Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 002_འདུལ་བ།_ཁ

Văn bản gốc(Tây Tạng)

Trang 10 / 20 (50.000 ký tự/trang)
ལ་པར་སྐྱེས་པར་གྱུར་ཅིང་བདེན་པ་མཐོང་བར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། དགེ་སློང་དག་དེ་ཉིད་ཀྱིས་ལས་བྱས་ཤིང་བསགས་ལ་ཚོགས་རྙེད་པ་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་
བ་འཇིག་རྟེན་དུ་བྱུང་སྟེ་ཞེས་བྱ་བ་ནས། དེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་གསུང་རབ་ལ་གནག་རྫི་དགའ་བོ་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་པ་ཆོས་སྨྲ་བ་རིགས་པ་དང་གྲོལ་བའི་སྤོབས་
པ་ཅན་འཁོར་ལྔ་བརྒྱ་པ་རྩོད་པའི་ཆོས་ལ་མཁས་པ་ཞིག་སྟེ། དེ་དགེ་འདུན་གྱི་རྩོད་པ་བྱུང་ཞིང་བྱུང་བ་རྣམས་ཞི་བར་བྱེད་པ་དང་། དེ་ན་དགེ་སློང་ཁེངས་པ་ང་རྒྱལ་ཅན་གཉིས་ཤིག་ལན་འགའ་ཡང་དེའི་དྲུང་དུ་མི་འདོང་ངོ་། །དུས་གཞན་ཞིག་ན་དེ་གཉིས་ཕན་ཚུན་དུ་རྩོད་པ་

བྱུང་ནས་དོན་དེའི་ཕྱིར་དེ་གཉིས་དེའི་དྲུང་དུ་དོང་ནས་རྐང་པ་ལ་ཕྱག་བྱས་ཏེ་སྨྲས་པ། བདག་ཅག་གཉིས་ལ་འདི་དང་འདི་ལྟ་བུའི་རྩོད་པ་བྱུང་ན་ཞི་བར་མཛད་དུ་གསོལ། དེས་བསམས་པ། གལ་ཏེ་བདག་གིས་འདི་གཉིས་ཀྱི་རྩོད་པ་དེང་ཁོ་ན་ཞི་བར་བྱས་ན་རག་མ་
ལས་པས་འདི་གཉིས་ཕྱིས་འོང་བར་མི་འགྱུར་རོ་སྙམ་ནས། དེས་དགེ་འདུན་ཐམས་ཅད་བསོགས་ནས་རྩོད་པ་དེ་དགེ་འདུན་གྱི་ནང་དུ་གླེངས་ནས་ཆད་པར་ནི་མ་བྱས་སོ། །ཕྱི་དེ་ཉིན་ཡང་དེ་ལ་རི་འོར་དུ་དོགས་པ་ཞིག་བྱུང་ནས་དེ་དེར་སོང་བ་དང་། དེ་ནས་དེ་གཉིས་
ཀྱིས་ཐོགས་སོ་ཞེས་དགེ་འདུན་གྱི་ནང་དུ་རྩོད་པ་དེ་གླེངས་ནས་དེ་ནས་དགེ་འདུན་གྱིས་ཞི་བར་བྱས་སོ། །ཇི་ཙམ་ན་དགེ་སློང་སྡེ་སྣོད་གསུམ་པ་དེ་རི་འོར་དེ་ནས་འོངས་ཏེ་ལམ་གྱིས་དུབ་པ་བསལ་ནས་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ལ་དྲིས་པ་རེ་ཞིག་རྩོད་པ་
དང་རྩོད་ཟླ་གཉིས་མི་འོང་ངམ། དེ་རྣམས་ཀྱིས་སྨྲས་པ། མཁན་པོ་དེ་གཉིས་ཀྱི་རྩོད་པ་དེ་ཞི་བར་བགྱིས་ལགས་སོ། །སུ་ཞིག་གིས་ཞི་བར་བྱས། དགེ་འདུན་གྱིས་སོ། །ཇི་ལྟར་བྱས། དེ་རྣམས་ཀྱིས་རྒྱས་པར་སྨྲས་པ་དང་། དེས་ངག་རྩུབ་པོའི་ལས་
བྱུང་བ། ཚེ་དང་ལྡན་པ་དག་མི་ཤེས་ཏེ། ཇི་ལྟར་གནག་རྫི་རྣམས་ཀྱི་ལྟར་རྩོད་པ་དེ་ཞི་བར་བྱས་སོ། །དེ་རྣམས་ཀྱིས་ཀྱང་མཁན་པོ་དེ་དེ་བཞིན་ཏེ། ཇི་ལྟར་གནག་རྫི་རྣམས་ཀྱི་ལྟར་རྩོད་པ་ཞི་བར་བགྱིས་སོ་ཞེས་མཐུན་པར་སྨྲས་སོ། །དགེ་སློང་དག་ཇི་སྙམ་དུ་
སེམས། དེའི་ཚེ་དེའི་དུས་ན་དགེ་སློང་སྡེ་སྣོད་གསུམ་པ་གང་ཡིན་པ་དེ་ནི་གནག་རྫི་དགའ་བོ་འདི་ཉིད་ཡིན་ནོ། །དེའི་ལྷན་ཅིག་གནས་པ་དང་ཉེ་གནས་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ནི་གནག་རྫི་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ནོ། །གང་ཡང་འདིས་ཡང་དག་པར་རྫོགས་པའི་
སངས་རྒྱས་འོད་སྲུང་གི་ཉན་ཐོས་ཀྱི་དགེ་འདུན་ལ་གནག་རྫི་ཞེས་བྱ་བའི་ཚིག་སྨྲས་ཤིང་། ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་ཀྱང་མཐུན་པར་སྨྲས་པས། ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་འཁོར་ལྔ་བརྒྱ་དང་གནག་རྫི་རྣམས་སུ་སྐྱེས་པར་གྱུར་ཏོ། །

