Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 010_འདུལ་བ།_ཐ

Văn bản gốc(Tây Tạng)

Trang 2 / 20 (50.000 ký tự/trang)
 རྒྱལ་པོ་ཆེན་པོ་གཞོན་ནུ་ལོང་ཤིག །དེས་གུས་པར་བསྒྲིམས་པ་དང་བཅས་པས་ལག་པ་བརྐྱང་སྟེ། དེ་
བླངས་ནས་ཀུན་དུ་བརྟགས་ཏེ་གསོལ་པ། བཅོམ་ལྡན་འདས་ཁྱེའུ་འདིའི་མིང་ཅིར་གདགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱེའུ་འདི་འདི་ལྟར་མེའི་ནང་ནས་སྐྱེས་པས་དེའི་ཕྱིར་ཁྱེའུ་འདིའི་མིང་མེ་སྐྱེས་ཞེས་བྱ་བར་གདགས་སོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་ཅི་ནས་ཀྱང་སེམས་ཅན་བརྒྱ་ཕྲག་མང་པོ་དེ་དག་གིས་ཐོས་ནས་ཁྱད་པར་རྙེད་པར་འགྱུར་བ་དེ་ལྟ་བུར་ཆོས་བསྟན་པ་མཛད་པས་ཁ་
ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་
པར་གྱུར་ཏོ། །ཁ་ཅིག་གིས་ནི་དྲོ་བར་གྱུར་པའི་དགེ་བའི་རྩ་བ་དང་། ཁ་ཅིག་གིས་ནི་རྩེ་མོ་དང་། ཁ་ཅིག་གིས་ནི་བཟོད་པ་ཆུང་ངུ་དང་འབྲིང་བསྐྱེད་པར་གྱུར་ཏོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་དང་། ཁ་ཅིག་
གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གྱུར་ཏོ། །ཁ་ཅིག་གིས་ནི་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་ཡང་དག་པར་བླངས་ཏེ་འཁོར་དེ་དག་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་
འདུན་ལ་བབ་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་ཁྱེའུ་མེ་སྐྱེས་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་

བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད་སྐྱེད་པར་བྱེད་ཅིང་། རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེའི་
ཞང་པོ་ཟོང་ཐོགས་ཏེ་ཡུལ་གཞན་དུ་སོང་བ་དེས་ཇི་ལྟར་བདག་གི་སྲིང་མོ་ལ་སེམས་ཅན་ཞུགས་པར་གྱུར་པ་དེ་བཅོམ་ལྡན་འདས་ཀྱིས་ཁྱེའུར་སྐྱེ་བར་འགྱུར་ཏེ། རིགས་འབར་བར་འགྱུར་ཞིང་། ལྷ་དང་མིའི་དཔལ་ཡང་མྱོང་བར་གྱུར་ནས། ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་
མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པ་ཐོས་ནས་དེས་ཟོང་བསྒྱུར་ཏེ་རིན་བླངས་ནས་རྒྱལ་པོའི་ཁབ་ཏུ་སོང་བ་དང་། དེས་འདི་ལྟར་བདག་གི་སྲིང་མོ་དེ་འཆི་བའི་དུས་ལ་བབ་པོ་ཞེས་ཐོས་སོ། །ཐོས་ནས་ཀྱང་
བསམས་པ། བཅོམ་ལྡན་འདས་ཀྱིས་དེའི་བུ་ཁྱེའུར་སྐྱེ་བར་འགྱུར་ཏེ། རིགས་འབར་བར་འགྱུར་ཞིང་། ལྷ་དང་མིའི་དཔལ་ཡང་མྱོང་བར་གྱུར་ནས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཞེས་
ལུང་བསྟན་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བརྫུན་དུ་མ་གྱུར་ཏམ་སྙམ་ནས་དེས་ཁྱིམ་ཚེས་དག་ལ་དྲིས་པ། བདག་གི་སྲིང་མོ་ལ་སེམས་ཅན་ཞུགས་པར་གྱུར་པ་དེ་བཅོམ་ལྡན་འདས་ཀྱིས་ཁྱེའུར་འགྱུར་ཏེ། རིགས་འབར་བར་འགྱུར་ཞིང་། ལྷ་དང་མིའི་
དཔལ་ཡང་མྱོང་བར་གྱུར་ནས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པར་ཐོས་སོ། །ཐོས་ནས་བདག་ཀུན་ཏུ་དགའ་བ་ལས་དེ་ཡང་འཆི་བའི་དུས་ལ་བབ་པོ་ཞེས་ཐོས་
ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བརྫུན་དུ་མ་གྱུར་ཏམ། དེ་དག་གིས་ཚིགས་སུ་བཅད་པ་སྨྲས་པ། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྷུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམ་པར་འགྱུར་

སྲིད་ཀྱི། །དྲང་སྲོང་ཆེན་པོ་བརྫུན་གསུང་འགྱུར་བ་སྲིད་པ་མིན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི་བརྫུན་དུ་མི་འགྱུར་ཏེ་འདི་ལྟར་ཁྱིམ་ཐབ་དེས་དེ་ཇི་ལྟ་ཇི་ལྟར་འཆི་བར་འགྱུར་བ་དེ་ལྟ་དེ་ལྟར་བྱས་པས་འཆི་བའི་དུས་ལ་བབ་ནས་དེའི་ཁྱེའུ་དབང་ཐང་ཆེན་པོ་ཅན་
མེར་བསྲེགས་ཀྱང་མ་ཚིག་པ་མཐུ་བོ་ཆེ་ཞིག་ད་ལྟར་རྒྱལ་པོའི་ཕོ་བྲང་ན་གསོ་ཞིང་འདུག་གོ་ཞེས་སྨྲས་པ་དང་། དེ་ཁྱིམ་བདག་ཤིན་ཏུ་བཟང་པོའི་གན་དུ་སོང་སྟེ་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་མི་རིགས་པ་ཞིག་བྱས་སོ། །ཅི་ཞིག་བྱས། གཅེར་བུ་པས་བསླུས་
ནས་ཁྱོད་ཀྱིས་ངའི་སྲིང་མོ་ལ་སེམས་ཅན་ཞུགས་པ་ཇི་ལྟ་ཇི་ལྟར་འཆི་བར་འགྱུར་བ་དེ་ལྟ་དེ་ལྟར་བྱས་པས་འཆི་བའི་དུས་ལ་བབ་པར་བྱས་སོ། །དེས་ཁྱེའུ་དབང་ཐང་ཅན་མེར་བསྲེགས་ཀྱང་མ་ཚིག་པ་མཐུ་བོ་ཆེ་ཞིག་ད་ལྟར་རྒྱལ་པོའི་ཕོ་བྲང་ན་གསོ་ཞིང་འདུག་པ་དེ་ལ་ནི་
རེ་ཞིག་ཅི་བྱར་ཡང་མེད་དེ། འདི་ལྟར་ད་ཡང་གལ་ཏེ་གཞོན་ནུ་དེ་བླངས་ན་དེ་ལྟ་ན་ལེགས། འོན་ཏེ་མི་ལེན་ན་ངས་ཁྱོད་གཉེན་དུ་ཡང་མི་བརྩི། རབས་ཡིག་ཀྱང་དོར་ཞིང་ལམ་པོ་ཆེ་དང་། སྲང་དང་ལམ་གྱི་སུམ་མདོ་དང་། བཞི་མདོ་དག་ཏུ་ཡང་ཁྱིམ་བདག་ཤིན་
ཏུ་བཟང་པོས་བདག་གི་སྲིང་མོ་བསད་དེ། ཆུང་མ་གསོད་པ་འདི་ལ་སུས་ཀྱང་གཏམ་འདྲེ་བར་མི་བྱའོ་ཞེས་མི་སྙན་པ་བསྒྲག་ཅིང་རྒྱལ་པོའི་གནོད་པ་ཡང་བྱེད་དུ་གཞུག་གོ་ཞེས་སྨྲས་པ་དང་། དེས་དེ་ཐོས་ནས་སྐྲག་སྟེ། དེ་སྐད་སྨྲས་པ་དང་སྦྱར་ན་བདག་ལ་དེ་ལྟར་བྱེད་
པར་ངེས་སོ་སྙམ་ནས། དེ་རྒྱལ་པོའི་གན་དུ་སོང་སྟེ་རྐང་པ་གཉིས་ལ་ཕྱག་འཚལ་ནས་སྨྲས་པ། ལྷ་བདག་གི་ཉེ་དུ་པོའི་མཆིད་ནས་ད་ཡང་གལ་ཏེ་གཞོན་ནུ་དེ་བླངས་ན་དེ་ལྟ་ན་ལེགས། འོན་ཏེ་མི་ལེན་ན་ངས་ཁྱོད་གཉེན་དུ་ཡང་མི་བརྩི། རབས་ཡིག་ཀྱང་དོར་ཞིང་།
ལམ་པོ་ཆེ་དང་། སྲང་དང་ལམ་གྱི་སུམ་མདོ་དང་། བཞི་མདོ་དག་ཏུ་ཡང་ཁྱིམ་བདག་ཤིན་ཏུ་བཟང་པོས་བདག་གི་སྲིང་མོ་བསད་དེ་ཆུང་མ་གསོད་པ་འདི་ལ་སུས་ཀྱང་གཏམ་འདྲེ་བར་མི་བྱའོ་ཞེས་མི་སྙན་པ་བསྒྲག་ཅིང་རྒྱལ་པོའི་གནོད་པ་ཡང་བྱེད་དུ་གཞུག་གོ་ཞེས་མཆི་བས།

དེའི་སླད་དུ་ལྷས་གཞོན་ནུ་མེ་སྐྱེས་བདག་ལ་སྩལ་བའི་རིགས་སོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་གཞོན་ནུ་མེ་སྐྱེས་ངས་ཁྱོད་ལ་བླངས་པ་མ་ཡིན་གྱི། བཅོམ་ལྡན་འདས་ཀྱིས་ང་ལ་གཏད་པ་ཡིན་པས་ཁྱོད་ལ་གལ་ཏེ་གཞོན་ནུ་དགོས་ན་གཞོན་ནུའི་ཆེད་དུ་
བཅོམ་ལྡན་འདས་ལ་སྔར་ཞུས་ཤིག །དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་ཞབས་གཉིས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཉེ་དུ་པོའི་མཆིད་ནས་ད་ཡང་གལ་ཏེ་གཞོན་ནུ་དེ་བླངས་ན་དེ་ལྟ་ན་ལེགས། འོན་ཏེ་མི་ལེན་ན་ངས་ཁྱོད་
གཉེན་དུ་ཡང་མི་བརྩི། རབས་ཡིག་ཀྱང་དོར་ཞིང་། ལམ་པོ་ཆེ་དང་། སྲང་དང་། ལམ་གྱི་སུམ་མདོ་དང་། བཞི་མདོ་དག་ཏུ་ཡང་ཁྱིམ་བདག་ཤིན་ཏུ་བཟང་པོས་བདག་གི་སྲིང་མོ་བསད་དེ། ཆུང་མ་གསོད་པ་འདི་ལ་སུས་ཀྱང་གཏམ་འདྲེ་བར་མི་བྱའོ་ཞེས་མི་སྙན་པ་བསྒྲག་ཅིང་།
རྒྱལ་པོའི་གནོད་པ་ཡང་བྱེད་དུ་གཞུག་གོ་ཞེས་མཆི་བས། དེའི་སླད་དུ་གཞོན་ནུ་མེ་སྐྱེས་བདག་ལ་སྩལ་བའི་རིགས་སོ། །བཅོམ་ལྡན་འདས་ཀྱིས་གལ་ཏེ་ཁྱིམ་བདག་ཤིན་ཏུ་བཟང་པོ་གཞོན་ནུ་མེ་སྐྱེས་མ་ཐོབ་ན་ཁྲག་ཚ་བ་སྐྱུགས་ནས་འཆི་བའི་དུས་བྱེད་པར་འགྱུར་བའི་གནས་
སྐབས་དེ་ལྟ་བུ་ཡོད་པར་གཟིགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ངའི་བཀས་ཨ་རོག་གྱ་ཞེས་བྱོས་ལ་འདི་སྐད་ཅེས་རྒྱལ་པོ་ཆེན་པོ་ཁྱིམ་བདག་ཤིན་ཏུ་བཟང་པོ་ལ་གཞོན་ནུ་མེ་སྐྱེས་བྱིན་ཅིག །གལ་ཏེ་ཁྱིམ་
བདག་ཤིན་ཏུ་བཟང་པོ་གཞོན་ནུ་མེ་སྐྱེས་མ་ཐོབ་ན་ཁྲག་ཚ་བ་སྐྱུགས་ནས་འཆི་བའི་དུས་བྱེད་པར་འགྱུར་བའི་གནས་སྐབས་དེ་ལྟ་བུ་ཡོད་པར་འགྱུར་རོ་ཞེས་ཀྱང་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ནས་
རྒྱལ་པོ་གཟུགས་ཅན་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་ཁྱོད་ལ་རྒྱལ་པོ་ཆེན་པོ་ཨ་རོག་གྱ་ཞེས་བཀའ་སྩལ་ཏེ། རྒྱལ་པོ་ཆེན་པོ་ཁྱིམ་བདག་ཤིན་ཏུ་བཟང་པོ་ལ་གཞོན་ནུ་མེ་སྐྱེས་

བྱིན་ཅིག །གལ་ཏེ་ཁྱིམ་བདག་ཤིན་ཏུ་བཟང་པོ་གཞོན་ནུ་མེ་སྐྱེས་མ་ཐོབ་ན་ཁྲག་ཚ་བ་སྐྱུགས་ནས་འཆི་བའི་དུས་བྱེད་པར་འགྱུར་བའི་གནས་སྐབས་དེ་ལྟ་བུ་ཡོད་པར་འགྱུར་རོ་ཞེས་ཀྱང་བཀའ་སྩལ་ཏོ། །རྒྱལ་པོས་སྨྲས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་
འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་འཚལ་ལོ། །ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱལ་པོ་ཆེན་པོ་ཨ་རོག་གྱ་ཞེས་སྨྲས་ཏེ་སོང་ངོ་། །རྒྱལ་པོས་སྨྲས་པ། ཁྱིམ་བདག་གཞོན་ནུ་འདི་ངས་བསྐྱེད་དེ་ཡིད་དུ་འོང་ཞིང་སྡུག་པ་ཡིན་པས་དམ་ཚིག་བཅས་ལ་སྦྱིན་པར་བྱ་སྟེ། ཉི་མ་རེ་རེ་ལ་ཡང་དུས་གསུམ་
གསུམ་དུ་ང་བལྟ་བའི་ཕྱིར་གཏོང་ན་སྦྱིན་པར་བྱའོ། །དེས་སྨྲས་པ། ལྷ་ཁྱོད་ཀྱི་སྤྱན་སྔར་མི་གཏང་ན་གཞན་སུའི་ཐད་དུ་གཏང་བར་བགྱི། གཏང་བར་འཚལ་ལོ། །རྒྱལ་པོས་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་གླང་པོ་ཆེ་ལ་བསྐྱོན་ནས་བཏང་ངོ་། །འདི་ལྟར་འཇིག་རྟེན་པ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་ཇི་སྐད་
དུ་ཕ་གསོན་པ་དེ་སྲིད་དུ་བུའི་མིང་མི་སྒྲོགས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་ཤིན་ཏུ་བཟང་པོ་འཆི་བའི་དུས་བྱས་ནས་གཞོན་ནུ་མེ་སྐྱེས་ཕའི་ཁྱིམ་ན་གནས་པར་གྱུར་ཏེ། དེ་སངས་རྒྱས་ལ་མངོན་པར་དད། ཆོས་དང་དགེ་འདུན་ལ་མངོན་པར་དད། སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་
དང་དགེ་འདུན་ལ་སྐྱབས་སུ་སོང་ངོ་། །དེས་ཁྱིམ་བདག་ཤིན་ཏུ་བཟང་པོས་ཕྱོགས་གང་དུ་བདག་གི་མ་བསད་པའི་ཕྱོགས་དེར་གཙུག་ལག་ཁང་རྩིག་ཏུ་བཅུག་ནས་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་སྦྱར་ཏེ་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་ནས་འདི་ལྟར་གནས་བརྟན་དག་གིས་ཀྱང་མདོ་སྡེ་དག་ལ་
བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དཀུ་མཉེད་པའི་ཚལ་ན་བཞུགས་སོ་ཞེས་ཉེ་བར་སྦྱར་ཏོ། །ཁྱིམ་བདག་ཤིན་ཏུ་བཟང་པོའི་མི་ཞོ་ཤས་འཚོ་བ་ཡུལ་གཞན་དུ་དོང་བ་དག་གིས་ཁྱིམ་བདག་ཤིན་ཏུ་བཟང་པོ་ནི་འཆི་བའི་དུས་ལ་བབ་པོ། །གཞོན་ནུ་མེ་སྐྱེས་ནི་རང་གི་ཁྱིམ་ན་གནས་ཏེ། དེ་སངས་རྒྱས་ལ་
མངོན་པར་དད། ཆོས་དང་དགེ་འདུན་ལ་མངོན་པར་དད། སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་གིས་ཙན་དན་ས་མཆོག་པའི་ལྷུང་བཟེད་ཅིག་རིན་པོ་ཆེ་དག་གིས་བཀང་སྟེ་ཁྱིམ་བདག་མེ་སྐྱེས་ལ་སྐྱེས་སུ་བསྐུར་རོ། །

དེས་ཀྱང་དེ་ཤིང་རིང་པོའི་རྩེ་མོ་ལ་བཏགས་ཏེ་བཞག་ནས། འདི་སྐད་ཅེས་འདི་སུས་ཀྱང་སྐས་དང་། ཡ་གད་དང་། ཀྱོ་བ་ཏང་དག་གིས་བླང་བར་མི་བྱའི། འདི་ལྟར་དགེ་སྦྱོང་ངམ་བྲམ་ཟེ་གང་དག་རྫུ་འཕྲུལ་ཆེ་བའམ། མཐུ་ཆེ་བ། དེ་དག་ལས་འགའ་ཞིག་གིས་ལེན་ན་དེས་
ནི་འདི་ཅི་བདེར་ཁྱེར་ལ་རག་གོ་ཞེས་དྲིལ་བསྒྲགས་པ་ཡང་བྱས་སོ། །གཞན་མུ་སྟེགས་ཅན་རྣམས་ནང་པར་སྔར་ལངས་ནས་ཆུ་ངོགས་དག་ཏུ་ཉེ་རེག་བྱེད་དུ་འདོང་བ་དེ་དག་གིས་མཐོང་ངོ་། །མཐོང་ནས་ཀྱང་ཁྱིམ་བདག་མེ་སྐྱེས་ལ་སྨྲས་པ། ཁྱིམ་བདག་འདི་ཅི་ཡིན། དེས་དེ་དག་ལ་རྒྱས་པར་བསྙད་
པ་དང་། དེ་དག་གིས་སྨྲས་པ། །ཁྱིམ་བདག་ཁྱོད་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ལ་མངོན་པར་དད་པས་དེ་དག་ཉིད་ལེན་པར་འགྱུར་རོ་ཞེས་སྨྲས་ནས་དོང་ངོ་། །ཇི་ཙམ་ན་དགེ་སློང་གནས་བརྟན་གནས་བརྟན་དག་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དེ་དག་གིས་དེ་མཐོང་ནས་དེ་དག་གིས་
ཀྱང་ཁྱིམ་བདག་མེ་སྐྱེས་ལ་སྨྲས་པ། ཁྱིམ་བདག་འདི་ཅི་ཡིན། དེས་དེ་དག་ལ་དེ་ཁོ་ན་བཞིན་དུ་རྒྱས་པར་བསྙད་པ་དང་། དེ་དག་གིས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་ཡོན་ཏན་ནི་བཅབ་པར་བྱ། སྐྱོན་ནི་བསྒྲག་པར་བྱའོ་ཞེས་བཀའ་སྩལ་ན། ཇི་ལྷུང་
བཟེད་ཙམ་གྱི་ཆེད་དུ་བདག་ཉིད་བསྟན་པར་བྱའམ་ཞེས་སྨྲས་ནས་དོང་ངོ་། །ཇི་ཙམ་ན་ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་པ་དེ་ཕྱོགས་དེར་འོངས་ཏེ། ཁྱིམ་བདག་ལ་སྨྲས་པ། ཁྱིམ་བདག་འདི་ཅི་ཡིན། དེས་ཇི་ལྟ་བུ་ཡིན་པ་སྨྲས་པ་དང་། ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་པས་བསམས་པ།
བདག་གིས་ཐོག་མ་མེད་པའི་དུས་ནས་བསགས་པའི་ཉོན་མོངས་པའི་ཚོགས་རྣམས་སྤངས་ཤིང་བོར་ལ་བསལ་ཅིང་སྦྱང་བ་བྱས་ན་ཁྱིམ་བདག་གིས་བདག་མུ་སྟེགས་ཅན་དང་རྫུ་འཕྲུལ་འགྲན་པར་ཆད་ཀྱིས་དེའི་ཕྱིར་འདིའི་ཡིད་མགུ་བར་བྱའོ་སྙམ་ནས། དེས་ལག་པ་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་སྟེ་ལྷུང་བཟེད་
དེ་བླངས་ནས་དེས་དེ་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ངོ་། །དེ་ལ་དགེ་སློང་དག་གིས་སྨྲས་པ། གནས་བརྟན་ཁྱོད་ཀྱི་ཙན་དན་ས་མཆོག་པའི་ལྷུང་བཟེད་འདི་ག་ལས་མཆིས། དེས་ཇི་ལྟར་གྱུར་པ་བརྗོད་པ་དང་། དགེ་སློང་དག་གིས་སྨྲས་པ། གནས་བརྟན་ཁྱོད་ལྷུང་བཟེད་ཙམ་གྱི་ཆེད་དུ་ཁྱིམ་པའི་མདུན་

དུ་རྫུ་འཕྲུལ་རྣམ་པར་བསྟན་དུ་རུང་ངམ། དེ་ཚེ་དང་ལྡན་པ་དག་རུང་ཡང་བླ་མི་རུང་ཡང་བླ་སྟེ་བྱས་ཟིན་པས་ད་ཅི་བྱར་ཡང་མེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཁྱིམ་པའི་མདུན་དུ་རྫུ་འཕྲུལ་
རྣམ་པར་བསྟན་པར་མི་བྱའོ། །རྣམ་པར་སྟོན་ན་འགལ་ཚབས་ཅན་དུ་འགྱུར་རོ། །གཞན་ཡང་ལྷུང་བཟེད་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དང་། གཞན་ཡང་ལྷུང་བཟེད་རྣམ་པ་བཞི་པོ་ར་གན་དང་།
ཟངས་དང་། ཁར་བ་དང་། ཤིང་ལས་བྱས་པ་དག་ལས་འདི་ལྟར་ལྷུང་བཟེད་སྔ་མ་བཞི་པོ་གང་དག་ཡིན་པ་དེ་དག་ནི་མ་བླངས་པ་ཡང་བླང་བར་མི་བྱ་ལ། བླངས་པ་ཡང་གཏང་བར་བྱའོ། །ལྷུང་བཟེད་ཕྱི་མ་བཞི་པོ་གང་དག་ཡིན་པ་དེ་དག་ནི་མ་བླངས་པ་ནི་བླང་བར་མི་བྱ་ཞིང་བླངས་པ་ན་སྨན་ཕོར་དུ་ལོངས་
སྤྱད་པས་སྤྱད་པར་བྱ་བ་ཡིན་ནོ། །འདི་ལྟར་ལྕགས་དང་། སའི་ལྷུང་བཟེད་གཉིས་ནི་བྱིན་གྱིས་བརླབ་ཏུ་རུང་བ་དག་ཡིན་ནོ། །དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་མེ་སྐྱེས་ལྷ་དང་མིའི་དཔལ་ཡང་མྱོང་བར་གྱུར་ནས། རྒྱལ་པོའི་ཁབ་དང་ཙམ་པ་དག་གི་བར་ན་ཤོ་གམ་གྱི་གནས་ཤིག་ཡོད་པ་དེའི་
ཤོ་གམ་པ་འཆི་བའི་དུས་ལ་བབ་ནས་དེ་གནོད་སྦྱིན་གདུག་པ་ཞིག་ཏུ་སྐྱེས་པ་དང་། དེས་བུའི་རྨི་ལམ་དུ་འདི་སྐད་ཅེས་བུ་ཁྱོད་ཀྱིས་གནས་འདིར་གནོད་སྦྱིན་གྱི་རྟེན་འཛུགས་སུ་ཆུག་ལ་དེར་དྲིལ་ཡང་གྱིས་ལ་ཐོགས་ཤིག་དང་། གང་གི་ཚེ་དེར་སུ་དག་ཟོང་ལས་ཤོ་གམ་མི་འཇལ་བར་འགྲོ་བར་བྱེད་པ་
དེའི་ཚེ་དྲིལ་དེ་སྒྲ་འབྱིན་པར་བྱེད་ཅིང་། དེ་དག་ཕྱིར་ལྡོག་པ་ལས་ཤོ་གམ་ཆོད་པར་འགྱུར་རོ་ཞེས་བསྟན་ཏོ། །དེས་གཉེན་བཤེས་དང་། ཉེ་དུ་དང་། རྩ་ལག་དག་ལ་རྨི་ལམ་དེ་བཟླས་ནས་ཉི་མ་དང་། ཚེས་གྲངས་དང་། ཡུད་ཙམ་དང་། གཟའ་དང་། རྒྱུ་སྐར་དང་། དུས་ཤིས་པ་
ལ་བབ་པའི་ཚེ་གནས་དེར་གནོད་སྦྱིན་གྱི་རྟེན་འཛུགས་སུ་བཅུག་ནས་དེར་དྲིལ་ཡང་བྱས་ཏེ་བཏགས་སོ། །གྲོང་ཁྱེར་ཙམ་པ་ན་བྲམ་ཟེ་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་པ་དང་། བྲམ་ཟེ་མོ་དེས་བསམས་པ། བདག་བྲམ་ཟེས་ཐབས་དེ་དང་དེ་དག་གིས་བསྒྲུབས་པའི་ནོར་དག་སྤྱོད་

ཅིང་ལས་ཅི་ཡང་མི་བྱེད་པར་འདུག་པ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་ནོ་སྙམ་ནས། དེ་ཚོང་དུས་སུ་སོང་སྟེ་རས་བལ་ཉོས་ནས་སེལ་གྱིས་ཞག་པར་བྱས་ཤིང་བཀལ་ཏེ་ཐ་ག་པ་མཁས་པ་ལ་ཀཱར་ཥཱ་པ་ཎ་སྟོང་རི་བའི་རས་ཟུང་གཅིག་འཐག་ཏུ་བཅུག་གོ། །དེ་ནས་དེས་
བྲམ་ཟེ་ལ་སྨྲས་པ། རས་ཟུང་འདི་ཀཱར་ཥཱ་པ་ཎ་སྟོང་རི་བ་ལགས་ཀྱིས། ཚོང་དུས་སུ་བཞུད་ལ་གང་དག་ཀཱར་ཥཱ་པ་ཎ་སྟོང་གིས་འཇལ་བ་ལ་ནི་སྩོལ་ཅིག །གལ་ཏེ་དེས་མི་འཇལ་ན་ཚོང་འདུས་མ་ཡིན་ནོ་ཞེས་བསྒྲགས་ནས་གཞན་དུ་བཞུད་པར་མཛོད་ཅིག །དེས་དེ་ཁྱེར་ཏེ་ཚོང་འདུས་སུ་སོང་
བ་ན་ཀཱར་ཥཱ་པ་ཎ་སྟོང་གིས་ཉོ་བ་སུ་ཡང་མེད་ནས། དེས་ཚོང་འདུས་མ་ཡིན་ནོ་ཞེས་བསྒྲགས་ཏེ། རས་ཟུང་དེ་གདུགས་ཀྱི་རྩ་བའི་ནང་དུ་བཅུག་སྟེ་འགྲོན་པ་དག་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་སོང་ངོ་། །ཇི་ཙམ་ན་རིམ་གྱིས་ཤོ་གམ་གྱི་གནས་སུ་ཕྱིན་པ་དང་། ཤོ་གམ་པས་འགྲོན་པ་དེ་དག་ལ་ཤོ་གམ་
བཅད་པ་ན་དེ་དག་གིས་ཤོ་གམ་ཕུལ་ནས་དོང་ངོ་། །དེ་ན་དྲིལ་སྒྲ་འབྱིན་པར་བྱེད་ནས་ཤོ་གམ་པ་དག་གིས་སྨྲས་པ། ཤེས་ལྡན་དག་དྲིལ་འདི་ལྟར་སྒྲ་འབྱིན་པ་ལས་ན་འགྲོན་པ་དག་གིས་ཤོ་གམ་ལེགས་པར་མ་ཕུལ་གོར་མ་ཆག་གིས། ཡང་ཤོ་གམ་གཅད་དོ་ཞེས་དེ་དག་གིས་འགྲོན་པ་དག་ཡང་ཕྱིར་
བཀུག་སྟེ་བཙལ་ན་ཤོ་གམ་མ་ཕུལ་བ་འགའ་ཡང་མེད་དོ། །དེ་དག་དོང་བ་དང་ཡང་དྲིལ་སྒྲ་འབྱིན་པ་ཉིད་དུ་བྱེད་ནས། དེ་དག་གིས་འགྲོན་པ་དག་ཡང་ཕྱིར་བཀུག་སྟེ་བཙལ་ན་ཤོ་གམ་མ་ཕུལ་བ་འགའ་ཡང་མེད་པར་གྱུར་ནས། འགྲོན་པ་དག་དེང་ལ་ཁྱེད་ཅག་ཆོམ་པོ་བྱེད་པར་སེམས་སམ། ཅི་ན་ཡང་དང་
ཡང་དུ་ཕྱིར་འགུགས་པར་བྱེད་ཅེས་སྨོད་པར་བྱེད་དོ། །དེ་དག་གིས་འགྲོན་པ་དེ་དག་ཚོམས་གཉིས་སུ་བྱས་ཏེ་བཀྱེ་བ་དང་། ཚོམས་གང་གི་ནང་ན་བྲམ་ཟེ་དེ་མེད་པ་དག་ནི་དེ་བཞིན་དོང་ངོ་། །ཚོམས་ཅིག་ཤོས་འདོང་བ་ན་དྲིལ་དེ་དེ་བཞིན་དུ་སྒྲ་འབྱིན་པར་བྱེད་ནས་དེ་དག་གིས་དེ་དག་ཀྱང་དེ་བཞིན་དུ་ཚོམས་གཉིས་
སུ་བྱས་ཤིང་བྱས་ཤིང་བཀྱེ་བ་དང་། ཐ་མར་བྲམ་ཟེ་དེ་གཅིག་པུ་ཉི་ཚེ་ལུས་པར་གྱུར་ནས་དེ་དེ་དག་གིས་བཟུང་ངོ་། །དེས་བདག་ལ་ཅུང་ཟད་ཀྱང་མེད་ཀྱིས་ཚོལ་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་བཙལ་ན་ཅི་ཡང་མེད་ནས་བཏང་བ་ན་ཡང་དྲིལ་དེ་སྒྲ་འབྱིན་པ་ཉིད་དུ་བྱེད་དོ། །དེ་དག་གིས་བྲམ་ཟེ་དེ་ཡང་ཕྱིར་

བཀུག་ནས་སྨྲས་པ། ཀྱེ་བྲམ་ཟེ་ལྷའི་བྱིན་གྱི་རླབས་ནི་དེ་ལྟར་གྱུར་ན་ཁྱོད་བདེན་པར་སྨྲོས་ཤིག་དང་། ཁོ་བོ་ཅག་ཁྱོད་ལ་ཤོ་གམ་མི་ལེན་ཏོ། །དེས་སྨྲས་པ། བདེན་པ་མི་ལེན་ཏམ། དེ་དག་གིས་སྨྲས་པ། མི་ལེན་ཏོ། །དེས་གདུགས་ཀྱི་རྩ་བའི་ནང་ནས་རས་ཟུང་དེ་ཕྱུང་སྟེ་བསྟན་ཏོ། །དེ་དག་ཀྱེ་མ་
ལྷའི་བྱིན་གྱི་རླབས་ནི་འདི་འདྲའོ་ཞེས་ངོ་མཚར་ཆེན་པོ་སྐྱེས་པར་གྱུར་ནས། དེ་དག་གིས་དེའི་རས་ཡ་གཅིག་ཕྱེ་སྟེ་ལྷ་ལ་བསྟན་ཏོ། །བྲམ་ཟེས་སྨྲས་པ། ཀྱེ་ཁྱེད་ཅག་ན་རེ་ཤོ་གམ་མི་ལེན་ཏོ་ཞེས་ཟེར་ན་ད་ཐམས་ཅད་འཕྲོག་གམ། དེ་དག་གིས་སྨྲས་པ། བྲམ་ཟེ་ངེད་ཅག་ལེན་པར་མི་བྱེད་དེ། ལྷའི་བྱིན་
གྱི་རླབས་དེ་ལྟ་བུ་མཛད་པས་ངེད་ཀྱིས་ལྷ་ལ་བསྟན་པར་ཟད་ཀྱིས་ལོང་ལ་སོང་ཤིག །དེས་དེ་བླངས་ནས་ཡང་གདུགས་ཀྱི་རྩ་བའི་ནང་དུ་བཅུག་སྟེ་སོང་ནས་ཁད་ཀྱི་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེས་ཚོང་འདུས་སུ་རས་ཟུང་དེ་བཀྲམ་པ་ན་དེར་ཡང་དེ་ཀཱར་ཥཱ་པ་ཎ་སྟོང་གིས་ཉོ་བ་སུ་ཡང་མེད་ནས་དེས་རྒྱལ་པོའི་
ཁབ་ཀྱི་ཚོང་འདུས་ཀྱང་ཚོང་འདུས་མ་ཡིན་ནོ་ཞེས་བསྒྲགས་སོ། །དེ་ན་གཞོན་ནུ་མེ་སྐྱེས་གླང་པོ་ཆེ་ལ་ཞོན་ཏེ་རྒྱལ་པོའི་ཕོ་བྲང་ནས་ཕྱིར་བྱུང་སྟེ། ཚོང་འདུས་ཀྱི་ནང་ནས་རང་གི་ཁྱིམ་དུ་འགྲོ་བས་དེ་ཐོས་པ་དང་། དེས་ཤེས་ལྡན་དག་བྲམ་ཟེ་དེ་ཅིའི་ཕྱིར་ཚོང་འདུས་མ་ཡིན་ནོ་ཞེས་སྒྲོགས་པར་བྱེད་པ་དྲི་བར་
བྱས་བོས་ཤིག །དེ་དག་གིས་བོས་ནས་མེ་སྐྱེས་ཀྱིས་སྨྲས་པ། བྲམ་ཟེ་ཁྱོད་ཅིའི་ཕྱིར་ཚོང་འདུས་འདི་ཚོང་འདུས་མ་ཡིན་ནོ་ཞེས་སྒྲོགས་པར་བྱེད། དེས་སྨྲས་པ། ཁྱིམ་བདག་རས་ཟུང་འདི་ལྟ་བུ་ཀཱར་ཥཱ་པ་ཎ་སྟོང་གིས་ཉོ་བ་སུ་ཡང་མེད་པའི་ཕྱིར་རོ། །དེས་སྨྲས་པ། བལྟས་ཁྱེར་ཏེ་ཤོག །
དེས་དེ་ཉེ་བར་བསྟན་ཏོ། །མེ་སྐྱེས་ཀྱིས་སྨྲས་པ། བྲམ་ཟེ་དེ་ཙམ་ནི་རི་མོད་ཀྱི་འོན་ཀྱང་རས་གཅིག་ནི་སྤྱད་ཟིན་པ་ཞིག །གཅིག་ནི་མ་སྤྱད་པ་ཞིག་པས་མ་སྤྱད་པ་གང་ཡིན་པ་འདི་ནི་ཀཱར་ཥཱ་པ་ཎ་ལྔ་བརྒྱ་རི། གང་སྤྱད་པ་འདི་ནི་ཉིས་བརྒྱ་ལྔ་བཅུ་རིའོ། །བྲམ་ཟེས་སྨྲས་པ། ཅི་འདི་དེ་ལྟ་བུར་འགྱུར་
རམ། མེ་སྐྱེས་ཀྱིས་སྨྲས་པ། བྲམ་ཟེ་ཁྱོད་ཀྱི་མངོན་སུམ་དུ་བསྟན་གྱིས་ལྟོས་ཤིག་ཅེས་དེས་མ་སྤྱད་པ་དེ་སྟེང་གི་ནམ་མཁའ་ལ་བོར་བ་དང་། དེ་བརྐྱང་ཞིང་འདུག་གོ། །སྤྱད་པ་བོར་བ་ན་དེ་མ་ཐག་ཏུ་ཕྱིར་ལྷུང་ངོ་། །བྲམ་ཟེ་ངོ་མཚར་སྐྱེས་ཏེ་སྨྲས་པ། ཁྱིམ་བདག་ཁྱོད་ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ཞིག་གོ། །

མེ་སྐྱེས་ཀྱིས་ཡང་ལྟོས་ཤིག་ཅེས་སྨྲས་ནས། དེས་མ་སྤྱད་པ་གང་ཡིན་པ་དེ་ཚེར་མའི་སྟེང་དུ་བོར་ན་མ་ཐོགས་པར་སོང་ངོ་། །ཅིག་ཤོས་དེ་བོར་ན་ཚེར་མ་ལ་ཐོགས་ནས་བྲམ་ཟེ་དེ་ངོ་མཚར་ཆེན་པོ་དེས་མངོན་པར་དད་པར་གྱུར་ནས་སྨྲས་པ། ཁྱིམ་བདག་ཁྱོད་ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་
ཞིག་པས་ཁྱོད་རིན་ཇི་ཙམ་གྱིས་བཞེད་པ་དེ་ཙམ་གྱིས་སྣོམས་ཤིག །དེས་སྨྲས་པ། བྲམ་ཟེ་ཁྱོད་འགྲོན་ཡིན་གྱིས་ཁྱོད་ཉིད་ལ་མཆོད་པ་བྱ་བའི་ཕྱིར་ཀཱར་ཥཱ་པ་ཎ་སྟོང་ཉིད་སྦྱིན་པར་བྱའོ། །ཞེས་དེས་དེ་ལ་ཀཱར་ཥཱ་པ་ཎ་སྟོང་བྱིན་པ་དང་། བྲམ་ཟེས་དེ་བླངས་ནས་སོང་ངོ་། །མེ་སྐྱེས་ཀྱིས་དེ་དག་ལས་
གང་སྤྱད་པ་ནི་ཁྱེའུ་ཞིག་ལ་བྱིན། མ་སྤྱད་པ་ནི་ཁྲུས་རས་སུ་བྱས་སོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟངས་ཀྱི་ཐོག་ན་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་འདུག་པའི་ཚེ་མེ་སྐྱེས་ཀྱི་ཁྲུས་རས་ཁང་པའི་སྟེང་དུ་སྐམ་དུ་བཅུག་པ་རླུང་གིས་ནམ་མཁའ་ལ་
ཁྱེར་ནས། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྟེང་དུ་ལྷུང་བ་དང་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་ལ་འོས་པའི་གོས་འདི་ལྟ་བུ་ག་ལས་འོངས། དེ་དག་གིས་སྨྲས་པ། ལྷ་རྒྱལ་པོ་ང་ལས་ནུ་བྱུང་བའི་ཚེ་ནི་དགུང་བདུན་དུ་རིན་པོ་ཆེའི་ཆར་བབ་པོ་ཞེས་ཐོས་ན་ལྷ་ལ་ཡང་ན་བཟའི་ཆར་བབ་
པ་ལས་ན་རིང་པོ་མི་ཐོགས་པར་རིན་པོ་ཆེའི་ཆར་འབབ་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མེ་སྐྱེས་ལྷ་དང་མིའི་དཔལ་ཡང་མྱོང་བར་འགྱུར་རོ། །ཞེས་ལུང་བསྟན་ལ། འདི་ཡང་ལྷའི་གོས་ནམ་མཁའ་ལས་འོངས་པ་ཞིག་ན་དེ་འོངས་དང་སྦྱིན་པར་
བྱས་ཞོག་ཤིག་ཅེས་བསྒོའོ། །དེ་དག་དེ་སྐད་སྨྲ་བའི་ཚེ་ཉིད་ན་མེ་སྐྱེས་འོངས་པ་དང་། རྒྱལ་པོས་སྨྲས་པ། གཞོན་ནུ་ཁྱོད་བཅོམ་ལྡན་འདས་ཀྱིས་ལྷ་དང་མིའི་དཔལ་ཡང་མྱོང་བར་འགྱུར་རོ་ཞེས་ལུང་བསྟན་ལ། ང་ལ་ཡང་ལྷའི་གོས་ནམ་མཁའ་ལས་ལྷུང་བ་འདི་ལྟ་བུ་ཡོད་ཀྱིས་དེ་ཁྱོད་ཁྱེར་
ཅིག །དེས་ལག་པ་བརྐྱང་སྟེ་སྨྲས་པ། ལྷ་གཡར་སྔ་བྲིམ་གྱིས་ཚུར་སྩལ་ཞེས་བརྟགས་ན་ཇི་ཙམ་ན་བདག་གི་ཁྲུས་རས་ཡིན་པར་མཐོང་ནས་ཅུང་ཟད་བགད་དེ་སྨྲས་པ། ལྷ་འདི་བདག་གི་ཁྲུས་རས་བསེར་མས་འཚལ་ནས་འདིར་མཆིས་པ་ལགས་སོ། །རྒྱལ་པོས་སྨྲས་པ། གཞོན་

