Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 010_འདུལ་བ།_ཐ
Văn bản gốc(Tây Tạng)
Trang 1 / 20 (50.000 ký tự/trang)
༄༅། །འདུལ་བ་ཐ་བཞུགས་སོ། ། ༄༅༅། །རྒྱ་གར་སྐད་དུ། བི་ན་ཡ་ཀྵུ་དྲ་ཀ་བསྟུ། བོད་སྐད་དུ། འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཕྲན་ ཚེགས་ཀྱི་གཞིའི་སྡོམ་ནི། སོ་ཕག་ཆན་པ་ཆོས་གོས་དང་། །ཤིང་ཚད་དང་ནི་གནས་བརྟན་ལུས། །རྒྱུས་པ་འགྱོད་པ་དབྱུང་བ་ཉིད། །ཕྲན་ཚེགས་གཞིར་ནི་ཡང་དག་བཤད། ། བསྡུས་པའི་སྡོམ་ནི། སོ་ཕག་སེན་མོ་བཅོས་པ་དང་། །ལྷུང་བཟེད་ཡན་ལག་མེ་ལོང་སྐྱེས། །ལམ་ཕྲན་ཆུ་ཚགས་མོན་སྲན་སྡེའུ། །རྐང་པ་བཀྲུ་དང་གོས་མདུད་དོ། །སྡོམ་ནི། སོ་ཕག་དང་ནི་ས་དཀར་དང་། །ཉ་ཕྱིས་དྲི་ཡི་ལག་རིས་དང་། །ཀ་བ་དང་ནི་སྐུད་པ་གཉིས། །ལག་རྒྱན་དང་ནི་སོར་གདུབ་རྒྱ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་ སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པ་ན་བཞུགས་སོ། །དྲུག་སྡེ་རྣམས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ དང་། ཡངས་པ་ཅན་གྱི་བར་དང་། ཁང་པ་བརྩེགས་པའི་བར་གྱི་བར་སྐབས་དེ་ན་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱི་སྐྱེད་མོས་ཚལ་མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ། བྱ་སྣ་ཚོགས་སྐད་འབྱིན་པ་དགའ་ བའི་ཚལ་དང་འདྲ་བ་དེ་དག་ན་དེ་དག་གི་རྩེ་བ་དང་། གར་དང་། གླུ་དང་། རོལ་མོའི་སྒྲའི་ཆ་བྱད་སྣ་ཚོགས་དག་དང་། ཁྲུས་ཀྱི་ཡོ་བྱད་སྣ་ཚོགས་དག་ཀྱང་བཞག་པ་དང་། དྲུག་སྡེ་རྣམས་ཀྱིས་སྨྲས་པ། དགའ་བོ་ཉེ་དགའ་བོ། ཡངས་པ་ཅན་ གྱི་ལིཙྪ་བཱི་འདི་དག་དང་། སྐྱེད་མོས་ཚལ་གྱི་དགའ་བ་ནི་བཅོམ་ལྡན་འདས་ཀྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དཔེར་མཛད་ན། རེ་ཞིག་དེ་དག་གི་སྐྱེད་མོས་ཚལ་ཅི་འདྲ་བ་བལྟའོ་ཞེས་དེ་རྣམས་གློད་ནས་དེ་དག་གི་སྐྱེད་མོས་ཚལ་དུ་ཞུགས་སོ། ། དེ་དག་གིས་དེ་ན་བརྩལ་བའི་ཡོ་བྱད་མདའ་བོ་ཆེ་དང་། དྲང་བ་དང་། འཕང་རྡོ་སྣ་ཚོགས་དང་། གར་དང་། གླུ་དང་། རོལ་མོའི་སྒྲའི་ཆ་བྱད་སྣ་ཚོགས་དང་། པི་བང་དང་། གླིང་བུ་དང་། རྫ་རྔ་དང་། ཁར་རྔ་དང་། སྐད་སྙན་ལ་སོགས་པ་སྣ་ཚོགས་དང་། ཁྲུས་ཀྱི་ཡོ་བྱད་སོ་ཕག་དང་། བཀྲུ་བའི་ཕྱེ་མ་དང་། མགོ་བཀྲུ་བ་སྐྱུ་རུ་ར་སྣ་ཚོགས་མཐོང་བ་དང་། དེ་རྣམས་ཀྱིས་ཕན་ཚུན་སྨྲས་པ། དགའ་བོ་ཉེ་དགའ་བོ་ཡོ་བྱད་ཕུན་སུམ་ཚོགས་པ་རྣམ་པ་དུ་མ་འདི་དག་ཡོད་ན། ཅི་རེ་ཞིག་རྩལ་བྱའམ། འོན་ ཏེ་གར་བྱའམ། གླུ་བླང་ངམ། རོལ་མོའི་སྒྲ་བྱའམ། ཁྲུས་བྱ། ཁ་ཅིག་གིས་སྨྲས་པ། བདག་ཅག་བཀྲུས་ནས་རིང་ཞིག་ལོན་གྱིས། ཇེ་ཁྲུས་བྱའོ་ཞེས་དེ་དག་གློད་ནས་སོ་ཕག་དག་གིས་དྲུད་ཅིང་དྲུད་ནས་ཁྲུས་བྱ་བར་བརྩམས་པ་དང་། བཟོའི་གནས་ དང་། ལས་ཀྱི་གནས་དེ་དག་ལ་མཁས་པས་ཁྲུས་ལ་ཞུགས་པ་དེ་རྣམས་ཀྱི་སྒྲ་ཡིད་དུ་འོང་བ་འདི་ལྟ་སྟེ། སིལ་སྙན་ཡན་ལག་ལྔ་པ་སྐྱེས་བུ་མཁས་པས་ལེགས་པར་དཀྲོལ་བའི་ལྟ་བུ་བྱུང་ངོ་། །སྐྱེ་བོའི་ཚོགས་ཕལ་པོ་ཆེ་ལམ་དེ་ནས་འགྲོ་བས་སྒྲ་དེ་ཐོས་པ་དང་། དེ་ རྣམས་རྣ་བྱོ་སྟེ། ཡུད་ཙམ་བསྡད་ནས་སྨྲས་པ། ཤེས་ལྡན་དག་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱི་སྐྱེད་མོས་ཚལ་ན་གར་མཁན་རྣམས་གར་བྱེད་པ་ལྟར་འདོང་ངམ། དེ་ལྟར་བྱའོ་ཞེས་ལྟད་མོ་ལ་ཡིད་འདུན་པ་དེ་དག་མྱུར་བར་ཆས་ཏེ་སྐྱེད་མོས་ཚལ་དུ་དོང་ནས་དེ་དག་ནང་དུ་ ཞུགས་པ་དང་། དྲུག་སྡེ་རྣམས་ཀྱང་ཕྱིར་བྱུང་ངོ་། །དེ་དག་གིས་དེ་རྣམས་ལ་སྨྲས་པ། འཕགས་པ་དག་ཕྱོགས་གང་ན་གར་མཁན་རྣམས་གར་བགྱིད། དེ་རྣམས་ཀྱིས་སྨྲས་པ། བཀྲེན་པ་ཁྱོད་ཀྱིས་བྱེ་བྲག་མི་ཕྱེད་དེ། གར་མཁན་གར་བྱེད་པ་ལ་སྒྲ་འདི་ལྟ་བུ་ འབྱུང་ངམ། འཕགས་པ་དག་འོ་ན་འདི་སུའི་སྒྲ་ལགས། ཤེས་ལྡན་དག་ཁོ་བོ་ཅག་ལུས་དྲུད་ནས་ཁྲུས་བྱས་པ་ཡིན་ནོ། །འཕགས་པ་དག་ཅི་དགེ་སྦྱོང་ཁྱེད་འདོད་པའི་ཡོན་ཏན་གྱིས་གཟིར་ཏམ། བཀྲེན་པ་ཁྱེད་ཀྱི་མགྲིན་པ་རྡོག་པས་མནན་ལ་དགེ་སྦྱོང་ཁོ་བོ་ཅག་འདོད་ པའི་ཡོན་ཏན་གྱིས་གཟིར་ཏོ། །ཁྱེད་ཁོ་བོ་ཅག་གི་རྗེས་སུ་སྟོན་པ་ཡིན་ནམ་ཅི། མ་སྨྲ་བར་དེང་། ཁྱེད་ལ་གནོད་པ་བྱས་ས་རེ་ཞེས་དེ་རྣམས་ཀྱིས་དེ་དག་བསྡིགས་པ་དང་། སྤ་གོང་ནས་དོང་སྟེ། ཡངས་པ་ཅན་དུ་ཞུགས་ནས་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་ དང་། སུམ་མདོ་དག་ཏུ་འཕྱ་བར་བརྩམས་སོ། །དགེ་སློང་རྣམས་ཀྱིས་སྐབས་དེ་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་སོ་ཕག་དག་གིས་ལུས་དྲུད་དེ་ཁྲུས་བྱེད་པ་ ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་སོ་ཕག་གིས་ལུས་དྲུད་དེ་ཁྲུས་མི་བྱའོ། །འདྲུད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སོ་ཕག་གིས་ལུས་དྲུད་དེ་ཁྲུས་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་རྐང་པ་སེར་ག་ བྱུང་ཞིང་དྲི་མ་དང་བཅས་བཞིན་བསོད་སྙོམས་ལ་འཇུག་པ་དེ་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། འཕགས་པ་དག་ཁྱེད་ཞབས་སེར་ག་བྱུང་ཞིང་དྲི་མ་དང་བཅས་ན། ཅི་སྟེ་དྲི་མ་སྦྱང་བར་མི་བགྱི། དེ་རྣམས་ཀྱིས་སྨྲས་པ། བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །ཅི་འཕགས་པ་ཁྱེད་དྲི་མའི་འདམ་བཅངས་པས་དག་པར་འགྱུར་རམ། དེ་རྣམས་ཅང་མི་སྨྲ་བར་འདུག་སྟེ། བསོད་སྙོམས་ལ་བརྒྱུས་ནས་གཙུག་ལག་ཁང་དུ་དོང་བ་དང་། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟར་ན་སྔ་མ་ནི་བཅས་པའོ། །འདི་ནི་གནང་བ་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་གིས་རྐང་པ་སོ་ཕག་གིས་དྲུད་པར་གནང་ངོ་། །ལུས་གཞན་ནི་མ་ཡིན་ཏེ། འདྲུད་ན་འགལ་ ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པ་ན་བཞུགས་སོ། །དགེ་སློང་རྣམས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེ་རྣམས་ ཀྱིས་བྲམ་ཟེ་ཞིག་ས་དཀར་གྱིས་སོར་རིས་གསུམ་བྱུགས་ནས་སློང་མོ་ལ་རྒྱུ་ཞིང་དེའི་བསླངས་པ་ཡང་མང་དུ་རྙེད་པར་མཐོང་ངོ་། །དྲུག་སྡེ་རྣམས་ཀྱིས་སྨྲས་པ། དགའ་བོ་ཉེ་དགའ་བོ་ཐབས་འདི་ནི་བཟང་པོ་ཞིག་སྟེ། བདག་ཅག་ཀྱང་དེ་ལྟར་བྱའོ་ཞེས་དེ་རྣམས་ཕྱི་དེ་ཉིན་ས་ དཀར་གྱིས་སོར་རིས་གསུམ་བྱུགས་ནས་བསོད་སྙོམས་ལ་ཞུགས་པ་མ་དད་པ་རྣམས་ཀྱིས་མཐོང་ནས་འཕྱ་ཞིང་གུས་པར་སྨྲའོ། །གུས་པར་སྨྲའོ་ཞེས་སྨྲས་པ་དང་། དྲུག་སྡེ་རྣམས་ཀྱིས་སྨྲས་པ། བཀྲེན་པ་ཁྱེད་ཀྱིས་གུས་པར་སྨྲ་བར་བྱ་བ་གང་དག་ཡིན་པ་དང་། ཕྱག་ བྱ་བ་གང་དག་ཡིན་པ་འདི་ཡང་མི་ཤེས་སམ། དེ་དག་གིས་སྨྲས་པ། འདི་ལ་ཅི་ཞིག་འཚལ་བར་བགྱི། བྲམ་ཟེ་རྒན་པ་རྒན་པ་རྣམས་ནི་གུས་པར་སྨྲ་བར་བྱ་བ་ཡིན་ལ། དགེ་སློང་རྣམས་ནི་ཕྱག་བྱ་བ་ཡིན་ན། དེ་ཅིའི་ཕྱིར་ཁྱེད་དགེ་སློང་རྣམས་ལ་གུས་པར་སྨྲ་བ་བྱེད་ ཀྱི་ཕྱག་མ་ཡིན། འཕགས་པ་དག་བདག་ཅག་གིས་ཁྱེད་བྲམ་ཟེ་ལགས་པར་འཚལ་གྱི་དགེ་སློང་དུ་ནི་མ་ལགས་སོ། །དེ་ལྟ་ལགས་པས་བདག་ཅག་གིས་མ་འཚལ་གྱིས་བཟོད་པར་གསོལ་ལོ་ཞེས་བྱས་པ་དང་། དེ་དག་ཅང་མི་སྨྲ་བར་འདུག་གོ། །སྐབས་དེ་དགེ་སློང་རྣམས་ ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་ནི་དགེ་སློང་རྣམས་སོར་རིས་གསུམ་འདྲི་བ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་སོར་རིས་གསུམ་བྲི་བར་མི་བྱའོ། །དགེ་སློང་སོར་ རིས་གསུམ་འདྲི་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སོར་རིས་གསུམ་མི་བྱུག་གོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་སྨན་པས་བསྒོ་ཡང་ལུས་སས་མི་སྐུད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟར་ན་སྔ་མ་ནི་བཅས་པའོ། །འདི་ནི་གནང་བ་ཡིན་ཏེ། དེ་ལྟ་བས་ན་སྨན་པས་བསྒོ་བ་ནི་མ་གཏོགས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་ དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། དེ་རྣམས་ཀྱིས་བྲམ་ཟེ་གིའུ་ཝང་གི་ཐིག་ལེ་བྱས་པ་ཞིག་སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་བསྐོར་ཞིང་སྟོན་མོའི་ བསྔགས་པ་བརྗོད་པ་མཐོང་བ་དང་། དེ་རྣམས་ཀྱིས་སྨྲས་པ། དགའ་བོ་ཉེ་དགའ་བོ་ཐབས་འདི་ནི་བཟང་པོ་ཞིག་སྟེ། བདག་ཅག་ཀྱང་འདི་ལྟར་བྱའོ། །ལེགས་ཀྱིས་དེ་ལྟར་བྱའོ་ཞེས་དེ་རྣམས་ཕྱི་དེ་ཉིན་གིའུ་ཝང་གི་ཐིག་ལེ་དག་གིས་བདག་ཉིད་བརྒྱན་པ་བྱས་ནས་བསོད་ སྙོམས་ལ་ཞུགས་པ་དང་། བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་འཕྱ་ཞིང་གུས་པར་སྨྲའོ་གུས་པར་སྨྲའོ་ཞེས་སྨྲས་པ་དང་། དྲུག་སྡེ་རྣམས་ཀྱིས་སྨྲས་པ། བཀྲེན་པ་ཁྱོད་ཀྱིས་གུས་པར་སྨྲ་བར་བྱ་བ་གང་དག་ཡིན་པ་དང་། ཕྱག་བྱ་བ་གང་དག་ཡིན་པ་འདི་ཡང་ མི་ཤེས་སམ། དེ་དག་གིས་སྨྲས་པ། འདི་ལ་ཅི་ཞིག་འཚལ་བར་བགྱི། བྲམ་ཟེ་རྒན་པ་རྒན་པ་རྣམས་ནི་གུས་པར་སྨྲ་བར་བྱ་བ་ཡིན་ལ། དགེ་སློང་རྣམས་ནི་ཕྱག་བྱ་བ་ཡིན་ན། དེ་ཅིའི་ཕྱིར་ཁྱེད་དགེ་སློང་རྣམས་ལ་གུས་པར་སྨྲ་བ་བྱེད་ཀྱི་ཕྱག་མ་ཡིན། འཕགས་པ་དག་བདག་ཅག་གིས་ཁྱེད་བྲམ་ཟེ་ལགས་པར་འཚལ་གྱི་དགེ་སློང་དུ་ནི་མ་ལགས་སོ། །དེའི་སླད་དུ་བདག་ཅག་གིས་མ་འཚལ་གྱིས། བཟོད་པར་གསོལ་ལོ་ཞེས་བྱས་པ་དང་། དེ་དག་ཅང་མི་སྨྲ་བར་འདུག་གོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་ནི་དགེ་སློང་དག་གིའུ་ཝང་གི་ཐིག་ལེ་དག་གིས་བདག་ཉིད་བརྒྱན་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་གིའུ་ཝང་གི་ཐིག་ལེ་དག་གིས་བརྒྱན་པར་མི་བྱའོ། །བརྒྱན་ ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གིའུ་ཝང་གི་ཐིག་ལེ་དག་གིས་བདག་ཉིད་བརྒྱན་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ཞིག་འཕྲལ་བར་རྨ་བྱུང་བ་དེ་སྨན་པའི་དྲུང་དུ་སོང་ནས་བཞིན་བཟངས་བདག་ལ་སྨན་སྟོན་ཅིག ། འཕགས་པ་རྨའི་ཐན་ཀོར་གིའུ་ཝང་གིས་སྐུས་ཤིག་དང་ཁྱོད་འཚོ་བར་འགྱུར་རོ། །དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་སྨན་པས་བསྒོ་བ་ནི་མ་གཏོགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སོ་ཕག་གིས་ལུས་དྲུད་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཉ་ཕྱིས་ཀྱིས་འདྲུད་ པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉ་ཕྱིས་ཀྱིས་དྲུད་པར་མི་བྱའོ། །འདྲུད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་ དྲིས་བྱུགས་ཏེ་གཞོན་ནུ་རྣམས་ཀྱི་ནང་དུ་དོང་ནས་སྨྲས་པ། གཞོན་ནུ་དག་ངེད་ཀྱི་དྲི་ཇི་ལྟ་སྣོམས་ཤིག །དེ་དག་གིས་སྨྲས་པ། གནས་བརྟན་ཅི་ཁྱེད་དྲིས་བྱུགས་སམ། བྱུགས་སོ། །གནས་བརྟན་ཁྱེད་དྲིས་བྱུག་ཏུ་རུང་ངམ། རུང་ཡང་རུང་མི་རུང་ཡང་རུང་སྟེ། ངེད་ ཀྱིས་ནི་བྱུགས་སོ། །དེ་དག་འཕྱ་སྨོད་ཁ་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དྲིས་ཉུག་པ་ལས་གྱུར་གྱིས་དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་དྲིས་བྱུག་པར་ མི་བྱའོ། །ཉུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་དྲིས་བྱུག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ནད་པ་ཞིག་སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟངས་བདག་ལ་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་ པ་དྲིས་བྱུགས་ན་ཁྱོད་འཚོ་བར་འགྱུར་རོ། །བཞིན་བཟངས་ཅི་ཁོ་བོ་འདོད་པ་སྤྱོད་དམ། འཕགས་པ་ཁྱོད་ཀྱི་སྨན་ནི་འདི་ཡིན་ཏེ། གཞན་གྱིས་ནི་འཚོ་བར་མི་ནུས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་སྨན་པའི་ལུང་གིས་དྲི་བཅང་བར་བྱའོ། །དགེ་སློང་དག་དྲིས་བྱུགས་ནས་དགེ་འདུན་གྱི་ནང་ན་འདུག་ཅིང་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཆོས་སྟོན་པར་བྱེད། བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུ་ ཡང་འགྲོ་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དགེ་སློང་དྲི་འཆང་བའི་ཀུན་དུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་དྲི་འཆང་བས་དྲིས་བྱུགས་ནས་དགེ་འདུན་གྱི་ནང་དུ་ འདུག་པར་མི་བྱ། བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཆོས་བསྟན་པར་མི་བྱ། བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུ་འགྲོ་བར་མི་བྱའི། ནམ་སོས་པར་གྱུར་པ་དེའི་ཚེ་ཁྲུས་བྱས་ནས་དྲི་མེད་པར་གྱུར་པ་དང་དགེ་འདུན་གྱི་ནང་དུ་འདུག་པར་ བྱ། བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཆོས་བསྟན་པར་བྱ། བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུ་འགྲོ་བར་བྱའོ། །དགེ་སློང་དྲི་འཆང་བས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་མི་འདུག་ན་ འགལ་ཚབས་ཅན་དུ་འགྱུར་རོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་དགེ་སློང་རྣམས་ལ་དྲི་འབུལ་བ་ན། དགེ་སློང་རྣམས་འགྱོད་ནས་མི་ལེན་པ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བར་མ་གྱུར་ པ་དེའི་ཚེ་ནི་མུ་སྟེགས་ཅན་རྣམས་ཡོན་གནས་ལགས། ད་ནི་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བས་ད་ལྟར་ཁྱེད་ཡོན་གནས་ལགས་ན། གལ་ཏེ་ཁྱེད་ཀྱིས་མ་བཞེས་ན་ཅི་བདག་ཅག་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་དགེ་བའི་ལམ་རྒྱགས་མ་མཆིས་པར་མཆིའམ། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བཞེས་ཤིག །དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ལ་ཞུའོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱའོ། །དགེ་སློང་རྣམས་ཀྱིས་ བླངས་ནས་དེ་དག་ཉིད་ཀྱི་མདུན་དུ་བོར་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་བདག་ཅག་གིས་རིན་ཐང་བཞིན་དུ་ཉོ་ཉོ་ན་ཁྱེད་ཀྱིས་བླངས་ཏེ་དོར་རམ། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླངས་ནས་དོར་བར་མི་བྱའི། འོན་ཀྱང་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིའི་ལག་རིས་བྱུག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་བླངས་ནས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་དྲིའི་ལག་རིས་ཉུག་གོ། །དེ་དག་གིས་སྨྲས་པ། འཕགས་པ་ དག་ཅི་བདག་ཅག་གིས་མཆོད་རྟེན་མ་མཐོང་ངམ། བདག་ཅག་གིས་ནི་ཁྱེད་ཁོ་ན་ལ་ཕུལ་ཏེ། དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་ནི་སྔར་ཕུལ་ལགས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླངས་ནས་གནས་ཁང་ལ་བྱུག་པར་བྱའོ། །དེ་རྣམས་ཀྱིས་གནས་ཁང་གི་སྒོ་ལ་བྱུགས་པ་དང་། དེ་དག་དྲི་གཙང་ཁང་ཡིན་ནོ་སྙམ་ནས་ཕྱག་འཚལ་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། ནང་དུ་བྱུག་པར་བྱའོ། །དགེ་སློང་རྣམས་ཀྱིས་དྲང་ཐད་དུ་བྱུགས་པ་དང་། ཉེས་དམིགས་དེ་ཉིད་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔས་དང་ཉེ་བ་འམ་རྐང་པ་དང་ཉེ་བར་བྱུག་པར་བྱ་ཞིང་དྲི་ཞིམ་པོ་ཐམས་ཅད་མིག་ལ་ཕན་པས་དུས་དུས་སུ་བསྣམ་ པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་འཇིགས་ལྟའི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། །ཇི་ཙམ་ན་རྒྱལ་བུ་གཞོན་ནུ་རྟོགས་བྱེད་ཀྱི་ཁང་བཟངས་པད་མ་རིས་བྱེད་དུ་བཅུག་ནས་བཅོམ་ ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ཏེ། བཅོམ་ལྡན་འདས་ཁང་བཟངས་པད་མའི་རིས་སུ་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །ཉེ་དགའ་བོ་ཟན་ཟ་བའི་ཚེ་ལག་པས་ཀ་བ་ལ་བསྣུན་པ་དང་། ཁང་བཟངས་པད་མ་རིས་གཡོས་པར་གྱུར་ཏོ། །འདྲི་མཁན་རྣམས་ཀྱིས་སྨྲས་པ། འཕགས་པ་རྒྱལ་བུ་རྟོགས་བྱེད་ཀྱིས་ཁང་བཟངས་པད་མ་རིས་ཚོན་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་པ་ཁྱེད་ཀྱིས་གཞིག་གམ་ཅི། ཉེ་དགའ་བོས་སྨྲས་པ། བཀྲེན་པ་རྟོགས་ བྱེད་འདི་ལ་ལྷག་པར་ཆགས་པས་དུས་བྱས་ནས་གར་སྐྱེ་གཏོལ་མེད་དོ། །ཁྱེད་ཀྱང་འདི་ལ་ལྷག་པར་ཆགས་པས་དུས་བྱས་ནས་ཡི་དགས་ལྦ་བ་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དག་ཁ་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་ཀ་བ་ལ་ལག་པས་བསྣུན་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་ལག་པས་ཀ་བ་ལ་བསྣུན་པར་མི་བྱའོ། །བསྣུན་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་ འདས་ཀྱིས་དགེ་སློང་གིས་ཀ་བ་ལ་ལག་པས་བསྣུན་པར་མི་བྱ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཁུ་ཚུར་དང་གྲུ་མོ་དང་། ཕྲག་པ་དང་། མགོ་དང་། རྩིབ་ལོགས་དང་། རྒྱབ་དང་། རྐེད་པ་དང་། བརླ་དང་། པུས་མོ་དང་། བྱིན་པ་དང་། རྐང་པ་དང་། དབྱུག་པ་དང་། བོང་བ་དང་། གཞན་གྱིས་སྣུན་པར་བྱེད་པས་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་ཀྱང་བསྣུན་པར་མི་བྱའོ། །དྲུག་སྡེ་རྣམས་རྩིག་པ་དང་ས་དང་། གཞན་ལ་སྣུན་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་ལ་ཡང་གང་གིས་ཀྱང་བསྣུན་པར་མི་བྱའོ། །བསྣུན་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དྲུག་སྡེ་རྣམས་སྔ་དྲོ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེ་རྣམས་ཀྱིས་བྲམ་ཟེ་ཞིག་ཚངས་པའི་སྐུད་པ་ཐོགས་ཏེ་སློང་མོ་ལ་རྒྱུ་ཞིང་དེས་བཟའ་བ་དང་བཅའ་བ་ཡང་མང་དུ་རྙེད་པ་མཐོང་ནས་དྲུག་སྡེ་རྣམས་ཀྱིས་སྨྲས་པ། དགའ་བོ་ཉེ་དགའ་བོ་ཐབས་འདི་ནི་ བཟང་པོ་ཞིག་སྟེ། བདག་ཅག་ཀྱང་དེ་ལྟ་བུ་བྱའོ་ཞེས་དེ་དག་ཕྱི་དེ་ཉིན་ཚངས་པའི་སྐུད་པ་ཐོགས་ཏེ། བསོད་སྙོམས་ལ་ཞུགས་པ་མ་དད་པ་རྣམས་ཀྱིས་མཐོང་ནས། འཕྱ་ཞིང་གུས་པར་སྨྲའོ། །གུས་པར་སྨྲའོ་ཞེས་སྨྲས་པ་དང་། དྲུག་སྡེ་རྣམས་ཀྱིས་སྨྲས་པ། བཀྲེན་ པ་ཁྱེད་ཀྱིས་གུས་པར་སྨྲ་བར་བྱ་བ་གང་དག་ཡིན་པ་དང་། ཕྱག་བྱ་བ་གང་དག་ཡིན་པ་འདི་ཡང་མི་ཤེས་སམ། དེ་དག་གིས་སྨྲས་པ། འདི་ལ་ཅི་ཞིག་འཚལ་བར་བགྱི། བྲམ་ཟེ་རྒན་པ་རྒན་པ་རྣམས་ནི་གུས་པར་སྨྲ་བར་བྱ་བ་ཡིན་ལ། དགེ་སློང་རྣམས་ནི་ཕྱག་བྱ་བ་ཡིན་ ན། དེ་ཅིའི་ཕྱིར་ཁྱེད་དགེ་སློང་རྣམས་ལ་གུས་པར་སྨྲ་བར་བྱེད་ཀྱི་ཕྱག་མ་ཡིན། འཕགས་པ་དག་བདག་ཅག་གིས་ཁྱེད་བྲམ་ཟེ་ལགས་པར་འཚལ་གྱི་དགེ་སློང་དུ་ནི་མ་ལགས་སོ། །དེ་ལྟ་ལགས་པས་བདག་ཅག་གིས་མ་འཚལ་གྱིས་བཟོད་པར་གསོལ་ལོ་ཞེས་བྱས་པ་དང་། དེ་དག་ཅང་མི་སྨྲ་བར་འདུག་གོ །སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་ནི་དགེ་སློང་རྣམས་ཚངས་པའི་སྐུད་པ་ཐོགས་པ་ལས་གྱུར་གྱིས། དེ་ལྟ་བས་ ན་དགེ་སློང་གིས་ཚངས་པའི་སྐུད་པ་གདགས་པར་མི་བྱའོ། །འདོགས་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་སྔ་དྲོ་ཤམ་ ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། དེ་དག་གིས་བྲམ་ཟེ་དྲི་དང་མེ་ཏོག་གིས་བརྒྱན་པ་ཚོན་སྣ་ལྔ་པའི་སྐུད་པས་ལག་པ་བཅིངས་པ་ཞིག་དུས་སྟོན་ཟོས་ནས་དབང་པོ་ཚིམ་སྟེ། ཁྱིམ་ནས་བྱུང་བ་མཐོང་ བ་དང་། དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བོ་ཐབས་འདི་ནི་བཟང་པོ་ཞིག་སྟེ། བདག་ཅག་ཀྱང་འདི་བཞིན་བྱའོ་ཞེས་དེ་དག་ཕྱི་དེ་ཉིན་ཚོན་སྣ་ལྔ་པའི་སྐུད་པས་ལག་པ་བཅིངས་ནས་བསོད་སྙོམས་ལ་ཞུགས་པ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ ནས་འཕྱ་ཞིང་གུས་པར་སྨྲའོ། །གུས་པར་སྨྲའོ་ཞེས་སྨྲས་པ་དང་། དྲུག་སྡེ་རྣམས་ཀྱིས་སྨྲས་པ། བཀྲེན་པ་ཁྱེད་ཀྱིས་གུས་པར་སྨྲ་བར་བྱ་བ་གང་དག་ཡིན་པ་དང་། ཕྱག་བྱ་བ་གང་དག་ཡིན་པ་འདི་ཡང་མི་ཤེས་སམ། དེ་དག་གིས་སྨྲས་པ། འདི་ལ་ཅི་ཞིག་ འཚལ་བར་བགྱི། བྲམ་ཟེ་རྒན་པ་རྒན་པ་རྣམས་ནི་གུས་པར་སྨྲ་བར་བྱ་བ་ཡིན་ལ་དགེ་སློང་རྣམས་ནི་ཕྱག་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཁྱེད་དགེ་སློང་རྣམས་ལ་གུས་པར་སྨྲ་བར་བྱེད་ཀྱི་ཕྱག་མ་ཡིན། འཕགས་པ་དག་བདག་ཅག་གིས་ཁྱེད་བྲམ་ཟེ་ལགས་པར་འཚལ་གྱི། དགེ་སློང་དུ་ནི་མ་ལགས་སོ། །དེ་ལྟ་ལགས་པས་བདག་ཅག་གིས་མ་འཚལ་གྱིས་བཟོད་པར་གསོལ་ལོ་ཞེས་བྱས་པ་དང་། དེ་དག་ཅང་མི་སྨྲ་བར་འདུག་གོ། །སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་ནི་དགེ་སློང་རྣམས་ཚོན་སྣ་ལྔ་པའི་སྐུད་པས་ལག་པ་འཆིང་བ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་ཚོན་སྣ་ལྔ་པའི་སྐུད་པས་ལག་པ་བཅིང་བར་མི་བྱའོ། །འཆིང་ན་འགལ་ཚབས་ཅན་དུ་ འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ཚོན་སྣ་ལྔ་པའི་སྐུད་པས་ལག་པ་བཅིང་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ནད་པ་གཞན་ཞིག་སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟངས་ཁོ་བོ་ལ་ནད་འདི་ལྟ་བུ་བྱུང་ན་སྨན་སྟོན་ཅིག་ཅེས་བྱས་པ་དང་། དེས་སྨྲས་ པ། འཕགས་པ་སྐུད་པ་ལ་གསང་སྔགས་དག་གིས་བཟླས་བརྗོད་བྱས་ཏེ། ལག་པ་ལ་བཅིངས་ན་ཁྱོད་འཚོ་བར་འགྱུར་རོ། །དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་ འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་སྨན་པའི་ལུང་གིས་སྐུད་པ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སྨན་པའི་ལུང་གིས་སྐུད་པ་བཅང་བར་བྱའོ་ཞེས་ བཀའ་སྩལ་པ་དང་། དགེ་སློང་རྣམས་ལག་པ་གཡས་པའི་རྩེ་མོ་ལ་འཆིང་སྟེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལག་པ་གཡས་པའི་རྩེ་མོ་ལ་བཅིང་བར་མི་བྱའོ། །དེ་རྣམས་ལག་པ་གཡས་པའི་དཔུང་པ་ ལ་འཆིང་སྟེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་གཡས་པའི་དཔུང་པ་ལ་བཅིང་བར་མི་བྱའོ། །དེ་རྣམས་ལག་པ་གཡོན་པའི་རྩེ་མོ་ལ་འཆིང་སྟེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ལག་པ་གཡོན་པའི་རྩེ་མོ་ལ་བཅིང་བར་མི་བྱའི། འོན་ཀྱང་ལག་པ་གཡོན་པའི་དཔུང་པ་ལ་བཅིང་བར་བྱའོ། །དགེ་སློང་རྣམས་ནད་སོས་པར་གྱུར་ནས་སྐུད་པ་བབ་བབ་ཏུ་འདོར་བས་མི་མ་ཡིན་པ་རྣམས་འཕྱ་སྟེ། འཕགས་པ་དག་ངེད་ཀྱིས་སོས་ པར་བྱས་ན་ད་མ་གུས་པར་བྱེད་པ་ལྟ། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བབ་བབ་ཏུ་དོར་བར་མི་བྱ་སྟེ། གལ་ཏེ་ནད་མ་བྱང་ན་ཆོས་གོས་ཀྱི་མཐའའམ། རྒྱ་ཅང་ལ་བཅིང་བར་ བྱའོ། །འོན་ཏེ་ཐམས་ཅད་ཀྱི་ཐམས་ཅད་དུ་སོས་པར་གྱུར་ན་ཀ་བའི་སེར་གའམ། རྩིག་པའི་གསེབ་ཏུ་གཞུག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་ སྡེ་རྣམས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་རྒྱན་སློ་མའི་ནང་དུ་བཞག་པ་དྲུག་སྡེ་རྣམས་ཀྱིས་རྐང་རྒྱན་དང་ལག་རྒྱན་དག་ཐོགས་ནས་སྨྲས་པ། དགའ་ བོ་ཉེ་དགའ་བོ་ཇི་ལྟ་མཛེས་སམ། བྲམ་ཟེ་དང་ཁྱིམ་བདག་དག་གིས་སྨྲས་པ། འཕགས་པ་ཁྱེད་མགོ་ནི་བྱི། མཆན་ཁུང་ནི་སྤུན་ན་འདི་ལ་ལུས་མཛེས་པ་ཅི་ཞིག་ཡོད་གདོན་མི་ཟ་བར་དགེ་སྦྱོང་ཁྱེད་འདོད་པའི་ཡོན་ཏན་དག་གིས་གཟིར་བར་གྱུར་ཏོ་ཞེས་བྱས་པ་དང་། དེ་ རྣམས་ཅང་མི་སྨྲ་བར་འདུག་གོ། །སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་ལག་རྒྱན་དང་རྐང་རྒྱན་དག་གིས་བདག་ཉིད་བརྒྱན་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་ལག་རྒྱན་དང་རྐང་རྒྱན་གྱིས་བདག་ཉིད་བརྒྱན་པར་མི་བྱའོ། །བརྒྱན་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གཙུག་ ལག་ཁང་དུ་མ་བྱིན་པར་ལེན་པ་རྣམས་ཀྱིས་དགེ་འདུན་གྱི་མཛོད་དང་། གང་ཟག་གི་གནས་ཁང་དག་ནས་བརྐུས་སོ། །དགེ་སློང་གཞན་དག་གཅིག་གི་ཡང་སྟོར་ན། བདག་ཅག་གི་སྟོར་ནས་ཇི་ཙམ་ལོན་པ་མ་ཚོར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་རྒྱ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་རྒྱ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་ཤེལ་ལས་བྱས་ པ་དང་། སོར་གདུབ་རྒྱ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དག་བཅངས་སོ། །དེ་ནས་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་ལག་པ་བརྒྱང་སྟེ་སྨྲས་པ། བཞིན་བཟངས་ནད་མེད་ཅིག་ནད་མེད་ཅིག །དེ་དག་གིས་སྨྲས་པ། འཕགས་པ་འདི་ཅི་ལགས། བཞིན་བཟངས་ བཅོམ་ལྡན་འདས་ཀྱིས་རྒྱ་གནང་ངོ་དེ་དག་འཕྱ་སྨོད་ཁ་ཟེར་ཞིང་དགེ་སྦྱོང་ཤཱཀྱའི་བུ་རྣམས་ཀྱིས་དགེ་སྦྱོང་གི་ཚུལ་ཉམས་ཤིང་ཚངས་པའི་ཚུལ་ཉམས་ཏེ། འདི་ན་ད་ལྟར་རྒྱ་ལ་ཐ་སྙད་འདོགས་ཤིང་རྒྱན་རྣམས་ཀྱིས་བདག་ཉིད་བརྒྱན་པར་བྱེད་དོ། །སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་རྒྱ་བཅང་བར་མི་བྱ། སོར་གདུབ་རྒྱ་ཡང་བཅང་བར་མི་བྱའི་འོན་ཀྱང་རྒྱ་ལྔ་པོ་ར་གན་དང་། ཟངས་ ལས་བྱས་པ་དང་། ཁར་བ་ལས་བྱས་པ་དང་། བ་སོ་ལས་བྱས་པ་དང་། རྭ་ལས་བྱས་པ་བཅང་བར་བྱའོ། །དྲུག་སྡེ་རྣམས་ཀྱིས་རྒྱ་ལ་སྐྱེས་པ་དང་། བུད་མེད་ཉལ་པོ་བྱེད་པ་བྲིས་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། འཕགས་པ་ཅི་དགེ་སྦྱོང་ཁྱོད་ འདོད་པའི་ཡོན་ཏན་དག་གིས་གཟིར་ཏམ། གནས་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་ནི་གཉིས་ཏེ། དགེ་འདུན་གྱི་དང་གང་ཟག་གིའོ། །དེ་ལ་དགེ་འདུན་གྱི་ནི་དབུས་སུ་འཁོར་ལོ་བྲིས་ལ། གློ་གཉིས་སུ་རི་དགས་འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲི་བར་བྱའོ། །གང་ཟག་གི་ནི་རུས་པའི་ཀེང་རུས་སམ། མགོའི་ཐོད་པ་བྲི་བར་བྱའོ།། །།སྡོམ་ནི། སེན་མོ་འབྲེག་དང་བྱི་དོར་དང་། །ཨ་མྲ་དང་ནི་སྐྱུ་རུ་ར། །ལྷུང་བཟེད་བརྒྱད་པོ་བཀག་པ་དང་། ། རྗེས་སུ་གནང་བ་གཉིས་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ ཕུལ་བ་དེའི་ཚེ། དེས་འབྲེག་མཁན་གྱི་མི་ལ་སྨྲས་པ། ཀྱེ་སྐྱེས་བུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ལ་འཕགས་པ་རྣམས་ཀྱི་སྐྲ་དང་ཁ་སྤུ་བྲེགས་ཤིག །དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དྲུག་སྡེ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་དྲུག་སྡེ་གང་ཡང་རུང་བ་ཞིག་གིས་རྒྱལ་ བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་མི་སྟོང་པ་ཡིན་ཏེ། ཚེ་དང་ལྡན་པ་ཉེ་དགའ་བོ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་འཆག་ཅིང་འདུག་པ་དེས་དེ་རྒྱང་རིང་པོ་ནས་མཐོང་ནས་སྨྲས་པ། བཞིན་བཟངས་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱོད་ཟླ་བ་ལྟ་བུར་གནས་ན་རིང་མོ་ཞིག་ལོན་ ཏེ། གང་ནས་འོངས། དེས་སྨྲས་པ། འཕགས་པ་ཁྱིམ་བདག་གིས་འཕགས་པ་རྣམས་ཀྱི་སྐྲ་དང་ཁ་སྤུ་བྲེག་པའི་སླད་དུ་འདིར་བཏང་ངོ་། །དེས་སྨྲས་པ། སེན་མོ་ལེགས་པར་འབྲེག་ཤེས་སམ། འཕགས་པ་འདི་ཉིད་བདག་གི་བཟོ་ལགས་སོ། །བལྟས་ཚུར་དེ་ ཉེ་བར་འོངས་པ་དང་། ཉེ་དགའ་བོས་ལག་པ་བརྐྱང་ངོ་། །འབྲེག་མཁན་གྱིས་སྨྲས་པ། འཕགས་པ་ཅི་འདྲ་བར་བྲེག །བཞིན་བཟངས་འབྲུའི་རྩེ་མོ་ལྟར་བྲེགས་ཤིག །དེས་འབྲུའི་རྩེ་མོ་ལྟར་བྲེགས་པ་དང་། དེས་སྨྲས་པ། ད་ནི་ར་བའི་ཅོག་ལྟ་བུ་དང་། སྤུ་གྲིའི་སོ་ དང་། སྟེའུ་ཀ་དང་། ཟླ་བ་ཚེས་པ་ལྟར་གྱིས་ཤིག །དེས་དེ་ཇི་ལྟ། ཇི་ལྟར་སྒོ་བ་དེ་ལྟ་བུར་བྱས་པ་དང་། མཇུག་ཏུ་སྨྲས་པ། བཀྲེན་པ་ཁྱོད་ཀོ་ཅུང་ཟད་ཀྱང་མི་ཤེས་པ་ཞིག །འདི་ཁོ་ན་ལྟར་མཉམ་པར་གྱིས་ལ་སོང་ཤིག་ཅེས་དེས་དེ་ཉི་མ་ནུབ་ཀྱི་བར་དུ་མ་བཏང་ངོ་། །དེ་ཉི་ མ་ནུབ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་དྲུང་དུ་སོང་བ་དང་། མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། ཀྱེ་སྐྱེས་བུ་ཁྱོད་ཀྱིས་འཕགས་པ་མང་པོ་ཇི་སྙེད་ཅིག་གི་མགོ་དང་ཁ་སྤུ་བྲེགས། བདག་གིས་འཕགས་པ་རྣམས་ཀྱི་སྐྲ་དང་ཁ་སྤུ་ག་ལ་བྲེགས། དགེ་སྦྱོང་གཟུ་ལུམས་ཅན་ ཉེ་དགའ་བོས་བདག་བསྒོར་ནས། སེན་མོ་འབྲུའི་རྩེ་མོ་དང་། ར་བའི་ཅོག་དང་། སྤུ་གྲིའི་སོ་དང་། སྟེའུ་ཀ་དང་། ཟླ་བ་ཚེས་པ་ལྟ་བུར་གྱིས་ཤིག་ཅེས་པའི་རྣམ་པ་ཐམས་ཅད་བདག་གིས་བགྱིས་པ་དང་། དེ་ནས་འདི་སྐད་ཅེས། བཀྲེན་པ་ཁྱོད་ཀོ་ཅུང་ཟད་ ཀྱང་མི་ཤེས་པ་ཞིག །འདི་ཁོ་ན་ལྟར་མཉམ་པར་གྱིས་ལ་སོང་ཤིག་ཅེས་མཆི་ནས་ད་གཟོད་ཁོ་ན་ཤོར་ན་ཅི་ཞིག་བགྱི། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་རྣམས་ལ་ཉེ་བར་ཞི་བ་མེད་པ་ལྟ་ཞེས་འཕྱ་བ་ལ་ཞུགས་སོ། །སྐབས་ དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་སེན་མོ་འབྲེག་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་སེན་མོ་བྲེག་པར་མི་བྱའོ། །འབྲེག་ན་འགལ་ཚབས་ ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སེན་མོ་བྲེག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་སེན་མོ་རིང་པོ་རིང་པོར་འདུག་པ་བྲམ་ཟེ་དང་ཁྱིམ་བདག་དེ་དག་གིས་མཐོང་ནས་སྨྲས་པ། འཕགས་པ་དག་ཅི་སྟེ་སེན་མོ་རིང་པོ་རིང་པོར་འཇོག །བཞིན་ བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་ཅི་ཁྱོད་སེན་མོ་བཅངས་པས་འདག་པར་འགྱུར་རམ། སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔ་མ་ནི་བཅས་པའོ། །འདི་ནི་གནང་ བ་ཡིན་ཏེ་དེ་ལྟ་བས་ན་གནང་གིས་སེན་མོ་རྣམ་པ་གཉིས་པོ་སྤུ་གྲིའི་སོ་དང་། སྟེའུ་ཀ་ལྟ་བུར་བྲེག་པར་བྱའོ། །བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞེས་བྱ་བ་ཐམས་ཅད་དེ་ཁོ་ན་བཞིན་ནོ། །ཁྱོད་སེན་མོ་འཆོས་ཤེས་སམ། འཕགས་པ་ཇི་ལྟ་བུར་བགྱི། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། གསེར་གྱི་ཁ་དོག་ལྟ་བུར་གྱིས་ཤིག་ཅེས་པའི་རྣམ་པ་ཐམས་ཅད་བདག་ གིས་བགྱིས་པ་དང་། དེ་ནས་འདི་སྐད་ཅེས་བཀྲེན་པ་ཁྱེད་ཀོ་ཅུང་ཟད་ཀྱང་མི་ཤེས་པ་ཞིག །འདི་ཁོ་ན་ལྟར་མཉམ་པར་གྱིས་ལ་སོང་ཤིག་ཅེས་མཆི་ནས་ད་གཟོད་ཁོ་ན་ཤོར་ན་ཅི་ཞིག་བགྱི། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་ བྱུང་བ་རྣམས་ལ་ཉེ་བར་ཞི་བ་མེད་པ་ལྟ་ཞེས་འཕྱ་བ་ལ་ཞུགས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་སེན་མོ་དག་བྱི་དོར་བྱེད་པ་ལས་ གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་སེན་མོ་དག་བྱི་དོར་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སེན་མོ་དག་བྱི་དོར་མི་བྱའོ། །ཞེས་བཀའ་སྩལ་པ་དང་། དགེ་སློང་ཚོན་རྩིའི་ལས་དང་། ལྷུང་བཟེད་ཀྱི་ལས་བྱེད་ པ་རྣམས་ཀྱི་སེན་མོ་དྲི་མ་ཆགས་ལ་མདོག་མི་སྡུག་པར་གྱུར་ཅིང་། དེ་རྣམས་སེན་མོ་དེ་འདྲ་བ་ཁོ་ནར་བསོད་སྙོམས་ལ་འཇུག་གོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། འཕགས་པ་དག་ཁྱེད་ཅིའི་ཕྱིར་སེན་མོ་དེ་ལྟ་བུར་དྲི་མ་ཆགས་ཤིང་མདོག་མི་སྡུག ། དེ་དག་གིས་བསྙད་པ་དང་། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་ཅིའི་ཕྱིར་དྲི་མ་མི་དབྱི། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་ཁྱེད་ཅི་དྲི་མའི་འདམ་བཅངས་པས་འདག་པར་འགྱུར་རམ། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་མ་དབྱི་བའི་ཕྱིར་སེན་མོ་བཞར་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་ཀུན་དུ་སྤྱོད་པ་ནི་དུས་ཀྱི་ གསར་ཐོག་འབྲུ་སར་པའམ་འབྲས་བུ་སར་པ་གང་ཅི་ཡང་རུང་བ་དེ་དག་དང་པོར་དགེ་འདུན་ལ་འབུལ་ལོ། །དེའི་འོག་ཏུ་བདག་ཉིད་ཟའོ། །དེའི་བློན་པོ་རྣམས་ཀྱིས་ཨ་མྲའི་ཤིང་ཐོག་དག་ཕུལ་བ་དང་། དེས་སྨྲས་པ། སོང་ལ་འཕགས་པ་རྣམས་ལ་ཕུལ་ཅིག །དེ་ དག་གིས་བགད་པ་དང་། དེས་སྨྲས་པ། ཤེས་ལྡན་དག་ཅི་ལ་དགོད། དེ་དག་གིས་སྨྲས་པ། ལྷ་ཅི་ཁྱོད་ད་ནི་འཕགས་པ་རྣམས་ལ་དང་པོར་འབུལ་སྙམ་དགོངས་ཀྱི། བདག་ཅག་གིས་ཆེས་སྔར་འཕགས་པ་རྣམས་ལ་ཕུལ་བར་ནི་མ་ལགས་སམ། དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ངས་འཕགས་པ་རྣམས་ལ་སྟོང་གི་ཀུན་དགའ་ར་བ་ཉིད་ཕུལ་ལོ། །ལྷ་ལེགས་ཏེ་རྗེས་སུ་ཡི་རང་ངོ་། །དེས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཕྱིར་སྟོང་གི་ཀུན་དགའ་ར་བ་ཕུལ་ནས་དེར་དུས་སྟོན་ཀྱང་བཙུགས་སོ། །དེ་ཇི་ལྟར་ ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་དུས་སྟོན་ལ་ལྟ་བར་འོངས་པ་ཨ་མྲའི་ཤིང་ཐོག་སྨིན་པ་རྣམས་ཀྱིས་ཚིམ་པར་གྱུར་པ་དེ་ལྟར་ཤིང་ཐོག་རྒྱས་པར་གྱུར་ཏོ། །དེ་དགེ་འདུན་ལ་ཕུལ་ཞེས་དགེ་སློང་རྣམས་ཀྱིས་ཨ་མྲའི་འབྲས་བུ་དག་མ་སྨིན་པ་ཉིད་དུ་ཟོས་སོ། །ཇི་ཙམ་ན་ མཚམས་ཀྱི་རྒྱལ་པོ་ཞིག་ལ་ཨ་མྲ་དག་དགོས་པར་གྱུར་ནས། དེས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཕོ་ཉ་བཏང་སྟེ། གྲོགས་པོ་བདག་ལ་ཨ་མྲ་དག་དགོས་ཀྱིས་བསྐུར་བའི་རིགས་སོ་ཞེས་བྱས་པ་དང་། དེས་ཕོ་ཉ་དེ་ལ་སྨྲས་པ། ཀྱེ་སྐྱེས་བུ་ངས་སྟོང་གི་ཀུན་དགའ་ར་བ་དེ་ འཕགས་པའི་དགེ་འདུན་ལ་ཕུལ་གྱིས་སོང་ལ་འཕགས་པའི་དགེ་འདུན་རྣམས་ལ་སློངས་ཤིག །དེ་འོད་མའི་ཚལ་དུ་སོང་བ་དང་། དྲུག་སྡེ་རྣམས་ཀྱིས་ཀུན་ཏུ་སྤྱོད་པ་ནི་རྟག་ཏུ་ཀུན་དགའ་ར་བའི་སྒོ་མི་སྟོང་པར་བྱེད་པ་ཡིན། ཚེ་དང་ལྡན་པ་ཉེ་དགའ་བོ་འོད་མའི་ཚལ་གྱི་སྒོ་ན་ འཆག་ཅིང་འདུག་གོ། །དེ་དེའི་དྲུང་དུ་སོང་ནས་ཕྱག་འཚལ་ཏེ་དེས་སྨྲས་པ། རྒྱལ་པོ་ཆེ་གེ་མོ་ཞིག་གིས་ཨ་མྲའི་ཆེད་དུ་ཁྱེད་ཀྱི་ཐད་དུ་བཏང་ན་དེའི་སླད་དུ་ཨ་མྲ་དག་སྩལ་བའི་རིགས་སོ། །དེས་སྨྲས་པ། ཀྱེ་སྐྱེས་བུ་སོང་ལ་ཨ་མྲ་ཇི་ཙམ་དགོས་པ་དེ་ཙམ་ལོང་ཤིག །དེ་སོང་ནས་ ཨ་མྲའི་ཤིང་རྣམས་ཀྱི་དྲུང་དུ་བལྟས་ན་མི་སྣང་སྟེ། དེ་སླར་ལོག་ནས་སྨྲས་པ། འཕགས་པ་མ་མཆིས་སོ། །ཉེ་དགའ་བོས་དེ་ཁྲིད་ནས་ཀུན་དགའ་ར་བར་ཞུགས་ཏེ། ཀུན་དགའི་ར་བ་ཐམས་ཅད་བསྐོར་ནས་སྨྲས་པ། ཀྱེ་སྐྱེས་བུ་ཤིང་འདི་ལ་འཛེགས་ཤིག །དེས་ འཛེགས་ནས་མ་མཐོང་བ་དང་། ཉེ་དགའ་བོས་སྨྲས་པ། ཀྱེ་སྐྱེས་བུ་དག་ཤར་གྱི་ཡལ་གར་སོང་ལྷོ་དང་ནུབ་ཀྱི་ཡལ་གར་སོང་། དེ་ཐམས་ཅད་དུ་སོང་ནས་སྐྱོ་བར་གྱུར་ཏེ་བབས་ནས་སྨྲས་པ། འཕགས་པ་ཅི་ཀུན་དགའི་ར་བ་འདི་ལོ་འདི་ལ་འབྲས་བུ་མ་ཆགས་སམ། བཞིན་ བཟངས་ཇི་ལྟར་ལོ་རེ་ཞིང་ལོ་རེ་ཞིང་ཤིང་ཐོག་ཡོད་པ་དེ་ལྟར་འདི་འབྲས་བུ་ཆགས་སོ། །འཕགས་པ་ཅི་རླུང་དང་ཆར་པས་བླགས་སམ། བཞིན་བཟངས་རླུང་དང་ཆར་པས་མ་བླགས་ཀྱི། འོན་ཀྱང་ཁོ་བོ་ཅག་གིས་ཨ་མྲའི་འབྲས་བུ་དག་མ་སྨིན་པ་ཉིད་དུ་འཆོས་སོ། །དེ་སླར་ ལོག་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསོལ་པ། ལྷ་འཕགས་པ་རྣམས་ཀྱི་ཞལ་ནས་ཁོ་བོ་ཅག་གིས་ཨ་མྲའི་འབྲས་བུ་དག་མ་སྨིན་པ་ཉིད་དུ་འཆོས་སོ་ཞེས་གསུང་ངོ་། །དེས་སྨྲས་པ། ལེགས་ཏེ་ང་ལ་ལོངས་སྤྱད་པ་ཉིད་དགོས་སོ་ཞེས་བྱས་པ་དང་། མི་དེ་སླར་སོང་ ངོ་། །ཇི་ཙམ་ན་དུས་སྟོན་ལ་བབ་པའི་ཚེ་ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་འདུས་ནས། དེ་དག་གིས་སྨྲས་པ། འཕགས་པ་དག་ཅི་སྟོང་གི་ཀུན་དགའ་ར་བ་འདི་ལོ་འདི་ལ་འབྲས་བུ་མ་ཆགས་སམ། བཞིན་བཟངས་དག་ཇི་ལྟར་ལོ་རེ་ལོ་རེ་ཞིང་ཤིང་ཐོག་ཡོད་པ་ དེ་ལྟར་འདི་འབྲས་བུ་ཆགས་མོད་ཀྱི། འོན་ཀྱང་ཁོ་བོ་ཅག་གིས་ཨ་མྲའི་འབྲས་བུ་དག་མ་སྨིན་པ་ཉིད་དུ་འཆོས་སོ། །འཕགས་པ་དག་གང་ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཨ་མྲ་སྨིན་པ་དག་གིས་ཚིམ་པར་འགྱུར་བ་དེ་ཁྱེད་ཀྱིས་འབྲས་བུ་མ་སྨིན་པ་ཁོ་ནར་འཆོས་ ཏེ། གང་ཁོ་བོ་ཅག་ལ་གནོད་པ་བྱས་པ་ནི་མ་ལེགས་པ་ཞིག་བྱས་སོ། །དེས་སྨྲས་པ། འདི་རྒྱལ་པོས་ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ལ་བྱིན་པ་མ་ཡིན་གྱི། འོན་ཀྱང་དགེ་སློང་གི་དགེ་འདུན་ལ་ཕུལ་ཏེ། དེ་ལྟ་བས་ན་ཁོ་བོ་ཅག་གིས་ཇི་ལྟར་འདོད་པ་བཞིན་ ཟོས་སོ། །ཁྱེད་ཅི་གཏོགས་ཞེས་བྱས་པ་དང་། དེ་དག་འཕྱ་སྨོད་ཁ་ཟེར་བར་བྱེད་དོ། །སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་ནི་དགེ་སློང་རྣམས་ཨ་མྲ་དག་ ཟ་བ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་ཨ་མྲ་དག་བཟའ་བར་མི་བྱའོ། །དགེ་སློང་ཨ་མྲ་དག་ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཨ་མྲ་དག་བཟའ་བར་མི་བྱའོ། །ཞེས་གསུངས་པ་དང་། བྲམ་ཟེ་ དང་ཁྱིམ་བདག་དད་པ་ཅན་དག་དགེ་སློང་རྣམས་ལ་ཤིང་ས་ཧ་ཀ་རའི་ཤིང་ཏོག་དག་འབུལ་བ་ན། དགེ་སློང་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །དེ་དག་གིས་སྨྲས་པ། འཕགས་པ་དག་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བར་ མ་གྱུར་པ་ཞེས་བྱ་བ་ནས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོའམ། བཞེས་ཤིག་ཅེས་བྱ་བའི་བར་སྔ་མ་བཞིན་ནོ། །སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་ གིས་མཚན་ཉིད་གྲུབ་པ་ཡིན་ནོ་ཞེས་བྱས་ནས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་ལ་མཚན་ཉིད་གྲུབ་པ་ནི་འདི་དག་ཡིན་ཏེ། ཚིག་གུ་ཆགས་པ་རྣམས་སོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་གཞན་དག་ཅིག །དགེ་སློང་རྣམས་ལ་ཨ་མྲའི་ཤིང་ཐོག་སྨིན་ པ་དག་འབུལ་བ་ན་ཞེས་བྱ་བ་ནས། དེ་བཞིན་དུ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མཆིའམ། བཞེས་ཤིག་ཅེས་བྱ་བའི་བར་ཐམས་ཅད་སྔ་མ་བཞིན་ནོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་མཚན་ཉིད་བྱེ་བྲག་ཕྱེད་དོ་ཞེས་བྱས་ཏེ་བཟའ་བར་བྱའོ། །དེ་ལ་མཚན་ཉིད་བྱེ་བྲག་ཕྱེད་པ་ནི་འདི་དག་ཡིན་ཏེ། ཤ་ཞུགས་པ་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་ནད་པ་ཞིག་སྨན་པའི་དྲུང་དུ་སོང་སྟེ། བཞིན་བཟངས་བདག་འདི་འདྲ་བའི་ནད་ཀྱིས་ཐེབས་ན་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་ཇེ་མར་འཐུང་ལ་སྣུམ་པར་གྱིས་ཤིག་དང་བཀྲུ་སྨན་སྦྱིན་ནོ། །དེས་མར་འཐུངས་ པ་དང་། སྐོམ་པས་གནོད་པར་གྱུར་ཏོ། །སྨན་པ་འོངས་ཏེ་དྲིས་པ། འཕགས་པ་བདེ་བར་འདུག་གམ། དེས་སྨྲས་པ། བཞིན་བཟངས་བདག་སྐོམ་པས་གནོད་དོ། །སྐྱུ་རུ་ར་ཆོངས་ཤིག་ཅེས་བྱས་པ་དང་། དེས་ལག་ཏུ་བླངས་ཏེ་འདུག་གོ། །ཡང་སྨན་པས་དྲིས་ པ། འཕགས་པ་སྐོམ་པ་དང་བྲལ་ལམ། དེས་སྨྲས་པ། བཞིན་བཟངས་མ་བྲལ་ལོ། །སྨན་པས་སྨྲས་པ། འཕགས་པ་དེའི་ཚེ་སྐྱུ་རུ་ར་མ་བཅངས་སམ། བཞིན་བཟངས་ཡོད་དེ་འདི་ཡིན་ནོ། །འཕགས་པ་ཁར་ཆོངས་ཤིང་། །བཞིན་བཟངས་བཅོམ་ལྡན་ འདས་ཀྱིས་མ་གནང་ངོ་། །འཕགས་པ་ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁར་བཅང་བར་བྱའོ་ཞེས་བྱ་བའི་བར་དུའོ། །དེས་ཁར་བཅུག་ནས་འདུག་གོ། །ཡང་སྨན་ པ་དེ་འོངས་ནས་དྲིས་པ། འཕགས་པ་སྐོམ་པ་དང་བྲལ་ལམ། དེས་སྨྲས་པ། བཞིན་བཟངས་ད་རུང་མ་བྲལ་ལོ། །སྨན་པས་སྨྲས་པ། འཕགས་པ་དེའི་ཚེ་སྐྱུ་རུ་ར་ཁར་མ་བཅངས་སམ། བཞིན་བཟངས་བཅངས་ཏེ་འདུག་པ་འདི་ཡིན་ནོ། །དེས་སྨྲས་པ། འཕགས་པ་མུར་ཅིག །གཞན་དུ་ན་སྐོམ་པ་དང་བྲལ་བར་མི་འགྱུར་རོ། །དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མུར་བར་བྱའོ། །མུར་མུར་ནས་བོར་གྱི་མ་མིད་པ་དང་། སྐོམ་པས་ཇེ་གནོད་པར་གྱུར་ཏོ། །ཡང་སྨན་པ་འོངས་ནས་དྲིས་པ། འཕགས་པ་སྐོམ་པ་དང་བྲལ་ལམ། དེས་སྨྲས་པ། བཞིན་བཟངས་ཤིན་ ཏུ་གནོད་དོ། །འཕགས་པ་དེའི་ཚེ་སྐྱུ་རུ་ར་མ་མུར་རམ། བཞིན་བཟངས་མུར་ནས་བོར་རོ། །འཕགས་པ་ཅིའི་ཕྱིར་མ་མིད། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་ཟས་བཀག་གོ། །འཕགས་པ་ཁྱོད་ནི་ནད་པ་ཡིན་ལ། ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་གནང་གིས་འབྲས་བུ་ལྔ་དུས་སུ་ཡང་རུང་། དུས་མ་ཡིན་པར་ཡང་རུང་། ནད་པ་ཡང་རུང་། མི་ན་བས་ཀྱང་རུང་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་འབྲས་བུ་ལྔ་དུས་སུ་ཡང་རུང་། དུས་མ་ཡིན་པར་ཡང་རུང་། ནད་པ་ཡང་རུང་། མི་ན་བས་ཀྱང་རུང་སྟེ། བཟའ་བར་བྱའོ་ཞེས་གསུངས་པ་དང་། དགེ་ སློང་རྣམས་ཀྱིས་འབྲས་བུ་ལྔ་གང་དག་ཡིན་པ་མི་ཤེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱུ་རུ་ར་དང་། ཨ་རུ་ར་དང་། བ་རུ་ར་དང་། པི་པི་ལིང་དང་། ན་ལེ་ཤམ་མོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ ཀ་གནས་པ་ན་བཞུགས་སོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཁྱིམ་བདག་ཤིན་ཏུ་བཟང་པོ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་བ་ལོངས་སྤྱོད་ཆེན་པོ་ཞིག་གནས་པ་དེ་གཅེར་བུ་པ་རྣམས་ལ་རབ་ཏུ་དད་དོ། །དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་ དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱང་སྔ་དྲོ་ཤམ་ཐབས་དང་ཆོས་གོས་མནབས་ལྷུང་བཟེད་བསྣམས་ཏེ་རྒྱལ་པོའི་ ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས་རྒྱལ་པོའི་ཁབ་ན་བསོད་སྙོམས་ལ་རྒྱུ་ཞིང་ཁྱིམ་བདག་ཤིན་ཏུ་བཟང་པོའི་ཁྱིམ་ག་ལ་བ་དེ་ལོགས་སུ་གཤེགས་པ་དང་། ཁྱིམ་བདག་ཤིན་ཏུ་བཟང་པོས་བཅོམ་ལྡན་འདས་རྒྱང་མ་ནས་མཐོང་ངོ་། །མཐོང་ནས་ཀྱང་ཆུང་མ་ཁྲིད་ནས་བཅོམ་ལྡན་ འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་མཆིས་འབྲང་འདི་སེམས་ཅན་ཞུགས་པར་གྱུར་ན་ཅི་ཞིག་ཏུ་བཙའ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་ཕོར་བཙའ་བར་འགྱུར་ཞིང་། རིགས་ གསལ་བར་བྱེད་པར་འགྱུར། ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་འགྱུར། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེས་བཅོམ་ལྡན་འདས་ལ་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ལྷུང་ བཟེད་བཀང་སྟེ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་ནད་མེད་ཅིག་ཅེས་གསུངས་ནས་བསོད་སྙོམས་བཞེས་ཏེ་གཤེགས་སོ། །དེ་དང་ཧ་ཅང་མི་རིང་བ་ཞིག་ན་གཅེར་བུ་པ་ཞིག་འདུག་པ་དེས་བསམས་པ། གང་བདག་ཅག་ལ་བསླང་བའི་ཁྱིམ་གཅིག་པུ་ཞིག་ཡོད་པ་དེ་ཡང་དགེ་ སྦྱོང་གཽ་ཏ་མས་ཁ་དྲངས་ཀྱིས་སོང་ལ་དགེ་སྦྱོང་གཽ་ཏ་མས་ཅི་ལུང་བསྟན་པ་བལྟའོ་སྙམ་མོ། །དེ་དེར་སོང་སྟེ་སྨྲས་པ། ཁྱིམ་བདག་དགེ་སྦྱོང་གཽ་ཏ་མ་འོངས་པར་གྱུར་ཏམ། བྱོན་ཏོ། །དེས་ཅི་ཞིག་ལུང་བསྟན། འཕགས་པ་བདག་གིས་དེ་ལ་ཆུང་མ་བསྟན་ཏེ། ཅི་ཞིག་ཏུ་ བཙའ་བར་འགྱུར་ཞེས་བགྱིས་པ་དང་། དེ་བུ་ཕོར་བཙའ་བར་འགྱུར་ཞིང་། རིགས་གསལ་བར་བྱེད་པར་འགྱུར། ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་འགྱུར། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བྱེད་པར་འགྱུར་རོ་ཞེས་གསུང་ངོ་། །གཅེར་བུ་པ་དེ་རྩིས་མཁས་པ་ཞིག་སྟེ། རྡོ་རྒྱུས་ཁ་དོག་དཀར་པོ་བླངས་ནས་བརྩིས་པ་དང་། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ལུང་བསྟན་པ་དེ་ཐམས་ཅད་དེ་ཁོ་ན་བཞིན་དུ་མཐོང་ནས། དེས་བསམས་པ། གལ་ཏེ་རྗེས་སུ་བསྔགས་ན་ ནི་ཁྱིམ་བདག་འདི་དགེ་སྦྱོང་གཽ་ཏ་མ་ལ་ཇེ་དད་པར་འོང་བས་དེ་བས་ན་འདིར་ཅུང་ཟད་ཅིག་ནི་བསྔགས་པར་བྱ། ཅུང་ཟད་ཅིག་ནི་སྨད་པར་བྱའོ་སྙམ་དུ་བསམས་ནས། ལག་པ་ཀྱོག་བཞིན་བསྒྱུར་བ་དང་། ཁྱིམ་བདག་ཤིན་ཏུ་བཟང་པོས་སྨྲས་པ། འཕགས་པ་ཅི་སྟེ་ལག་པ་ཀྱོག་བཞིན་ བསྒྱུར། དེས་སྨྲས་པ། ཁྱིམ་བདག་འདི་ལ་ཅུང་ཟད་ཅིག་ནི་བདེན། ཅུང་ཟད་ཅིག་ནི་བརྫུན་ནོ། །འཕགས་པ་གང་ནི་བདེན་གང་ནི་བརྫུན། ཁྱིམ་བདག་བུ་ཕོར་བཙའ་བར་འགྱུར་རོ་ཞེས་ཟེར་བ་གང་ཡིན་པ་དེ་ནི་བདེན་ནོ། །རིགས་གསལ་བར་བྱེད་པར་འགྱུར་རོ་ཞེས་ཟེར་བ་ གང་ཡིན་པ་དེ་ནི་བདེན་ན། གསལ་བ་ནི་མེའི་མིང་ཡིན་པས་སེམས་ཅན་སྐལ་བ་ཆུང་ངུ་དེ་བཙས་མ་ཐག་ཁོ་ནར་ཁྱིམ་མེས་ཚིག་པར་འགྱུར་རོ། །ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་ཟེར་བ་གང་ཡིན་པ་དེ་ནི་བརྫུན་ཏེ། ཁྱིམ་བདག་ ཁྱོད་ཀྱིས་མིར་གྱུར་པ་ལ་ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་གྱུར་པ་འགའ་ཡོད་པ་ལྟ་མཐོང་ངམ། ངའི་བསྟན་པ་ལ་རབ་ཏུ་འབྱུང་ངོ་ཞེས་ཟེར་བ་དེ་བདེན་ཏེ། གང་གི་ཚེ་འདི་བཟའ་བ་ཡང་མེད། བགོ་བ་ཡང་མེད་པ་དེའི་ཚེ་གདོན་མི་ཟ་བར་དགེ་སྦྱོང་གཽ་ཏ་མའི་ཐད་དུ་རབ་ཏུ་ བྱུང་བར་འགྱུར་རོ། །ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་ཟེར་བ་གང་ཡིན་པ་དེ་ནི་བརྫུན་ཏེ། རེ་ཞིག་དགེ་སྦྱོང་གཽ་ཏ་མ་ལ་ཡང་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མེད་ན། དེའི་ཉན་ཐོས་ལ་ལྟ་སྨོས་ཀྱང་ ཅི་དགོས། ཁྱིམ་བདག་ཤིན་ཏུ་བཟང་པོ་མི་དགའ་བར་གྱུར་ནས་སྨྲས་པ། འཕགས་པ་འདི་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། གཅེར་བུ་པས་སྨྲས་པ། ཁྱིམ་བདག་བདག་ཅག་ནི་རབ་ཏུ་བྱུང་བ་སྟེ། བསླབ་པ་བླངས་པ་ཡིན་པས་ཁྱོད་ཉིད་ཤེས་སོ་ཞེས་སྨྲས་ནས་སོང་ངོ་། ། ཤིན་ཏུ་བཟང་པོས་བསམས་པ་འདི་ཡང་དོར་རོ་སྙམ་ནས་སྨན་མ་ཡིན་པ་སྦྱིན་པར་བརྩམས་པ་དང་། སེམས་ཅན་དེ་སྲིད་པ་ཐ་མ་པ་ཞིག་པས་སྨན་མ་ཡིན་པ་དེ་ཡང་དེ་ལ་སྨན་དུ་གྱུར་ཏོ། །དེས་དེའི་དཀུ་གཡོན་པ་མཉེ་བར་བརྩམས་པ་དང་། མངལ་ན་འདུག་པ་དེ་དཀུ་གཡས་ པར་སོང་ངོ་། །ཤིན་ཏུ་བཟང་པོས་དཀུ་གཡས་པ་མཉེ་བར་བརྩམས་པ་དང་། དེ་དཀུ་གཡོན་པར་སོང་སྟེ། སྲིད་པ་ཐ་མ་པའི་སེམས་ཅན་ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་བར་མ་དོར་རྒྱུན་ཆད་ཅིང་དུས་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །ཁྱིམ་ བདག་ཤིན་ཏུ་བཟང་པོའི་ཆུང་མ་དེ་དཀུ་མཉེས་པས་ངུ་བར་བརྩམས་པ་དང་། ཁྱིམ་ཚེས་དག་གིས་ཐོས་ནས་རིངས་པ་རིངས་པར་སོང་སྟེ་དྲིས་པ། ཤེས་ལྡན་ཁྱིམ་བདག་གི་ཆུང་མ་འདི་ཅི་སྟེ་ངུ་། ཤིན་ཏུ་བཟང་པོས་སྨྲས་པ། གདོན་མི་ཟ་བར་འདི་བུ་བཙའ་བའི་དུས་ལ་བབ་པོ་ ཞེས་བྱས་པ་དང་། དེ་དེ་དག་དོང་ངོ་། །ཤིན་ཏུ་བཟང་པོས་བསམས་པ། བདག་གིས་འདི་འདིར་གསད་མི་ནུས་ཀྱིས། དགོན་པར་བཀྲིའོ་སྙམ་ནས། དེས་དེ་དགོན་པར་ཁྲིད་ནས་ཅི་ནས་འཆི་བར་འགྱུར་བ་དེ་ལྟ་དེ་ལྟར་བརྩལ་ནས་དེས་དེ་སྦས་ཏེ་ཁྱིམ་དུ་ཁྱེར་ནས་ མཛའ་བོ་དང་། ཉེ་དུ་དང་། ཕུ་ནུ་དང་། ཁྱིམ་ཚེས་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁོ་བོའི་ཆུང་མ་ཤིའོ། །དེ་དག་གིས་ངུ་བར་བརྩམས་ནས་དེ་དག་ངུ་ཞིང་དེ་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཀྱིས་ཁྱོགས་བརྒྱན་ནས་བསིལ་བ་ཚལ་ གྱི་དུར་ཁྲོད་དུ་ཁྱེར་རོ། །གཅེར་བུ་པ་དག་གིས་ཐོས་ནས་དེ་དག་དགའ་མགུ་རངས་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་དག་བསྒྲེང་སྟེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་ལམ་པོ་ཆེ་དང་། སྲང་དང་བཞི་མདོ་དང་། སུམ་མདོ་དག་ཏུ་རྒྱུ་ཞིང་སྨྲས་པ། ཤེས་ལྡན་དག་ཉོན་ཅིག ། དགེ་སྦྱོང་གཽ་ཏ་མས་ཁྱིམ་བདག་ཤིན་ཏུ་བཟང་པོའི་ཆུང་མ་བུ་ཕོར་བཙའ་བར་འགྱུར་ཞིང་། རིགས་གསལ་བར་བྱེད་པར་འགྱུར། ལྷ་དང་མིའི་དཔལ་ཉམས་སུ་མྱོང་བར་འགྱུར། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པ་དེ་ནི་ཤི་ནས་བསིལ་བ་ཚལ་གྱི་དུར་ཁྲོད་དུ་ཁྱེར་རོ། །རེ་ཞིག་ཤིང་གང་ལ་རྩ་བ་ཉིད་ཀྱང་མེད་པ་དེ་ལ་ཡལ་ག་དང་འདབ་མ་དང་། ལོ་མ་འབྱུང་བར་ལྟ་ག་ལ་འགྱུར། སྐབས་འདི་ལྟ་བུ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་མི་མཁྱེན་པ་འམ། མི་གཟིགས་པ་འམ། མི་རིག་པ་འམ། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ། གཅིག་ཏུ་དཔའ་བ། ཟླ་མེད་པ་གཉིས་སུ་མི་གསུང་བ། ཞི་གནས་ དང་ལྷག་མཐོང་གིས་གནས་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ ནས་གོམས་པར་མཛད་པ། མི་འཇིགས་པ་བཞིས་མི་སྙེངས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། དྲུག་ལ་རྟག་ཏུ་གནས་པ། བྱང་ ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་མངའ་བ། གྲགས་པས་ཕྱོགས་བཅུར་ཁྱབ་པ། སྟོང་ལ་དབང་སྒྱུར་བ་བས་ཁྱད་པར་དུ་ འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཤིང་སུ་ནི་ཉམས། སུ་ནི་དར། སུ་ནི་ཉམ་ང་བར་གྱུར། སུ་ནི་སྐོབས་སུ་ཆུད་པར་གྱུར། སུ་ནི་གནོད་པར་གྱུར། སུ་ནི་ཉམ་ང་བ་དང་། སྐོབས་ སུ་ཆུད་པ་དང་། གནོད་པར་གྱུར། སུ་ནི་ངན་སོང་ལ་གཞོལ། སུ་ནི་ངན་སོང་ལ་བབ། སུ་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལས་དྲངས་ནས་མཐོ་རིས་དང་། ཐར་པ་དང་། འབྲས་བུ་ལ་དགོད། གང་ཞིག་གིས་དགེ་བའི་རྩ་བ་མ་བསྐྱེད་པ་ནི་བསྐྱེད་པར་བྱ། གང་ ཞིག་གིས་བསྐྱེད་པ་ནི་ཡོངས་སུ་སྨིན་པར་བྱ། གང་ཞིག་སྨིན་པ་ནི་གྲོལ་བར་བྱ་ཞེས་ཡེ་ཤེས་གཟིགས་པ་འཇུག་གོ། །ཡང་སྨྲས་པ། ཆུ་སྲིན་གནས་ཀྱི་རྒྱ་མཚོ་ནི། །དུས་རླབས་འདའ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ མི་འདའོ། །ཇི་ལྟར་མ་ནི་སྡུག་པའི་བུ་གཅིག་ལ། །ལྟ་ཞིང་དེ་ཡི་སྲོག་ཀྱང་སྲུང་བ་ལྟར། །དེ་བཞིན་གཤེགས་པ་གདུལ་བའི་སྐྱེ་བོ་ལ། །དེ་བཞིན་གཟིགས་ཤིང་དེ་ཡི་རྒྱུད་ཀྱང་སྲུང་། །ཐམས་ཅད་མཁྱེན་པའི་རྒྱུ་ལ་གནས་པ་ཡི། །ཐུགས་རྗེའི་བ་དྲུས་བ་གཤིན་བེའུ་སྟོར་ བཞིན། །སྲིད་པ་བགྲོད་དཀར་འཁྱམས་པར་གྱུར་པ་ཡི། །གདུལ་བའི་སྲས་རྣམས་སྐྱོ་མི་མཁྱེན་པར་ཚོལ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་ཞིག་ཏུ་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོ། ཁ་ཅིག་ནི་སྟེང་དུ་འགྲོ་སྟེ། གང་དག་འོག་ཏུ་འགྲོ་བ་དེ་དག་ནི་དམྱལ་བ་ཡང་སོས་དང་། ཐིག་ནག་ དང་། བསྡུས་གཞོམ་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཅུ་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པད་མ་ལྟར་ གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་སྟེ། ཚ་བའི་དམྱལ་བ་གང་དག་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ནས་འབབ། གྲང་བའི་དམྱལ་བ་གང་དག་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ནས་འབབ་པོ། །དེས་སེམས་ཅན་དེ་རྣམས་ཀྱི་སྡུག་བསྔལ་གྱི་ཁྱད་པར་རྒྱུན་བཅད་པ་དང་། དེ་དག་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་ཞེས་ཟེར་རོ། །དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་གཏོང་སྟེ། དེ་དག་གིས་སྤྲུལ་པ་དེ་མཐོང་ནས་འདི་སྙམ་དུ་སེམས་ཤིང་ཤེས་ལྡན་དག་ བདག་ཅག་འདི་ནས་ཤི་འཕོས་པ་ཡང་མ་ཡིན་གཞན་དུ་སྐྱེས་པ་ཡང་མ་ཡིན་གྱི། འོན་ཀྱང་སེམས་ཅན་འདི་སྔོན་མ་མཐོང་བ་ཞིག་སྟེ། འདིའི་མཐུས་བདག་ཅག་སྡུག་བསྔལ་གྱི་ཁྱད་པར་རྒྱུན་ཆད་དོ་ཞེས་ཟེར་རོ། །དེ་དག་སྤྲུལ་པ་ལ་སེམས་མངོན་པར་དང་བས་དམྱལ་བ་ མྱོང་བར་འགྱུར་བའི་ལས་དེ་ཟད་པར་བྱས་ནས་གང་དུ་སེམས་ཅན་རྣམས་སྣོད་དུ་གྱུར་པ་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་འཛིན་ཏོ། །གང་དག་སྟེང་དུ་འགྲོ་བ་དེ་དག་ནི་རྒྱལ་ཆེན་བཞིའི་ལྷ་དང་། སུམ་བཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་ དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཞེས་བྱ་ བ་ཡང་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་སྒྲོགས་ཏེ། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འབད་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །ཆོས་འདུལ་འདི་ལ་གང་ཞིག་ནི། །བག་ དང་བཅས་པར་སྤྱོད་བྱེད་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་གྱི་ནི་མཐར་བྱེད་འགྱུར། །དེ་ནས་འོད་ཟེར་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་ཕྱི་བཞིན་འབྲང་ཞིང་འགྲོ་སྟེ། དེ་གལ་ ཏེ་བཅོམ་ལྡན་འདས་ཀྱིས་འདས་པ་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །མ་འོངས་པ་ལུང་སྟོན་པར་བཞེད་ན་ནི་མདུན་དུ་ནུབ་པར་འགྱུར་རོ། །དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར་རོ། ། དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལོང་བུར་ནུབ་པར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོར་ནུབ་པར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་གྱི་མཐིལ་དུ་ནུབ་པར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་ཀྱི་མཐིལ་དུ་ནུབ་པར་འགྱུར་རོ། །ལྷར་སྐྱེ་བ་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་ནུབ་པར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ལུང་ སྟོན་པར་བཞེད་ན་ནི་ཞལ་དུ་ནུབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་གཙུག་ཏོར་དུ་ནུབ་པར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་ནུབ་པོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། རྣམ་པ་སྣ་ཚོགས་ཚོན་ནི་སྟོང་དག་ གིས། །བཀྲ་བའི་ཚོགས་དག་ཞལ་གྱི་ནང་ནས་བྱུང་། །ཉི་མ་ཤར་བར་གྱུར་པ་ཇི་ལྟ་བར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཚིགས་སུ་བཅད་དེ་ཡང་གསོལ་པ། སངས་རྒྱས་རྒོད་བྲལ་ཞུམ་དང་རྒྱགས་པ་སྤངས། །རྒྱལ་བ་དགྲ་ཐུལ་འགྲོ་མཆོག་རྒྱུར་ གྱུར་པ། །རྒྱུ་མ་མཆིས་པར་པད་མའི་རྩ་ལག་དང་། །དུང་ལྟར་དཀར་བའི་འཛུམ་པ་སྟོན་མི་མཛད། །དེ་ལྟས་ཉིད་ཀྱི་བརྟན་བློས་དུས་མཁྱེན་ནས། །རྒྱལ་དབང་ཉན་པོ་ཉན་པར་འཚལ་རྣམས་ཀྱི། །ཐེ་ཚོམ་སྐྱེས་པ་ཐུབ་པ་སྐྱེས་མཆོག་གི། །གསུང་མཆོག་བཟང་ ཞིང་བརྟན་པས་བསལ་དུ་གསོལ། །རྫོགས་པའི་སངས་རྒྱས་རི་རབ་ལྟར་བརྟན་པ། །ཟུང་ཐུབ་རྣམས་ནི་གློ་བུར་འཛུམ་མི་སྟོན། །མགོན་པོ་ཅི་སླད་འཛུམ་པ་མཛད་པ་དེ། །སྐྱེ་བོའི་ཚོགས་འདི་ཉན་པར་ཡང་དག་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ཀུན་དགའ་བོ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་དུར་ཁྲོད་དུ་རྒྱུ་ཞིང་ གཤེགས་པར་བཞེད་ཀྱིས་ཁྱེད་ལས་གང་ཞིག་དེ་བཞིན་གཤེགས་པ་དང་ལྷན་ཅིག་དུར་ཁྲོད་དུ་རྒྱུ་ཞིང་འགྲོ་བར་སྤྲོ་བ་དེ་ཆོས་གོས་དག་སོ་སོ་ནས་ལོང་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་དེ་ལྟར་འཚལ་ལོ་ཞེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དགེ་སློང་དག་གང་ན་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་དུར་ཁྲོད་དུ་རྒྱུ་ཞིང་གཤེགས་པར་བཞེད་ཀྱིས། ཁྱེད་ལས་གང་ཞིག་དེ་བཞིན་གཤེགས་པ་དང་ལྷན་ཅིག་དུར་ཁྲོད་དུ་རྒྱུ་ཞིང་འགྲོ་བར་སྤྲོ་བ་དེ་ཆོས་གོས་དག་སོ་སོ་ནས་ལོང་ཤིག་ ཅེས་བསྒོ་བ་དང་། དགེ་སློང་ཐམས་ཅད་འདུས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་ཞི་བ་འཁོར་ཞི་བ་གྲོལ་བ་འཁོར་གྲོལ་བ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ། རྣམ་པར་དུལ་བ་འཁོར་ རྣམ་པར་དུལ་བ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ། མཛེས་པ་འཁོར་མཛེས་པ། ཁྱུ་མཆོག་བ་གླང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ། གླང་པོ་ཆེ་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། སེང་གེ་མཆེ་བ་ ཅན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ངང་པའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བྲམ་ཟེ་བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། སྨན་པ་ནད་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། དཔའ་བོ་དམག་མིའི་ ཚོགས་ཀྱིས་བསྐོར་བ་ལྟ་བུ། ས་མཁན་འགྲོན་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། དེད་དཔོན་ཚོང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཚོང་དཔོན་འཁོར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཁམས་ཀྱི་རྒྱལ་པོ་བློན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། འཁོར་ལོས་སྒྱུར་བ་བུ་སྟོང་ གིས་བསྐོར་བ་ལྟ་བུ། ཟླ་བ་སྐར་མའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཉི་མ་འོད་ཟེར་སྟོང་གིས་བསྐོར་བ་ལྟ་བུ། ཡུལ་འཁོར་སྲུང་དྲི་ཟའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། མིག་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་ བ་ལྟ་བུ། རྣམ་ཐོས་སྲས་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཐགས་ཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བརྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཚངས་པ་ཚངས་རིས་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། རྒྱ་མཚོ་མི་ གཡོ་བ་ལྟ་བུ། སྤྲིན་ཆུ་དང་བཅས་པ་ལྟ་བུ། གླང་པོ་ཆེའི་རྒྱལ་པོ་དྲེགས་པ་མེད་པ་ལྟ་བུ། དབང་པོ་ཤིན་ཏུ་དུལ་བས་སྤྱོད་ལམ་མི་ཉམས་པར་གཤེགས་པ། སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་ བྱས་པ། སྐུ་འོད་འདོམ་གང་གིས་བརྒྱན་པ། འོད་ཉི་མ་སྟོང་བས་ལྷག་པ། རིན་པོ་ཆེའི་རི་འགྲོ་བ་ལྟ་བུར་ཀུན་ནས་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཉན་ ཐོས་ཆེན་པོ་ཀུན་ཤེས་ཀཽཎྜི་ནྱ་དང་། རྟ་ཐུལ་དང་། རླངས་པ་དང་། མིང་ཆེན་དང་། བཟང་པོ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། འོད་སྲུང་དང་། གྲགས་པ་དང་། གང་པོ་ལ་སོགས་པ་དང་། དགེ་སློང་གི་དགེ་འདུན་མང་པོ་གཞན་དང་། སྲོག་ཆགས་བརྒྱ་ སྟོང་ཕལ་མོ་ཆེས་བསྐོར་ནས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་གཤེགས་སོ། །སངས་རྒྱས་གཤེགས་པ་ལ་ཕན་ཡོན་བཅྭ་བརྒྱད་ཡོད་དེ། བཅྭོ་བརྒྱད་གང་ཞེ་ན། མེའི་འཇིགས་པ་མེད། ཆུའི་འཇིགས་པ་མེད། སེང་གེའི་འཇིགས་པ་མེད། སྟག་གི་འཇིགས་པ་ མེད། གཟིག་གི་འཇིགས་པ་མེད། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་མེད། རྐུན་པོའི་འཇིགས་པ་མེད། ལ་གཅན་པའི་འཇིགས་པ་མེད། གྲུ་བཙས་ཀྱི་འཇིགས་པ་མེད། ཤོ་གམ་གྱི་འཇིགས་པ་མེད། བསེལ་རྔན་གྱི་འཇིགས་པ་མེད། མིའི་འཇིགས་ པ་མེད། མི་མ་ཡིན་པའི་འཇིགས་པ་མེད། དུས་དུས་སུ་གཟུགས་བཟང་པོ་དག་མཐོང་བར་འགྱུར། སྒྲ་སྙན་པ་དག་ཐོས་པར་འགྱུར། འོད་ཆེན་པོ་དག་མཐོང་བར་འགྱུར། ཀུན་ཤེས་པ་ལུང་སྟོན་པ་དག་ཐོས་པར་འགྱུར། ཆོས་ཀྱི་ལོངས་སྤྱོད་དང་། ཟང་ཟིང་གི་ ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །སངས་རྒྱས་གཤེགས་པ་ནི་གནོད་པ་ཆུང་བ་ཡིན་པས་ལྷ་དང་། མི་བརྒྱ་སྟོང་དུ་མ་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་ཕྱི་བཞིན་འབྲང་ངོ་། །བསིལ་བའི་ཚལ་ལོགས་ནས་རླུང་དག་ཀྱང་ལངས་སོ། །རྒྱལ་རིགས་ཀྱི་ཁྱེའུ་ཞིག་ དང་། བྲམ་ཟེའི་ཁྱེའུ་བྱིས་པ་གཉིས་ཤིག་རྒྱལ་པོའི་ཁབ་ནས་ཕྱི་རོལ་དུ་བྱུང་སྟེ་རྩེ་ཞིང་འཁོད་དོ། །དེ་གཉིས་ལས་རྒྱལ་རིགས་ཀྱི་ཁྱེའུ་ནི་དད་པ་དང་ལྡན་པ་ཡིན། བྲམ་ཟེའི་ཁྱེའུ་ནི་དེ་ལྟ་མ་ཡིན་ནོ། །བྲམ་ཟེའི་ཁྱེའུ་དེས་རྒྱལ་རིགས་ཀྱི་ཁྱེའུ་ལ་སྨྲས་པ། གྲོགས་པོ་ བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཤིན་ཏུ་བཟང་པོའི་ཆུང་མའི་བུ་ཁྱེའུར་སྐྱེ་བར་འགྱུར་ཏེ། རིགས་འབར་བར་འགྱུར་ཞིང་ལྷ་དང་མིའི་དཔལ་ཡང་མྱོང་བར་འགྱུར་ནས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པ་དེ་ནི་འཆི་བའི་དུས་བྱས་ནས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་ཁྱེར་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྫུན་དུ་མ་གྱུར་གྲང་། རྒྱལ་རིགས་ཀྱི་ཁྱེའུ་དེས་ཚིགས་སུ་བཅད་པ་སྨྲས་པ། ཟླ་བ་སྐར་མའི་ ཚོགས་བཅས་ས་ལ་ལྷུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་བརྫུན་གསུང་འགྱུར་བ་སྲིད་པ་མིན། །བྲམ་ཟེའི་ཁྱེའུ་དེས་གྲོགས་པོ་དེ་ལྟར་ན་བསིལ་བའི་ཚལ་གྱི་དུར་ཁྲོད་ལྟ་ ཞིང་འདོང་ངོ་ཞེས་སྨྲས་ནས་དེ་གཉིས་དོང་བ་དང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་གཤེགས་པ་མཐོང་ངོ་། །རྒྱལ་རིགས་ཀྱི་ཁྱེའུས་བཅོམ་ལྡན་འདས་ཐག་རིང་པོ་ཁོ་ན་ནས་མཐོང་ནས་ཡང་ཚིགས་སུ་བཅད་པ་སྨྲས་པ། ཐུབ་པ་ཐེ་ཚོམ་བྲལ་ཞིང་རྒོད་པ་མི་མངའ་བ། །རི་ དགས་རྒྱལ་པོ་ལྟ་བུའི་སྒྲ་སྐད་མཆོག་སྒྲོགས་ཤིང་། །ཐེ་ཚོམ་མེད་པར་ཕ་རོལ་སྨྲ་བས་མི་རྫི་བ། །འདི་ལྟར་སྐྱེ་བོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་གཤེགས། །བསིལ་ཚལ་ཕྱོགས་སུ་ཁ་བའི་ཚོགས་ལྟ་བུའི། །བསིལ་བའི་ངད་ཅན་རླུང་ནི་ལངས་པར་གྱུར་པ་ནི། ། ཤཱཀྱ་ཐུབ་པའི་རྫུ་འཕྲུལ་བརྟག་པའི་དོན་གྱི་ཕྱིར། །ལྷ་ཚོགས་མང་པོ་གནས་ནས་འོངས་པ་ཉིད་དུ་ངེས། །རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཤིན་ཏུ་བཟང་པོའི་ཆུང་མའི་བུ་ཁྱེའུར་སྐྱེ་བར་འགྱུར་ཏེ། རིགས་འབར་བར་འགྱུར་ཞིང་ལྷ་དང་ མིའི་དཔལ་ཡང་མྱོང་བར་གྱུར་ནས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ན་དེ་ནི་འཆི་བའི་དུས་ལ་བབ་ནས་བསིལ་ཚལ་གྱི་དུར་ཁྲོད་དུ་ཕྱུང་ཞིང་། བཅོམ་ལྡན་འདས་ཀྱང་ཉན་ ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ནི་དོན་མེད་པར་བསིལ་ཚལ་གྱི་དུར་ཁྲོད་དུ་མི་གཤེགས་པས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཤིན་ཏུ་བཟང་པོའི་ ཆུང་མ་ལ་བརྟེན་ཏེ་གདུལ་བའི་དོན་ཆེན་པོ་ཞིག་མཛད་པར་འགྱུར་གོར་མ་ཆག་གིས་ལྟར་འགྲོའོ་སྙམ་ནས་དེ་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་བ་དང་། ལྗོངས་ཀྱི་མིས་ཡོངས་སུ་བསྐོར་ནས་རྒྱལ་པོའི་ཁབ་ནས་སོང་བ་དང་། རྒྱལ་རིགས་ཀྱི་ཁྱེའུ་དེས་ རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་ཡང་ཚིགས་སུ་བཅད་པ་སྨྲས་པ། མ་ག་དྷཱ་ཡི་མངའ་བདག་རྒྱལ་པོའི་གཙོ་བོ་འདི། །འདི་ལྟར་འཁོར་བཅས་རྒྱལ་པོའི་ཁབ་ནས་བྱུང་བ་ལས། །སྐྱེ་བོའི་ཚོགས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པར་ནི། ། བདག་གི་སྙིང་ལ་ངེས་པའི་བློ་དག་སྐྱེས་པར་གྱུར། །སྐྱེ་བོའི་ཚོགས་རྣམས་ཀྱིས་བཅོམ་ལྡན་འདས་མཐོང་ནས་གཤེགས་ཤུལ་ཕྱེ་བ་དང་། བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་ཅིང་སྐྱེ་བོ་རྣམས་ཀྱི་གུང་ལ་བཞུགས་སོ། །བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་པ་གཅེར་བུ་པ་ དག་གིས་མཐོང་ནས་བསམས་པ། འདི་ལྟར་དགེ་སྦྱོང་གཽ་ཏ་མ་བཞིན་འཛུམ་པ་བྱེད་ཅིང་སྐྱེ་བོ་མང་པོའི་གུང་ལ་འདུག་པ་ལས་ན་སེམས་ཅན་འདི་མ་ཤི་བར་ངེས་སོ་སྙམ་ནས། དེས་ཁྱིམ་བདག་ཤིན་ཏུ་བཟང་པོ་ལ་སྨྲས་པ། ཁྱིམ་བདག་སེམས་ཅན་སྐལ་བ་ཆུང་ངུ་འདི་ནི་མ་ ཤིའོ། །དེས་སྨྲས་པ། འཕགས་པ་དེ་ལྟར་གྱུར་ན་སྐབས་འདི་ལ་ད་ཇི་ལྟར་བསྒྲུབ་པར་བྱ། དེས་སྨྲས་པ། ཁྱིམ་བདག་ཁོ་བོ་ནི་བསླབ་པའི་གཞི་ཡང་དག་པར་བླངས་པ་ཡིན་གྱིས། ཁྱོད་ཉིད་ཤེས་པར་གྱིས་ཤིག །དེས་བུད་ཤིང་བཅེར་ཏེ་ཆུང་མའི་རོ་མེའི་ཕུང་ པོའི་ནང་དུ་བཅུག་སྟེ་བསྲེགས་པ་དང་། དེའི་ལུས་ཐམས་ཅད་ཚིག་ན་ལྟོའི་ཉེན་ཀོར་དེ་བཞིན་དུ་འདུག་གོ། །དེ་ནས་ལྟོའི་ཉེན་ཀོར་དེ་རྡོལ་ནས་པད་མ་བྱུང་སྟེ། པད་མ་དེའི་སྙིང་པོ་ལས་གཞོན་ནུ་གཟུགས་བཟང་བ་བལྟ་ན་སྡུག་པ། མཛེས་པ་ཞིག་བྱུང་ངོ་། །དེ་སྲོག་ ཆགས་བརྒྱ་སྟོང་དག་གིས་མཐོང་ནས་མཆོག་ཏུ་ངོ་མཚར་ཆེན་པོ་སྐྱེས་པར་གྱུར་པ་དང་གཅེར་བུ་པ་དག་གི་རྒྱགས་པ་དང་། ང་རྒྱལ་དང་། ཁེངས་པ་དག་ཉམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཤིན་ཏུ་བཟང་པོ་ལ་བཀའ་སྩལ་པ། ཁྱིམ་ བདག་གཞོན་ནུ་ལོང་ཤིག །དེས་གཅེར་བུ་པའི་གདོང་དུ་བལྟས་པ་དང་། དེས་སྨྲས་པ། ཁྱིམ་བདག་མེ་ཕུང་རབ་ཏུ་འབར་བའི་ནང་དུ་ཞུགས་ན་ཐམས་ཅད་ཀྱི་ཐམས་ཅད་དུ་ཚིག་པར་མི་འགྱུར་རམ། དེ་སྐད་སྨྲས་པས་དེས་མ་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ འཚོ་བྱེད་གཞོན་ནུས་གསོས་ལ་བཀའ་སྩལ་པ། འཚོ་བྱེད་གཞོན་ནུ་ལོང་ཤིག །དེས་བསམས་པ། བཅོམ་ལྡན་འདས་ཀྱིས་གནས་མ་ཡིན་སྐབས་མ་ཡིན་པར་བདག་མི་བསྐོས་ཀྱིས་བླང་ངོ་སྙམ་ནས་དེ་ཐེ་ཚོམ་མེད་པར་མེ་ཕུང་གི་ནང་དུ་ཞུགས་ཏེ་བླངས་སོ། །རྒྱལ་བའི་ བཀའ་ཡིས་མེ་ཡི་ཕུང་པོར་ཞུགས་གྱུར་ཏེ། །དེ་ཡིས་གཞོན་ནུ་མེ་ཡི་ནང་ནས་བླངས་པ་ན། །རྒྱལ་བའི་མཐུ་ཡིས་མེ་ནི་ཞི་བ་ཉིད་གྱུར་ཅིང་། །ཁ་བའི་ཚོགས་ལྟར་བསིལ་བའང་སྐད་ཅིག་དེ་ལ་བྱུང་། །དེ་ནས་བཅོམ་ལྡན་འདས་ཀྱིས་འཚོ་བྱེད་གཞོན་ནུ་ལ་བཀའ་སྩལ་པ། འཚོ་ བྱེད་ཁྱོད་ཉམས་པའམ། གནོད་པ་དག་ཏུ་མ་གྱུར་ཏམ། དེས་གསོལ་པ། བཙུན་པ་བདག་རྒྱལ་པོའི་ཕོ་བྲང་དུ་བཙས་ཞིང་རྒྱལ་པོའི་ཕོ་བྲང་དུ་སྐྱེས་པར་གྱུར་ཀྱང་འདི་ལྟར་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཞུགས་ཀྱི་ཕུང་པོ་ཙན་དན་ས་མཆོག་ལྟ་བུར་བསིལ་བར་གྱུར་པ་ འདི་ལྟ་བུ་ནི་སྔོན་ཆད་མ་མྱོང་ལགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཤིན་ཏུ་བཟང་པོ་ལ་བཀའ་སྩལ་པ། ཁྱིམ་བདག་གཞོན་ནུ་འདི་ལོང་ཤིག །དེ་ལོག་པར་བལྟ་བ་ལ་ཕྱོགས་པས་རེ་ཞིག་ལེན་པར་མི་བྱེད་ཅིང་། གཅེར་བུ་པ་དེ་ཉིད་ཀྱི་གདོང་དུ་ལྟ་བར་ བྱེད་དོ། །དེས་སྨྲས་པ། ཁྱིམ་བདག་མང་དུ་སྨྲ་ཅི་དགོས། མེས་ནི་ཐམས་ཅད་འཚིག་པ་ཡིན་ན། གཞོན་ནུ་ཤིན་ཏུ་སྐལ་བ་ཆུང་བ་འདི་མ་ཚིག་པ་ལས་ན། འདི་ཁྱོད་ཀྱི་ཁྱིམ་དུ་ཁྱེར་ན་ཁྱོད་ཀྱི་ཁྱིམ་ཡང་ཚིག་ཅིང་ཁྱོད་ཀྱི་སྲོག་གི་བར་ཆད་དུ་ཡང་འགྱུར་བར་ངེས་སོ། །དེས་ བདག་ལས་གཅེས་པ་མེད་དོ་སྙམ་ནས་དེ་མ་བླངས་པ་དང་། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་པ།