གང་འདིས་བཀླགས་ཤིང་བཏོན་པས་ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་པས། ད་
ལྟར་འདི་འཁོར་ལྔ་བརྒྱ་དང་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །དགེ་སློང་དག་སྔོན་སྦལ་པ་བྱེད་བྱེད་པའི་ལྷའི་བུ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཁོ་ནའི་གསུང་རབ་ལ་དགེ་སློང་སྤོང་བ་པ་
ཞིག་ཏུ་གྱུར་ཏེ། ལྗོངས་རྒྱུ་ཞིང་སོང་བ་དང་རི་འོར་ཞིག་ན་གཙུག་ལག་ཁང་ཞིག་ཡོད་པ་དེར་སོན་ཏོ། །དེ་མཚན་མོའི་ཐུན་དང་པོ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་ཡིད་ལ་བྱ་བ་གོམས་པར་བྱ་བར་བརྩམས་པ་དང་། ཇི་ཙམ་ན་འདོན་པ་བྱེད་པའི་དགེ་སློང་རྣམས་ཁ་ཏོན་བྱེད་པ་དང་།
བསམ་གཏན་གྱི་ཚེར་མ་ནི་སྒྲ་ཡིན་པས་དེ་སྒྲས་སེམས་རྩེ་གཅིག་པ་ཉིད་མ་བཏུབ་ནས་དེས་བསམས་པ། འདི་དག་ཁ་ཏོན་ཟེར་དུ་ཆུག་གུང་ཐུན་ལ་འདུག་པར་བྱའོ་སྙམ་ནས་གུང་ཐུན་ལ་ལངས་ཏེ་འདུག་པ་དང་། ཇི་ཙམ་ན་དགེ་སློང་གཞན་དག་ཁ་ཏོན་བྱེད་ནས་དེས་བསམས་
པ། ཐུན་ཐ་མ་ལ་འདུག་པར་བྱའོ་སྙམ་ནས། དེ་ཐུན་ཐ་མ་ལ་ལངས་ཏེ་འདུག་པ་དང་། ཇི་ཙམ་ན་གཞན་དག་ཁ་ཏོན་བྱེད་ནས་དེ་འདོད་ཆགས་དང་བྲལ་བ་མ་ཡིན་པས་ཀུན་ནས་དཀྲིས་པ་དྲག་པོ་སྐྱེས་ནས་དེས་སྨྲས་པ། འོད་སྲུང་གི་དགེ་སྦྱོང་འདི་རྣམས་ནི་སྦལ་པ་
བཞིན་མཚན་ཐོག་ཐག་སྒྲ་འབྱིན་ཏོ་ཞེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དགེ་སློང་སྤོང་བ་པ་གང་ཡིན་པ་དེ་ནི་སྔོན་སྦལ་པ་བྱེད་བྱེད་པའི་ལྷའི་བུ་འདི་ཉིད་ཡིན་ཏེ། གང་ཡང་འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཉན་ཐོས་རྣམས་ལ་སྦལ་
པ་ཞེས་ཚིག་ཏུ་སྨྲས་པས་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་སྦལ་པར་སྐྱེས་པར་གྱུར་ཏེ། ད་ལྟའི་བར་དུ་ཡང་སྦལ་པར་སྐྱེས་པ་ཡིན་ནོ། །གང་ཡང་ང་ལ་སེམས་མངོན་པར་དད་པར་བྱས་པས་དེས་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་པར་གྱུར་

ཏོ། །གང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལས་ཚངས་པར་སྤྱོད་པ་སྤྱད་པས་དེས་ན་ད་ལྟར་བདེན་པ་མཐོང་བར་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་གཅིག་ཏུ་གནག་པ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་
ནས་བརྩོན་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །ཞེས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཆུ་བོ་གང་གཱ་རྒལ་བ་དང་། དེ་ན་ངང་པ་དང་། ཉ་དང་རུ་སྦལ་ལྔ་བརྒྱས་བསྐོར་ཏེ་
བསྐོར་བ་བྱས་སོ། །དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཚིག་གསུམ་གྱི་ཆོས་བཤད་པ་མཛད་དེ། བཞིན་བཟངས་དག་འདི་ལྟར་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བ་ཡིན་པས་ང་ལ་
སེམས་མངོན་པར་དད་པར་གྱིས་ལ། ཅི་ནས་ཀྱང་དུད་འགྲོའི་སྐྱེ་གནས་ལ་འདོད་ཆགས་དང་བྲལ་བར་གྱིས་ཤིག །དེ་རྣམས་འདི་སྙམ་དུ་སེམས་ཏེ། གང་བདག་ཅག་གིས་བཅོམ་ལྡན་འདས་ལས་ཚིག་གསུམ་གྱི་ཆོས་ཐོས་ནས་ཁ་ཟས་ཟ་བར་བྱེད་པ་ནི་བདག་ཅག་གི་ཆ་
མ་ཡིན་ནོ་སྙམ་ནས། དེ་རྣམས་ཀྱིས་བཟས་བཅད་པ་དང་། དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ནི་མེའི་ཤས་ཆེ་བས་དུས་ལས་འདས་ཏེ་ཤི་འཕོས་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་སོ། །ཆོས་ཉིད་ཀྱིས་ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་
པར་སེམས་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་ཡིན་པའོ། །དེ་རྣམས་ཀྱིས་བལྟས་ན་དུད་འགྲོ་དག་ལས་ཤི་འཕོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་པ་དང་ཞེས་བྱ་བ་ནས། མེ་ཏོག་མན་དཱ་ར་
བས་ཐུ་བ་བཀང་སྟེ་བཅོམ་ལྡན་འདས་ཀྱི་ཉེ་འཁོར་དང་ཆུ་བོ་གང་གཱ་སྣང་བས་གསལ་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། བཅོམ་ལྡན་འདས་ལ་ཀུན་ནས་བསྐོར་ཏེ་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་

དང་། ཁམས་དང་རང་བཞིན་མཁྱེན་ནས་དེ་དང་འདྲ་བའི་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་པས་ཞེས་བྱ་བ་ནས། ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་
བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་རྣམས་ཀྱིས་བདེན་པ་མཐོང་བ་དང་། དེས་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དོ། །བཙུན་པ་འདི་ལྟ་བུ་ནི་བདག་ཅག་ལ་ཕས་མ་བགྱིས་ཏེ། མས་མ་ལགས། རང་གི་སྐྱེ་བོ་དང་། གཉེན་
གྱི་ཚོགས་དང་སྡུག་པས་མ་ལགས། རྒྱལ་པོས་མ་ལགས། ལྷ་རྣམས་ཀྱིས་མ་ལགས། སྔོན་གྱི་འདས་པས་མ་ལགས། དགེ་སྦྱོང་དང་བྲམ་ཟེས་མ་ལགས་པ་གང་ལགས་པ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་མཛད་དེ། སེམས་ཅན་དམྱལ་བ་དང་
ཡི་དགས་རྣམས་ནས་ནི་རྐང་པ་དྲངས། ལྷ་དང་མི་རྣམས་སུ་ནི་རབ་ཏུ་བཀོད། འཁོར་བ་ལས་ནི་རིང་དུ་མཛད། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། ངན་སོང་གི་སྒོ་རྣམས་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་
ཕྱེ། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་ཏེ། བཙུན་པ་བདག་ཅག་ནི་འཕགས་སོ། །མངོན་པར་འཕགས་སོ། །
བདག་ཅག་སངས་རྒྱས་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་
སོ། །དེ་ནས་སྔོན་ཉ་དང་། ངང་པ་དང་། རུ་སྦལ་བྱེད་བྱེད་པའི་ལྷའི་བུ་དེ་རྣམས་ཚོང་པ་ཁེ་སྤོགས་རྙེད་པ་ལྟ་བུ་དང་ཞེས་བྱ་བ་ནས་རང་གི་གནས་སུ་དོང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་

སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཉ་དང་། ངང་པ་དང་། རུ་སྦལ་འདི་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན་དེས་ན་ངང་པ་དང་། ཉ་དང་། རུ་སྦལ་རྣམས་སུ་སྐྱེས་ལགས། ལས་ཅི་ཞིག་བགྱིས་ན་དེས་ན་ལྷ་རྣམས་སུ་སྐྱེས་ནས་བདེན་པ་མཐོང་བར་
བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངང་པ་དང་། ཉ་དང་། རུ་སྦལ་འདི་དག་ཉིད་ཀྱིས་ལས་རྣམས་བྱས་ཤིང་བསགས་པ་ཚོགས་རྙེད་པ་དག་ནི་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་
སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ་ཞེས་བྱ་བ་ནས། དེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་བསྟན་པ་ལ་དེ་
རྣམས་རབ་ཏུ་བྱུང་བར་གྱུར་ཏེ། དེ་ན་དགེ་སློང་དེ་རྣམས་ཀྱིས་བསླབ་པའི་གཞི་ཕྲ་མོ་ཕྲ་མོ་རྣམས་དྲལ་བས་ལས་དེའི་རྣམ་པར་སྨིན་པས་ཉ་དང་། ངང་པ་དང་། རུ་སྦལ་རྣམས་སུ་སྐྱེས་པར་གྱུར་ཏོ། །གང་ཡང་ང་ལ་སེམས་མངོན་པར་དད་པར་བྱས་པ་དེས་ན་ལྷ་རྣམས་སུ་སྐྱེས་པར་གྱུར་ཏོ། །
གང་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལས་ཚངས་པར་སྤྱོད་པ་སྤྱད་པ་དེས་ན་བདེན་པ་མཐོང་བར་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན། གཅིག་ཏུ་གནག་པའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་བརྩལ་བར་བྱ་སྟེ། དགེ་སློང་
དག་ཁྱེད་ཅག་གིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །ཞེས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཆུ་བོ་གང་གཱ་རྒལ་བ་དང་ཡི་དགས་སྡོང་དུམ་ཚིག་པ་ལྟ་བུ། ཀེང་རུས་སྒྲེང་བ་ལྟ་བུ། རང་གི་སྐྲས་ལུས་ཡོག་པ། ལྟོ་རི་
སུལ་ལྟར་འདུག་པ། ཁ་ཁབ་ཀྱི་མིག་ཙམ་ཡོད་པ་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་པ་ལྔ་བརྒྱ་ཙམ་གྱིས་ཡོངས་སུ་བསྐོར་ནས། དེ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བདག་ཅག་ཡི་དགས་རྣམས་ནི་རྣམ་པར་

ལྟུང་བའི་ལུས་ཅན་རྣམས་ལགས་ཏེ། སྔོན་གྱི་ལས་ཀྱི་ནོངས་པས་ཆབ་ཀྱང་མི་རྙེད་ལགས་ན་འཚལ་མ་མཐོང་བ་ལྟ་སྨོས་ཀྱང་ཅི་འཚལ། ཁྱོད་ནི་ཐུགས་རྗེ་ཆེན་པོ་མངའ་བ་ལགས་ན་བདག་ཅག་ལ་ཆབ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་ཆུ་བོ་གང་གཱ་
བསྟན་ནས། ཆུ་བསིལ་སྐྱེ་བོ་ཀུན་གྱིས་ཉེ་བར་སྤྱད་བྱ་བ། །སྐལ་ལྡན་ཤིང་རྟ་ཀླུང་ཆན་འདི་ནི་གྲོང་དག་དང་། །ཡུལ་འཁོར་དག་དང་གྲོང་ཁྱེར་ཚིམ་པར་བྱེད་ཅིང་འབབ། །ཞིང་རྣང་སཱ་ལུ་ཀུ་མུ་ད་དང་ཨུཏྤལ་སྐྲུན། །ཡི་དགས་རྣམས་ཀྱིས་གསོལ་པ། ཆུ་བོ་སྐྱེ་བོ་ཀུན་གྱིས་ཉེ་བར་སྤྱད་
བགྱི་བ། །སྐལ་ལྡན་ཤིང་རྟ་འབབ་འདི་བདག་ཅག་རྣམས་ལ་སྐམས། །འདི་ནི་ཁྲག་གི་དྲི་མས་གང་ཞིང་ལག་པ་ན། །དབྱུག་པ་དགྲ་སྟར་བཅས་པ་ཐོགས་པས་འདི་བསྲུངས་མཐོང་། །བཅོམ་ལྡན་འདས་ཀྱིས་གང་གཱའི་ལྷ་ལ་བཀའ་སྩལ་པ། ཁྱོད་ནི་གྲོང་དང་ཡུལ་འཁོར་གྲོང་
ཁྱེར་ཚིམ་བྱེད་ཅིང་། །ཞིང་རྣང་སཱ་ལུ་ཀུ་མུ་ད་དང་ཨུཏྤལ་སྐྲུན། །ཅི་ཕྱིར་ཡི་དགས་སྐོམ་པས་རབ་ཉེན་ཚིམ་མི་བྱེད། །ཁྱོད་ལ་བྱིས་པའི་སྐྱེ་བོ་སྡུག་བསྔལ་སྙིང་རྗེ་མེད། །གང་གཱའི་ལྷས་གསོལ་པ། བྱིས་པའི་སྐྱེ་བོ་ལ་བདག་འཇིགས་པས་མ་ལགས་ཤིང་། །ཚིག་རྩུབ་སྒྱུས་ཀྱང་མི་
མཐུན་ཆབ་གཏོང་མི་བགྱིད་དེ། །ནོངས་བགྱིས་སྒྲིབ་པ་ཆེན་པོས་བསྒྲིབས་པ་འདི་དག་ལ། །ཆུ་བོ་སྐམས་གྱུར་འདི་ལ་བདག་གིས་ཅི་ཞིག་ནོངས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཆེན་པོ་ཡི་དགས་རྣམས་ལ་ཆུ་
ལུད་ཅིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཡི་དགས་རྣམས་ལ་ཆུ་བླུད་པར་བརྩམས་པ་དང་། ཡི་དགས་དེ་རྣམས་ཀྱི་ཁ་ཁབ་ཀྱི་མིག་ཙམ་པོ་དག་བསྐྱེད་པར་མ་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་
རྫུ་འཕྲུལ་གྱིས་དེ་རྣམས་ཀྱི་ཁ་བསྐྱེད་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཆུ་བླུད་པ་དང་། དེ་རྣམས་སྐོམ་པས་ཉེན་པས་མང་དུ་འཐུངས་པས་ལྟོ་རྒྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་སེམས་དང་བ་བསྐྱེད་ནས་ཤིའོ་ཞེས་བྱ་བ་ནས། བདེན་པ་མཐོང་ནས་རང་གི་གནས་སུ་

སོང་ངོ་། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཡི་དགས་འདི་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན་དེས་ན་ཡི་དགས་རྣམས་སུ་སྐྱེས་ལགས། ལས་ཅི་ཞིག་བགྱིས་
ན་དེས་ན་ལྷ་རྣམས་སུ་སྐྱེས་ནས་བདེན་པ་མཐོང་བར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་དག་ཉིད་ཀྱིས་ལས་རྣམས་བྱས་ཤིང་བསགས་པ་ཚོགས་རྙེད་པ་དག་ནི་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར། ཞེས་བྱ་བའི་བར་གོང་
མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཞེས་བྱ་བ་ནས། དེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ་ཞེས་བྱ་བའི་བར་གོང་མ་
བཞིན་དུའོ། །དེའི་ཉན་ཐོས་རྣམས་ཀྱིས་དད་པ་ལས་བསླངས་ནས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བྱ་བ་བྱེད་དོ། །གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་རྒྱས་པར་མ་གྱུར་པ་དེའི་ཚེ་དད་པ་འདྲི་བའི་དགེ་སློང་ཡང་ཉུང་བར་གྱུར་
ཏོ། །གང་གི་ཚེ་རྒྱས་པར་གྱུར་པ་དེའི་ཚེ་དད་པ་འདྲི་བའི་དགེ་སློང་ཡང་མང་བར་གྱུར་ཏོ། །ཇི་ཙམ་ན་འདུན་ཁང་ཞིག་ན་དགེ་བསྙེན་ལྔ་བརྒྱ་བྱ་བ་འགའ་ཞིག་གི་ཕྱིར་ལྷགས་ཤིང་འདུས་པར་གྱུར་པ་དང་། དད་པ་འདྲི་བའི་དགེ་སློང་རབ་ཏུ་མང་པོ་དག་དེ་རྣམས་ཀྱི་དྲུང་དུ་སོང་ནས་སྦྱིན་དུ་
གཞུག་པར་འདོད་པ་ན། དེ་རྣམས་ཀྱིས་ཀུན་ནས་དཀྲིས་པ་དྲག་པོས་ངག་རྩུབ་པའི་ལས་ཕྱུང་བ། འོད་སྲུང་གི་དགེ་སྦྱོང་འདི་རྣམས་ནི་ཡི་དགས་རྣམས་སུ་སྐྱེས་པ་བཞིན་རྟག་ཏུ་ལག་པ་ཟེད་པར་བྱེད་དོ་ཞེས་སྨྲས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དགེ་བསྙེན་ལྔ་བརྒྱ་པོ་གང་
དག་ཡིན་པ་དེ་དག་ནི་ཡི་དགས་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། གང་ཡང་འདི་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཉན་ཐོས་རྣམས་ལ་ཡི་དགས་ཀྱི་ཚིག་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་ཡི་དགས་རྣམས་སུ་སྐྱེས་པར་གྱུར་ཏེ། ད་

ལྟའི་བར་དུ་ཡང་ཡི་དགས་རྣམས་སུ་སྐྱེས་པ་ཡིན་ནོ། །གང་ཡང་ང་ལ་སེམས་མངོན་པར་དད་པར་བྱས་པ་དེས་ན་ལྷ་རྣམས་སུ་སྐྱེས་སོ། །གང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་བླངས་པ་དེས་ན་བདེན་
པ་མཐོང་བར་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་གཅིག་ཏུ་གནག་པ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཅག་གིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །ཞེས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་
བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཆུ་བོ་གང་གཱ་ལས་རྒལ་བ་ན་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཡས་ཕྱོགས་ནས་ཆུ་བོ་གང་གཱ་ལ་གཟིགས་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་གཡས་ཕྱོགས་ནས་
ཆུ་བོ་གང་གཱ་ལ་གཟིགས་པར་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་ཆུ་བོ་གང་གཱའི་གླེང་གཞི་ཉན་པར་འདོད་དམ། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ་ད་དེའི་དུས་ལ་བབ་ལགས་ཏེ། བཅོམ་
ལྡན་འདས་ཀྱིས་ཆུ་བོ་གང་གཱའི་གླེང་གཞི་གང་ལགས་པ་བཤད་ན་དགེ་སློང་རྣམས་ཉན་པར་འགྱུར་ལགས་སོ།། །།འདུལ་བ་གཞི། བམ་པོ་སུམ་བཅུ་རྩ་དགུ་པ། དགེ་སློང་དག་སྔོན་བྱུང་བ་རྒྱལ་པོ་སྨྱུག་སྦམས་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཞིག་བྱུང་སྟེ།
དེའི་ཡུལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ། ཤིང་མེ་ཏོག་དང་འབྲས་བུ་རྟག་པ། ལྷ་རྣམས་དུས་དུས་སུ་ཆར་འབེབས་པས་ས་གཞི་ལོ་ཐོག་དང་ལྡན་ཞིང་འཐབ་པ་དང་། ཐབ་མོ་དང་། རྩོད་པ་དང་། འཁྲུག་ལོང་དང་།
ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་རབ་ཏུ་ཞི་བར་གྱུར་ལ། མི་རྣམས་རྟག་ཏུ་ཆོས་ལ་གཞོལ་བ་ན་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་འཇུག་གོ། །ཇི་ཙམ་ན་རྒྱལ་པོ་དེ་སོ་གའི་དུས་ལ་བབ་ནས་ཤིང་རྣམས་ཀྱི་མེ་ཏོག་ཁ་འབུས་ཤིང་ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་།

རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཁྲོད་དུ་བཙུན་མོའི་འཁོར་གྱིས་ཡོངས་སུ་བསྐོར་ནས་སྐྱེད་མོས་ཚལ་གྱི་གནས་སུ་སོང་བ་དང་། ཇི་ཙམ་ན་མི་ལུས་གཉེར་མས་གང་བ། མགོ་སྐྱ་བ། ལུས་ཀྱི་ཡན་ལག་རྙིས་པ། དབང་པོ་རྒུད་པ།
ཤ་སྐེམ་པ། ཞོ་ཤ་ཆུང་བ་ཞིག་ཁར་བ་ལ་བརྟེན་ནས་གོམ་པ་དལ་བུ་དལ་བུས་འགྲོ་བ་ཞིག་མཐོང་ངོ་། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་མི་ལུས་གཉེར་མས་གང་བ་མགོ་སྐྱ་བ་ཞེས་བྱ་བ་ནས། ཁར་བ་ལ་བརྟེན་ནས་འགྲོ་བ་འདི་ཅི་ཞིག་ཡིན་ཞེས་བྱ་བའི་བར་
གོང་མ་བཞིན་དུའོ། །དེ་རྣམས་ཀྱིས་སྨྲས་པ། ལྷ་དེ་ནི་འདུ་བྱེད་རྣམས་དེངས་པས་རྒས་འཁོགས་པ་ཞེས་བགྱིའོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ང་ལ་ཡང་འདི་ལྟ་བུའི་ཆོས་འབྱུང་བར་འགྱུར་རམ། དེ་རྣམས་ཀྱིས་སྨྲས་པ། ལྷ་ཆོས་དེ་ནི་ཐུན་མོང་ལགས་སོ། །དེ་
ནས་རྒྱལ་པོ་ཡིད་མི་བདེ་ཞིང་ཆས་པ་དང་ཡང་མི་སྐྱ་བོ་རྦབ་རྦབ་བོ། ལུས་གས་ཤིང་ཧྲུད་ཧྲུད་པོ། ལྟོ་རི་སུལ་ལྟར་འདུག་པ། རྨ་རྣག་གིས་གང་བ། ཡན་ལག་དང་ཉིང་ལག་རྣམས་ལས་འཛག་པ། ལྷན་པ་རྣམས་ཀྱིས་དཀྲིས་པ་ཞིག་ཤུགས་རིང་པོ་རིང་པོར་འབྱིན་ཅིང་ཁར་བ་
ལ་བརྟེན་ནས་འཐེང་ཞིང་འགྲོ་བར་ཆས་པ་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་མི་སྐྱ་བོ་བསེང་བསེང་པོ་ཞེས་བྱ་བ་ནས། འཐེང་ཞིང་འགྲོ་བར་ཆས་པ་འདི་ཅི་ཞིག་ཡིན་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་རྣམས་ཀྱིས་སྨྲས་པ། ལྷ་འདི་
ནི་ནད་ཀྱིས་ཐེབས་པ་ཞེས་བགྱིའོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ང་ལ་ཡང་འདི་ལྟ་བུའི་ཆོས་འབྱུང་བར་འགྱུར་རམ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཆོས་འདི་ནི་ཐུན་མོང་ལགས་ཏེ། ཉེས་པར་སྤྱོད་པའི་ལས་བགྱིས་པ་རྣམས་ལ་སྔོན་གྱི་ལས་ཀྱི་ཉེས་པས་འབྱུང་བར་
འགྱུར་རོ། །རྒྱལ་པོས་བསམས་པ། རྣམ་པ་ཐམས་ཅད་དུ་སྡིག་པ་མི་བྱའོ་སྙམ་དུ་བསམས་ནས་ཆས་པ་དང་། ཡང་དེས་རས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཀྱིས་ཁྱོགས་བརྒྱན་ནས་གདུགས་དང་། རྒྱལ་མཚན་དང་། འཕན་དང་།

དུང་དང་། རྔ་ཕ་ཊ་ཧ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་བུན་ལོང་ཞིང་། མི་བཞིས་བཏེག་ནས་མགྱོགས་མིས་ནི་སྣ་དྲངས། སྐྱེས་བུ་ལག་ན་ཤིང་ཐོགས་པ་ནི་ཕྱི་བཞིན་འབྲང་ཞིང་ཀྱི་ཧུད་ཕ། ཀྱི་ཧུད་སྡུག་པ། ཀྱི་ཧུད་སྤུན།
ཀྱི་ཧུད་ཇོ་བོ་ཞེས་ཀུན་དུ་ངུད་མོའི་སྒྲ་འདོན་པ་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་རས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཀྱིས་ཁྱོགས་བརྒྱན་ཅིང་ཞེས་བྱ་བ་ནས། ངུད་མོའི་སྒྲ་འདོན་པ་འདི་ཅི་ཞིག་ཡིན་
ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་འདི་ནི་གུམ་པ་ཞེས་བགྱིའོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ང་ལ་ཡང་འདི་ལྟ་བུའི་ཆོས་འབྱུང་བར་འགྱུར་རམ། དེ་རྣམས་ཀྱིས་སྨྲས་པ། ལྷ་ཆོས་འདི་ནི་ཐུན་མོང་ལགས་སོ། །དེ་ནས་རྒྱལ་
པོས་རྒས་པ་དང་། ནད་པ་དང་། ཤི་བ་ཡང་དག་པར་མཐོང་ནས་ཡིད་བྱུང་སྟེ། བདག་གིས་ཀྱང་འདི་ལྟ་བུའི་ལོངས་སྤྱོད་རྣམས་སྤང་དགོས་སོ་སྙམ་ནས་སླར་ལོག་སྟེ། མྱ་ངན་གྱི་ཁང་པར་ཞུགས་ནས་འདུག་གོ། །དེའི་ཡུལ་ན་བྲམ་ཟེ་དུས་དཔོག་ཅེས་བྱ་བ་ཕྱུག་པ་ནོར་མང་
བ་ལོངས་སྤྱོད་ཆེ་བ་ཞིག་ཡོད་དེ། དེས་ཇི་ལྟར་རྒྱལ་པོས་རྒས་པ་དང་། ནད་པ་དང་། ཤི་བ་མཐོང་སྟེ་ཡིད་བྱུང་ནས་མྱ་ངན་གྱི་ཁང་པར་ཞུགས་ནས་འདུག་པ་ཐོས་སོ། །ཐོས་ནས་ཀྱང་བྲམ་ཟེ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་ཤིང་རྟ་རྟ་རྒོད་མ་དང་ལྡན་པ་ཐམས་ཅད་ནས་དཀར་
བའི་ནང་དུ་ཞུགས་ཏེ། གསེར་གྱི་ཁར་བ་དང་རིལ་བ་སྤྱི་བླུགས་ཐོགས་ནས་རྒྱལ་པོ་སྨྱུག་སྦམས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། རྒྱལ་པོ་ལ་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་བྲམ་ཟེ་དུས་དཔོག་ཆབ་སྒོ་ན་མཆིས་སོ། །དེ་ནས་རྒྱལ་པོ་ཕྱིར་བྱུང་ནས་དཀོར་ཁང་དུ་འདུག་པ་དང་།
བྲམ་ཟེ་དུས་དཔོག་གིས་རྒྱལ་བ་དང་ཚེ་སྤེལ་བ་དག་བྱས་ཏེ་འདུག་ནས་སྨྲས་པ། ལྷ་ཅིའི་སླད་དུ་ཐུགས་ངན་གྱི་ཁང་པར་ཞུགས་ཏེ་བཞུགས། རྒྱལ་པོས་ཇི་ལྟར་གྱུར་པ་ཐམས་ཅད་བྲམ་ཟེ་དུས་དཔོག་ལ་རྒྱས་པར་སྨྲས་པ་དང་། དེས་སྨྲས་པ་ལྷ་འཇིག་རྟེན་ནི་རང་གི་ལས་ཀྱི་འབྲས་

བུ་ལ་སྤྱོད་པ་ལགས་པས་འདི་ལ་ཐུགས་ངན་བགྱིར་མ་མཆིས་སོ། །སེམས་ཅན་ལེགས་པའི་ལས་བགྱིད་པ་རྣམས་ཀྱང་མཆིས། ཉེས་པའི་ལས་བགྱིད་པ་རྣམས་ཀྱང་མཆིས། གཉི་གའི་ལས་བགྱིད་པ་ཡང་མཆིས་ཏེ། འཁོར་ལོས་སྒྱུར་བ་རྣམས་ནི་རྟག་ཏུ་ལས་ལེགས་
པ་བགྱིད་དེ། གུམ་ན་ཡང་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ལྷ་ཡང་འཁོར་ལོས་སྒྱུར་བ་ལགས་ཏེ། མིའི་བདེ་བ་ཁྱད་པར་དུ་འཕགས་པ་བསྟར་ནས་ལྷའི་བདེ་བ་ཡང་ཉམས་སུ་བསྟར་བར་འགྱུར་མོད་ཀྱི། ལྷ་འོན་ཀྱང་མཐོ་རིས་ཀྱི་ཐེམ་སྐས་སུ་གྱུར་པ་མཆོད་སྦྱིན་ལ་བརྩོན་པར་
མཛོད་ཅིག །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ཡུལ་ཐམས་ཅད་དུ་དྲིལ་སྒྲོགས་སུ་ཆུག་སྟེ། རྒྱལ་པོ་གཏན་པ་མེད་པའི་མཆོད་སྦྱིན་བྱེད་ཀྱིས་ཁྱེད་ཤོག་ལ་ལོངས་སྤྱོད་ཅིག་ཅེས་སྒོ་ཤིག །དེ་ནས་རྒྱལ་པོས་སྦྱིན་པའི་ཁང་པ་རྩིག་ཏུ་བཅུག་ནས་ཟས་
འདོད་པ་རྣམས་ལ་ནི་ཟས། བཏུང་བ་འདོད་པ་རྣམས་ལ་ནི་བཏུང་བ་བྱིན་ནོ། །དེར་འབྲས་ཁུ་དབོ་བའི་དོང་བྱས་ནས། དེར་དྲོན་པོ་དག་བླུགས་པ་དང་བསིལ་བར་གྱུར་པས་མ་དྲོས་པ་མ་དྲོས་པ་ཞེས་བྱ་བར་གྲགས་སོ། །དེའི་འབྲས་ཁུ་དང་འབྲས་བཀྲུས་པའི་ཁུ་བས་ལོ་བཅུ་
གཉིས་ཚང་པར་བཀང་བས་ལུད་པར་གྱུར་པའི་ཁ་དེ་ནས་འབབ་ཆུར་བབ་པས་འབྲས་ཁུའི་ཆུ་འབྲས་ཁུའི་ཆུ་ཞེས་བྱ་བར་གྲགས་སོ།། །།སྡོམ་ལ། གཞོན་ནུ་བསྐྱེད་དང་གླང་ཆེན་སྒྲ། །དཔུང་རྒྱན་ལྡན་དང་ནོར་བུ་ཅན། །ས་ལ་སྟོབས་དང་ས་ལའི་སྟོབས། །གསར་བྲེ་
དང་ནི་གནས་བཅས་དང་། །ཐུག་པ་དང་ནི་མཉན་ཡོད་དང་། །མ་དྲོས་གྲོང་ཁྱེར་བིན་དུ་དང་། །ཡངས་པ་ཅན་ནི་ཐ་མ་ཡིན། །དེ་ནས་བཅོམ་ལྡན་འདས་ཡུལ་གཞོན་ནུ་བསྐྱེད་པར་གཤེགས་ནས་གཞོན་ནུ་བསྐྱེད་པར་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་
དགའ་བོ་ཕྱོགས་འདིར་རྒྱལ་པོ་གསོ་སྦྱོང་འཕགས་ཞེས་བྱ་བ་བཙས་ནས་འདི་ཉིད་དུ་ཆེན་པོར་གྱུར་ཏོ། །དེས་ན་གྲོང་ཁྱེར་ཡང་གཞོན་ནུ་བསྐྱེད་པ་ཞེས་བྱ་བར་གྲགས་སོ། །ཀྲུང་ཀྲུང་སྒྲ་ཅན་དུ་གཤེགས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་

ལ་བཀའ་སྩལ་པ། ཀུན་དགའ་བོ་ཀྲུང་ཀྲུང་སྒྲ་འདིར་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་གླང་པོ་ཆེ་དམ་པས་ཀྲུང་ཀྲུང་ཞེས་བྱ་བའི་སྐད་ཕྱུང་བས། ཀྲུང་ཀྲུང་ཅན་ཀྲུང་ཀྲུང་ཅན་ཞེས་བྱ་བར་གྲགས་སོ། །དཔུང་རྒྱན་ལྡན་དུ་གཤེགས་ནས་དཔུང་རྒྱན་ལྡན་
གྱི་ཕྱོགས་ཞིག་ཏུ་འཛུམ་པ་མཛད་དོ། །ཞེས་བྱ་བ་ནས་སངས་རྒྱས་བཞིའི་གདན་ཞེས་བྱ་བ་རྒྱས་པར་གོང་མ་བཞིན་དུའོ། །ནོར་བུ་ཅན་དུ་གཤེགས་ནས་ནོར་བུ་ཅན་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ནོར་བུ་ཅན་འདིར་བྱང་ཆུབ་སེམས་དཔས་ནོར་
བུ་མང་པོའི་མཆོད་སྦྱིན་བྱས་པས་ནོར་བུ་ཅན་ཞེས་བྱ་བར་གྲགས་སོ། །ས་ལའི་སྟོབས་སུ་གཤེགས་ནས། ས་ལའི་སྟོབས་ཀྱི་ཕྱོགས་ཞིག་ཏུ་འཛུམ་པ་མཛད་ནས་ཞེས་བྱ་བ་ནས་སངས་རྒྱས་བཞིའི་གདན་ཞེས་བྱ་བ་རྒྱས་པར་གོང་མ་བཞིན་དུའོ། །གསེར་གྱི་བྲེར་གཤེགས་
ནས་ཀུན་དགའ་བོ་གསེར་གྱི་བྲེ་འདིར་བྱང་ཆུབ་སེམས་དཔས་གསེར་མང་པོ་མཆོད་སྦྱིན་བྱས་པས་ད་དུང་ཡང་བྲམ་ཟེ་རྣམས་གསེར་བྲེས་འཇལ་ཞིང་འགེད་པས་གསེར་གྱི་བྲེ་གསེར་གྱི་བྲེ་ཞེས་བྱ་བར་གྲགས་སོ། །གནས་བཅས་སུ་གཤེགས་ནས་གནས་བཅས་སུ་ཚེ་དང་ལྡན་པ་ཀུན་དགའ་བོ་
ལ་བཀའ་སྩལ་པ། ཀུན་དགའ་བོ་གནས་བཅས་འདིར་རྒྱལ་པོ་གསོ་སྦྱོང་འཕགས་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེ་དུས་གཞན་ཞིག་ན་སྤྱི་བོར་ཤ་རྨེན་འཇམ་
ཞིང་ཤིན་ཏུ་འཇམ་པ་ཞིག་སྐྱེས་ཏེ། དཔེར་ན་ཤིང་བལ་གྱི་འདའ་བའམ་རས་བལ་གྱི་འདའ་བ་བཞིན་དུ་ཅུང་ཟད་ཀྱང་གནོད་པ་སྐྱེད་པར་མི་བྱེད་དོ། །དེ་ཡོངས་སུ་སྨིན་ནས་བརྟོལ་བ་ལས་གཞོན་ནུ་ཞིག་བྱུང་ན། གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ། པགས་
པའི་མདོག་གསེར་འདྲ་བ་ཞེས་བྱ་བ་ནས་ཡན་ལག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། །སྤྱི་བོ་སྐྱེས་སྤྱི་བོ་སྐྱེས་ཞེས་བྱ་བར་གྲགས་སོ། །རྒྱལ་པོ་གསོ་སྦྱོང་འཕགས་ཀྱིས་གཞོན་ནུ་བྱུང་མ་ཐག་ཏུ་བཙུན་མོའི་འཁོར་དྲུག་ཁྲིའི་ནང་དུ་བཀྲི་བ་དང་།

མཐོང་མ་ཐག་ཏུ་བཙུན་མོ་དེ་ཐམས་ཅད་ཀྱི་ནུ་མ་ལས་འོ་མ་ཟགས་ནས་སོ་སོ་ནས་སྨྲས་པ། ང་ལས་ནུ། ང་ལས་ནུ་ཞེས་སྨྲས་པས། ང་ལས་ནུ་ང་ལས་ནུ་ཞེས་བྱ་བར་གྲགས་སོ། །དེ་ལ་ཁ་ཅིག་གིས་ནི་སྤྱི་བོ་སྐྱེས། ཁ་ཅིག་གིས་ནི་ང་ལས་ནུ་ཞེས་བྱ་བར་
ཤེས་སོ། །གཞོན་ནུ་ང་ལས་ནུ་ཡུལ་ཞིག་ཏུ་སོང་བ་དང་། རྒྱལ་པོ་གསོ་སྦྱོང་འཕགས་ན་བར་གྱུར་ནས། དེ་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་གྱིས་བཀུར་སྟི་བྱས་ཀྱང་། དེ་སླར་ཐུ་བར་གྱུར་ནས། དེས་བློན་པོ་རྣམས་ལ་བསྒོ་བ།
ཤེས་ལྡན་དག་མྱུར་དུ་གཞོན་ནུ་ལ་རྒྱལ་སྲིད་ཀྱི་དབང་བསྐུར་བས་དབང་སྐུར་ཅིག །ལྷ་བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་ཕོ་ཉ་བཏང་ནས་རྒྱལ་པོ་གསོ་སྦྱོང་འཕགས་པ་སྙུང་བར་གྱུར་ནས་དེས་བཀའ་སྩལ་པ། གཞོན་ནུ་སྤྱན་དྲོངས་ལ་རྒྱལ་སྲིད་ཀྱི་དབང་བསྐུར་
བ་ཉམས་སུ་མྱོང་བར་གྱིས་ཤིག་ཅེས་བྱུང་གིས། དེ་བས་ན་གཞོན་ནུ་མྱུར་དུ་གཤེགས་པའི་རིགས་སོ་ཞེས་སྤྲིང་ངོ་། །དེ་ཆས་པ་ན་རྒྱལ་པོ་གསོ་སྦྱོང་འཕགས་ཤིའོ། །དེ་ནས་ཡང་བློན་པོ་རྣམས་ཀྱིས་ཡང་དེ་ལ་ཕོ་ཉ་བཏང་སྟེ། གཞོན་ནུ་ཁྱེད་ཀྱི་ཡབ་ནོངས་ཀྱིས་གཤེགས་
ཏེ་རྒྱལ་སྲིད་བཞེས་སུ་གསོལ་ཞེས་སྤྲིང་བ་དང་། གཞོན་ནུ་ང་ལས་ནུས་བསམས་པ། བདག་གི་ཡབ་ནི་ནོངས་ན་བདག་དེར་ཇི་སྟེ་འགྲོ་སྙམ་དུ་བསམས་ནས་དེ་ཉིད་ན་འདུག་པ་དང་། ཡང་བློན་པོ་རྣམས་འདུས་ནས་བློན་པོའི་གཙོ་བོ་ཕོ་ཉར་བཏང་ནས་དེ་སོང་སྟེ་སྨྲས་པ།
གཞོན་ནུ་གཤེགས་ལ་རྒྱལ་སྲིད་བཞེས་སུ་གསོལ། དེས་སྨྲས་པ། གལ་ཏེ་བདག་གིས་ཆོས་བཞིན་གྱིས་རྒྱལ་སྲིད་འཐོབ་ན་འདི་ཉིད་དུ་རྒྱལ་སྲིད་ཀྱི་དབང་བསྐུར་བ་འོང་བར་འགྱུར་རོ། །བློན་པོ་རྣམས་ཀྱིས་སྤྲིང་བ། ལྷ་རྒྱལ་སྲིད་ཀྱི་དབང་བསྐུར་བ་ལ་ནི་མང་དུ་འཚལ་ཏེ།
རིན་པོ་ཆེའི་གཅལ་དང་། སེང་གེའི་ཁྲི་དང་། གདུགས་དང་། ཅོད་པན་དང་། དཔུང་རྒྱན་གྱིས་ཕོ་བྲང་གི་ནང་དུ་རྒྱལ་སྲིད་དབང་བསྐུར་འཚལ་ལོ། །དེ་བས་ན་གཞོན་ནུ་འདི་ཉིད་དུ་གཤེགས་པའི་རིགས་སོ། །དེས་སྨྲས་པ། གལ་ཏེ་བདག་གིས་ཆོས་བཞིན་གྱིས་