ནུ་ད་ཁྱོད་ཀྱིས་ལྷ་དང་མིའི་དཔལ་ཡང་མྱོང་བར་གྱུར་ཏམ། ལྷ་མྱོང་བར་གྱུར་ཏོ། །གཞོན་ནུ་གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ང་སྤྱན་འདྲེན་པར་མི་བྱེད། ལྷ་སྤྱན་འདྲེན་ཏོ། །སོང་ལ་ཡོ་ལང་གི་ཞལ་ཏ་དག་ཤོམས་ཤིག །ལྷ་གང་གིས་ལྷ་དང་མིའི་དཔལ་ཡང་མྱོང་བར་གྱུར་པ་ལ་ཞལ་ཏ་བགྱི་
ཅི་འཚལ་མོད་ཀྱི། འོན་ཀྱང་བདག་ཞལ་ཏ་བགྱིད་དུ་མཆིའོ། །རྒྱལ་པོ་མེ་སྐྱེས་ཀྱི་ཁྱིམ་དུ་སོང་ནས་བུད་མེད་ཀྱི་འཁོར་ཕྱི་པ་དག་མཐོང་བ་དང་དབང་པོ་དག་ཕྱིར་གློན་པར་བྱེད་དོ། །མེ་སྐྱེས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་དབང་པོ་དག་སླར་གློན་པར་མཛད། དེས་སྨྲས་པ། གཞོན་
ནུ་མནའ་མ་ཡིན་པས་དེ་ལྟར་བྱས་སོ། །ལྷ་སྣམ་ཟུངས་མ་ལགས་ཏེ། འདི་ལྟར་བུད་མེད་ཀྱི་འཁོར་ཕྱི་པ་དག་ལགས་སོ། །དེ་ངོ་མཚར་ཆེན་པོ་སྐྱེས་ནས་ཡང་བུད་མེད་ཀྱི་འཁོར་བར་མ་དག་མཐོང་བ་དང་། དབང་པོ་དག་ཕྱིར་ལྡོན་པར་བྱེད་དོ། །མེ་སྐྱེས་ཀྱིས་དེ་བཞིན་དུ་དྲིས་པ་
དང་རྒྱལ་པོས་ཀྱང་དེ་བཞིན་སྨྲས་སོ། །མེ་སྐྱེས་ཀྱིས་སྨྲས་པ། ལྷ་འདི་དག་ཀྱང་སྣམ་ཟུངས་ནི་མ་ལགས་ཏེ། འདི་ལྟར་བུད་མེད་ཀྱི་འཁོར་བར་མ་དག་ལགས་སོ། །དེ་ངོ་མཚར་ཆེན་པོ་ལྷག་པར་སྐྱེས་སོ། །རྒྱལ་པོས་དེའི་བར་སྒོའི་ཕྱོགས་རིན་པོ་ཆེའི་རང་བཞིན་ལས་གྱུར་
པ་རྫིང་ཆུས་གང་བ་ལྟ་བུ་དེ་ན་ཉ་དག་རྒྱུ་བ་འདྲ་བའི་འཁྲུལ་འཁོར་གྱི་སྦྱོར་བ་བྱས་པ་དག་མཐོང་སྟེ། ནང་དུ་འགྲོ་བར་འདོད་ནས་ལྷམ་དག་འབུད་པར་བརྩམས་པ་དང་། མེ་སྐྱེས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་ཆགས་དག་བསིལ་བར་མཛད། དེས་སྨྲས་པ། གཞོན་ནུ་
ཆུ་ལ་འབོག་པར་བྱ་བའི་ཕྱིར་རོ། །མེ་སྐྱེས་ཀྱིས་སྨྲས་པ། ལྷ་འདི་ཆབ་མ་ལགས་ཏེ། ཆབ་ལྟ་བུར་གདའ་བ་ནི་རིན་པོ་ཆེའི་ས་གཞི་ལགས་སོ། །དེས་སྨྲས་པ། གཞོན་ནུ་ཉ་རྒྱུ་བ་དག་འདི་ལྟར་སྣང་ངོ་། །ལྷ་འཁྲུལ་འཁོར་གྱི་སྦྱོར་བ་ལས་དེ་དག་རྒྱུ་བར་གདའོ། །
རྒྱལ་པོ་ཡིད་མ་ཆེས་པ་དང་། དེས་སོར་གདུབ་རྒྱ་འཕངས་པ་ན་སྒྲ་ཀྲྭ་ལ་ལ་ཟེར་ཏེ་རིན་པོ་ཆེའི་ས་གཞིའི་སྟེང་དུ་འཇོལ་བར་གྱུར་ནས། དེ་ངོ་མཚར་སྐྱེས་ཏེ་ནང་དུ་སོང་ནས་སེང་གེའི་ཁྲི་ལ་འདུག་གོ། །མནའ་མ་དག་རྐང་པ་ལ་ཕྱག་འཚལ་དུ་ལྷགས་པ་དེ་དག་མཆི་མ་བྱུང་ནས་རྒྱལ་པོས་

སྨྲས་པ། གཞོན་ནུ་ཅིའི་ཕྱིར་མནའ་མ་འདི་དག་ངུ་། དེས་སྨྲས་པ། ལྷ་འདི་དག་ངུ་བ་མ་ལགས་ཏེ། འདི་ལྟར་ལྷའི་ན་བཟའ་ལ་ཤིང་གི་དུད་པའི་དྲི་གདའ་བས་དེས་འདི་དག་མཆི་མ་བྱུང་བར་གྱུར་ཏོ། །རྒྱལ་པོ་ལྷ་དང་མིའི་དཔལ་དེ་དག་ལ་ཉེ་བར་སྤྱོད་ཅིང་ཕྱིར་མི་ལྡོག་པ་ན། རྒྱལ་
པོའི་བྱ་བ་དང་རྒྱལ་པོའི་བྱེད་པ་དག་ཡོངས་སུ་ཉམས་པར་གྱུར་ནས་གཞོན་ནུ་མ་སྐྱེས་དགྲ་ལ་བློན་པོ་རྣམས་ཀྱིས་སྨྲས་པ། གཞོན་ནུ་ལྷ་ནི་མེ་སྐྱེས་ཀྱི་ཁྱིམ་དུ་གཤེགས་ནས་བག་མ་མཆིས་པར་གྱུར་གྱིས་བཞུད་ལ་སྦྲོན་ཅིག །དེ་སོང་ནས་སྨྲས་པ། ལྷ་ཁྱོད་འདིར་གཤེགས་ཏེ་བཞུགས་པར་མཛད་
དམ་ཅི། བློན་པོ་རྣམས་ཀྱི་མཆིད་ནས་རྒྱལ་པོའི་བྱ་བ་དང་བྱེད་པ་དག་ཡོངས་སུ་ཉམས་པར་གྱུར་ཏོ་ཞེས་མཆིའོ། །དེས་སྨྲས་པ། གཞོན་ནུ་ཅི་ཁྱོད་ཀྱིས་ཞག་གཅིག་ཙམ་རྒྱལ་སྲིད་བྱེད་དུ་འཇུག་ཀྱང་མི་ནུས་སམ། དེས་སྨྲས་པ། ལྷ་བདག་གིས་ནི་ལྷས་དགུང་བདུན་ལགས་པར་འཚལ་ན། ལྷས་
ནི་དགུང་གཅིག་ལགས་པར་མཁྱེན་པ་ལྟ། རྒྱལ་པོས་མེ་སྐྱེས་ཀྱི་གདོང་དུ་བརྟགས་ཏེ་སྨྲས་པ། གཞོན་ནུ་བདེན་ནམ། ལྷ་མད་དེ་དགུང་བདུན་ཁོ་ན་ལགས་སོ། །འོ་ན་ཉིན་མཚན་ཇི་ལྟར་ཤེས། ལྷ་མེ་ཏོག་དག་ཁ་འབྱེ་ཞིང་འཛུམས་པ་དང་། ནོར་བུ་དག་གི་འོད་འབར་རམ་མི་འབར་བ་དང་།
བྱ་དག་སྐད་འབྱིན་ཏམ་མི་འབྱིན་པའི་ཚུལ་ལས་གདའོ། །མེ་ཏོག་གང་དགུང་ལ་ཁ་འབྱེ་ཞིང་གདུགས་ལ་ཞུམ་པར་འགྱུར་བ་ཡང་མཆིས། གང་དག་གདུགས་ལ་ཁ་འབྱེ་ཞིང་དགུང་ལ་ཞུམ་པར་འགྱུར་བ་ཡང་མཆིས། ནོར་བུ་གང་དག་དགུང་ལ་འབར་ཞིང་གདུགས་ལ་མི་འབར་བ་ཡང་མཆིས། གང་
དག་གདུགས་ལ་འབར་ཞིང་དགུང་ལ་མི་འབར་བ་ཡང་མཆིས། བྱ་གང་དག་དགུང་ལ་སྐད་འབྱིན་ཅིང་གདུགས་ལ་མི་འབྱིན་པ་ཡང་མཆིས། གང་དག་གདུགས་ལ་སྐད་འབྱིན་ཅིང་དགུང་ལ་སྐད་མི་འབྱིན་པ་ཡང་མཆིས་སོ། །རྒྱལ་པོ་ངོ་མཚར་སྐྱེས་ནས་སྨྲས་པ། གཞོན་ནུ་བཅོམ་ལྡན་འདས་
ནི་ཕྱིན་ཅི་མ་ལོག་པར་གསུང་བ་སྟེ། བཅོམ་ལྡན་འདས་ཀྱིས་ཁྱོད་ཇི་ལྟར་ལུང་བསྟན་པ་ཁོ་ན་ལས་གཞན་དུ་མ་གྱུར་ཏོ། །དེ་སྐད་སྨྲས་ནས་རྒྱལ་པོ་དེ་མེ་སྐྱེས་ཀྱི་ཁྱིམ་ནས་ཕྱིར་བྱུང་སྟེ་སོང་ངོ་། །གཞོན་ནུ་མ་སྐྱེས་དགྲས་མེ་སྐྱེས་ཀྱི་ནོར་བུ་གཅིག་བརྐུས་ཏེ་ཁྱེའུ་ཞིག་གི་ལག་ཏུ་གཏད་པ་དང་། དེས་གང་

ནས་བླངས་པ་དེ་ཉིད་དུ་ཕྱིར་སོང་སྟེ་འདུག་གོ། །མ་སྐྱེས་དགྲས་སྨྲས་པ། ཁྱེའུ་ནོར་བུ་དེ་བལྟས་ཁྱེར་ཤོག །དེས་ཆང་པ་ཕྱེ་སྟེ་སྨྲས་པ། གཞོན་ནུ་གར་མཆིས་མ་འཚལ་ཏོ། །དེས་དེ་བརྡེག་པར་བརྩམས་པ་དང་མེ་སྐྱེས་ཀྱིས་སྨྲས་པ། གཞོན་ནུ་འདི་ལ་ཅིའི་ཕྱིར་རྡེག་པར་བྱེད། ཁྱིམ་བདག་
ཁོ་བོ་ཡང་རྐུན་མ་ཡིན་ན་འདི་ནི་རྐུན་ཆེན་ཞིག་སྟེ། བདག་གིས་ཁྱོད་ཀྱི་ནོར་བུ་བརྐུས་པ་དེ་ཡང་འདིས་བརྐུས་སོ། །དེས་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་ཀྱང་མ་བརྐུས། འདིས་ཀྱང་མ་བརྐུས་ཏེ། འདི་ལྟར་ཁྱོད་ཀྱིས་གང་ནས་བླངས་པ་དེ་ཉིད་དུ་ཕྱིར་སོང་སྟེ་འདུག་གོ། །དེ་ལྟ་མོད་ཀྱི་གཞོན་ནུ་ཁྱོད་
ཉིད་ཀྱི་ཁྱིམ་ཡིན་གྱིས་ནོར་བུ་ཇི་སྙེད་དགོས་པ་དང་། གཞན་ཡང་ནོར་རྫས་ཅི་དགོས་པ་དེ་དག་ཅི་བདེར་ལོང་ཤིག །དེ་སྐྱེངས་ནས་བསམས་པ། ནམ་ཞིག་ན་བདག་གི་ཕ་འཆི་བའི་དུས་ལ་བབ་ནས་བདག་རྒྱལ་པོ་བྱེད་པ་དེའི་ཚེ་བླང་ངོ་སྙམ་མོ། །ཇི་ཙམ་ན་མ་སྐྱེས་དགྲ་ལྷ་སྦྱིན་གྱིས་བསླུས་ནས་ཕ་ཆོས་ཀྱི་
རྒྱལ་པོ་ཆོས་དང་ལྡན་པ་སྲོག་དང་ཕྲལ་ནས་རང་གིས་ཅོད་པན་བཅིངས་ཏེ་རྒྱལ་པོར་ཞུགས་ནས་དེའི་ཚེ་དེས་མེ་སྐྱེས་བོས་ཏེ། ཁྱིམ་བདག་ཁྱོད་དང་ང་སྤུན་ཡིན་པས་ཁྱིམ་དག་བགོ་བར་བྱའོ། །དེས་བསམས་པ། འདི་ནི་ཕ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་དེ་ལྟ་བུ་བསད་དེ་བདག་ཉིད་ཀྱིས་ཅོད་
པན་བཅིངས་ནས་རྒྱལ་པོར་ཞུགས་པ་ཡིན་པས་འདིས་གལ་ཏེ་ན་བདག་ཀྱང་བསད་པར་འགྱུར་རོ། །འདི་བདག་གི་ཁྱིམ་དབྲོག་པར་སེམས་ཡང་དག་གིས་སྦྱིན་པར་བྱའོ། །སྙམ་དུ་བསམས་ནས་སྨྲས་པ། ལྷ་འདི་ཁྱོད་མངའ་ན་བགོ་ཅི་འཚལ། ཁྱོད་ཀྱི་ཁབ་ཏུ་ནི་བདག་མཆིའོ། །བདག་གི་
སྡུམ་པར་ནི་ཁྱེད་གཤེགས་སུ་གསོལ། མ་སྐྱེས་དགྲས་སྨྲས་པ། ལེགས་ཀྱིས་དེ་བཞིན་བྱའོ་ཞེས་དེ་དེའི་ཁྱིམ་དུ་འཕོས་ཤིང་མེ་སྐྱེས་ནི་མ་སྐྱེས་དགྲའི་ཁྱིམ་དུ་འཕོས་པ་དང་། དཔལ་དང་ལྡན་པའི་ཁྱིམ་དེ་མི་སྣང་བར་གྱུར་ཅིང་མེ་སྐྱེས་ག་ལ་བ་དེ་ཉིད་དུ་བྱུང་ངོ་། །དེ་ལྟར་ལན་བདུན་གྱི་བར་
དུ་མི་སྣང་བར་གྱུར་ཅིང་བྱུང་བ་དང་མ་སྐྱེས་དགྲས་བསམས་པ། འདི་ལྟར་མེ་སྐྱེས་ཀྱི་ནོར་བུ་དག་བདག་གིས་དབྲོག་པར་མ་ནུས་ཀྱིས་ཐབས་གཞན་ཞིག་བྱའོ་སྙམ་ནས། དེས་ཆོམ་རྐུན་པ་དག་བསྐོས་ཏེ། དེང་ལ་མེ་སྐྱེས་ཀྱི་ཁྱིམ་ནས་ནོར་བུ་དག་རྐུས་ཤིག་ཅེས་བསྒོ་ནས། དེ་དག་གིས་སྐས་དང་།

