Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 010_འདུལ་བ།_ཐ
Văn bản gốc(Tây Tạng)
Trang 3 / 20 (50.000 ký tự/trang)
བ་ལ་སོགས་པ་སྔ་མ་ཇི་ལྟ་བ་བཞིན་ནོ། །ཉེ་དགའས་སྨྲས་པ། བཞིན་བཟངས་གཙུག་པུད་འཇོག་ཤེས་སམ། འཕགས་པ་དེ་ནི་བདག་ གི་སུག་ལས་ལགས་སོ། །བལྟས་ཞོག་ཤིག །འཕགས་པ་ཇི་ལྟར་གཞག་པར་བགྱི། ཆེན་པོར་རོ། །དེས་གཙུག་པུད་ཆེན་པོར་བཞག་པ་དང་། ཉེ་དགའས་སྨྲས་པ། ཕྱོགས་གཅིག་བྲེགས་ཤིག །དེས་ཕྱོགས་གཅིག་བྲེགས་པ་དང་། དེས་སྨྲས་པ། གཉིས་པ་དང་། གསུམ་པ་ཞེས་བྱ་བ་ནས་ཕྱོགས་བདུན་པའི་བར་བྲེགས་ཤིག་ཅེས་ཟེར་ནས། དེས་ཕྱོགས་བདུན་པའི་བར་དུ་བྲེགས་པ་དང་། ཉེ་དགའས་སྨྲས་པ། བཀྲེན་པ་ཁྱོད་ཀོ་ཅི་ཡང་མི་ཤེས་པ་ཞིག་གིས་སྔ་མ་ཁོ་ན་བཞིན་དུ་བྱོས་ཏེ་སོང་ཤིག་ཅེས་བྱ་བ་ལ་སོགས་པ་སྔ་མ་ཇི་ལྟ་བ་བཞིན་ནོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་གཙུག་པུད་གཞག་པར་མི་བྱའོ། །འཇོག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །ཚེ་དང་ལྡན་པ་བ་ལང་གནས་ཀཽ་ཤཱམ་བཱི་ན་རི་ཆུས་བསྐོར་ལ་བད་སའི་རྒྱལ་པོ་འཆར་བྱེད་ཀྱི་སྐྱེད་མོས་ཚལ་གྱི་ཕག་མོའི་ཕུག་ན་ འདུག་གོ། །དེ་ནས་དུས་གཞན་ཞིག་ན། གང་གི་ཚེ་དཔྱིད་ཀྱི་དུས་ལ་བབ་པ་དེའི་ཚེ་ཤིང་ལྗོན་པ་དག་མེ་ཏོག་རྒྱས་ཤིང་ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དག་ཚལ་གྱི་ནང་ན་སྒྲ་འབྱིན་པར་བྱེད་པ་ན། བད་སའི་རྒྱལ་པོ་འཆར་བྱེད་ ཀྱིས་སྐྱེད་མོས་ཚལ་སྲུང་བའི་མི་བོས་ཏེ། སྨྲས་པ། ཀྭའི་མི་ཁྱོད་ཚུར་ཤོག །ང་སྐྱེད་མོས་ཚལ་དུ་འགྲོས། རི་ཆུས་བསྐོར་གྱི་ཉེན་ཀོར་གྱི་རྡོ་བ་དང་། གསེག་མ་དང་། གྱོ་མོ་ཐམས་ཅད་སོལ་ལ། ཆུ་ར་དག་ཀྱང་ཞོག་སྟེ། ཚལ་རྟོགས་ལ། ལ་གཅན་པ་དག་ཀྱང་སྐོས་ཤིག །སྐྱེད་ མོས་ཚལ་སྲུང་བའི་མིས་ལྷ་བཀའ་བཞིན་འཚལ་ཞེས་བད་སའི་རྒྱལ་པོ་འཆར་བྱེད་ཀྱི་ཚིག་མཉན་ནས། རི་ཆུས་བསྐོར་གྱི་ཉེན་ཀོར་གྱི་རྡོ་བ་དང་། གསེག་མ་དང་། གྱོ་མོ་ཐམས་ཅད་བསལ་ནས། ཆུ་ར་དག་ཀྱང་བཞག་སྟེ། ཚལ་བརྟགས་ཤིང་ལ་གཅན་པ་དག་ཀྱང་བསྐོས་ནས་བད་སའི་རྒྱལ་པོ་ འཆར་བྱེད་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བད་སའི་རྒྱལ་པོ་འཆར་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་འདི་ལྟར་མཁྱེན་པར་མཛད་དུ་གསོལ། །རི་ཆུས་བསྐོར་གྱི་གོར་མ་དང་། གསེག་མ་དང་། གྱོ་མོ་ཐམས་ཅད་བསལ་ཅིང་ཆུ་ར་དག་ཀྱང་བཞག་སྟེ། ཚལ་ཀྱང་བརྟགས། ལ་གཅན་པ་ དག་ཀྱང་བསྐོས་ལགས་ན། ལྷ་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ། དེ་ནས་བད་སའི་རྒྱལ་པོ་འཆར་བྱེད་བཙུན་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་སྐྱེད་མོས་ཚལ་དུ་སོང་སྟེ། དེས་དེར་དགའ་བ་དང་། རྩེ་བ་དང་། དགའ་མགུར་སྤྱོད་པ་ཉམས་སུ་མྱོང་བར་བྱས་ནས་ དེ་གཉིད་ལོག་པར་གྱུར་ཏོ། །བུད་མེད་རྣམས་ཀྱི་རང་བཞིན་ནི་མེ་ཏོག་དང་འབྲས་བུ་ལ་དགའ་བ་ཡིན་པས། དེའི་བཙུན་མོའི་འཁོར་རྣམས་སྐྱེད་མོས་ཚལ་དེར་ཅི་དགར་རྒྱུ་ཞིང་འཁྱམ་དུ་དོང་བ་དང་། དེའི་ཚེ་ཚེ་དང་ལྡན་པ་བ་ལང་གནས་སྐྲ་དང་ཁ་སྤུ་རིང་ཞིང་ཆོས་གོས་རྙིང་པ་དང་། ཤམ་ཐབས་ ཧྲུལ་པོ་བགོས་ནས་ཤིང་ལྗོན་པ་ཞིག་གི་དྲུང་ན་རྟེན་ཅིང་འདུག་གོ། །ཚེ་དང་ལྡན་པ་བ་ལང་གནས་སྐྲ་དང་ཁ་སྤུ་རིང་ཞིང་། ཆོས་གོས་རྙིང་པ་དང་། ཤམ་ཐབས་ཧྲུལ་པོ་བགོས་ནས་འདུག་པ་བཙུན་མོའི་འཁོར་དེ་དག་གིས་མཐོང་ངོ་། །མཐོང་ནས་ཀྱང་བསྔངས་ཏེ། ཨ་ཙི་ལྷ་ཅིག་འདི་ན་ འདྲེ་ཞིག་གདའོ། །ཨ་ཙི་ལྷ་ཅིག་འདི་ན་འདྲེ་ཞིག་གདའོ་ཞེས་བྲེད་སྐད་ཕྱུང་བ་དང་། ཚེ་དང་ལྡན་པ་བ་ལང་གནས་དེ་ནས་ལངས་ཏེ་རིངས་པ་རིངས་པར་ཕག་མོའི་ཕུག་ཏུ་སོང་ངོ་། །སྒྲ་དེས་རྒྱལ་པོ་སད་ནས་རལ་གྲི་ཤུབས་ནས་ཕྱུང་སྟེ། བརྒྱུགས་ནས་བུད་མེད་དག་འདྲེ་ག་ལ་འདུག་ཅེས་ སྨྲས་པ་དང་། དེ་དག་གིས་སྨྲས་པ། ལྷ་ཅིག་ཕག་མོའི་ཕུག་ཏུ་མཆིས་སོ། །དེ་ནས་བད་སའི་རྒྱལ་པོ་འཆར་བྱེད་མཚོན་ཐོགས་ཏེ་ཕག་མོའི་ཕུག་སྒོར་བསྡད་ནས་སྨྲས་པ། ཀྭའེ་འབྱུང་པོ་ཁྱོད་སུ་ཞིག །དེས་སྨྲས་པ། ལྷ་དགེ་སྦྱོང་ལགས་སོ། །ཁྱོད་གང་གི་དགེ་སྦྱོང་ཡིན། ཤཱཀྱའི་ སྲས་ཀྱི་དགེ་སྦྱོང་ལགས་སོ། །ཅི་ཁྱོད་དགྲ་བཅོམ་མམ། ལྷ་མ་ལགས་སོ། །འོ་ན་ཁྱོད་ཕྱིར་མི་འོང་བའམ། ལན་གཅིག་ཕྱིར་འོང་བའམ། རྒྱུན་དུ་ཞུགས་པ་ཞིག་ཡིན་ནམ། ལྷ་མ་ལགས་སོ། །འོ་ན་ཅི་ཁྱོད་བསམ་གཏན་བཞི་པ་ཐོབ་པ་ཡིན་ནམ་ལྷ་མ་ལགས་སོ། །འོ་ན་ཁྱོད་བསམ་གཏན་ གསུམ་པའམ། གཉིས་པའམ། དང་པོ་ཐོབ་པ་ཞིག་ཡིན་ནམ། ལྷ་མ་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་བཙུན་མོའི་འཁོར་ལ་ཕྲག་དོག་ཟ་བས་ཕྱིར་ལྷག་པར་ཁྲོས་ཏེ། བློན་པོ་རྣམས་ལ་སྨྲས་པ། ཀྭའེ་ཤེས་ལྡན་དག་དགེ་སྦྱོང་སོ་སོའི་སྐྱེ་བོ་འདིས་ངའི་བཙུན་མོའི་འཁོར་རྣམས་ མ་རུང་བར་བྱས་ཀྱིས་རྔ་མོའི་གྲོག་མ་ཆེན་པོ་དག་འདིར་མྱུར་དུ་ལྷོགས་ཤིག་དང་། དེ་དག་གིས་ཕུག་འདི་ཁྱབ་པར་བཀང་སྟེ་དགེ་སྦྱོང་འདི་གསད་པར་བྱའོ། །དེ་ནས་ཕག་མོའི་ཕུག་ན་གཉུག་མར་གནས་པའི་ལྷ་ཞིག་འདུག་པ་དེས་བསམས་པ། རྒྱལ་པོ་གཏུམ་པོ་འདིས་བདག་ལ་སྐྱབས་ སུ་འོངས་པའི་དགེ་སྦྱོང་ཉེས་པ་མེད་པ་སྐྱོན་མེད་པ་བསད་པར་གྱུར་ན་མི་རུང་གིས། བདག་གིས་འདི་ཐར་བར་བྱ་བའི་ཐབས་ཤིག་ལ་བརྩོན་པར་བྱའོ་སྙམ་ནས་དེ་བདག་ཉིད་ཕག་མོ་ཆེན་མོའི་གཟུགས་སུ་མངོན་པར་སྤྲུལ་ཏེ། ཕུག་ནས་སྒོར་བྱུང་ངོ་། །རྒྱལ་པོ་དེ་ལིངས་ལ་དགའ་བས་མི་ཞིག་ལ་སྨྲས་པ། ཀྭའེ་མི་འདི་སོང་ལ་ངའི་རྟ་དང་མདའ་གཞུ་དག་ཁྱེར་ཏེ་ཤོག་ཤིག །དེས་རྒྱལ་པོའི་རྟ་དང་མདའ་གཞུ་དག་ཕུལ་ལོ། །དེ་ནས་ཕག་མོ་དེ་སྐྱེད་མོས་ཚལ་གྱི་ནང་ནས་ཕྱིར་བྱུང་སྟེ་འབྲོས་པར་བརྩམས་པ་དང་། རྒྱལ་པོ་དེ་དེའི་ཕྱི་བཞིན་སྙེགས་སུ་འགྲོ་བ་ན་དེས་ཐག་རིང་དུ་ཁྲིད་དེ་སོང་ངོ་། །དེ་ནས་བཙུན་མོའི་ འཁོར་གྱི་ཚོགས་ཀྱིས་ཚེ་དང་ལྡན་པ་བ་ལང་གནས་ལ་སྨྲས་པ། འཕགས་པ་རྒྱལ་པོ་འདི་ནི་གཏུམ་པ་ལགས་པས་ཁྱོད་བཀྲོངས་པར་གྱུར་ན་མ་ལེགས་ཀྱིས་ཁྱོད་ད་མྱུར་དུ་བཞུད་ཅིག །ཚེ་དང་ལྡན་པ་བ་ལང་གནས་ཀྱིས་མྱུར་བ་མྱུར་བར་ལྷུང་བཟེད་དང་། ཆོས་གོས་བླངས་ཏེ། སྐྱེད་མོས་ཚལ་དེ་ནས་ཕྱིར་ བྱུང་ནས་མཉན་ཡོད་དུ་སོང་ངོ་། །དེ་ཁད་ཀྱིས་མཉན་ཡོད་དུ་ཕྱིན་པ་དང་། དགེ་སློང་དག་གིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཁྱོད་ཡུན་རིང་པོ་རིང་པོ་ནས་ཟླ་བ་བཞིན་དུ་རྒྱུ་ཞིང་ག་ལས་འོངས། ཀཽ་ཤཱམ་བཱི་ནས་སོ། །ཇི་ལྟ་ཚེ་དང་ལྡན་པས་བདེ་བར་བརྒྱུས་ སམ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་བརྒྱུས། བདག་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཧད་པོར་དེའུ་བསད་དོ། །ཅིའི་ཕྱིར། དེས་རྒྱས་པར་སྨྲས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཞིག་ལ་བཀའ་སྩལ་པ་དགེ་སློང་ཚུར་ ཤོག །ཁྱོད་དགེ་སློང་བ་ལང་གནས་ག་ལ་དེར་སོང་ལ་བ་ལང་གནས་ལ་འདི་སྐད་ཅེས་སྟོན་པས་བཀའ་སྩལ་པ། ཁྱོད་སྤྱན་སྔར་མཆི་ཤིག་ཅེས་བྱུང་ངོ་ཞེས་སྒོ་ཤིག །དགེ་སློང་དེས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས། ཚེ་དང་ལྡན་པ་བ་ལང་གནས་ག་ལ་བ་དེར་སོང་སྟེ་ ཕྱིན་ནས་ཚེ་དང་ལྡན་པ་བ་ལང་གནས་ལ་འདི་སྐད་ཅེས་སྨྲས་སོ། །སྟོན་པས་བཀའ་སྩལ་པ། ཁྱོད་སྤྱན་སྔར་མཆི་ཤིག་ཅེས་བྱུང་ངོ་། །ཚེ་དང་ལྡན་པ་བ་ལང་གནས་ཀྱིས་ཚེ་དང་ལྡན་པ་བཀའ་བཞིན་འཚལ་ཞེས་དགེ་སློང་དེའི་ཚིག་མཉན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བ་ལང་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱོད་བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཅིའི་ཕྱིར་དེའུ་བསད། དེས་བཅོམ་ལྡན་འདས་ལ་སྐབས་དེ་རྒྱས་ པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་མི་གཏི་མུག་ཅན་ཁྱོད་ཕུག་དེ་ལ་ལྷག་པར་ཆགས་པས་དེས་ན་ཁྱོད་ཤིན་ཏུ་སྡུག་བསྔལ་བར་གནས་པར་གྱུར་ཏོ། །དེ་ཅང་མི་སྨྲ་བར་འདུག་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་ཉེས་དམིགས་ཅུང་ཟད་གང་བྱུང་བ་དེ་ནི་སྐྲ་རིང་ པོར་འཇོག་པ་ལས་གྱུར་པར་མཁྱེན་ནས། བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་སྐྲ་རིང་པོར་གཞག་པར་མི་བྱའོ། །འཇོག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྐྲ་རིང་པོར་གཞག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དགོན་པ་པ་དག་གིས་ འདྲེག་མཁན་མ་རྙེད་ནས་དེ་དག་གིས་དགོན་པའི་གནས་མལ་སྤངས་ནས་གྲོང་མཐའི་གནས་མལ་དག་ཏུ་འཁོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་ དགེ་སློང་དགོན་པ་པ་དག་གིས་དགོན་པའི་གནས་མལ་སྤངས་ནས་གྲོང་མཐའི་གནས་མལ་དག་ཏུ་འཁོད་པར་གྱུར། དེས་བཅོམ་ལྡན་འདས་ལ་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དགོན་པ་པས་ནི་སྐྲ་སོར་གཉིས་ཀྱི་ཚད་དུ་ གཞག་པར་རྗེས་སུ་གནང་ངོ་། །གྲོང་མཐའ་བས་ནི་དེ་བས་ཐུང་ངུར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་དགེ་སློང་ནད་པ་ཞིག་འདུག་པ་དེ་སྨན་པའི་གན་དུ་སོང་ནས་སྨྲས་པ། བཞིན་བཟངས་བདག་ལ་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་བསྲོ་གང་སྟེན་ཅིག་དང་ ཁྱོད་སོས་པར་འགྱུར་རོ། །དེས་སྨྲས་པ། བཞིན་བཟངས་ཅི་ཁོ་བོས་འདོད་པ་དག་སྤྱད་པར་བྱ་འམ། འཕགས་པ་ཁྱོད་ཀྱི་སྨན་ནི་འདི་ལགས་ཀྱི་གཞན་གྱིས་འཚོ་བར་མི་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པས་དགེ་སློང་ཁྱོད་ཀྱི་སྨན་ནི་འདི་ཡིན་གྱི། གཞན་གྱིས་འཚོ་བར་མི་འགྱུར་རོ་ཞེས་བསྒོ་ན་དགེ་སློང་གིས་བསྲོ་གང་བསྟེན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བསྲོ་གང་བསྟེན་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་སྨན་པ་དེ་ལ་དྲིས་ པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་གནང་ན་བསྲོ་གང་ཇི་ལྟ་བུ་ཡིན་པ་སྨྲོས་ཤིག །དེས་སྨྲས་པ། འཕགས་པ་བདག་གིས་འཁོར་ལོས་སྒྱུར་བའི་གསོ་བ་བཀླགས་པ་ལས་བསྲོ་གང་བསྲོ་གང་ཞེས་འབྱུང་བར་བས་ཀྱི་བསྲོ་གང་ཇི་ལྟ་བུ་ལགས་པ་ད་དུང་མ་འཚལ་ཏེ། འདི་ལྟར་ཁྱོད་ཉིད་ཀྱི་སྟོན་པ་ ཐམས་ཅད་མཁྱེན་པ་ལགས་པས་དེ་ཉིད་མཁྱེན་ཏོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྲོ་གང་གི་ཁང་པ་ཟླུམ་པོ་བྱའོ། །དེ་དག་སྐར་ཁུང་མི་དོད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་ཁུང་གདོད་ པར་བྱའོ། །དེ་དག་སྐར་ཁུང་ཕྱི་ཡངས་ལ་ནང་དོག་པ་བྱེད་དུ་འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུར་བྱའོ། །དེ་དག་གིས་མཐོན་པོར་གཏོད་པ་ན་མུན་གནག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧ་ཅང་མཐོན་པོར་གདོད་ པར་མི་བྱའོ། །དེ་དག་གིས་དམའ་བར་བཏོད་པ་ན་དུ་བ་འཚང་དུ་མི་བཏུབ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧ་ཅང་དམའ་བར་གདོད་པར་མི་བྱའོ། །དེ་དག་གིས་གར་གདོད་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་དུ་གདོད་པར་བྱའོ། །བྱེའུ་དང་ཕུག་རོན་དག་འཇུག་ ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་ཁུང་དྲ་བ་ཅན་བྱའོ། །རླུང་དང་ཆར་ཆུའི་ཟེར་མ་དག་ནང་དུ་འོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་ཁུང་ལ་སྒོ་གླེགས་གཞུག་པར་བྱའོ། །རླུང་གིས་བསྐྱོད་དེ་འདུག་ཏུ་མི་བཏུབ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་ གཏན་དང་། གནམ་གཟེར་དང་། ཕྲེད་གཏན་གཞུག་པར་བྱའོ། །དབྱེ་བ་དང་བཅད་པས་དགེ་སློང་དག་ཉོན་མོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱུག་གུ་སྐམ་ཁ་ཉེ་བར་གཞག་པར་བྱའོ། །སྒོ་ལ་སྒོ་གླེགས་མི་འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་ གླེགས་གཞུག་པར་བྱ་ཞིང་སྒོ་གཏན་ཡང་གཞུག་པར་བྱ་སྟེ། དེ་ལ་ཡང་མིག་དང་། ལག་ཟུངས་ཀྱང་གཞུག་པར་བྱའོ། །ཆུ་དག་དམའ་བའི་ཕྱོགས་སུ་བཞག་པས་དེ་གྲངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་གི་ཕྱོགས་སུ་གཞག་སྟེགས་བྱ་ཞིང་དེར་བུམ་པ་དག་གཞག་ པར་བྱའོ། །ས་གཞིར་མེ་བུས་པས་དེས་ཞལ་ཞལ་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་ཕག་གི་གཅལ་དགྲམ་པར་བྱའོ། །དེ་དག་གིས་མེ་བདལ་བ་དང་དེ་ཤི་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདལ་ནས་དེ་བཞིན་མི་དོར་བར་བཅེར་ཏེ་གཞག་པར་ བྱའོ། །དེ་དག་གིས་ཅིས་བཅེར་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ཀྱི་ཐལ་ཕྱགས་བྱས་ལ་དེས་བཅེར་བར་བྱའོ། །དེ་དག་མེ་འབར་བ་ན་བསྲོ་གང་གི་ནང་དུ་འཇུག་ཅིང་རྨྱ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེ་འབར་བ་ན་འཇུག་པར་མི་བྱའོ། ། དགེ་སློང་དག་དེར་ཞུགས་པ་ན་མེའི་དུགས་ཀྱིས་བོག་པར་གྱུར་ནས་དེ་དག་མྱོས་ཏེ་ས་ལ་སྒྱེལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱེ་དང་ཡུངས་མར་དུ་བསྲེས་པ་དག་མེར་བླུག་པར་བྱའོ། །དྲི་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུག་སྤོས་ བླུག་པར་བྱའོ། །དུད་པས་དགེ་སློང་དག་མཆི་མ་འཛག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནས་ཀྱི་བག་ཟན་གྱི་ཆང་བུས་གླན་པར་བྱའོ། །འོན་ཀྱང་འཛག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱུ་རུ་རའི་ཆང་བུས་གླན་པར་བྱའོ། །སྟན་མེད་ནས་དགེ་སློང་དག་གིས་སྟན་ ཁྱེར་ཏེ་སོང་བ་དང་། དེ་དག་འབྲུ་མར་གྱིས་སྣུམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩྭ་བམ་དག་གཞག་པར་བྱའོ། །རྐང་པ་དག་ས་ལ་བཞག་པས་རྡུལ་གྱིས་གོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ས་གཞིར་རྩྭ་དག་དགྲམ་པར་བྱའོ། །སྐམ་པོ་དག་ བཏིང་བ་ན་མེ་སྟག་གིས་ཚིག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་པོ་དག་དགྲམ་པར་བྱའོ། །སྔོན་པོ་དག་མ་རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུས་སྦངས་ལ་དགྲམ་པར་བྱའོ། །དགེ་སློང་དག་འབྲུ་མར་གྱིས་སྣུམས་པ་ན་འཇག་མ་དང་གསེག་ མ་དག་གིས་ལུས་ལ་ཕྲུགས་པས་རྨ་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ཀྱི་ཕྲུག་སྤྱད་བྱའོ། །དེ་བབ་བབ་ཏུ་བཞག་པས་དེ་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུང་མིག་བྱས་ལ་ཐེ་གུས་བཏགས་ཏེ་རྫས་ཀྱི་བླས་དབེན་པར་གཞག་པར་བྱའོ། །དེ་ སྣུམས་པར་གྱུར་ནས་དགེ་སློང་དག་དེ་ཡང་དང་ཡང་དུ་སྦྱོང་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེས་རུང་བར་བྱའོ། །དགེ་སློང་དག་གིས་དེར་ཁྲུས་བྱས་པས་འདམ་རྫབ་ཏུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཁྲུས་མི་བྱ་བར་ཁྲུས་ཁང་བྱས་ལ་དེར་ཁྲུས་བྱའོ། ། གང་དག་ཁྲུས་བྱེད་པ་དེ་དག་ལ་ཆུས་གནོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྲུས་དོང་བརྐོས་ལ་སོ་ཕག་གིས་བསྒྲོན་ཏེ་གང་ཁྲུས་བྱེད་པ་དེ་ཁྲུས་དོང་དུ་ཞུགས་ལ་གང་ཁྲུས་ཆུ་ལྡུགས་པ་དེ་ནི་ཁར་འདུག་སྟེ་ཁྲུས་ཆུ་བླུག་པར་བྱའོ། །དེ་ཆུས་གང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། སྟོར་ཁུང་གདོད་པར་བྱའོ། །དགེ་སློང་དག་ཁྲུས་བྱས་ནས་འདག་རྫས་དང་། བ་ལང་གི་ལྕི་བ་དང་། སོ་ཤིང་ལེན་དུ་གཙུག་ལག་ཁང་དུ་འདོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཉིད་དུ་འདག་རྫས་དང་། བ་ལང་གི་ལྕི་བ་དང་། སོ་ཤིང་གིས་བཀང་བའི་གྱོ་མོ་དག་གཞག་པར་བྱའོ། ། དགེ་སློང་དག་མེའི་དུགས་ཀྱིས་ཉམ་དམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེའུ་སུས་བཟའ་བར་བྱའོ། །དེ་དག་ལག་པ་བསྙལ་བས་ཐོགས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་གཟར་བཅང་བར་བྱའོ། །དགེ་སློང་ཞིག་གིས་ཁྱེའུ་སུས་ཐུག་པ་ཧ་ཅང་ཚ་བ་ཞིག་ རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་གཟར་གྱིས་བཏུང་བར་བྱའོ། །དེ་ལ་ལན་ཚྭ་དགོས་པ་དང་། ལོ་མ་དག་མ་རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚྭ་ཁུག་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བསྲོ་གང་དུ་བྱི་དོར་གྱི་ལས་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ གིས་བྱི་དོར་གྱི་ལས་སུས་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་ཅིག་གནས་པ་དང་། ཉེ་གནས་དག་གིས་བྱའོ། །དེ་དག་གི་ནི་གཅིག་གིས་གཅིག་ལ་བྱའོ། །དེ་ལྟར་བསྲོ་གང་ཡོ་བྱད་དང་བཅས་པ་རྗེས་སུ་གནང་ངོ་། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཡངས་པ་ཅན་ན་ལིཙྪ་བཱི་ ཆེན་པོ་ཞེས་བྱ་བ་གཡོ་སྒྱུ་མེད་པ་དྲང་པོ་དྲང་བའི་རང་བཞིན་ཅན་ཞིག་འདུག་པ་དེ་ཉིན་གཅིག་བཞིན་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འགྲོ་བ་ཡིན་པས་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བའི་ཚེ་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་ཀྱང་ལྗོངས་རྒྱུ་ཞིང་འགྲོ་བ་ན་ཡངས་པ་ཅན་དུ་ཕྱིན་ནས་དེ་གཉིས་ཀྱིས་ དེ་ལམ་ཀར་མཐོང་ནས་དེ་གཉིས་ཀྱིས་སྨྲས་པ། ཆེན་པོ་གར་འགྲོ། དེས་སྨྲས་པ། འཕགས་པ་གཉིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཆིའོ། །དེ་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་དང་། ཚེ་རབས་ཚེ་རབས་སུ་ཁོ་ན་ཡོད་པས་དེ་གཉིས་ཀྱིས་སྨྲས་པ། ཆེན་པོ་སངས་རྒྱས་བཅོམ་ ལྡན་འདས་ལ་ནི་གཏམ་གྱི་སྐྱེས་དབུལ་བར་བྱ་བ་ཡིན་ན། ཁྱོད་ལ་གཏམ་གྱི་སྐྱེས་ཅུང་ཟད་ཡོད་དམ། འཕགས་པ་གཉིས་མ་མཆིས་སོ། །ཆེན་པོ་ཚུར་ཤོག །ཁྱོད་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས། བཙུན་པ་འདི་ལྟར་འཕགས་པ་གྱད་ བུ་ནོར་གྱིས་བདག་གི་མཆིས་འབྲང་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་པ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་མ་ལགས་སོ་ཞེས་གསོལ་ཅིག་དང་། བཅོམ་ལྡན་འདས་ཁྱོད་ལ་དགྱེས་པར་འགྱུར་རོ། །དེས་འཕགས་པ་གཉིས་དེ་བཞིན་འཚལ་ལོ་ཞེས་སྨྲས་ཏེ། བཅོམ་ལྡན་འདས་ག་ ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་གྱིས་བདག་གི་མཆིས་འབྲང་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་པ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་ མ་ལགས་སོ་ཞེས་གསོལ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལིཙྪ་བཱི་ཆེན་པོ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་ལྷུང་བཟེད་ཁས་དབུབ་པར་བྱའོ། །ཁས་དབུབ་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གིས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ལིཙྪ་བཱི་ཆེན་པོས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་ ཡང་དག་པ་མ་ལགས་པས་སྐུར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ལིཙྪ་བཱི་ཆེན་པོ་ལ་ལྷུང་བཟེད་ཁས་དབུབ་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་གྱིས་གང་ལ་ལྷུང་བཟེད་ཁས་ཕུབ་པ་དེའི་ཁྱིམ་དུ་དགེ་སློང་དག་གིས་ འགྲོ་བར་མི་བྱ། སྟན་ལ་ལོངས་སྤྱོད་པར་མི་བྱ། བསོད་སྙོམས་བླང་བར་མི་བྱ། ཆོས་བསྟན་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ལིཙྪ་བཱི་ཆེན་པོ་ལ་འདི་སྐད་ཅེས། ཁྱོད་ལ་དགེ་འདུན་གྱིས་ལྷུང་བཟེད་ཁས་དབུབ་པ་མཛད་དོ་ ཞེས་སྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས་ལིཙྪ་བཱི་ཆེན་པོའི་ཁྱིམ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་ལིཙྪ་བཱི་ཆེན་པོ་བྱ་བ་ཞིག་གི་ཆེད་དུ་ཕྱི་རོལ་དུ་སོང་ངོ་། །དེས་དེའི་ཆུང་མ་ལ་སྨྲས་པ། སྲིང་མོ་ལིཙྪ་བཱི་ཆེན་པོ་གར་སོང་། །དེས་སྨྲས་ པ། འཕགས་པ་སླད་རོལ་དུ་མཆིས་སོ། །སྲིང་མོ་འདི་ལྟ་སྟེ། ཁྱེད་ལ་དགེ་འདུན་གྱིས་ལྷུང་བཟེད་ཁས་དབུབ་པ་མཛད་པ་ཤེས་པར་བྱོས་ཤིག །དེས་སྨྲས་པ། བཙུན་པ་ཀུན་དགའ་བོ་ལྷུང་བཟེད་ཁས་དབུབ་པ་ཞེས་བགྱི་བ་ཅི་ལགས། སྲིང་མོ་གང་ལ་ལྷུང་བཟེད་ཁས་དབུབ་པ་དེའི་ཁྱིམ་དུ་དགེ་སློང་དག་འདོང་ བར་མི་བྱེད། སྟན་ལ་ལོངས་སྤྱོད་པར་མི་བྱེད། བསོད་སྙོམས་ལེན་པར་མི་བྱེད། ཆོས་སྟོན་པར་མི་བྱེད་དོ། །འཕགས་པ་ཀུན་དགའ་བོ་དགེ་འདུན་གྱིས་ཐབས་ཀྱིས་བདག་གི་ཚུལ་ཤིང་བོར་ཏེ་དགེ་འདུན་ལ་བདག་ཅག་གིས་ནོངས་པ་དེ་ལྟ་བུ་ཅི་ཞིག་བགྱིས་ན་དེའི་སླད་དུ་ལྷུང་བཟེད་ཁས་དབུབ་པ་མཛད། སྲིང་ མོ་འདི་ལྟར་ཁྱོད་ཀྱི་ཁྱིམ་ཐབ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་གྱིས་བདག་གི་མཆིས་འབྲང་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་པ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་མ་ལགས་སོ་ཞེས་གསོལ་ཏོ། །དེ་ངོ་ཚ་ བར་གྱུར་ནས་ཁྱིམ་དུ་ཞུགས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱིར་སོང་ངོ་། །ཇི་ཙམ་ན་ལིཙྪ་བཱི་ཆེན་པོ་ཁྱིམ་དུ་འོངས་ནས། ཆུང་མས་སྨྲས་པ། རྗེའི་སྲས་འོ་སྐོལ་ལ་དགེ་འདུན་གྱིས་ལྷུང་བཟེད་ཁས་དབུབ་པ་མཛད་དོ། །བཟང་མོ་ལེགས་པར་ལྷུང་བཟེད་ཁས་ཕུབ་བོ། །ཤིན་ཏུ་ལྷུང་བཟེད་ཁས་ཕུབ་བོ། ། རྗེའི་སྲས་ལེགས་པར་ལྷུང་བཟེད་ཁས་ཕུབ་བོ། །ཤིན་ཏུ་ལྷུང་བཟེད་ཁས་ཕུབ་བོ་ཞེས་གསུང་ངམ། ཁས་ཕུབ་ཞེས་བགྱི་བ་ཇི་མཁྱེན་ཏམ། མི་ཤེས་སོ། །རྗེའི་སྲས་གང་ལ་ལྷུང་བཟེད་ཁས་ཕུབ་པ་དེའི་ཁྱིམ་དུ་དགེ་སློང་དག་འོང་བར་མི་བགྱིད། སྟན་ལ་ལོངས་སྤྱོད་པར་མི་བགྱིད། བསོད་སྙོམས་ལེན་པར་མི་བགྱིད། ཆོས་སྟོན་པར་མི་བགྱིད་དོ། །རྗེའི་སྲས་ཅི་ཁྱོད་ཀྱིས་འཕགས་པ་གྱད་བུ་ནོར་དང་བདག་ལྷན་ཅིག་མཆིས་པ་གཟིགས་སམ། བཟང་མོ་མ་མཐོང་ངོ་། །འོ་ན་ཅི་སྟེ་འཕགས་པ་ལ་ཡང་དག་པ་མ་ལགས་པས་སྐུར། གལ་ཏེ་ང་ཡང་འདི་ལྟར་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་བཟོད་པ་གསོལ་ན་དེ་ལྟ་ ན་ལེགས། མི་གསོལ་ན་ཁྱོད་ཁོ་མོའི་ཁྱིམ་དུ་མི་གཞུག་གོ་ཞེས་བྱས་པ་དང་། དེ་སེམས་ཁོང་དུ་ཆུད་ཅིང་འདུག་སྟེ་བསམས་པ་འདིས་ཇི་སྐད་སྨྲས་པ་དེ་བཞིན་འགྱུར་བས་བཟོད་པ་གསོལ་དུ་འགྲོའོ་སྙམ་ནས། དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཕྱིན་ནས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཀུན་ཏུ་སྤྱོད་པ་ནི་གདུགས་གཅིག་བཞིན་ནང་པར་སྔར་ལངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཆི་བ་ལགས་པས་བདག་ལ་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱི་མཆིད་ནས་ཆེན་པོ་ཚུར་ཤོག །ཁྱོད་བཅོམ་ལྡན་ འདས་ག་ལ་བ་དེར་སོང་སྟེ་ཞེས་བྱ་བ་ནས། བདག་གི་མཆིས་འབྲང་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕམ་པར་གྱུར་ཏོ་ཞེས་བྱ་བའི་བར་ཐམས་ཅད་སྔ་མ་བཞིན་དུ་སྦྱར་རོ། །དེས་བཙུན་པ་བདག་གིས་ཅི་ནོངས་པ་བཟོད་པར་གསོལ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་རྣམས་ལིཙྪ་བཱི་ཆེན་པོ་དང་། གཞན་ཡང་དེ་ལྟ་བུ་གང་ཡིན་པ་ལ་ལྷུང་བཟེད་ཕྱིར་བཟློག་པར་བྱའོ། །ཕྱིར་བཟློག་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ལིཙྪ་ བཱི་ཆེན་པོས་ཕྱག་འཚལ་ནས་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་ལིཙྪ་བཱི་ཆེན་པོ་མི་དགེ་བའི་གྲོགས་པོས་བསླུས་པས་འཕགས་པ་གྱད་བུ་ནོར་ལ་ཡང་དག་པ་མ་ལགས་པས་སྐུར་པས་ དགེ་འདུན་གྱིས་བདག་ལ་ལྷུང་བཟེད་ཁས་དབུབ་པ་མཛད་དེ། བདག་ལ་ལྷུང་བཟེད་ཁས་ཕུབ་པ། དགེ་འདུན་ལས་ལྷུང་བཟེད་སླར་བཟློག་པར་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ལིཙྪ་བཱི་ཆེན་པོ་བདག་ལ་ཐུགས་བརྩེ་བའི་སླད་དུ་ལྷུང་བཟེད་སླར་བཟློག་ཏུ་གསོལ། དེ་བཞིན་ དུ་ལན་གཉིས་ལན་གསུམ་དུ་བཟླས་དེ་ནས་ལིཙྪ་བཱི་ཆེན་པོ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་བཞག་ལ་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གིས་ལས་བྱའོ། །འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ལིཙྪ་བཱི་ཆེན་པོ་མི་དགེ་བའི་གྲོགས་པོས་བསླུས་པ་ འདིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་ཡང་དག་པ་མ་ལགས་པས་སྐུར་ཏེ། དགེ་འདུན་གྱིས་དེ་ལ་ལྷུང་བཟེད་ཁས་དབུབ་པ་མཛད་པ་ལས་ལིཙྪ་བཱི་ཆེན་པོ་ལྷུང་བཟེད་ཁས་ཕུབ་པ་དེ་དགེ་འདུན་ལས་ལྷུང་བཟེད་སླར་བཟློག་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་ བར་མཛོད་ཅིག་དང་། དགེ་འདུན་གྱིས་ལིཙྪ་བཱི་ཆེན་པོ་ལ་ལྷུང་བཟེད་སླར་བཟློག་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་གྱིས་གང་ལ་ལྷུང་བཟེད་ཕྱིར་བཟློག་པ་དེའི་ཁྱིམ་དུ་དགེ་སློང་དག་གིས་འགྲོ་བར་བྱ། སྟན་ལ་ལོངས་སྤྱད་པར་བྱ། བསོད་སྙོམས་བླང་བར་བྱ། ཆོས་བསྟན་པར་བྱའོ།། །། སྡོམ་ལ། ཡན་ལག་རྣམ་པ་མེ་ལོང་དང་། །གར་དང་གླུ་དང་རོལ་མོའི་སྒྲ། །སྐད་ཀྱི་གཏང་རག་གནང་བ་དང་། །ལྷུང་བཟེད་བཞི་དང་ལྷན་ཅིག་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་ སྤོང་བ་པ་ཞིག་གནས་པ་དེ་གང་གི་ཚེ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ་ཅོག་ན་དེའི་ཚེ་ཡན་ལག་གི་རྣམ་པ་ལས་སུ་རུང་བར་གྱུར་ཏོ། །དེ་དུས་གཞན་ཞིག་ན་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ་རྐང་པ་ གཉིས་བཀྲུས་ནས་ཤིང་ལྗོན་པ་ཞིག་གི་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་ཡིད་ལ་བྱེད་པ་ལ་ཞུགས་ཤིང་འདུག་པ་ན། ཡང་དེའི་ཡན་ལག་གི་རྣམ་པ་ལས་སུ་རུང་བར་གྱུར་ནས་དེས་དེ་ཇི་ལྟར་ཞི་བར་འགྱུར་བ་དེ་ལྟར་བྱས་སོ། །སེམས་ནི་མྱུར་དུ་འགྱུར་བ་ཡིན་པས་དེ་སེམས་ཡེངས་པ་ན་ཡང་དང་ཡང་དུ་ལས་སུ་རུང་བར་ གྱུར་ནས་དེ་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ན། ཞེ་སྡང་ཆེན་པོ་ཡང་སྐྱེས་ནས་དེས་དེ་རྡོ་བའི་སྟེང་དུ་བཞག་ནས་རྡོ་བ་གཞན་གྱིས་བརྡུངས་སོ། །དེ་སྡུག་བསྔལ་གྱི་ཚོར་བས་གདུངས་ནས་བསམས་པ། བདག་སྡུག་བསྔལ་གྱི་ཚོར་བས་གདུངས་ན། བཅོམ་ལྡན་འདས་ཀྱིས་མི་དགོངས་པ་ལྟ་ཞིག་སྙམ་པ་ དང་། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་དབང་གིས་དེར་གཤེགས་ནས་བཀའ་སྩལ་པ། དགེ་སློང་འདི་ཅི་ཉེས། དེས་ཇི་ལྟར་གྱུར་པ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ངས་འདོད་ཆགས་ཀྱི་གཉེན་པོ་ནི་མི་སྡུག་པ་བསྒོམ་པའོ་ཞེས་མ་གསུངས་སམ། མི་ གཏི་མུག་ཅན་བརྡུང་བར་བྱ་བ་ནི་གཞན་ཡིན་ན་ཁྱོད་ཀྱིས་ནི་གཞན་བརྡུངས་སོ། །དེ་ཅང་མི་སྨྲ་བར་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཆོས་གཅིག་བསྒོམས་ན་ཕྱིར་མི་འོང་བར་འགྱུར་བར་ང་ཁས་འཆེ་སྟེ། དེ་ནི་འདི་ལྟ་སྟེ། ལུས་ལ་དམིགས་ པའི་དྲན་པའོ། །དགེ་སློང་དག་ཁྱེད་ཀྱིས་ལུས་ལ་དམིགས་པའི་དྲན་པ་སྒོམས་ཤིག་དང་། ཕྱིར་མི་འོང་བར་འགྱུར་བར་ང་ཁས་འཆེའོ། །དེ་ལྟ་བས་ན་དགེ་སློང་གིས་བརྡུང་བར་བྱ་བ་གཞན་ཡིན་ལ་གཞན་བརྡུང་བར་མི་བྱའོ། །རྡུང་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་གཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེས་རྩེ་བ་དང་དགའ་བ་དང་། དགའ་མགུར་སྤྱད་པས་ དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་ཞིག་བྱུང་ངོ་། །དེ་དུས་གཞན་ཞིག་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་དེ་དུས་ཆུང་ཞིག་ལྗོངས་སུ་འདུག་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ ལྗོངས་རྒྱུ་ཞིང་སོང་ངོ་། །དེ་ལྗོངས་རྒྱུ་ཞིང་འགྲོ་བ་ན་གདོང་ལ་ཕོལ་མིག་བྱུང་ནས་དེས་སྨན་པ་གཏར་ཀ་བྱེད་དུ་བཅུག་པ་དང་། གདོང་མི་སྡུག་པར་གྱུར་ནས། དེ་དུས་གཞན་ཞིག་ན་མཉན་ཡོད་དུ་སོང་བ་དང་། དགེ་སློང་ཞིག་གིས་འཇུག་ཏུ་མ་སྟེར་ཏོ། །དེ་དགེ་སློང་གཞན་ཞིག་གི་གན་ དུ་སོང་ནས་སྨྲས་པ། བཙུན་པས་བདག་མི་མཁྱེན་ཏམ། དེས་སྨྲས་པ། བཞིན་བཟངས་མི་ཤེས་ན་ཁྱོད་གང་ཞིག་ཡིན། དེས་སྨྲས་པ། བདག་གི་མིང་ནི་འདི་ཞེས་བྱ། ཁྱིམ་བདག་ཆེ་གེ་མོ་ཞིག་གི་ནི་བུའོ། །རབ་ཏུ་ནི་དེར་བྱུང་ངོ་། །ཡུལ་དེ་ནས་ནི་འདིར་འོངས་སོ། །དེས་སྨྲས་པ། ཚེ་ དང་ལྡན་པ་ཁྱོད་བཞིན་བཟང་ཞིང་མདོག་སྡུག་པ་ཡིན་ན་ཅིའི་ཕྱིར་ཁྱོད་ཀྱི་བཞིན་མི་སྡུག་པར་གྱུར། དེས་ཇི་ལྟར་གྱུར་པ་ཀུན་སྨྲས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གི་གདོང་མེ་ལོང་དང་འདྲ་བ་ཡིན་པས་དེ་ལྟ་བས་ན་ དགེ་སློང་གིས་གདོང་ལ་སྨན་པ་གཏར་ཀ་བྱེད་དུ་གཞུག་པར་མི་བྱའོ། །བྱེད་དུ་བཅུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གི་གདོང་ལ་སྨན་པ་གཏར་ཀ་བྱེད་དུ་གཞུག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཁྲག་རྒྱས་ནས་གཏར་ཀ་གདབ་དགོས་པར་གྱུར་ པ་ན་དགེ་སློང་དག་མི་འདེབས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏར་ཀ་གདབ་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་དགའ་འདུན་གཉིས་ ཤིག་ཡོད་དེ། ཚོང་པའི་དགའ་འདུན་དང་། རུ་བའི་དགའ་འདུན་ནོ། །དེ་གཉིས་ལས་ཚོང་པའི་དགའ་འདུན་གྱིས་ནི་རུ་བའི་དགའ་འདུན་གར་དང་། གླུ་དང་། རོལ་མོའི་སྒྲ་དག་གིས་ཕམ་པར་བྱེད་དོ། །རུ་བའི་དགའ་འདུན་གྱིས་ནི་ཚོང་པའི་དགའ་འདུན་དགྲ་ཐབས་ཀྱིས་ཕམ་པར་བྱེད་དོ། ། དེ་ནས་དུས་གཞན་ཞིག་ན་རུ་བའི་དགའ་འདུན་དག་གིས་སྨྲས་པ། ཤེས་ལྡན་དག་འདི་དག་གིས་བདག་ཅག་གར་དང་གླུ་དང་། རོལ་མོའི་སྒྲ་དག་གིས་ཕམ་པར་བྱས་ཤིང་བདག་ཅག་གིས་ཀྱང་དེ་དག་དགྲ་ཐབས་ཀྱིས་ཕམ་པར་བྱས་ན་བདག་ཅག་གིས་ཀྱང་ཐབས་ཇི་ལྟ་བུ་ཞིག་གིས་དེ་དག་གར་དང་གླུ་དང་། རོལ་ མོའི་སྒྲ་དག་གིས་ཕམ་པར་བྱ། དེ་དག་ལས་ཁ་ཅིག་གིས་སྨྲས་པ། དེ་བཞིན་ཏེ་བདག་ཅག་གིས་ཀྱང་གར་དང་། གླུ་དང་། རོལ་མོའི་སྒྲ་དག་བསླབ་པར་བྱའོ། །ཁ་ཅིག་གིས་སྨྲས་པ། ལེགས་སོ་སུ་ལས་བསླབ་པར་བྱ། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དྲུག་སྡེ་དག་གར་དང་། གླུ་དང་། རོལ་མོའི་སྒྲ་དག་ལ་མཁས་པས་དེ་དག་ལས་བསླབ་པར་བྱ་ན་དེ་དག་ནི་འདོད་པའི་བདག་ཉིད་ཅན་ཡིན་པས་གལ་ཏེ་ཅུང་ཟད་ཅིག་སློང་ན་ཡང་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་སྨྲས་པ་ལེགས་སོ། །དེ་བཞིན་དུ་སྦྱིན་པར་བྱའོ། །དེ་རྣམས་དྲུག་སྡེ་དག་ག་ལ་བ་དེར་དོང་སྟེ་ཕྱིན་ནས་རྐང་པ་ལ་ཕྱག་འཚལ་ཏེ་ སྨྲས་པ། འཕགས་པ་དག་བདག་ཅག་ལ་གར་དང་གླུ་དང་། རོལ་མོའི་སྒྲ་དག་བསླབ་ཏུ་གསོལ། དེ་དག་གིས་སྨྲས་པ། ཤེས་ལྡན་དག་གལ་ཏེ་བཅའ་བའི་རིན་དག་ངེད་ལ་སྦྱིན་ན་བསླབ་པར་བྱའོ། །འཕགས་པ་དག་བདག་ཅག་ལ་སྨན་ཡོན་བཏགས་ཀྱིས་དབུལ་ལོ། །དེ་དག་གིས་དེ་ རྣམས་གར་དང་གླུ་དང་རོལ་མོའི་སྒྲ་དག་བསླབས་སོ། །གང་གི་ཚེ་བྱང་བར་གྱུར་པ་དེའི་ཚེ་དེ་རྣམས་ཀྱིས་ཚོང་པའི་དགའ་འདུན་དག་དགྲ་ཐབས་ཀྱིས་ཀྱང་ཕམ་པར་བྱས་ཤིང་གར་དང་གླུ་དང་། རོལ་མོའི་སྒྲ་དག་གིས་ཀྱང་ཕམ་པར་བྱས་པ་དང་དེ་དག་གིས་སྨྲས་པ། བཞིན་བཟངས་དག་སྔོན་ནི་ ཁྱོད་ཅག་གིས་ངེད་དགྲ་ཐབས་ཀྱིས་ཕམ་པར་བྱས་ཤིང་། ངེད་ཀྱིས་ཀྱང་གར་དང་གླུ་དང་རོལ་མོའི་སྒྲ་དག་གིས་ཁྱེད་ཕམ་པར་བྱས་ན། ད་ནི་ཁྱོད་ཀྱིས་ཁོ་བོ་ཅག་གཉིས་ཀས་ཕམ་པར་བྱས་པའི་སྦྱོར་བ་གང་ཡིན། དེ་རྣམས་ཀྱིས་སྨྲས་པ། ད་ཁོ་བོ་ཅག་གིས་བསླབས་སོ། །སུ་ལས་ བསླབས། འཕགས་པ་དྲུག་སྡེ་དག་ལས་སོ། །དེ་རྣམས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དག་གི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་གར་དང་གླུ་དང་རོལ་མོའི་སྒྲ་དག་ཀྱང་སློབ་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་ སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་དག་ལ་ཉེས་དམིགས་ཅུང་ཟད་གང་བྱུང་བ་ནི་གར་དང་གླུ་དང་། རོལ་མོའི་སྒྲ་དག་སློབ་པ་ལས་གྱུར་པར་མཁྱེན་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ གར་དང་གླུ་དང་། རོལ་མོའི་སྒྲ་དག་བསླབ་པར་མི་བྱའོ། །སློབ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གར་དང་། གླུ་དང་། རོལ་མོའི་སྒྲ་དག་བསླབ་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགའ་འདུན་དེ་རྣམས་ཀྱིས་བརྗེད་ནས་དེ་རྣམས་ ཡང་དྲུག་སྡེ་དག་གི་གན་དུ་དོང་སྟེ་སྨྲས་པ། འཕགས་པ་དག་བདག་ཅག་གིས་དེ་བསྐྱུད་པར་གྱུར་ན་ཡང་བསླབ་ཏུ་གསོལ། དེ་དག་གིས་སྨྲས་པ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གར་དང་། གླུ་དང་། རོལ་མོའི་སྒྲ་དག་བསླབ་པར་མི་བྱའོ་ཞེས་བསླབ་ པའི་གཞི་བཅའ་བ་མཛད་པས་མི་བསླབ་བོ། །འཕགས་པ་དག་གལ་ཏེ་མི་བསླབ་ན་སྦྱང་བ་ཙམ་མཛད་ཅིང་གཤེགས་སུ་གསོལ། དེ་དག་གིས་སྨྲས་པ། བཞིན་བཟངས་དག་འདོང་ངོ་། །དེ་དག་དེར་དོང་ནས་སྦྱངས་ཏེ་དེ་རྣམས་ཀྱིས་དེ་དག་ཕམ་པར་བྱས་པ་དང་། ཡང་དགེ་སྦྱོང་གི་ཚུལ་ནི་ ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་གོ་ཞེས་བྱ་བ་ནས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་ཉེས་དམིགས་ཅུང་ཟད་གང་བྱུང་བ་ ནི་གར་དང་གླུ་དང་། རོལ་མོའི་སྒྲ་དག་སྦྱོང་བར་བྱེད་པ་ལས་གྱུར་པར་མཁྱེན་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་གར་དང་། གླུ་དང་། རོལ་མོའི་སྒྲ་དག་སྦྱང་བར་མི་བྱའོ། །སྦྱོང་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གར་དང་། གླུ་ དང་། རོལ་མོའི་སྒྲ་དག་སྦྱང་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགའ་འདུན་རྣམས་ཀྱིས་ཡང་བརྗེད་ནས་དེ་རྣམས་ཡང་དྲུག་སྡེ་དག་གི་གན་དུ་དོང་སྟེ། དེ་བཞིན་དུ་སྨྲས་པ་དང་། དེ་དག་གིས་སྨྲས་པ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་བཀག་པས་མི་སྦྱང་ངོ་། །དེ་རྣམས་ཀྱིས་ སྨྲས་པ། འཕགས་པ་དག་ཁྱེད་གཤེགས་ཏེ་གཟིགས་པ་ཙམ་ཁོ་ནས་ཀྱང་བདག་ཅག་གིས་དེ་དག་གིས་ཕམ་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་འདོང་ངོ་ཞེས་དེ་དག་དེར་དོང་བ་དང་། དགའ་འདུན་དེ་རྣམས་མཐོང་བ་ཙམ་ཉིད་ཀྱིས་བག་འཁུམས་པར་གྱུར་ནས་དེ་རྣམས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དག་གི་དགེ་ སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་གར་དང་། གླུ་དང་། རོལ་མོའི་སྒྲ་དག་བལྟ་བའི་ཕྱིར་ཡང་འགྲོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་ སློང་དག་ལ་ཉེས་དམིགས་ཅུང་ཟད་གང་བྱུང་བ་དེ་ནི་གར་དང་། གླུ་དང་། རོལ་མོའི་སྒྲ་དག་ལྟར་འགྲོ་བ་ལས་གྱུར་པར་མཁྱེན་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་གར་མི་བྱ། གླུ་བླང་བར་མི་བྱ། རོལ་མོའི་སྒྲ་མི་བྱའོ། །གར་དང་གླུ་དང་། རོལ་མོའི་སྒྲ་དག་སྦྱང་བར་མི་བྱའོ། ། དེ་དག་ལ་ལྟར་ཡང་འགྲོ་བར་མི་བྱའོ། །དགེ་སློང་དག་དགེ་སློང་གར་སློབ་བམ། གླུ་སློབ་བམ། རོལ་མོའི་སྒྲ་སློབ་བམ། གར་དང་གླུ་དང་། རོལ་མོའི་སྒྲ་སྦྱོང་ངམ། དེ་དག་ལ་ལྟར་འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་ པོ་བཞི་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཀཽ་ཤཱམྦཱི་ན་ཁྱིམ་བདག་བཟང་ལྡན་ཞེས་བྱ་བ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་ བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེས་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱད་པས་དུས་གཞན་ཞིག་ན་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་དེ་གདུལ་བ་ལ་ལྟོས་པས་དེའི་ ཁྱིམ་དུ་སོང་སྟེ། ཁྱིམ་བདག་རང་བཞིན་བཟང་པོ་དེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཞག་ནས་དུས་དུས་སུ་དེའི་གན་དུ་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མེད་པར་གཅིག་པུ་སོང་བ་དང་། ཁྱིམ་བདག་གིས་སྨྲས་པ། འཕགས་ པ་ཅི་ཁྱོད་ལ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་མཆིས་སམ། དེས་སྨྲས་པ། བཞིན་བཟངས་ཅི་ཁོ་བོའི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་རྩྭ་ཀ་ཤའི་ཁྲོད་དང་། ཀུ་ཤའི་ཁྲོད་ནས་འོང་ངམ། ཁྱོད་ལྟ་བུ་ལས་འཐོབ་པར་འགྱུར་བ་གང་དག་ཡིན་པ་དེ་དག་ཁོ་བོའི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཁོ་ནར་འགྱུར་ རོ། །དེས་སྨྲས་པ། འཕགས་པ་གལ་ཏེ་དེ་ལྟ་ན་བདག་གི་མཆིས་འབྲང་ལ་སེམས་ཅན་ཞུགས་པར་གྱུར་པ་དེ་གལ་ཏེ་ཁྱེའུ་བཙས་ན་དེ་འཕགས་པའི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དུ་དབུལ་ལོ། །བཞིན་བཟངས་ཁྱོད་ནད་མེད་པར་གྱུར་ཅིག །ཁོ་བོས་བཀྲིའོ་ཞེས་སྨྲས་ནས་སོང་ ངོ་། །ཇི་ཙམ་ན་ཁྱིམ་བདག་གི་ཆུང་མ་དེ་ཟླ་བ་དགུ་ཚང་སྟེ་བཙས་པ་ལས་ཁྱེའུ་མདོག་ངན་ཞིང་ལུས་ཆུང་ལ་སྐད་སྙན་པ་ཞིག་བྱུང་ངོ་། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་མིང་ཅིར་གདགས་ཞེས་མིང་འདོགས་པར་ བྱེད་པ་ན། ཉེ་དུ་དག་གིས་སྨྲས་པ། གང་གི་ཕྱིར་ཁྱེའུ་འདི་མདོག་ངན་ཞིང་ལུས་ཆུང་ཡང་ཁྱིམ་བདག་བཟང་ལྡན་གྱི་བུ་ཡིན་ཞིང་སྐད་སྙན་པ་དེའི་ཕྱིར་ཁྱེའུ་འདིའི་མིང་སྙན་པ་བཟང་ལྡན་ཞེས་བྱའོ་ཞེས་དེའི་མིང་སྙན་པ་བཟང་ལྡན་ཞེས་བྱ་བར་བཏགས་སོ། །དེ་བསྲིངས་ཤིང་བསྐྱེད་ནས་ཆེན་པོར་གྱུར་ཏོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ཀཽ་ཤཱམྦཱིར་བསོད་སྙོམས་ལ་ཞུགས་སོ། །ཀཽ་ཤཱམྦཱི་ན་བསོད་སྙོམས་ལ་རྒྱུ་བའི་ཚེ་ཁྱིམ་བདག་བཟང་ལྡན་གྱི་ཁྱིམ་དུ་སོང་བ་དང་། ཁྱིམ་བདག་བཟང་ལྡན་གྱིས་འཕགས་པ་བྱོན་པ་ལེགས་སོ་ཞེས་ བྱ་བའི་ཚིག་ཀུན་དུ་སྤྱད་པས་ཀུན་དུ་སྤྱད་ནས་རྐང་པ་གཉིས་ལ་ཕྱག་བྱས་སོ། །དེའི་ཆུང་མས་ཀྱང་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་ལྷུང་བཟེད་བཀང་སྟེ་ཕུལ་ལོ། །ཁྱེའུ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུའི་གདོང་དུ་རྟོག་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་བཟང་ལྡན་ལ་ བརྡ་བྱས་པ་དང་། དེས་ཁྱེའུ་དེ་ལ་སྨྲས་པ། བུ་ཁྱོད་མ་བཙས་པ་ཉིད་ནས། ངས་འཕགས་པ་ཤཱ་རིའི་བུའི་ཞབས་འབྲིང་དུ་ཕུལ་གྱིས་ཁྱོད་འཕགས་པ་དང་ལྷན་ཅིག་སོང་ཤིག །སྲིད་པ་ཐ་མ་པའི་སེམས་ཅན་དེ་དེའི་ཕྱི་ན་འདུག་པའི་ཚེ་དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ཏེ། དེ་ལ་ལུང་ ཕོག་ནས་དེས་བརྩལ་པ་དང་། འབད་པ་དང་བསྒྲིམ་པ་བྱས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ནས་ཉོན་མོངས་པ་ ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ་བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ་ཙན་དན་ཞག་ལོན་པར་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ ཅིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། གུས་པར་སྨྲ་བར་བྱ་བར་གྱུར་ཏོ། །གང་གི་ ཚེ་དེས་སྐད་ཀྱི་གཏང་རག་གིས་ཆོས་སྨྲས་པ། དེའི་ཚེ་ན་ཚངས་པའི་འཇིག་རྟེན་མན་ཆད་ཁྱབ་པར་གྱུར་ཅིང་སེམས་ཅན་མང་པོ་དག་གི་རྒྱུད་ལ་ཡང་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་སྐྱེད་པར་བྱེད་དེ། མདོར་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་དག་ཀྱང་སྒྲ་སྙན་པ་དེ་ལ་རྣ་བླགས་ཏེ་ ཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་སྐད་ཀྱི་གཏང་རག་སྙན་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ་དགེ་སློང་སྙན་པ་བཟང་ལྡན་འདི་མཆོག་ཡིན་ནོ། །དེའི་སྐད་ཀྱི་གཏང་རག་སྙན་པ་ཡིད་དུ་འོང་བའི་སྦྱོར་བས་དགེ་སློང་འདོད་ཆགས་དང་ མ་བྲལ་བ་རྣམས་རང་གི་བྱ་བ་བཏང་ནས་ཉིན་གཅིག་བཞིན་དེའི་གན་དུ་འགྲོ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གླང་པོ་ཆེའི་གཙོ་བོ་པད་མ་དཀར་པོ་གཅིག་པ་ལ་ཞོན་ནས་ཁ་ལོ་སྒྱུར་བ་དཔལ་འཕེལ་དང་ནམ་གྱི་ཐོ་རངས་རི་བྲགས་ཤིག་ཏུ་སོང་བའི་ཚེ་ཚེ་དང་ལྡན་པ་ སྙན་པ་བཟང་ལྡན་གྱིས་ནང་པར་སྐད་ཀྱི་གཏང་རག་གིས་ཆོས་སྨྲ་བར་བརྩམས་པ་གླང་པོ་ཆེའི་གཙོ་བོ་པད་མ་དཀར་པོ་གཅིག་པས་ཐོས་སོ། །དེས་ཚེ་དང་ལྡན་པ་སྙན་པ་བཟང་ལྡན་གྱི་སྐད་ཀྱི་གཏང་རག་ཐོས་ནས་ཀྱང་ཡང་རྣ་བ་བླགས་ཏེ་མི་གཡོ་བར་སྡོད་དོ། །ཁ་ལོ་སྒྱུར་བ་དཔལ་འཕེལ་གྱིས་ ཕན་ཚུན་ནས་ལག་པ་དང་རྐང་པ་དག་གཡབས་ཏེ་བསྐྱོད་པར་བརྩམས་ཀྱང་དེ་བཞིན་མི་གཡོ་བ་དང་། རྒྱལ་པོས་སྨྲས་པ། དཔལ་འཕེལ་གླང་པོ་ཆེ་ཐོབ་ཤིག་ལྷ་བཏབ་ཀྱང་མི་མཆི་ན་འདི་རྒྱུ་གང་ལགས་མ་འཚལ་ཏོ། །རྒྱལ་པོས་སྨྲས་པ། ཞོག་ཤིག་དང་ལམ་གང་དུ་འགྲོ་བ་བལྟའོ། ། དེས་ཇི་བདེར་བཞག་པ་དང་། དེ་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་སོང་ནས་ཁད་ཀྱིས་ཁད་ཀྱིས་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་རྣ་བླགས་ཏེ་སྡོད་དོ། །ཚེ་དང་ལྡན་པ་སྙན་པ་བཟང་ལྡན་གྱིས་སྐད་ཀྱི་གཏང་རག་གིས་ཆོས་དག་སྨྲས་པའི་མཇུག་ཏུ། འབྱུང་པོ་ གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་གནས་པ་དག །སེམས་ཅན་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག །ཅེས་ཡོངས་སུ་བསྔོ་བ་བྱས་པ་དང་། དེ་ནས་གླང་པོ་ཆེའི་གཙོ་བོ་པད་མ་དཀར་པོ་གཅིག་པས་ཚེ་དང་ལྡན་པ་སྙན་པ་ བཟང་ལྡན་གྱིས་སྐད་ཀྱི་གཏང་རག་གིས་ཆོས་དག་སྨྲས་པ་མཐའ་ཕྱིན་པར་ཤེས་ནས་ཡིད་དང་མཐུན་པར་གང་དང་གང་དུ་བསྐྱོད་པ་དེ་དང་དེར་སོང་ངོ་། །རྒྱལ་པོས་སྨྲས་པ། དཔལ་འཕེལ་རྒྱུ་གང་གིས་འདིར་གང་དང་གང་དུ་བསྐྱོད་པ་དེ་དང་དེར་འགྲོ། དེས་སྨྲས་པ་ལྷ་མ་འཚལ་ཏེ། འཕགས་ པ་ཞིག་གིས་སྐད་ཀྱི་གཏང་རག་གིས་ཆོས་སྨྲས་པའི་སྒྲ་གང་ལགས་པ་དེ་དག་ཐོས་ནས་གླང་པོ་ཆེ་འདི་ཡིད་ཕྲོགས་ཏེ་དབང་མ་མཆིས་པར་གྱུར་ཏོ། །རྒྱལ་པོས་སྨྲས་པ། དཔལ་འཕེལ་གླང་པོ་ཆེ་ཕྱིར་ཟློག་ཤིག་དང་། འཕགས་པ་དེ་བཙལ་ལ་ན་བཟའ་ཞིག་དབུལ་ཞིང་སང་ནང་པར་རི་བྲགས་ སུ་འདོང་ངོ་། །ལྷ་དེ་བཞིན་འཚལ་ལོ། །དེ་ཕྱིར་ལོག་སྟེ་ཁྱིམ་དུ་སོང་བ་དང་། བཙུན་མོ་ཕྲེང་ལྡན་མས་དྲིས་པ། ལྷ་ཅིའི་སླད་དུ་སླར་གཤེགས། དེས་ཇི་ལྟར་གྱུར་པ་བརྗོད་ནས་འདི་སྐད་ཅེས་ཀྱང་སྨྲས་སོ། །ཕྲེང་ལྡན་མ་ང་ལ་གོས་བྱིན་ཅིག་དང་སོང་ལ་འཕགས་པ་དེ་ལ་དབུལ་ ལོ། །དེས་བསམས་པ། འཕགས་པ་སྙན་པ་བཟང་ལྡན་གྱིས་སྐད་ཀྱི་གཏང་རག་གིས་ཆོས་སྨྲས་པར་གྱུར་པ་ལྟ་ཞིག་ན། དེ་ནི་མདོག་ངན་ཞིང་ལུས་ཆུང་ལ་རྒྱལ་པོ་འདི་ནི་རྒྱ་ཆེན་པོ་ལ་མོས་པ་ཡིན་པས་འདིས་དེ་མཐོང་ན་གལ་ཏེ་མ་དད་པར་འགྱུར་བའི་གནས་ཡོད་པར་འགྱུར་སྲིད་ཀྱིས་ཐབས་ཀྱི་ རྣམ་པ་ཞིག་བྱའོ་སྙམ་ནས་སྨྲས་པ། ལྷ་ནི་རི་བྲགས་སུ་གཤེགས་ཤིག །བདག་གིས་ནི་འཕགས་པ་དེ་ལ་ན་བཟའ་དབུལ་ལོ། །དེས་སྨྲས་པ། ཕྲེང་ལྡན་མ་ཁྱོད་ཀྱིས་ཀྱང་གོས་གཞན་ཕུལ་ཅིག །ཅི་གོས་གཉིས་ཀྱིས་ཀོ་ས་ལའི་ཕོ་བྲང་དབུལ་པོར་འགྱུར་རམ་དེ་ཅང་མི་སྨྲ་བར་འདུག་པ་དང་། རྒྱལ་པོས་ཆེན་པོ་ལ་འོས་པའི་གོས་ཁྱེར་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་ནས་རྒྱལ་པོ་གླང་པོ་ཆེ་ལས་བབས་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་ད་ནང་སྐད་ཀྱི་གཏང་རག་གིས་ཆོས་སྨྲས་པའི་འཕགས་པ་ དེ་གང་ལགས། དེས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ཅིར་འཚལ། འཕགས་པ་དེ་ལ་ན་བཟའ་དབུལ་ལོ། །དེས་བསམས་པ། ཚེ་དང་ལྡན་པ་སྙན་པ་བཟང་ལྡན་གྱིས་སྐད་ཀྱི་གཏང་རག་གིས་ཆོས་དག་ནི་སྨྲས་ན་དེ་ནི་མདོག་ངན་ཞིང་ལུས་ཆུང་ལ་རྒྱལ་པོ་འདི་ནི་རྒྱ་ཆེན་པོ་ལ་མོས་པ་ཡིན་པས་འདིས་དེ་ མཐོང་ན་གལ་ཏེ་མ་དད་པར་འགྱུར་བའི་གནས་ཡོད་པར་འགྱུར་སྲིད་ཀྱིས་ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་ནས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ལ་སྩོལ་ཅིག་དང་། བདག་གིས་དེ་ལ་དབུལ་བར་བགྱིའོ། །རྒྱལ་པོས་སྨྲས་པ། འཕགས་པ་བཅོམ་ལྡན་འདས་ཀྱིས་རང་གི་ལག་ནས་དབུལ་བ་ བསྔགས་པས་རང་གི་ལག་ཉིད་ནས་དབུལ་གྱིས་དེ་སྟོན་ཅིག །དེའི་ཚེ་ན་ཚེ་དང་ལྡན་པ་སྙན་པ་བཟང་ལྡན་ཉིན་མོ་སྤྱོད་པའི་ཕྱིར་ཤིང་ལྗོན་པ་ཞིག་གི་དྲུང་ན་ཉེ་བར་རྟེན་ཅིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་ཤིང་ལྗོན་པ་ཞིག་གི་དྲུང་ན་ཉེ་བར་རྟེན་ཅིང་མཆིས་ ཀྱིས་བཞུད་ཅིག །དེ་དེའི་གན་དུ་སོང་སྟེ་བལྟས་པ་དང་། རེ་ཞིག་ན་དེ་ཤིན་ཏུ་མི་སྡུག་པ་མཐོང་བ་དང་། དེ་མ་དད་པ་སྐྱེས་ནས་མི་དགའ་སྟེ་བཞིན་ཕྱིར་ཕྱོགས་ནས་གོས་འཕངས་ཏེ་ཕྱིར་སོང་ངོ་། །ཚེ་དང་ལྡན་པ་སྙན་པ་བཟང་ལྡན་གྱིས་དེའི་ཚེ་ཚིགས་སུ་བཅད་པ་དག་སྨྲས་པ། གང་དག་ང་ཡི་ གཟུགས་ལ་རྟོག །སྒྲ་ལའང་རྗེས་སུ་འབྲང་བྱེད་པ། །འདོད་པའི་དབང་དུ་གྱུར་པ་ཡི། །སྐྱེ་བོ་དེ་དག་ང་མི་མཐོང་། །གལ་ཏེ་ནང་ནི་ཤེས་གྱུར་ཅིང་། །ཕྱི་རོལ་དག་ལ་མི་ལྟ་བ། །ནང་གི་འབྲས་བུ་མཐོང་བ་གང་། །དེ་ཉིད་སྒྲ་ཡིས་ཁྲིད་པར་འགྱུར། །གལ་ཏེ་ནང་ནི་མི་ཤེས་ཤིང་། །ཕྱི་རོལ་རྣམ་པར་མཐོང་ གྱུར་པ། །ཕྱི་རོལ་འབྲས་བུ་མཐོང་བ་གང་། །དེ་ཡང་སྒྲ་ཡིས་ཁྲིད་པར་འགྱུར། །གལ་ཏེ་ནང་ཡང་མི་ཤེས་ཤིང་། །ཕྱི་རོལ་དག་ཀྱང་མ་མཐོང་བ། །ཀུན་ཏུ་རྨོངས་པའི་བྱིས་པ་དག །དེ་ཡང་སྒྲ་ཡིས་ཁྲིད་པར་འགྱུར། །གལ་ཏེ་ནང་ཡང་རབ་ཤེས་ཤིང་། །ཕྱི་རོལ་དག་ཀྱང་མཐོང་བ་ཡི། །བརྟན་པོ་ཤེས་ རབ་ཕྱོགས་པ་དེ། །སྒྲ་ཡིས་ཁྲིད་པར་མི་འགྱུར་རོ། །དེའི་ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་སྙན་པ་བཟང་ལྡན་གྱིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་མདོག་ངན་ཞིང་ལུས་ ཆུང་ལ་སྐད་སྙན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་སྙན་པ་བཟང་ལྡན་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ་འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་སྙན་པ་བཟང་ལྡན་ ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་ བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་ བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་འཇིག་རྟེན་དུ་བྱུང་སྟེ། དེས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས། བུད་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་ པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །རྒྱལ་པོ་མཛེས་ལྡན་གྱིས་སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་དེའི་སྐུ་ལ་མཆོད་པ་རྒྱ་ཆེན་པོ་དག་བྱས་ནས་མཆོད་རྟེན་ཁོར་ཡུག་ཏུ་དཔག་ཚད་རེ་རེ་ཡོད་པ་གནམ་འཕང་དུ་དཔག་ཚད་ཕྱེད་དང་གཉིས་པ་ཞིག་བྱེད་དུ་གཞུག་པར་བརྩམས་ནས་དེའི་ལག་ གི་གླ་མི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ལས་བྱེད་པ་ལ་བརྩོན་པ་ཞིག་བསྐོས་སོ། །དེ་ན་ཡང་གླ་མི་གཞན་ཞིག་ཡོད་པ་དེས་མཆོད་རྟེན་ཧ་ཅང་ཆེན་པོ་རྩོམ་པ་དེ་མཐོང་ནས་ལྟ་ཞིང་ཤེས་ལྡན་དག་རྒྱལ་པོ་འདིས་འདི་ལྟ་བུའི་མཆོད་རྟེན་ཆེན་པོ་བྱེད་དུ་གཞུག་པར་བརྩམས་པ་ནམ་ཙམ་ཟིན་པར་ འགྱུར་མ་ཤེས་སོ་ཞེས་འཕྱ་བར་བརྩམས་པ་དང་། དེ་ལ་ལག་གི་བླས་སྨྲས་པ། ཀྭའེ་ནང་རྗེ་ཅིའི་ཕྱིར་འཕྱ་བར་བྱེད། གལ་ཏེ་མི་ནུས་ན་ལས་བྱ་བ་ཐོང་ཤིག །དེ་ཅང་མི་སྨྲ་བར་འདུག་པ་དང་། ལག་གི་གླ་དེས་དེ་ཕྱིར་དབྱུང་བར་བརྩམས་སོ། །དེས་དེ་ལ་བཟོད་པ་གསོལ་ནས། ཡང་ལས་བྱ་བར་ བརྩམས་པ་ན་མཆོད་རྟེན་དེ་མ་ཟིན་ནས་དེ་ཡང་འཕྱ་བར་བརྩམས་པ་དང་། ལག་གི་གླ་དེས་ཕྱིར་ཕྱུང་ངོ་། །ཡང་ཤིན་ཏུ་འབད་དེ་བཟོད་པ་གསོལ་ནས་ལས་བྱ་བར་བརྩམས་པ་དང་། ཇི་ཙམ་ན་མཆོད་རྟེན་བལྟ་བས་མི་ངོམས་པ་སྲོག་ཆགས་འབུམ་ཕྲག་མང་པོ་དག་གི་མིག་དང་ཡིད་འཕྲོག་པར་བྱེད་པ་ ཞིག་ཟིན་པར་གྱུར་ཏོ། །དེ་ནས་གླ་མི་དེས་དེ་མཐོང་ནས་འདི་ལྟར་ལས་བྱེད་པ་ན་བདག་གིས་འདི་ལ་དཔྱས་པ་ནི་མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་སྐྱེས་ནས་འདི་ལ་རྣམ་པ་ཐམས་ཅད་དུ་མཆོད་པ་བྱའོ་ཞེས་དེས་དེའི་གླ་རྔན་ཅི་ཐོབ་པ་དེ་ལས་གསེར་གྱི་དྲིལ་བུ་བྱེད་དུ་བཅུག་ནས་སེམས་མངོན་པར་དད་པས་མཆོད་ རྟེན་དེ་ལ་བཏགས་སོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་གླ་མི་གང་ཡིན་པ་དེ་ནི་དགེ་སློང་སྙན་པ་བཟང་ལྡན་འདི་ཉིད་ཡིན་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་མཆོད་རྟེན་གྱི་ལས་བྱེད་པ་ན་དཔྱས་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ནི་མདོག་ངན་ཞིང་ལུས་ཆུང་བར་སྐྱེས་ སོ། །ཡང་དད་པ་སྐྱེས་ནས་གསེར་གྱི་དྲིལ་བུ་བྱེད་དུ་བཅུག་ནས་མཆོད་རྟེན་ལ་བཏགས་པའི་ལས་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི་སྐད་སྙན་པར་གྱུར་ཏོ། །དེ་ནས་ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་ པ་སྙན་པ་བཟང་ལྡན་གྱིས་ལས་ཅི་ཞིག་བགྱིས་ན་དེས་ཚངས་པའི་འཇིག་རྟེན་མན་ཆད་སྒྲས་ཁྱབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་སྙན་པ་བཟང་ལྡན་ཉིད་ཀྱིས་ལས་ཚོགས་རྙེད་པ་ཞེས་བྱ་བ་ནས་འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་ འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་གནས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །བཱ་རཱ་ཎ་སཱི་དང་དྲང་སྲོང་སྨྲ་བའི་བར་ན་ཨ་མྲའི་ཤིང་ལྗོན་པ་ཞིག་ཡོད་པ་དེ་ལ་ བྱ་ཀོ་ཀི་ལ་ཕོ་ཞིག་གནས་པ་དེས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་བཱ་རཱ་ཎ་སཱིར་བསོད་སྙོམས་ལ་གཤེགས་པ་དེའི་ཚེ་དེ་ལ་ཤིན་ཏུ་རྟོག་ཅིང་སྒྲ་སྙན་པ་ཁྱད་པར་ཅན་ཕྱུང་ནས་དེ་བཞིན་དུ་ཡང་དང་ཡང་དུ་བལྟས་པས། སེམས་ཚིམ་པར་གྱུར་ནས་དད་པ་སྐྱེས་སོ། །དེས་དུས་གཞན་ཞིག་ ན་སྐད་འབྱིན་ཅིང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ལན་གསུམ་བསྐོར་བ་བྱས་ནས་དགའ་བ་དང་བདེ་བ་སྐྱེས་ཏེ་ཨ་མྲའི་ཤིང་ལྗོན་པ་དེ་ཉིད་ལ་འདུག་གོ། །འདུག་མ་ཐག་ཏུ་བྱ་ཁྲ་ཞིག་གིས་སྲོག་དང་ཕྲལ་ཏེ་འཆི་བའི་དུས་བྱས་ནས་ལས་དྲུག་ལ་མཁས་པའི་བྲམ་ཟེ་ཞིག་ཏུ་སྐྱེས་སོ། ། དགེ་སློང་དག་དེའི་ཚེ་དེའི་དུས་ན་བྱ་ཀོ་ཀི་ལ་གང་ཡིན་པ་དེ་ནི་དགེ་སློང་སྙན་པ་བཟང་ལྡན་འདི་ཉིད་ཡིན་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་སྒྲ་སྙན་པ་ཕྱུང་སྟེ་བསྐོར་བ་བྱས་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཚངས་པའི་འཇིག་རྟེན་མན་ཆད་སྒྲས་ཁྱབ་པར་གྱུར་ཏོ། །དེ་ནས་ཡང་དགེ་ སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་སྙན་པ་བཟང་ལྡན་གྱིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བགྱིས་ཏེ་བཅོམ་ལྡན་འདས་ཀྱིས་སྐད་ཀྱི་གཏང་རག་སྙན་པ་རྣམས་ཀྱི་མཆོག་ཏུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་སྨོན་ལམ་གྱི་དབང་གིས་ཏེ། གང་དུ་སྨོན་ལམ་བཏབ་ཅེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དེ་ཉིད་ཀྱི་གསུང་རབ་ལ་དགེ་སློང་ ཞིག་རབ་ཏུ་བྱུང་བར་གྱུར་པ་དེ་བཅོམ་ལྡན་འདས་འོད་སྲུང་གིས་སྐད་ཀྱི་གཏང་རག་སྙན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཀྱང་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས་དེའི་འོག་ཏུ་འཆི་བའི་ཚེ་འདི་སྐད་ཅེས་བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་ བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་ཅིང་ཇི་ལྟར་མཁན་པོ་འདི་བཅོམ་ལྡན་འདས་ཡང་ དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སྐད་ཀྱི་གཏང་རག་སྙན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་དེས་སྐད་ཀྱི་གཏང་རག་སྙན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བཏབ་པས་སྨོན་ལམ་དེའི་དབང་གིས་ད་ལྟར་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་ པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ངས་དགེ་སློང་སྐད་ཀྱི་གཏང་རག་སྙན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཞེས་བྱ་བ་ནས། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་ བྱ་བའི་བར་དུ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཇི་ཙམ་ན་དགེ་སློང་དག་ཆོས་འདོན་པ་ཉིད་ན་རྒྱ་ཤུག་གི་འབྲས་བུའི་ཚོགས་གཏོར་བ་བཞིན་འདོན་ལ་མུ་སྟེགས་ཅན་རྣམས་ནི་སྐད་ཀྱི་གཏང་རག་གིས་གཞུང་ འདོན་ཏོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དུ་སྤྱོད་པ་ནི་ནང་པར་སྔར་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འགྲོའོ། །དེས་མུ་སྟེགས་ཅན་རྣམས་སྐད་ཀྱི་གཏང་རག་གིས་གཞུང་འདོན་པ་ཐོས་ནས་དེས་བསམས་པ། མུ་སྟེགས་ཅན་རྣམས་ཀྱི་ཆོས་འདུལ་བ་ནི་ཉེས་པར་སྨྲས་པ་ཡིན་ ཡང་འདི་དག་སྐད་ཀྱི་གཏང་རག་གིས་གཞུང་འདོན་ལ། བདག་གི་འཕགས་པ་རྣམས་ནི་གཞུང་འདོན་པ་ཉིད་ན་རྒྱ་ཤུག་གི་འབྲས་བུའི་ཚོགས་གཏོར་བ་བཞིན་འདོན་པས་འདི་ཉིད་བདག་གི་བྱ་བ་ཡིན་ནོ་སྙམ་ནས། དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟར་རེ་ཞིག་མུ་སྟེགས་ཅན་རྣམས་ཀྱི་ཆོས་འདུལ་བ་ནི་ཉེས་པར་སྨྲས་པ་ལགས་ ཀྱང་། དེ་དག་སྐད་ཀྱི་གཏང་རག་གིས་གཞུང་འདོན་པར་བགྱི་ལ། འཕགས་པ་རྣམས་ནི་གཞུང་འདོན་པ་ཉིད་ན་རྒྱ་ཤུག་གི་འབྲས་བུའི་ཚོགས་གཏོར་བ་བཞིན་འདོན་པས་དེ་ལ་གལ་ཏེ་བཅོམ་ལྡན་འདས་ཀྱིས་འཕགས་པ་རྣམས་ཀྱང་སྐད་ཀྱི་གཏང་རག་གིས་གཞུང་འདོན་པར་གནང་ན་ལེགས་སོ། ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ་། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཁྱེད་ཀྱིས་སྐད་ཀྱི་གཏང་རག་གིས་ཆོས་འདོན་པར་གནང་ངོ་། །བཅོམ་ལྡན་འདས་ཀྱིས་སྐད་ཀྱི་གཏང་རག་གིས་ཆོས་གདོན་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་སྐད་ ཀྱི་གཏང་རག་གིས་ལུང་འབོགས་པར་བྱེད། འདོན་པར་བྱེད། ཁ་ཏོན་བྱེད། ཡོངས་སུ་འདྲི་བར་བྱེད་དོ། །ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་ན་དེས་ཐོས་ནས་སྨྲས་པ། འཕགས་པ་དག་ཅི་ཁྱེད་ཀྱི་གཙུག་ལག་ཁང་འདིར་རོལ་མོ་མཁན་གྱི་བྲང་བཏབ་བམ། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སྐད་ཀྱི་གཏང་རག་གིས་ལུང་དབོག་པར་མི་བྱ་གདོན་པར་མི་བྱ། ཁ་ཏོན་མི་བྱ། ཡོངས་སུ་འདྲི་བར་མི་བྱའོ། །འདི་ལྟར་སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་ པ་དང་། རྒྱུད་ཆགས་གསུམ་པ་གདོན་པ་དག་ནི་སྐད་ཀྱི་གཏང་རག་གིས་གདོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སྐད་ཀྱི་གཏང་རག་གིས་དེ་དག་གདོན་པར་བྱའོ་ཞེས་བཀའ་སྩལ་པ་དང་། གཞོན་ནུ་ཞིག་སྐད་ཀྱི་གཏང་རག་མི་ཤེས་ནས། དེས་གཞུང་དག་སྟོན་པ་ཉིད་ན་རྒྱ་ཤུག་གི་འབྲས་ བུའི་ཚོགས་གཏོར་བ་བཞིན་སྟོན་པར་གྱུར་ནས། དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་སྐད་ཀྱི་གཏང་རག་གནང་གིས་སྐད་ཀྱི་གཏང་རག་གིས་ཐོན་ཅིག །དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་གིས་སྐད་ཀྱི་གཏང་རག་མི་ཤེས་སོ། །སྐབས་དེ་དགེ་སློང་རྣམས་ ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐད་ཀྱི་གཏང་རག་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སྐད་ཀྱི་གཏང་རག་བསླབ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཁྱམས་དང་། གནས་ཁང་དང་། སྒོ་ཁང་དག་ན་སྐད་ཀྱི་གཏང་ རག་དག་སློབ་པར་བྱེད་པ་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་གཙུག་ལག་ཁང་དུ་འོངས་པ་དང་། དེས་ཐོས་ནས་སྨྲས་པ། འཕགས་པ་དག་གཙུག་ལག་ཁང་འདི་རོལ་མོ་མཁན་གྱི་བྲང་ནི་མ་ལགས་ན། ཁྱེད་ཀྱིས་ད་དུང་ཡང་རོལ་མོ་མཁན་དག་མ་བཏང་ངམ། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པའི་ཕྱོགས་སུ་སྐད་ཀྱི་གཏང་རག་དག་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་འགྲེང་སྟེ་ལྷུང་ བཟེད་འབྱིན་པ་དང་། དགེ་སློང་དག་གིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འགྲེང་སྟེ་ལྷུང་བཟེད་མ་འབྱིན་ཅིག །དེས་སྨྲས་པ། ཅི་ཉེས། དེ་དག་གིས་སྨྲས་པ། ལྷུང་བཟེད་དེ་ཆག་པར་འགྱུར་མོད་གཞན་ཅི་ཉེས་པར་འགྱུར། དེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་འགྲེང་སྟེ་ལྷུང་བཟེད་དབྱུང་བར་མི་བྱའོ། །དེ་བཞིན་དུ་གཞུག་པ་དང་། བཀྲུ་བ་དང་། སྐམ་པ་དག་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ།། །།སྡོམ་ལ། ལམ་ཕྲན་དང་ནི་སྣོད་གསུམ་དང་། །ཕྱིང་པ་དྲ་བར་མི་བྱ་དང་། ། གདིང་བ་དང་ནི་མི་འབྲལ་བ། །དྲང་སྲོང་ཆེན་པོས་རྗེས་སུ་གནང་། །སངས་རྒྱས་བཅོམ་ལྡན་འདས་ངན་སྤོང་གི་བུ་དག་ན་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་རུང་གི་ནགས་རི་དགས་ཀྱི་གནས་ན་བཞུགས་སོ། །གང་གི་ཚེ་རྒྱལ་བུ་གཞོན་ནུ་རྟོགས་ལྡན་གྱིས་ཁང་བཟངས་པད་མ་ཅན། ཚོན་བརྒྱ་ རྩ་གཅིག་གིས་བྲིས་པ་བྱེད་དུ་བཅུག་ཅིང་རས་སར་པ་ཁ་ཚར་རིང་པོ་ཅན་དག་གིས་ཆལ་པར་བཏིང་སྟེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་པའི་ཚེ་བཅོམ་ལྡན་འདས་ཁང་བཟངས་པད་མ་ཅན་དུ་གཤེགས་པར་བཞེད་པ་ན་མ་གཤེགས་པ་དང་། རྒྱལ་བུ་གཞོན་ ནུ་རྟོགས་ལྡན་གྱིས་སྨྲས་པ། བཅོམ་ལྡན་འདས་གཤེགས་སུ་གསོལ། འོན་ཀྱང་བཅོམ་ལྡན་འདས་མ་གཤེགས་པ་དང་། རྒྱལ་བུ་གཞོན་ནུ་རྟོགས་ལྡན་གྱིས་རས་རྣམས་བསྡུས་པ་མུ་སྟེགས་ཅན་རྣམས་ཀྱིས་ཐོས་ནས་དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་ནི་བཀུར་སྟི་དེ་ལྟ་བུའི་ གནས་མ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གལ་ཏེ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་ལམ་ཕྲན་དག་ཏུ་ཡང་རས་སར་པ་ཁ་ཚར་རིང་པོ་ཅན་དག་བཏིང་ཞིང་འཕགས་པ་དག་ བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་གཤེགས་སུ་གསོལ་ཞེས་ཟེར་ན། མུ་སྟེགས་ཅན་རྣམས་ཟིལ་གྱིས་མནན་པའི་ཕྱིར་མི་རྟག་པ་ཉིད་ཡིད་ལ་བྱ་བས་ཟིལ་གྱིས་མནན་ཅིང་འདོང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ངན་སྤོང་གི་བུ་དག་ན་ཆུ་སྲིན་བྱིས་པ་གསོད་ ཀྱི་རི་ལ་འཇིགས་རུང་གི་ནགས་རི་དགས་ཀྱི་གནས་ན་བཞུགས་སོ། །དགེ་སློང་ཞིག་ལྷུང་བཟེད་ལག་ན་ཐོགས་ཏེ་སོང་བ་དང་། དེ་ཕྱོགས་གཞན་ཞིག་ཏུ་སྒྱེལ་ནས་ལྷུང་བཟེད་དེ་ས་ལ་ལྷུང་སྟེ་ཆག་ནས་དེའི་བར་ཆད་དུ་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ལྷུང་བཟེད་ལག་ན་བཀུར་བར་མི་བྱ་བར་ལྷུང་བཟེད་ཀྱི་སྣོད་དུ་བཅུག་སྟེ་བཀུར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལྷུང་བཟེད་ལག་ན་བཀུར་བར་མི་བྱ་བར་ལྷུང་བཟེད་ཀྱི་སྣོད་དུ་བཅུག་སྟེ་བཀུར་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་ སློང་རྣམས་ལྷུང་བཟེད་ཀྱི་སྣོད་དུ་བཅུག་སྟེ་ལག་པ་ཉིད་ན་ཁྱེར་ཏེ་འདོང་བ་ན་ཉེས་དམིགས་དེ་ཉིད་དུ་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་ཀྱི་སྣོད་ལག་ན་བཀུར་བར་མི་བྱ་བར་ལུང་ཐག་བཏགས་ཏེ་མཆན་ ཁུང་གིས་བཀུར་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་དོན་མཐུན་དག་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་དོང་ངོ་། །ཇི་ཙམ་ན་བྲམ་ཟེ་ཞིག་ན་ནས་དེ་སྨན་པའི་གན་དུ་སོང་སྟེ་སྨྲས་པ། ཀྱེ་བདག་ ཉིད་ཆེན་པོ་ཁོ་བོའི་ནད་ཀྱི་རྣམ་པ་འདི་ལྟ་བུའི་སྨན་སྟོན་ཅིག །དེས་སྨྲས་པ། ཇོ་བོ་ཨ་རུ་ར་གསོལ་དང་སྙུན་གདངས་པར་འགྱུར་རོ། །དེས་སྨྲས་པ། ལམ་ཀ་འདི་ན་ཨ་རུ་ར་ག་ལ་ཡོད། དེས་སྨྲས་པ། བྲམ་ཟེ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་འདི་དག་ནི་མཁས་པ་ལགས་པས་འདི་དག་ལ་ཁྱོད་ཀྱིས་བསླངས་ ན་འདི་དག་ལ་མཆིས་པར་འགྱུར་གདའོ། །དེ་དགེ་སློང་རྣམས་ཀྱི་དྲུང་དུ་སོང་སྟེ་དྲིས་པ། འཕགས་པ་དག་ལ་ཨ་རུ་ར་ལྟ་མཆིས་སམ། དེ་དག་གིས་སྨྲས་པ། བྲམ་ཟེ་ཡོད་ན་དེ་ཅིར་དགོས། བདག་ལ་སྨན་པའི་མཆིད་ནས་ཨ་རུ་ར་ཚོལ་ཅིག་ཅེས་མཆི་ན་གལ་ཏེ་མངའ་ན་བདག་ལ་སྩལ་དུ་གསོལ། དགེ་སློང་དེས་དེའི་མདུན་དུ་ལྷུང་བཟེད་ཀྱི་སྣོད་ཕྱེ་བ་དང་། དེ་ཉིད་ན་སྨྱུང་བུ་ཡང་འདུག་ཅིང་། དེ་ཉིད་ན་གྲིའུ་དང་། དེ་ཉིད་ན་འབྲེང་བུ་དང་། དེ་ཉིད་ན་སྨན་དག་འདུག་པ་བྲམ་ཟེས་མཐོང་ནས་སྨྲས་པ། འཕགས་པ་དག་ཁྱེད་ནི་ཀུན་དུ་སྤྱོད་པ་མི་གཙང་བ་ཡིན་ཏེ། འདི་འདྲ་བ་ཟ་བ་བས་ནི་བདག་ཤི་ཡང་ཆེས་ བླའི་མི་གཙང་བ་ཟ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་གསུམ་བཅང་བར་བྱ་སྟེ། ལྷུང་བཟེད་ཀྱི་སྣོད་དང་། སྨན་སྣོད་དང་། བར་བུར་སྣོད་རྣམས་སོ། །དགེ་སློང་དག་གིས་དེ་དག་གི་ ལུང་ཐག་མཉམ་པར་བཏགས་པས་དེ་དག་གིས་མཆན་ཁུང་རློ་བར་གྱུར་པ་དང་། མ་དད་པ་དག་འཕགས་པ་དག་ཅི་ཁྱེད་རྫ་རྔ་ཐོགས་ཏེ་འགྲོའམ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཉམ་པར་གདགས་ པར་མི་བྱ་བར་ཅི་རིགས་པར་གདགས་པར་བྱའོ། །དགེ་སློང་དག་གིས་རས་མ་ཕྲ་མོ་དག་བཏགས་པས་དེ་དག་ལ་ན་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་མ་ཞེང་ཆེན་པོ་དག་གདགས་པར་བྱའོ། །དེ་དག་གིས་ཞེང་ཆེན་པོ་དག་བཏགས་པ་དང་དེ་དག་ཉིད་ཞུམ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་ཕྱིང་བུ་དང་སྦྱར་ཏེ་སྐབས་སྐབས་སུ་སྲུབས་བྱ་རོག་རྐང་དག་དྲུབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་གིས་ཕྱིང་པ་ཞིག་རྙེད་ནས་དེས་བསམས་ པ། བཅོམ་ལྡན་འདས་ཀྱིས་ཆོས་གོས་གསུམ་དྲས་ཏེ་བཅང་བར་བྱའོ་ཞེས་བཀའ་སྩལ་གྱིས་དྲའོ་སྙམ་ནས། དེ་གྲིའུ་དང་ཁབ་དག་ཁྱེར་ནས་ཤིང་ལྗོན་པ་ཞིག་གི་དྲུང་དུ་སོང་བ་དང་། བཅོམ་ལྡན་འདས་ཀྱང་ཕྱོགས་དེར་གཤེགས་ཏེ་གཟིགས་ནས་བཀའ་སྩལ་པ། དགེ་སློང་འདི་ཅི་ཡིན། དེས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཆོས་གོས་གསུམ་དྲས་ཏེ་བཅང་བར་བྱའོ་ཞེས་བཀའ་སྩལ་པས་བདག་གིས་ཕྱིང་པ་འདི་རྙེད་ནས་ཆོས་གོས་སུ་འདྲ་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ལྔ་པོ་འདི་དག་ནི་དྲ་བར་མི་བྱ་སྟེ། བེའུ་རས་ཐམས་ཅད་དང་། ལ་བ་ཐམས་ཅད་དང་། ཕྱིང་པ་ཐམས་ཅད་དང་། ཀླམ་ཐམས་ཅད་དང་། སེང་བ་ཐམས་ཅད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་བྱ་བ་ཞིག་གི་ཕྱིར་གཙུག་ལག་ཁང་གཞན་དུ་སོང་བ་དང་། དེ་དེར་ནམ་སྲོས་པར་གྱུར་ནས་གནས་མལ་གྱི་ཞལ་ཏ་བྱེད་པས་སྨྲས་པ། ཚེ་དང་ལྡན་པ་གནས་མལ་དག་ནོས་ཤིག །དེས་སྨྲས་པ། བདག་གིས་གདིང་བ་ཁྱེར་ཏེ་མ་འོངས་ སོ། །གནས་མལ་གྱི་ཞལ་ཏ་བྱེད་པས་སྨྲས་པ། གལ་ཏེ་དེ་ལྟ་ན་ཁྲི་བརླིང་བ་ནོས་ཤིག །དེས་ཁྲི་བརླིང་བ་མནོས་ནས་ཉལ་བ་དང་། དེ་གྲང་བའི་སྡུག་བསྔལ་གྱིས་ཉེན་བཞིན་དུ་མཚན་མོ་འདས་ནས་ན་བར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་གདིང་བ་མེད་པར་འགྲོ་བར་མི་བྱའོ། །འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གདིང་བ་མེད་པར་འགྲོ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་དེང་ཉིད་ཕྱིར་ལྡོག་པའི་བསམ་ པས་དེའི་ཉེན་ཀོར་གྱི་གཙུག་ལག་ཁང་གཞན་དུ་འགྲོ་བ་དང་། འཆག་ཏུ་འགྲོ་བ་དང་། གྲོང་གཞན་དུ་འགྲོ་བ་དེ་དག་ཏུ་ཡང་གདིང་བ་ཁྱེར་བ་ན་གནས་བརྟན་རྒན་པོ་རྒས་པ་ཉམ་ཆུང་བ་རྣམས་དང་། ནད་པ་སྦྱོར་མི་བཟོད་པ་རྣམས་ཉམ་ཐག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་ དེང་ཉིད་ཕྱིར་ལྡོག་པའི་བསམ་པས་འགྲོ་བ་དེར་ཡང་གདིང་བ་མེད་པར་འགྲོར་མ་གནང་ངོ་ཞེས་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ཉེན་ཀོར་དང་ཉིན་མོ་སྤྱོད་དུ་འགྲོ་བ་ལ་གདིང་བ་བཀུར་ བར་མི་བྱའོ། །གྲོང་གཞན་དུ་འགྲོ་བ་ན་དེང་ཉིད་ཕྱིར་ལྡོག་པའི་བསམ་པས་འགྲོ་ན་དེར་ཀྱང་བཀུར་བར་མི་བྱའོ། །དགེ་སློང་གཞན་དག་གདིང་བ་མེད་པར་གྲོང་གཞན་དུ་དེ་ཉིད་ལྡོག་པའི་བསམ་པས་འགྲོ་བ་ན་དེ་རྣམས་ལ་བྱ་བའི་རྣམ་པ་དེ་ལྟ་བུ་དག་བྱུང་ནས་དེས་ནམ་སྲོས་པར་གྱུར་པ་དང་། དེ་དག་བསླབ་པ་ལ་གུས་ པས་ནུབ་མོ་ཕྱིར་དོང་བ་ན་སེང་གེ་དང་། སྟག་དང་། ཆོམ་རྐུན་པ་དང་། གཡོན་ཅན་དག་གིས་བགྲོད་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་ལྟར་བསམས་ཏེ་དོང་བ་དག་དེར་ནམ་སྲོས་པར་གྱུར་ན་དེ་ཉིད་དུ་ གནས་པར་བྱ་སྟེ། འདི་ལྟར་ཚངས་པ་མཚུངས་པར་སྤྱོད་པ་དག་ལས་གདིང་བ་བརྙས་ཏེ་ཉལ་བར་བྱའོ། །གལ་ཏེ་རྙེད་ན་དེ་ལྟ་ན་ལེགས། གལ་ཏེ་མ་རྙེད་ན་བླ་གོས་བཞི་ལྟབ་ཏུ་བྱས་ཏེ་བཏིང་ལ་ཡུན་ཐུང་དུ་ནི་ཉལ། ཡུན་རིང་དུ་ནི་མི་ཉལ་བར་མཚན་མོ་འདའ་བར་བྱའོ། །དགེ་སློང་གཞན་ཞིག་གིས་དགེ་སློང་ཞིག་ ལས་གདིང་བ་བརྙས་པ་དང་། དེ་ལ་རྨི་ལམ་གྱི་གནོད་པ་བྱུང་ནས་དེས་མི་གཙང་བས་མ་རུང་བར་གྱུར་པ་དེ་བཞིན་དུ་དགེ་སློང་དེ་ལ་ཕྱིར་དབུལ་བར་བརྩམས་པ་དང་། དེས་མ་འདོད་པའི་སྐབས་དེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཀྲུས་ཏེ་སྦྱིན་པར་བྱའོ། ། དགེ་སློང་དེས་བཀྲུས་ཏེ་བྱིན་ན་འོན་ཀྱང་དེ་ལེན་པར་མི་བྱེད་པའི་སྐབས་དེ་ཞེས་བྱ་བའི་བར་དུ་ཡང་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱི