ལ་ཐལ་མོ་ སྦྱར་ཏེ་འདི་སྐད་ཅེས་སྨྲ་བར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ་ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ཁར་བའི་སྡོམ་པ་གསོལ་ན། དགེ་འདུན་ཐུགས་བརྩེ་བ་ཅན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་ བཟུང་སྟེ། བདག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་ལ་ཁར་བའི་སྡོམ་པ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་ པ་རྣམས་གསན་དུ་གསོལ། དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་ཁར་བའི་སྡོམ་པ་གསོལ་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་ལ་ཁར་བའི་སྡོམ་པ་སྩལ་ཏོ། །འདི་ནི་གསོལ་པའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་ པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ཁར་བའི་སྡོམ་པ་གསོལ་ཏེ། དེའི་སླད་དུ་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་ལ་ཁར་བའི་སྡོམ་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་ མིང་འདི་ཞེས་བགྱི་བ་ལ་ཁར་བའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། ནད་པ་སྦྱོར་མི་བཟོད་པ་མིང་འདི་ཞེས་བགྱི་བ་ལ་ཁར་ བའི་སྡོམ་པ་སྩལ་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གང་ལ་དགེ་འདུན་གྱིས་ཁར་བའི་སྡོམ་པ་བྱིན་པ་དེས་ཁར་བ་བཅང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་དྲུག་པ། སངས་རྒྱས་བཅོམ་ལྡན་འདས་ རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་སོ། །དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་། རླུང་ནད་ཅན་རྣམས་བྱ་རྒོད་ཕུང་པོའི་རི་ལ་འཛེག་པ་དང་། འབབ་པ་ན་གྲེད་ཅིད་རྡེག་འཆོས་ནས་སྣད་པར་ཡང་གྱུར། བྱ་མ་བུམ་དང་། རིལ་བ་སྤྱི་བླུགས་དག་ཀྱང་ཆག་གོ། །སྐབས་དེ་དགེ་ སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་དྲ་བ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་དྲ་བ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་ཚོན་སྣ་ལྔ་པའི་སྐུད་པ་ལས་བྱས་ པའི་དྲ་བ་བཅངས་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འཕྱ་བར་བྱེད་དོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོན་སྣ་ལྔ་པའི་སྐུད་པ་ལས་བྱས་པའི་དྲ་བ་བཅང་བར་མི་བྱའི་འོན་ཀྱང་ཚོན་སྣ་གཅིག་པ་ལས་བྱས་ པའོ། །བཅོམ་ལྡན་འདས་ཀྱིས་ཚོན་སྣ་གཅིག་ལས་བྱས་པའི་དྲ་བ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། རྒས་པས་ཉམ་ཆུང་བར་གཏོགས་པ་རྣམས་དང་། རླུང་ནད་ཅན་དུ་གཏོགས་པ་རྣམས་ཀྱང་དྲ་བ་འཆང་བ་ལ་ཞུགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པོ་དང་རླུང་ནད་ཅན་གྱིས་ ཀྱང་དགེ་འདུན་ལས་དྲ་བའི་སྡོམ་པ་གསོལ་བར་བྱ་ཞིང་། གང་ལ་དགེ་འདུན་གྱིས་དྲ་བའི་སྡོམ་པ་བྱིན་པ་དེས་དྲ་བ་བཅང་བར་བྱའོ། །གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་བསྒོ་ནས་དགེ་འདུན་ཐམས་ཅད་འདུས་ཏེ་འདུག་པ་དང་། དགེ་སློང་ རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་གྱིས་རྒན་པའི་མཐར་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་དྲ་བའི་ སྡོམ་པ་གསོལ་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་རྣམས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་ལ་དྲ་བའི་སྡོམ་པ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུའོ། །དེའི་འོག་ཏུ་དགེ་ སློང་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་དྲ་བའི་སྡོམ་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་ བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་ལ་དྲ་བའི་སྡོམ་པ་གསོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ ནད་ཅན་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་དྲ་བའི་སྡོམ་པ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་ལ་དྲ་བའི་སྡོམ་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་ འདི་ཞེས་བགྱི་བ་ལ་དྲ་བའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་རྒན་པོ་རྒས་ཏེ་ཉམ་ཆུང་བའམ། རླུང་ནད་ཅན་མིང་འདི་ཞེས་བགྱི་བ་ལ་དྲ་བའི་སྡོམ་པ་སྩལ་ལགས་ ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གང་ལ་དགེ་འདུན་གྱིས་དྲ་བའི་སྡོམ་པ་བྱིན་པར་གྱུར་པ་དེས་དྲ་བ་བཅང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དགེ་སློང་གཞན་དག་ཅིག་ལ་ཁར་བ་ཡང་དགོས། དྲ་བ་ཡང་དགོས་ནས་དེ་དག་ལ་དགེ་སློང་རྣམས་ཀྱིས་ ཁར་བ་དང་། དྲ་བའི་སྡོམ་པ་སོ་སོར་བྱིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁར་བ་དང་དྲ་བའི་སྡོམ་པ་ཅིག་ཅར་སྔ་མ་བཞིན་སྦྱིན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ སོ། །མཉན་ཡོད་ན་དགེ་སློང་ཞིག་འདུག་པ་དེས་སྒོག་སྐྱ་ཟོས་ནས། དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང་དགེ་སློང་ ཁྱོད་ལ་ཆོས་བསྟན་གྱིས་རྣ་བ་གཏོད་ལ་འདུག་ཅིག །དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་པར་བརྩམས་ཏེ། ཇི་ལྟ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་པ་དེ་ལྟ་དེ་ལྟར་དགེ་སློང་ དེ་བཅོམ་ལྡན་འདས་ལ་དྲིས་གནོད་པར་གྱུར་ན་མི་རུང་ངོ་སྙམ་ནས་ཁ་ལོགས་ཤིག་ཏུ་ལྟའོ། །ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་དགེ་སློང་དགེ་སློང་ཁྱོད་ལ་ཆོས་བསྟན་གྱིས་རྣ་གཏོད་ཅིག་ཅེས་བཀའ་སྩལ་ན། དགེ་སློང་དེ་ལན་གཉིས་ལན་ གསུམ་དུ་ཡང་ཁ་གཞན་དུ་བལྟས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ དགའ་བོ་ལ་རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་ངས་ཇི་ལྟ་ཇི་ལྟར་ཆོས་བསྟན་པ་དེ་ལྟ་དེ་ལྟར་དགེ་སློང་དེ་ཁ་གཞན་དུ་ལྟ། དེས་གསོལ་པ། བཙུན་པ་དགེ་སློང་དེས་སྒོག་སྐྱ་འཚལ་ཏོ། །ཀུན་དགའ་བོ་དགེ་སློང་དག་གང་གིས་ན་བདེན་པ་རྣམས་ཀྱི་བར་ཆད་དུ