ཡ་གད་དང་། ཀྱོ་བ་ཏང་དག་གིས་འཛེག་པར་བརྩམས་པ་དང་། སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་ཆུང་མའི་འཁོར་འཁོད་པས་དེ་དག་མཐོང་ནས་དེ་དག་གིས་རྐུན་པོ་བྱུང་ངོ་། །རྐུན་པོ་བྱུང་ངོ་ཞེས་བྱ་བའི་སྒྲ་ཕྱུང་ངོ་། །མེ་སྐྱེས་ཀྱིས་དེ་ཐོས་ནས་ཆོམ་རྐུན་པ་དག་འདུག་
པར་གྱུར་ཅིག་ཅེས་ཡིད་ལ་ཡང་བསམས་ཚིག་ཏུ་ཡང་བརྗོད་པ་དང་དེ་དག་གང་ནས་ཇི་ལྟར་འཛེགས་པ་དེ་ཉིད་ན་དེ་བཞིན་འཁོད་པར་གྱུར་ཏོ། །ཇི་ཙམ་ན་མཚན་མོ་འདས་ཏེ་ནམ་ནངས་པ་དང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་སྡིག་ཅན་
འདིས་ཕ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་སྲོག་དང་ཕྲལ་ནས་ང་ཡང་ཁྱིམ་འཇོམས་པར་བྱེད་པ་དེ་ཅིའི་ཕྱིར་བདག་ཅག་གིས་དང་དུ་བླང་བར་བྱ། མ་སྐྱེས་དགྲས་མེ་སྐྱེས་ཀྱི་གན་དུ་ཕོ་ཉ་བཏང་སྟེ། ང་ལ་སྐྱོན་དུ་འགྱུར་བས་དེ་དག་ཐོང་ཤིག་ཅེས་བྱས་པ་དང་། མེ་སྐྱེས་ཀྱིས་ཆོམ་རྐུན་པ་འདི་དག་
འདོང་བར་གྱུར་ཅིག་ཅེས་ཡིད་ལ་ཡང་བསམས་ཚིག་ཏུ་ཡང་བརྗོད་ནས་དེ་དག་དོང་ངོ་། །མེ་སྐྱེས་ཀྱིས་བསམས་པ། གང་གིས་འདི་ལྟར་ཕ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་སྲོག་དང་ཕྲལ་བ་དེས་བདག་བསད་པར་འགྱུར་གོར་མ་ཆག་གིས། བདག་ནི་བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་ལ་རབ་
ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པ་ཡིན་པས་རྣམ་པ་ཐམས་ཅད་དུ་དེར་སོང་ལ་རབ་ཏུ་བྱུང་ངོ་སྙམ་ནས། དེས་ནོར་གྱི་རྣམ་པ་ཐམས་ཅད་ཕོངས་པ་དག་དང་། མགོན་མེད་པ་དག་དང་། དབུལ་པོ་དག་དང་།
ནད་པ་དག་ལ་བྱིན་ཏེ། ནོར་མེད་པ་རྣམས་ནོར་དང་ལྡན་པར་བྱས་ཏེ་བཞག་གོ། །དེ་ནས་ཁྱིམ་བདག་མེ་སྐྱེས་མཛའ་བཤེས་དང་། རྩ་ལག་དང་། ཉེ་དུ་དང་། ཕུ་ནུ་དག་གི་ངོ་བལྟས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་
མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཁྱིམ་བདག་མེ་སྐྱེས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་

ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཚངས་པར་སྤྱད་པ་སྤྱོད་པར་འཚལ་ལོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་མ་ཐག་ཁོ་ནར་སྐྲ་བྱི་ཞིང་སྣམ་སྦྱར་བགོས་ནས། ལག་པ་ལྷུང་བཟེད་
དང་། བྱ་མ་བུམ་དང་ལྡན་པ་དང་། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར་ཅིང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་།
མོད་ལ་དབང་པོ་རབ་ཞིར་གནས་འགྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །བཅོམ་ལྡན་འདས་ཀྱིས་དེ་ལ་ལུང་ཕོག་ནས་དེས་བརྩལ་བ་དང་། འབད་པ་དང་། བསྒྲིམ་པ་བྱས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་། མི་གཡོ་བ་འདི་ཉིད་རིག་སྟེ། འདུ་
བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་བཅོམ་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ། བོང་པ་དང་
གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་ལྟར་སེམས་མཉམ་པ། སྟེའུ་དང་ཙན་དན་དུ་མཉམ་པ། རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་
རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། གུས་པར་སྨྲ་བར་བྱ་བར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་མེ་
སྐྱེས་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་མ་དང་ལྷན་ཅིག་ཞུགས་ཀྱི་ཕུང་པོར་བསྲེགས་ཤིང་ལྷ་དང་མིའི་དཔལ་མྱོང་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཡང་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པར་གྱུར། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་མེ་སྐྱེས་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། མེ་སྐྱེས་ཉིད་ཀྱིས་ལས་བྱས་ཤིང་བསགས་
པ་དག །གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་།
མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་
སྔོན་བྱུང་བ་བསྐལ་པ་དགུ་བཅུ་རྩ་གཅིག་འདས་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་
པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དགེ་སློང་དྲུག་ཁྲི་ཉིས་སྟོང་གི་འཁོར་དང་ཐབས་ཅིག་ཏུ་ལྗོངས་རྒྱུར་གཤེགས་པ་ན་རྒྱལ་པོའི་ཕོ་བྲང་རྩ་ལག་ཅན་དུ་བྱོན་ནས་རྩ་ལག་ཅན་གྱི་ཚལ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་རྩ་ལག་ཅན་ན་རྒྱལ་པོ་གཉེན་
ལྡན་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པས་རྒྱལ་སྲིད་འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ། ཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། ཕྱི་དགྲ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རབ་ཏུ་ཞི་བ། འབྲུ་
དང་། བུ་རམ་ཤིང་དང་། བ་གླང་དང་། མ་ཧེ་ཕུན་སུམ་ཚོགས་པ་བྱེད་དུ་བཅུག་གོ། །དེ་ན་ཁྱིམ་བདག་ཉེས་མེད་ཅེས་བྱ་བ། ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་

པ་དེས་བསམས་པ། བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལན་དུ་མ་ཞིག་ཁྱིམ་དུ་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་མོད་ཀྱི། ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པ་ནི་ནམ་ཡང་མ་བྱས་པས་ད་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་
གཟིགས་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་སོ་སྙམ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་
གོ། །མཐའ་གཅིག་ཏུ་འདུག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཁྱིམ་བདག་ཉེས་མེད་ལ། ཆོས་དང་ལྡན་པའི་གཏམ་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་
བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཁྱིམ་བདག་ཉེས་མེད་སྟན་ལས་ལངས་ཏེ།
བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་
པ་ལ་བདག་དགུང་ཟླ་གསུམ་དུ་ན་བཟའ་དང་། ཞལ་ཟས་དང་། གནས་མལ་དང་། སྙུན་གྱི་རྐྱེན་དང་། སྨན་གྱི་ཡོ་བྱད་རྣམས་འབུལ་བར་ཅི་གནང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་ཁྱིམ་བདག་ཉེས་མེད་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་
ཁྱིམ་བདག་ཉེས་མེད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་སོང་ངོ་། །རྒྱལ་པོ་གཉེན་ལྡན་གྱིས་ཡང་དག་

པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དགེ་སློང་དྲུག་ཁྲི་ཉིས་སྟོང་གི་འཁོར་དང་ཐབས་ཅིག་ཏུ་ལྗོངས་རྒྱུར་གཤེགས་པ་ན་རྒྱལ་པོའི་ཕོ་བྲང་རྩ་ལག་ཅན་དུ་བྱོན་ནས་རྩ་ལག་ཅན་གྱི་ཚལ་ན་བཞུགས་སོ། །ཞེས་ཐོས་སོ་ཐོས་ནས་ཀྱང་དེས་བསམས་པ། བདག་གིས་ཡང་དག་པར་
རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལན་དུ་མ་ཞིག་ཕོ་བྲང་དུ་སྤྱན་དྲངས་ཏེ་གདུགས་ཚོད་གསོལ་མོད་ཀྱི། ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པ་ནི་ནམ་ཡང་མ་བྱས་པས་ད་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་
བསྟབས་སོ་སྙམ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཡང་དག་པར་རྫོགས་པའི་སངས་
རྒྱས་རྣམ་པར་གཟིགས་རྒྱལ་པོ་གཉེན་ལྡན་ལ་ཆོས་དང་ལྡན་པའི་གཏམ་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་ཡང་དག་པར་
བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་གསུམ་པ། དེ་ནས་རྒྱལ་པོ་གཉེན་ལྡན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་
ཏུ་གཟར་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་བདག་དགུང་ཟླ་གསུམ་དུ་ན་བཟའ་དང་།
ཞལ་ཟས་དང་། གནས་མལ་དང་། སྙུན་གྱི་རྐྱེན་དང་། སྨན་གྱི་ཡོ་བྱད་རྣམས་འབུལ་བར་ཅི་གནང་། རྒྱལ་པོ་ཆེན་པོ་ཁྱིམ་བདག་ཉེས་མེད་ཀྱིས་དང་པོ་ཁོ་ནར་སྤྱན་དྲངས་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ལ་གནང་ན་ཇི་ལྟར་གནང་བ་དེ་ལྟར་བདག་གིས་ཁྱིམ་བདག་ཉེས་མེད་འདྲང་བར་བགྱིའོ། །

བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གལ་ཏེ་ཁྱིམ་བདག་ཉེས་མེད་འདྲང་ན་ངས་དེ་བཞིན་གནང་བར་བྱའོ། །རྒྱལ་པོ་གཉེན་ལྡན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་རང་གི་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་
པོ་གཉེན་ལྡན་གྱིས་ཁྱིམ་བདག་ཉེས་མེད་ཕོ་ཉས་བཀུག་ནས་སྨྲས་པ། ཁྱིམ་བདག་ཤེས་པར་བྱོས་ཤིག །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དང་པོ་ནས་ངས་གདུགས་ཚོད་གསོལ་བར་དེའི་འོག་ཏུ་ཁྱོད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་
གདུགས་ཚོད་གསོལ་ན་ཁྱོད་ལ་གནོད་པ་མེད་དམ། དེས་སྨྲས་པ། ལྷ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དང་པོ་ཁོ་ནར་བདག་གིས་སྤྱན་དྲངས་ལགས་པས་བདག་གིས་གདུགས་ཚོད་གསོལ་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། ཁྱིམ་བདག་གལ་ཏེ་དེ་ལྟ་
མོད་ཀྱི། འོན་ཀྱང་ཁྱོད་ངའི་ཡུལ་ན་གནས་པས་དང་པོ་ཁོ་ནར་ངས་གདུགས་ཚོད་གསོལ་བར་འོས་སོ། །ལྷ་འདི་ལྟར་བདག་ཁྱོད་ཀྱི་ཡུལ་ན་མཆིས་མོད་ཀྱི། འོན་ཀྱང་གང་གིས་སྔར་སྤྱན་དྲངས་པ་དེ་ཉིད་ཀྱིས་གདུགས་ཚོད་གསོལ་བ་འདི་ལ་ལྷས་གནོད་པར་བགྱི་བ་མི་རིགས་སོ། །
ཁྱིམ་བདག་ཁྱོད་འདོད་རྒྱལ་དུ་མི་གཏང་གིས་གདུགས་ཚོད་གང་བཟང་བས་སྤྱན་དྲང་བར་བྱ་སྟེ། གང་གི་གདུགས་ཚོད་བཟང་བས་སྔར་གསོལ་བར་བྱ་ཞིང་། གང་གིས་མ་ཐུབ་པ་དེས་ཕྱིས་གདུགས་ཚོད་གསོལ་བར་བྱའོ། །ཁྱིམ་བདག་ཉེས་མེད་ཀྱིས་དེ་བཞིན་བགྱིའོ་ཞེས་མཉན་ནས།
དེ་ཉིད་ཀྱི་ནུབ་མོ་ཁྱིམ་བདག་ཉེས་མེད་ཀྱིས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ་དག་སྦྱར་ཏེ། ནང་པར་སྔར་ལངས་ནས་གདན་ཐབས་མང་པོ་བཤམས་ཤིང་ཆུ་ར་དག་ཉེ་བར་བཞག་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་གདུགས་ཚོད་ཀྱི་དུས་སུ་སྤྱན་འདྲེན་
གྱིས་བཅོམ་ལྡན་འདས་གདུགས་ཚོད་གཡར་དགོངས་འཚལ་ལགས་ཏེ། བཙུན་པས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་གསོལ་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་

སློང་གི་དགེ་འདུན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་ཁྱིམ་བདག་ཉེས་མེད་ཀྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་ཉེས་མེད་ཀྱིས་སངས་རྒྱས་ལ་
སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་ཏེ། ལན་གྲངས་དུ་མར་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་པ་དང་།
བཅོམ་ལྡན་འདས་ཀྱིས་གསོལ་ནས་ཕྱག་བཅབས་ཏེ་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་
གཟིགས་ཁྱིམ་བདག་ཉེས་མེད་ལ་ཆོས་དང་ལྡན་པའི་གཏམ་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་ཡང་དག་
པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་སླར་གཤེགས་སོ། །རྒྱལ་པོ་གཉེན་ལྡན་གྱིས་ཀྱང་གཞུང་གོང་མ་ཇི་ལྟ་བ་དེ་བཞིན་དུ་གདུགས་ཚོད་གསོལ་བ་རྒྱ་ཆེར་རིག་པར་བྱའོ། །རྒྱལ་པོ་དང་ཁྱིམ་བདག་གཉི་
གའི་གདུགས་ཚོད་བཟང་བར་འདྲ་སྟེ། གང་ཡང་ཕམ་རྒྱལ་མེད་ནས་རྒྱལ་པོ་གཉེན་ལྡན་རྐོམ་ཚུགས་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། བློན་པོ་དག་གིས་སྨྲས་པ། ལྷ་ཁྱོད་ཅིའི་སླད་དུ་རྐོམ་ཚུགས་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་སྨྲས་པ། ཤེས་ལྡན་
དག་ངས་ངའི་ཡུལ་ན་གནས་པའི་གྲོང་མི་གང་ཡིན་པ་དེ་ཡང་གདུགས་ཚོད་ལྷག་པར་བཟང་པོས་ཕམ་པར་མ་ནུས་ན། ང་ཇི་ལྟར་རྐོམ་ཚུགས་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་མི་འདུག་ཏུ་རུང་། དེ་དག་གིས་སྨྲས་པ། ལྷ་ཞུགས་ཤིང་འཚོང་བ་རྣམས་བཀག་པ་དང་། ཁྱིམ་བདག་དེའི་ཞུགས་ཤིང་

མ་མཆིས་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གང་དག་ངའི་ཡུལ་ན་གནས་པ་དེ་དག་གིས་ཤིང་བཙོང་བར་མི་བྱའོ། །གང་དག་ཤིང་འཚོང་བ་དེ་དག་ནི་ངའི་ཡུལ་ན་མ་འདུག་ཤིག་ཅེས་དྲིལ་སྒྲོགས་ཤིག་དེ་ལྟར་བྱས་པ་དང་། ཁྱིམ་བདག་ཉེས་མེད་ཀྱིས་སྤོས་ཀྱི་ཤིང་དག་གིས་གདུགས་ཚོད་
གཡོས་ཤིང་། འབྲུ་མར་དྲི་ཞིམ་པོས་བརླན་པའི་རས་ཀྱིས་བག་ཆོས་དག་བཙོ་བར་བརྩམས་པ་དང་། གཉེན་ལྡན་གྱི་གྲོང་ཁྱེར་ཐམས་ཅད་དྲི་ཞིམ་པོ་དག་གིས་ཁྱབ་པར་གྱུར་ཏོ། །རྒྱལ་པོ་གཉེན་ལྡན་གྱིས་སྨྲས་པ། ཤེས་ལྡན་དག་འདི་ལྟ་བུའི་དྲི་ཞིམ་པོ་གང་ནས་བྱུང་། དེ་དག་གིས་རྒྱ་ཆེར་བརྗོད་པ་དང་།
དེས་སྨྲས་པ། ཅི་ང་ལ་ཡོ་བྱད་དག་མེད་དམ་ངས་ཀྱང་དེ་ལྟ་བུ་བྱའོ། །བློན་པོ་དག་གིས་སྨྲས་པ། ལྷ་དེ་ལྟར་མཛད་དུ་མི་རུང་སྟེ། ཁྱིམ་བདག་འདི་ནི་བུ་མ་མཆིས་པས་རིང་པོ་མི་ཐོགས་པར་འགུམ་པའི་དུས་ལ་བབ་ནས་ནོར་ཐམས་ཅད་ཁྱོད་ཉིད་མངའ་བར་འགྱུར་གྱིས། ལྷ་ཞུགས་ཤིང་འཚོང་དུ་གནང་བར་
མཛོད་ཅིག །དེ་ནས་དེས་ཤིང་དག་འཚོང་དུ་གནང་ངོ་། །ཁྱིམ་བདག་ཉེས་མེད་ཀྱིས་རྒྱལ་པོས་ཤིང་དག་འཚོང་དུ་མ་གནང་ངོ་ཞེས་ཐོས་ནས་སེམས་འཁྲུགས་ཏེ། ཁོ་བོ་ལ་ཤིང་དག་གིས་རྒྱལ་པོ་གཉེན་ལྡན་དེ་མ་དང་ལྷན་ཅིག་མེའི་ཕུང་པོར་སྲེག་ཀྱང་ཆོག་པ་ཙམ་ཡོད་དོ་ཞེས་ཚིག་བརླང་པོ་དག་བརྗོད་དོ། །
རྒྱལ་པོ་རྐོམ་ཚུགས་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་འདུག་ནས། བློན་པོ་དག་གིས་སྨྲས་པ། ལྷ་ཅིའི་སླད་དུ་རྐོམ་ཚུགས་བཅས་ཏེ་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་རྒྱས་པར་བརྗོད་པ་དང་། དེ་དག་གིས་སྨྲས་པ། ལྷ་མི་དགྱེས་པར་མ་མཛད་ཅིག་དང་། བདག་ཅག་གིས་ཇི་ལྟར་ལྷས་ཁྱིམ་
བདག་ཉེས་མེད་ཐུབ་པར་འགྱུར་བ་དེ་ལྟར་བགྱིའོ་ཞེས་བྱས་ནས། དེ་དག་གིས་ཕྱི་དེ་ཉིན་པར་རྒྱལ་པོ་གཉེན་ལྡན་གྱི་གྲོང་ཁྱེར་གྱི་རྡོ་བ་དང་། གསེག་མ་དང་། གྱོ་མོ་དག་བསལ་བ་བྱས་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ་སྟེ། དྲི་རབ་ཏུ་ཞིམ་པོས་གང་བའི་པོག་སྣོད་དག་བཞག་ཅིང་། དར་གྱི་ཆུན་པོ་
དག་དཔྱངས་རྒྱལ་མཚན་དང་བ་དན་དག་ཀྱང་བསྒྲེང་། མེ་ཏོག་སྣ་ཚོགས་དག་ཀྱང་བཀྲམ་སྟེ། དགའ་བའི་ཚལ་དང་འདྲ་བར་འཁོར་གྱི་ཁྱམས་ལེགས་པར་བརྒྱན་པ་དེ་དང་བསྒྲུན་དུ་རུང་བ་བྱས་ནས། དེ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་གདན་ཐབས་རིན་པོ་ཆེ་དང་། གདིང་བ་དང་། གོས་ཕུན་

སུམ་ཚོགས་པས་མཛེས་པར་བྱས་པ་བཤམས་ནས་བཟའ་བ་དང་བཅའ་བ་བསོད་པ་མང་པོ་རྒྱ་ཆེ་ལ་དྲི་རབ་ཏུ་ཞིམ་པ་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་སྐྱུ་རུ་མས་དང་བཅས་པ་ལྷའི་ཞལ་ཟས་དང་འདྲ་བར་ཡིད་དུ་འོང་བ། འཇིག་རྟེན་གསུམ་གྱི་བླ་མ་དང་རྗེས་སུ་མཐུན་པའི་ཞལ་ཟས་དག་བཤམས་
ནས་རྒྱལ་པོ་གཉེན་ལྡན་ལ་སྨྲས་པ། ལྷའི་གྲོང་ཁྱེར་འདི་འདྲ་བ་དང་། ཞལ་ཟས་དང་། ཡོ་ལང་འདི་འདྲ་བ་དག་བཤམས་ཀྱིས་དགྱེས་པ་བསྐྱེད་དུ་གསོལ་རྒྱལ་པོ་གཉེན་ལྡན་གྱིས་བལྟས་ནས་ངོ་མཚར་ཆེན་པོ་སྐྱེས་ཏེ། ངོ་མཚར་དང་ལྡན་པའི་སེམས་ཀྱི་རྒྱུད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་
གཟིགས་ལ་གདུགས་ཚོད་ཀྱི་དུས་སུ་སྤྱན་འདྲེན་གྱིས་བཅོམ་ལྡན་འདས་གདུགས་ཚོད་ཀྱི་གཡར་དགོངས་འཚལ་ལགས་ཏེ། བཙུན་པས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་གསོལ་པ་དང་། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་
བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་དགེ་འདུན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། རྒྱལ་པོ་གཉེན་ལྡན་གྱི་བཀད་ས་ག་ལ་བར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་
གཟིགས་ཀྱི་དབུའི་སྟེང་དུ་རྒྱལ་པོ་གཉེན་ལྡན་ཉིད་དབང་བསྐུར་བའི་བཀྲ་ཤིས་ལ་གཏོགས་པའི་གླང་པོ་ཆེའི་གཙོ་བོ་རྩིབས་བརྒྱ་དང་ལྡན་པའི་གདུགས་འཛིན་དུ་བཅུག་གོ། །དགེ་སློང་རྣམས་ཀྱི་སྟེང་དུ་ཡང་གླང་པོ་ཆེ་གཞན་དག་གདུགས་གཞན་དག་འཛིན་དུ་བཅུག་གོ། །ཡང་དག་པར་རྫོགས་པའི་སངས་རྒྱས་
རྣམ་པར་གཟིགས་ལ་རྒྱལ་པོ་གཉེན་ལྡན་གྱི་བཙུན་མོ་དམ་པ་བསིལ་ཡབ་གསེར་དང་ནོར་བུ་ལས་བྱས་པའི་ཡུ་བ་ཅན་གྱིས་གཡོབ་ཏུ་བཅུག་གོ། །དགེ་སློང་རྣམས་ལ་ཡང་བཙུན་མོའི་ཚོགས་གཞན་དག་བསིལ་ཡབ་དག་གིས་གཡོབ་ཏུ་བཅུག་གོ། །ཁྱིམ་བདག་ཉེས་མེད་ཀྱིས་རྟོག་ཆེན་གྱི་མི་ཞིག་བསྐོས་ཏེ།
ཀྭའེ་ནང་རྗེ་སོང་ལ་བཅོམ་ལྡན་འདས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྒྱལ་པོ་གཉེན་ལྡན་གྱིས་གདུགས་ཚོད་ཇི་ལྟ་བུ་ཞིག་གསོལ་པ་རྟོགས་ཤིག་ཅེས་བསྒོའོ། །དེ་སོང་སྟེ་བརྟགས་ན་འབྱོར་པ་དེ་ལྟ་བུ་དག་མཐོང་ནས་ངོ་མཚར་ཆེན་པོ་སྐྱེས་ཏེ། ངོ་མཚར་དང་ལྡན་པའི་ཡིད་ཀྱིས་དེ་ཉིད་དུ་འདུག་གོ། །དེ་བཞིན་དུ་

གཉིས་པ་དང་གསུམ་པ་དག་བཏང་ན་དེ་དག་ཀྱང་སོང་ཞིང་དེ་ཉིད་དུ་འདུག་གོ། །དེ་ནས་ཁྱིམ་བདག་ཉེས་མེད་རང་ཉིད་དེར་སོང་སྟེ་བརྟགས་ན་འབྱོར་པ་དེ་དག་མཐོང་ནས་ངོ་མཚར་ཆེན་པོ་སྐྱེས་ཏེ་དེས་བསམས་པ། གཞན་ནི་བདག་གིས་ཀྱང་འབྱོར་པ་ནུས་ན། གླང་པོ་ཆེ་དང་། བཙུན་མོའི་ཚོགས་བདག་གིས་
ག་ལ་འབྱོར་སྙམ་དུ་རིག་ནས་ཁྱིམ་དུ་སོང་སྟེ་མི་སྒོ་བ་བོས་ནས་སྨྲས་པ། ཀྭའེ་སྒོ་བ་མི་སློང་མོ་པ་གང་དག་ལྷགས་ན་དེ་དག་ཅི་འདོད་པ་དག་བྱིན་ལ་ནང་དུ་མ་བཏང་ཤིག་ཅེས་བསྒོ་ནས། དེ་མྱ་ངན་གྱི་ཁང་པར་ཞུགས་ཏེ་རྐོམ་ཚུགས་བཅས་ནས་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་
གྱི་ཤེས་པ་དང་། མཐོང་བ་ནི་འོག་གི་ཕྱོགས་སུ་འཇུག་པ་ཡིན་པས་དེས་བསམས་པ། འཇིག་རྟེན་ན་མཆོད་གནས་གང་དག་ཡིན་པ་དེ་དག་གི་ནང་ན་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་མཆོག་ཡིན་ལ། སྦྱིན་བདག་གང་དག་ཡིན་པ་དག་གི་ནང་ན་ནི་ཁྱིམ་བདག་ཉེས་མེད་
མཆོག་ཡིན་པས་དེའི་གྲོགས་བྱའོ་སྙམ་ནས་བདག་ཉིད་ཀཽ་ཤི་ཀའི་རིགས་ཀྱི་བྲམ་ཟེ་ཞིག་ཏུ་སྤྲུལ་ནས་ཁྱིམ་བདག་ཉེས་མེད་ཀྱི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་མི་སྒོ་བ་བོས་ཏེ་སྨྲས་པ། ཀྱེ་སྒོ་བ་སོང་ལ་ཁྱིམ་བདག་ཉེས་མེད་ལ་ཀཽ་ཤི་ཀའི་རིགས་ཀྱི་བྲམ་ཟེ་ཞིག་སྒོར་འོངས་ཏེ་ཁྱོད་མཐོང་བར་
འདོད་དོ་ཞེས་གྱིས་ཤིག །དེས་སྨྲས་པ། བྲམ་ཟེ་ཁྱིམ་བདག་གིས་བདག་ལ་མི་སློང་མོ་པ་གང་དག་ལྷགས་ན། དེ་དག་ཅི་འདོད་པ་དག་བྱིན་ལ་ནང་དུ་མ་བཏང་ཤིག་ཅེས་བསྒོས། ཁྱིམ་བདག་གིས་ཁྱོད་ལ་ཅི་བྱ། ཁྱོད་ཅི་དགོས་པ་དེ་དག་ཁྱེར་ལ་སོང་ཤིག །དེས་སྨྲས་པ། ཀྱེ་
སྒོ་བ་ཁོ་བོ་ལ་དགོས་པ་གཞན་ཅི་ཡང་མེད་དེ། ཁོ་བོ་ནི་ཁྱིམ་བདག་ཉིད་མཐོང་བར་འདོད་ཀྱིས་སོང་ཤིག །དེ་ཁྱིམ་བདག་ཉེས་མེད་ཀྱི་གན་དུ་སོང་སྟེ་སྨྲས་པ། ཇོ་བོ་ཀཽ་ཤི་ཀའི་རིགས་ཀྱི་བྲམ་ཟེ་ཞིག་ཆབ་སྒོར་མཆིས་ཏེ་ཇོ་བོ་མཐོང་བར་འཚལ་ཞེས་མཆིའོ། །དེས་སྨྲས་པ། ཀྭའེ་སྒོ་བ་ངས་ཁྱོད་
ལ་སྔར་མི་སློང་མོ་པ་གང་དག་ལྷགས་ན། དེ་དག་ཅི་འདོད་པ་དག་བྱིན་ལ་ནང་དུ་མ་བཏང་ཤིག་ཅེས་མ་བསྒོའམ། དེ་ནང་དུ་འོངས་པས་ཅི་བྱ། ཅི་འདོད་པ་དག་བྱིན་ལ་ཐོང་ཤིག་ཇོ་བོ་བདག་གིས་དེ་སྐད་བགྱིས་ན། དེའི་མཆིད་ནས་ཁོ་བོ་ལ་དགོས་པ་གཞན་ཅི་ཡང་མེད་དེ། ཁོ་བོ་ནི་ཁྱིམ་བདག་ཉིད་

མཐོང་བར་འདོད་དོ་ཞེས་མཆིའོ། །དེས་སྨྲས་པ། ཀྭའེ་སྒོ་བ་སོང་ལ་དེ་ནང་དུ་ཐོང་ཤིག །དེས་དེ་བཏང་བ་དང་། དེས་སྨྲས་པ། ཁྱིམ་བདག་ཁྱོད་ཅིའི་ཕྱིར་མྱ་ངན་གྱི་ཁང་པར་ཞུགས་ཏེ་རྐོམ་ཚུགས་བཅས་ནས་སེམས་ཁོང་དུ་ཆུད་ཅིང་འདུག །ཁྱིམ་བདག་གིས་ཚིགས་སུ་བཅད་པ་སྨྲས་པ།
གང་གིས་མྱ་ངན་སེལ་བར་མི་ནུས་པ། །དེ་ལ་མྱ་ངན་བརྗོད་པར་མི་བྱ་སྟེ། །གང་གིས་མྱ་ངན་སེལ་བར་བྱེད་ནུས་པ། །དེ་ལ་མྱ་ངན་བརྗོད་པར་བྱ་བ་ཡིན། །བརྒྱ་བྱིན་གྱིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་མྱ་ངན་གང་ཡིན་པ་སྨྲོས་དང་། ཁོ་བོས་ཁྱོད་ཀྱི་མྱ་ངན་བསལ་བར་བྱའོ། །དེས་རྒྱ་ཆེར་བརྗོད་པ་དང་།
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀཽ་ཤི་ཀའི་རིགས་ཀྱི་བྲམ་ཟེའི་གཟུགས་མི་སྣང་བར་བྱས་ཏེ་རང་བཞིན་དུ་འདུག་ནས་སྨྲས་པ། ཁྱིམ་བདག་ཁོ་བོས་ལྷའི་བུ་ལས་ཐམས་ཅད་པ་ཁྱོད་ཀྱི་གྲོགས་བྱེད་དུ་གཞུག་གོ་ཞེས་བྱས་ནས་སོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་
སོང་སྟེ། ལྷའི་བུ་ལས་ཐམས་ཅད་པ་བོས་ནས་སྨྲས་པ། ལྷའི་བུ་ལས་ཐམས་ཅད་པ་སོང་ལ། ཁྱིམ་བདག་ཉེས་མེད་ཀྱི་གྲོགས་གྱིས་ཤིག །དེས་སྨྲས་པ། ཀཽ་ཤི་ཀ་རབ་ཏུ་ལེགས་སོ་ཞེས་ལྷའི་བུ་ལས་ཐམས་ཅད་པས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཚིག་མཉན་ནས་དེས་དེ་བས་ཆེས་མཛེས་ཤིང་ཁྱད་པར་དུ་
འཕགས་པའི་གྲོང་ཁྱེར་དག་མངོན་པར་སྤྲུལ་ཅིང་། ལྷའི་འཁོར་གྱི་ཁྱམས་དང་། ལྷའི་གདན་དག་ཀྱང་བཤམས། ལྷའི་ཞལ་ཟས་དག་ཀྱང་གཡོས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་དབུའི་སྟེང་དུ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་སྐྱེད་མོས་ཚལ་དུ་སྤྱད་པའི་གླང་པོ་ཆེའི་རྒྱལ་པོ་ས་སྲུང་
གི་བུ་རྩིབས་བརྒྱ་དང་ལྡན་པའི་གདུགས་འཛིན་དུ་བཅུག་གོ། །དགེ་སློང་རྣམས་ཀྱི་སྟེང་དུ་ཡང་ལྷའི་གླང་པོ་ཆེ་གཞན་དག་གདུགས་གཞན་དག་འཛིན་དུ་བཅུག་གོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་བཙུན་མོ་དམ་པ་ལྷ་མོ་བདེ་སོགས་ལྷའི་བསིལ་ཡབ་
གསེར་དང་ནོར་བུ་ལས་བྱས་པའི་ཡུ་བ་ཅན་གྱིས་གཡོབ་ཏུ་བཅུག་གོ། །དགེ་སློང་རྣམས་ལ་ཡང་ལྷའི་བཙུན་མོའི་ཚོགས་གཞན་དག་བསིལ་ཡབ་གཞན་དག་གིས་གཡོབ་ཏུ་བཅུག་གོ། །རྒྱལ་པོ་གཉེན་ལྡན་གྱིས་རྟོག་ཆེན་གྱི་མི་ཞིག་བསྐོས་ཏེ། ཀྭའེ་ནང་རྗེ་སོང་ལ་བཅོམ་ལྡན་འདས་ལ་སོགས་པ་དགེ་

སློང་གི་དགེ་འདུན་ལ་ཁྱིམ་བདག་ཉེས་མེད་ཀྱིས་གདུགས་ཚོད་ཇི་ལྟ་བུ་ཞིག་གསོལ་བ་རྟོགས་ཤིག་ཅེས་བསྒོའོ། །དེས་བརྟགས་ན་འབྱོར་པ་དེ་ལྟ་བུ་དག་མཐོང་ནས་ངོ་མཚར་ཆེན་པོ་སྐྱེས་ཏེ། ངོ་མཚར་དང་ལྡན་པའི་ཡིད་ཀྱིས་དེ་ཉིད་དུ་འདུག་གོ། །དེས་བློན་པོ་དག་བཏང་བ་དང་དེ་དག་ཀྱང་སོང་
ཞིང་དེ་ཉིད་དུ་འདུག་གོ། །གཞོན་ནུ་བཏང་ན་དེ་ཡང་སོང་ཞིང་དེ་ཉིད་དུ་འདུག་གོ། །དེ་ནས་རྒྱལ་པོ་གཉེན་ལྡན་རང་ཉིད་དེར་སོང་སྟེ་སྒོར་བསྡད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱིས་རྒྱལ་པོ་གཉེན་ལྡན་བདེན་པ་མཐོང་
བར་གྱུར་པ་ལ་ཚིག་བརླང་པོ་སྨྲས་པ། དེ་སྒོ་འདི་ན་འདུག་གིས་སོང་ལ་བཟོད་པར་གསོལ་ཅིག །དེས་དེའི་གན་དུ་སོང་སྟེ་བཟོད་པར་གསོལ་ནས་སྨྲས་པ། རྒྱལ་པོ་ཆེན་པོ་ནང་དུ་གཤེགས་ལ་ཉིད་ཀྱི་ཕྱག་ནས་བྲིམ་པ་དག་མཛད་དུ་གསོལ། དེ་ནང་དུ་སོང་སྟེ་བལྟས་ན་ལྷའི་འབྱོར་པ་དག་མཐོང་
ནས་ངོ་མཚར་ཆེན་པོ་སྐྱེས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ནི་ཁྱིམ་བདག་ཁྱོད་གཅིག་པུས་གདུགས་ཚོད་གསོལ་བའི་རིགས་ཀྱི་ཁོ་བོས་ནི་མ་ཡིན་ནོ་ཞེས་སྨྲས་སོ། །ཁྱིམ་བདག་ཉེས་མེད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་དེ་ལྟ་བུའི་འབྱོར་
པས་ཞལ་ཟས་དག་གིས་ཚིམ་པར་བྱས་ནས། ཞབས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས་ཇི་ལྟར་བདག་གིས་ཡོན་གནས་འདི་ལྟ་བུ་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་འདིས་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ཞིང་། ལྷ་དང་མིའི་དཔལ་ཡང་མྱོང་བར་
འགྱུར་བ་དང་། ཆོས་ཀྱི་ཚུལ་འདི་ལྟ་བུ་ཐོབ་པ་དང་། འདི་ལྟ་བུའི་སྟོན་པ་མཉེས་པར་བྱེད་ཅིང་མི་མཉེས་པར་མི་བྱེད་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཉེས་མེད་གང་ཡིན་པ་དེ་ནི་ཁྱིམ་བདག་མེ་སྐྱེས་འདི་ཡིན་ཏེ། རིགས་ཀྱི་བུ་དེས་རྒྱལ་པོ་
གཉེན་ལྡན་བདེན་པ་མཐོང་བ་ལ་ཚིག་བརླང་པོ་སྨྲས་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ནི་ཚེ་རབས་ལྔ་བརྒྱར་མ་དང་ལྷན་ཅིག་མེའི་ཕུང་པོར་བསྲེགས་ཤིང་ད་ལྟར་འདིར་ཡང་མེའི་ཕུང་པོར་བསྲེགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་གང་ཡིན་པ་ལ་བསྙེན་བཀུར་བྱས་ཤིང་སྨོན་ལམ་

བཏབ་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ནི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། ལྷ་དང་མིའི་དཔལ་ཡང་མྱོང་བར་གྱུར་ཅིང་། ངའི་བསྟན་པ་ལ་ཡང་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང་། ཡང་
དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དང་ཤུགས་མཉམ་པ་དང་། སྟོབས་མཉམ་པ་དང་། བརྩོན་འགྲུས་མཉམ་པས་ཀུན་དུ་མཉམ་པར་གྱུར་པའི་སྟོན་པ་ང་མཉེས་པར་བྱས་ཤིང་མི་མཉེས་པར་མ་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་
པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་ནི་རྣམ་པར་སྨིན་པ་ཡང་དཀར་བ་ཡིན་ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་
བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སྡོམ་ལ། ལྷུང་བཟེད་གླན་དང་སྤྱད་རྣམས་དང་། །གྲིའུ་དང་ཁབ་དང་ཁབ་རལ་དང་། །
གཏན་པ་དང་ནི་མང་པོ་དག །དྲང་སྲོང་ཆེན་པོས་རྗེས་སུ་གནང་། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་དགེ་སློང་གཅིག་ཅིག་གི་ལྷུང་བཟེད་རྡོལ་ནས་དེས་དེ་མགར་བའི་གན་དུ་ཁྱེར་ཏེ་སོང་ནས་སྨྲས་པ། བཞིན་བཟངས་ཁོ་བོའི་ལྷུང་བཟེད་རྡོལ་བ་འདི་གློན་ལ་བྱིན་ཅིག །དེས་བསམས་
པ། འདི་དག་ནི་ཁས་ལས་བྱེད་དུ་འཇུག་པ་ཡིན་གྱི། གླ་རྔན་ནི་མི་སྟེར་བས་ཅི་ནས་ཀྱང་ཡུན་རིང་དུ་བསྒྱངས་ཏེ་བཞག་ན་འདི་རང་གི་བློས་ཕྱིར་ལེན་པར་འགྱུར་སྙམ་ནས་སྨྲས་པ། འཕགས་པ་བཞུད་ལ་སང་ངམ་གནངས་སྤྱོན་ཅིག །སྔ་དྲོ་འམ། གུང་ཚིགས་སམ། ཕྱི་དྲོ་སྤྱོན་ཅིག་ཅེས་བསྒྱང་
བར་བརྩམས་སོ། །དགེ་སློང་དེ་ཉིན་གཅིག་བཞིན་དེར་འགྲོ་བ་ན་སྐྱོ་བ་སྐྱེས་པ་དང་། དེའི་མཛའ་བོ་ཞིག་གིས་མཐོང་ནས་ཚེ་དང་ལྡན་པ་ཁྱོད་ཉིན་གཅིག་བཞིན་དེར་འགྲོ་ན། ཅི་དེ་ཁྱོད་ཀྱི་ཉེ་དུའི་ཁྱིམ་མམ་སྦྱིན་བདག་གི་ཁྱིམ་ཡིན། དེས་སྨྲས་པ། ཚེ་དང་ལྡན་པ་འདི་ཁོ་བོའི་ཉེ་དུའི་ཁྱིམ་ཡང་

མ་ཡིན། སྦྱིན་བདག་གི་ཁྱིམ་ཡང་མ་ཡིན་ཏེ། འདི་ལྟར་ཁོ་བོའི་ལྷུང་བཟེད་རྡོལ་ནས་དེ་གློན་དུ་བཅུག་པ་ན་འདི་སྒྱོང་བར་བྱེད་པས་དེའི་ཕྱིར་འདིར་འགྲོའོ། །དེས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་ལག་བཟོ་བདེན་པར་སྨྲ་བ་དཀོན་ནོ་ཞེས་བྱ་བ་མ་ཐོས་སམ། ཁོ་བོ་ཡང་བཟོ་ཤེས་མོད་ཀྱི་བཅོམ་
ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་བཟོ་བོ་དག་ཡོད་ན། དེས་དབེན་པའི་ཕྱོགས་སུ་ལྷུང་བཟེད་གླན་པར་རྗེས་སུ་གནང་ངོ་། །དེ་དགེ་
སློང་དེའི་གན་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་གནང་གིས་ལྷུང་བཟེད་འདི་གློན་ཅིག །དེས་སྨྲས་པ། ཚེ་དང་ལྡན་པ་འདི་ལག་པ་འབའ་ཞིག་གིས་གླན་དུ་མི་རུང་གི་མགར་སྤྱད་དག་ཀྱང་དགོས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་
འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཆེད་དུ་མགར་སྤྱད་ཉེ་བར་གཞག་པར་རྗེས་སུ་གནང་ངོ་། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་དག་གི་ཆོས་གོས་དྲ་དགོས་པར་གྱུར་པ་དེ་དག་ལག་པ་དག་གིས་འདྲལ་ནས་མ་ལེགས་པར་གྱུར་ནས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པས་དྲལ་བར་མི་བྱ་བར་གྲིའུས་དྲ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་གྲིའུས་དྲ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ཞིག་གི་ཆོས་གོས་དྲ་དགོས་ནས་དེས་ཁྱིམ་བདག་ལས་གྲི་བརྙས་ཏེ་དྲས་ནས། དེས་དེ་ཁྱིམ་བདག་དེ་ལ་སླར་བྱིན་
པ་དང་། དེས་སྨྲས་པ། འཕགས་པ་ཁྱོད་ཉིད་ཀྱི་ལགས་སོ། །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་གྲིའུ་བཅང་བར་རྗེས་
སུ་གནང་ངོ་། །བཅོམ་ལྡན་འདས་ཀྱིས་གྲིའུ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་དག་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་གྲི་ཡུ་བ་བསྲུབ་པས་སྦྱངས་པ་དག་འཆང་ནས། བྲམ་ཟེ་དང་ཁྱིམ་བདག་དག་གིས་སྨྲས་པ། འཕགས་པ་དག་འདི་ཅི་

ལགས། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་གྲི་རྗེས་སུ་གནང་བའོ། །འཕགས་པ་དག་དགེ་སྦྱོང་ཁྱེད་ཅག་ནི་འདོད་པའི་ཡོན་ཏན་དག་གིས་གཟིར་ཏོ་ཞེས་བྱས་པ་དང་། དེ་དག་སྤོབས་པ་མེད་པར་གྱུར་ནས་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་གྲི་ཡུ་བ་ཁྲ་བོ་དང་། བཀྲ་བ་བཅང་བར་མི་བྱ་བར་ལྕགས་ཀྱི་གྲིའུ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ལྕགས་ཀྱི་གྲིའུ་བཅང་
བར་བྱའོ་ཞེས་བཀའ་སྩལ་པ་དང་། དེ་དག་གྲི་ཧ་ཅང་ཆེན་པོ་དག་འཆང་ནས། བྲམ་ཟེ་དང་ཁྱིམ་བདག་དག་གིས་སྨྲས་པ། འཕགས་པ་དག་འདི་ཅི་ལགས། བཞིན་བཟངས་དག་གྲིའུ་ཡིན་ནོ། །འཕགས་པ་དག་གྲི་ལགས་ཀྱི་གྲིའུ་ནི་མ་ལགས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲི་ཧ་ཅང་ཆེན་པོ་དག་བཅང་བར་མི་བྱའོ། །དགེ་སློང་དག་གིས་གྲི་ཧ་ཅང་ཆུང་ངུ་འཆང་བར་བྱེད་པ་ན་དེས་བྱ་བ་ཅི་ཡང་མི་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲིའུ་ཆེན་པོ་དང་། འབྲིང་དང་། ཆུང་ངུ་རྣམ་པ་
གསུམ་བཅང་བར་བྱ་སྟེ། དེ་ལ་ཆེན་པོ་ནི་སོར་དྲུག་གོ། །ཆུང་ངུ་ནི་སོར་བཞིའོ། །དེ་དག་གི་བར་མ་ནི་འབྲིང་ངོ་། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་རྣམས་ཀྱི་ཆོས་གོས་དག་དྲུབ་དགོས་པར་གྱུར་པ་ན་དགེ་སློང་དག་གིས་སྨྱུག་མའི་ཚལ་པ་དང་། བྱ་གག་གི་གཤོག་ཤིང་གིས་འདྲུབ་པ་ན།
དེ་དག་རལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁབ་བཅང་བར་བྱའོ། །དགེ་སློང་ཞིག་གི་ཆོས་གོས་དྲུབ་དགོས་ནས། དེས་ཁྱིམ་བདག་ལས་ཁབ་བརྙས་ཏེ་དྲུབས་ནས་དེས་དེ་ཁྱིམ་བདག་དེ་ལ་ཕྱིར་བྱིན་པ་དང་། དེས་སྨྲས་པ། འཕགས་པ་ཁྱོད་ཉིད་ཀྱི་ལགས་སོ། །བཞིན་བཟངས་
བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ཁབ་བཅང་བར་རྗེས་སུ་གནང་ངོ་། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཁབ་བཅང་བར་བྱའོ་ཞེས་བཀའ་སྩལ་

པ་དང་། དྲུག་སྡེ་དག་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་ཁབ་དག་འཆང་ནས། བྲམ་ཟེ་དང་ཁྱིམ་བདག་དག་གིས་སྨྲས་པ། འཕགས་པ་དག་འདི་ཅི་ལགས། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཁབ་རྗེས་སུ་གནང་བའོ། །འཕགས་
པ་དག་དགེ་སྦྱོང་ཁྱེད་ཅག་ནི་འདོད་པའི་ཡོན་ཏན་དག་གིས་གཟིར་བའོ་ཞེས་བྱས་པ་དང་། དེ་དག་སྤོབས་པ་མེད་པར་གྱུར་ནས་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་གསེར་
དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་ཁབ་བཅང་བར་མི་བྱ་བར་ཁབ་རྣམ་པ་བཞི་པོ་འདི་ལྟ་སྟེ། ར་གན་དང་། ཟངས་དང་། ཁར་བ་དང་། ལྕགས་ལས་བྱས་པ་དག་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཁབ་རྣམ་པ་བཞི་པོ་དག་བཅང་བར་བྱའོ་
ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་བབ་བབ་ཏུ་བཞག་སྟེ། དེ་དག་བཙའ་ཞུགས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁབ་རལ་བཅང་བར་བྱའོ། །དགེ་སློང་དག་གིས་ཁབ་རལ་ཅི་འདྲ་བར་བཅང་བར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཁབ་རལ་ནི་རྣམ་པ་གཉིས་ཏེ། སྦུ་གུ་ཅན་དང་། ཆང་བ་ལྟ་བུའོ། །དགེ་སློང་དག་གིས་ཆང་བ་ལྟ་བུའི་ཁབ་རལ་དུ་གྲིའུ་བཅུག་ནས་དེ་རལ་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲིའུ་ནི་རྣམ་པ་གཉིས་སུ་བྱ་སྟེ། བྱ་རོག་གི་མཆུ་དང་། བྱ་གག་གི་གཤོག་པ་
ལྟ་བུར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཆོས་གོས་སྣམ་སྦྱར་དག་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ས་ལ་བརྐྱང་སྟེ་འདྲ་བར་བྱེད་པ་ན་རྡུལ་དག་གིས་དྲི་མ་ཅན་དུ་གྱུར་ཅིང་། སྲིལ་དག་གིས་ཀྱང་མ་རུང་བར་བྱས་ནས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ས་ལ་བཏིང་སྟེ་དྲ་བར་མི་བྱ་བར་གཏན་པ་དག་བྱའོ། །དགེ་སློང་དག་གིས་གཏན་པ་ཇི་ལྟར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏན་པ་ནི་རྣམ་པ་གཉིས་ཏེ། ཤིང་དང་སྨྱུག་མ་ལས་གྲུ་བཞིར་བྱས་པ་དག་གོ། །དགེ་སློང་དག་

གིས་ཕུར་བུར་བརྒྱངས་པ་དང་རལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་གུ་བྱས་ལ་སྒྲོ་གཟུངས་ཀྱིས་བརྒྱང་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་ཆོས་གོས་རྣམ་པ་གསུམ་པོ་ཆེན་པོ་དང་། འབྲིང་དང་། ཆུང་ངུའོ་ཞེས་བཀའ་སྩལ་པས་ཆོས་
གོས་ཆེན་པོ་བརྒྱང་པའི་གཏན་པ་གང་ཡིན་པ་དེ་ལ་འབྲིང་པོ་དང་ཆུང་ངུ་བརྒྱང་དུ་མི་རུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏན་པ་མང་པོ་དག་བྱའོ།། །།སྡོམ་ལ། མེ་ལོང་དང་ནི་ཆུ་དག་དང་། །དེ་བཞིན་སོ་མངས་སྨྱུག་ཤད་གཉིས། །གཙུག་ཕུད་དང་ནི་སྐྲ་རིངས་དང་། །བསྲོ་གང་
ལིད་ཚ་ཆེན་པོའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། དེ་དག་གིས་བྲམ་ཟེ་དང་ཁྱིམ་བདག་དག་གིས་བྱི་དོར་གྱི་ཡོ་བྱད་གོས་ཀྱི་སྤྲོག་མའི་སྟེང་དུ་བཞག་པ་མཐོང་ནས། དྲུག་
སྡེ་དག་གིས་དེ་དག་གི་མེ་ལོང་བླངས་ཏེ་བཞིན་བལྟས་ནས་སྨྲས་པ། དགའ་བོ་ཉེ་དགའ་བོ་ཇི་ལྟ་བདག་ཅག་བཟང་ངམ། བྲམ་ཟེ་དང་ཁྱིམ་བདག་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་མགོ་ནི་བྲེགས་ལ་མཆན་ཁུང་ནི་རལ་བུ་ཅན་དུ་འདུག་ན་ཁྱེད་ཀྱི་གདོང་མཛེས་པར་ག་ལ་འགྱུར། དགེ་
སྦྱོང་འདི་དག་ནི་འདོད་པའི་ཡོན་ཏན་དག་གིས་གཟིར་བར་ངེས་སོ་ཞེས་བྱས་པ་དང་། དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་དག་གིས་ཐོས་ནས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་མེ་ལོང་ལ་བཞིན་བརྟག་པར་
མི་བྱའོ། །རྟོག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་མེ་ལོང་ལ་བཞིན་བརྟག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དེ་དག་གིས་ཆུ་དག་ལ་བཞིན་བརྟག་པར་བརྩམས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་ལ་ཡང་བཞིན་བརྟག་པར་མི་
བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཆུ་ལ་ཡང་བཞིན་བརྟག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཆུ་ལ་རྟོག་པར་བྱེད་པ་ན་བཞིན་མཐོང་ནས་དེ་དག་འགྱོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་བརྟག་པ་དང་། རྨ་དང་། གཉེར་མ་དང་། རྒས་པ་དང་།

ལུས་ཀྱི་གནས་སྐབས་སྔ་ཕྱིར་བརྟག་པའི་ཕྱིར་བལྟས་པ་ལ་ལྟུང་བ་མེད་དོ། །གླེང་གཞི་ནི་མཉན་ཡོད་ནའོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། དེ་དག་གིས་བྲམ་ཟེ་དང་ཁྱིམ་བདག་དག་གིས་བྱི་དོར་གྱི་ཡོ་བྱད་གོས་ཀྱི་
སྤྲོག་མའི་སྟེང་དུ་བཞག་པ་མཐོང་ནས། དྲུག་སྡེ་དག་གིས་དེ་དག་གི་སོ་མངས་བླངས་ཏེ་སྐྲ་བཤད་ནས་སྨྲས་པ། དགའ་བོ་ཉེ་དགའ་བོ་ཇི་ལྟ་བདག་ཅག་བཟང་ངམ། བྲམ་ཟེ་དང་ཁྱིམ་བདག་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་མགོ་ནི་བྲེགས་ལ་མཆན་ཁུང་ནི་རལ་བུ་ཅན་དུ་འདུག་ན་ཁྱེད་ཀྱི་
སྐྲ་མཛེས་པར་ག་ལ་འགྱུར། དགེ་སྦྱོང་འདི་དག་ནི་འདོད་པའི་ཡོན་ཏན་དག་གིས་གཟིར་བར་ངེས་སོ་ཞེས་བྱས་པ་དང་། དེ་དག་ཅང་མི་སྨྲ་བར་འཁོད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་
དགེ་སློང་གིས་སོ་མངས་ཀྱིས་སྐྲ་བཤད་པར་མི་བྱའོ། །བཤད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སོ་མངས་ཀྱིས་སྐྲ་བཤད་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་དག་གིས་སྨྱུག་ཤད་ཀྱིས་བཤད་
པར་བརྩམས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨྱུག་ཤད་ཀྱིས་ཀྱང་བཤད་པར་མི་བྱའོ། །བཤད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སྨྱུག་ཤད་ཀྱིས་སྐྲ་བཤད་པར་མི་བྱའོ་ཞེས་བཀའ་
སྩལ་པ་དང་། དེ་དག་གིས་ཕྱོགས་གཅིག་ནི་སོ་མངས་སུ་བྱས་ལ། ཕྱོགས་གཅིག་ནི་སྨྱུག་ཤད་དུ་བྱས་པས་སྐྲ་བཤད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་མངས་དང་། སྨྱུག་ཤད་གཉི་གས་ཀྱང་སྐྲ་བཤད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །
གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྒྱལ་བྱེད་ཀྱི་ཚལ་ཕུལ་བ་དེའི་ཚེ་དེས་འདྲེག་མཁན་ཞེས་བྱ་