རྒྱལ་སྲིད་འཐོབ་པར་འགྱུར་ན་ཐམས་ཅད་འདི་ཉིད་དུ་འོང་གྲང་། གཞོན་ནུ་ང་ལས་ནུའི་མདུན་ནས་འགྲོ་བ་གནོད་སྦྱིན་ལྷ་གནས་ཞེས་བྱ་བ་དེས་རིན་པོ་ཆེའི་གཅལ་དང་། སེང་གེའི་ཁྲི་དེ་ཉིད་དུ་བླངས་སོ། །ཕོ་བྲང་ན་གནས་པ་རྣམས་ཀྱིས་ཀྱང་
གདུགས་དང་། ཅོད་པན་དང་། དཔུང་རྒྱན་ཁྱེར་ཏེ་རང་ལྷགས་ཏེ་ཕོ་བྲང་ན་གནས་པ་རང་ལྷགས་ཤིང་རང་ལྷགས་པས་གནས་བཅས་གནས་བཅས་ཞེས་བྱ་བར་གྲགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་
དགའ་བོ་མཉན་ཡོད་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་མཉན་ཡོད་ནས་རྒྱུ་ཞིང་གཤེགས་པ་དང་། ཇི་ཙམ་ནས་ཕྱོགས་ཤིག་ན་བྲམ་ཟེ་ཞིག་
ཟན་མ་ཟོས་པར་ཞིང་རྨེད་པ་ན། དེའི་ཆེད་དུ་བུ་མོ་ཞིག་ཐུག་པ་ཁྱེར་ཏེ་འོངས་སོ། །བཅོམ་ལྡན་འདས་ཀྱང་ཕྱོགས་དེ་ཉིད་དུ་གཤེགས་སོ། །དེ་ནས་བྲམ་ཟེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་
བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། འོད་ཟེར་ཉི་མ་སྟོང་བས་ལྷག་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་མ་ཐག་ཏུ་ཡང་དེ་བཅོམ་ལྡན་འདས་ལ་དད་པ་སྐྱེས་ཏེ། ཇི་ལྟར་
དགེ་བའི་རྩ་བ་བསགས་པའི་སེམས་ཅན་ལ་ཐོག་མར་སངས་རྒྱས་མཐོང་བ་དེ་ལྟར་ནི་ལོ་བཅུ་གཉིས་སུ་ཞི་གནས་གོམས་པར་བྱས་པ་ལ་སེམས་ལས་སུ་རུང་བ་སྐྱེ་བ་དང་། བུ་མེད་པ་བུ་རྙེད་པ་དང་། དབུལ་པོས་ནོར་གྱི་གཏེར་མཐོང་བ་དང་། རྒྱལ་སྲིད་ལ་དགའ་བ་རྒྱལ་སྲིད་
ཀྱི་དབང་བསྐུར་བ་ནི་དེ་ལྟ་མ་ཡིན་ནོ། །དེས་ཐུག་པ་དེ་ཁྱེར་ཏེ་མྱུར་བ་མྱུར་བར་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་འདི་ནི་ཐུག་པ་ལགས་ཏེ། གལ་ཏེ་ཤེས་ལྡན་གཽ་ཏ་མ་བདག་ལ་

ཐུགས་བརྩེ་ན་འཇམས་གསོལ་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་ཁྲོན་པ་རྙིང་པ་ཞིག་བསྟན་ནས། བྲམ་ཟེ་ཁྱོད་ཀྱིས་གལ་ཏེ་ཡོངས་སུ་བཏང་ན་ཁྲོན་པ་རྙིང་པ་འདིར་ལུགས་ཤིག །དེས་ཁྲོན་པ་རྙིང་པ་དེར་བླུགས་སོ་དེས་ཁྲོན་པ་རྙིང་པ་དེར་བླུགས་
པ་དང་། འདི་ལྟར་ཡང་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་ཁྲོན་པ་རྙིང་པ་དེ་ཐུག་པས་གང་ནས་རླངས་པ་འཐུལ་ཞིང་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་བོས་ནས་བྲམ་ཟེ་ཐུག་པ་བྲིམས་ཤིག །དེས་བྲིམ་
པར་བརྩམས་པ་ན་བཅོམ་ལྡན་འདས་ཀྱིས་ཇི་ལྟར་དགེ་འདུན་ཐམས་ཅད་ཀྱིས་འཐུངས་ཀྱང་ཁྲོན་པ་རྙིང་པ་དེ་དེ་བཞིན་དུ་ཐུག་པས་གང་ནས་རླངས་པ་འཐུལ་ཞིང་འདུག་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་བྲམ་ཟེ་དེ་ལྷག་པར་ཡང་མངོན་པར་དད་པར་གྱུར་ཏེ།
བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔ་ན་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་འདྲ་བར་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་
བའི་ཆོས་བཤད་པ་མཛད་པས་ཞེས་བྱ་བ་ནས་ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་ཏེ། བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་
སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བདག་ནི་བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་
ལགས་སོ། །དེ་ནས་བྲམ་ཟེ་དེ་ཚོང་པ་ཁེ་སྤོགས་རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཐོག་ལེགས་པ་ལྟ་བུ་དང་། དཔའ་བོ་གཡུལ་ངོར་རྒྱལ་བ་ལྟ་བུ་དང་། ནད་པ་ནད་ཐམས་ཅད་ལས་ཐར་བ་ལྟ་བུར་གྱུར་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་

རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །ཇི་ཙམ་ན་ཞིང་དྲུང་དུ་ཕྱིན་པ་དང་། ཞིང་དེ་ལ་གསེར་གྱི་ནས་ཤེ་དག་སྐྱེས་པར་མཐོང་ངོ་། །མཐོང་ནས་ཀྱང་ཡ་མཚན་
སྐྱེས་ནས་མིག་བགྲད་དེ་ཚིགས་སུ་བཅད་པས་སྨྲས་པ། ཀྱེ་མ་ཡོན་ཏན་རང་བཞིན་ཞིང་། །ཉེས་ཀུན་རྣམ་པར་སྤངས་པ་ལ། །བདག་གིས་དེ་རིང་ས་བོན་བཏབ། །དེ་རིང་ཉིད་དུ་འབྲས་བུ་ཐོབ། །དེ་ནས་བྲམ་ཟེ་དེ་རིངས་པ་རིངས་པར་རྒྱལ་པོའི་དྲུང་དུ་སོང་ནས་
སོན་པ་དང་། རྒྱལ་བ་དང་ཚེ་སྤེལ་བ་དག་བྱས་ནས་རྒྱལ་པོ་ལ་སྨྲས་པ། ལྷ་བདག་གིས་སྩང་ནས་སྩལ་བ་དེ་རྣམས་གསེར་ཤེ་དག་ཏུ་གྱུར་གྱིས་དེ་ལ་སྤྱན་ཞིག་བསྐོ་བར་གསོལ། རྒྱལ་པོས་སྤྱན་བསྐོས་ཏེ་བཏང་བ་དང་། བྲམ་ཟེས་ཕུང་པོར་བྱས་ཏེ། བགོས་པ་ལས་
རྒྱལ་པོའི་སྐལ་བ་ནས་ཐ་མལ་པར་གྱུར་ནས། སྤྱན་གྱིས་རྒྱལ་པོ་ལ་རིག་པར་བྱས་པ་དང་། རྒྱལ་པོས་བསྒོ་བ། ཡང་བགོས་ཤིག །ཡང་བགོས་པ་དང་། དེ་བཞིན་དུ་རྒྱལ་པོའི་སྐལ་བ་ནི་ནས་ཐ་མལ་པར་གྱུར་ནས། དེ་ལྟར་ལན་བདུན་གྱི་བར་དུ་བགོས་ན་དེ་ཁོ་ན་
བཞིན་དུ་ནས་སུ་གྱུར་པ་དང་། རྒྱལ་པོ་ངོ་མཚར་སྐྱེས་ནས་དེ་བདག་ཉིད་སོང་སྟེ་བལྟས་ན་དེ་བཞིན་དུ་གྱུར་ནས་དེས་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་འདི་ནི་ཁྱོད་ཀྱི་བསོད་ནམས་ལས་སྐྱེས་པ་ཡིན་གྱིས། རྒྱལ་པོའི་སྐལ་བ་ཐོང་ལ་ཁྱོད་ཀྱིས་ཅི་དཔགས་པ་དེ་ཁོ་བོ་ལ་བྱིན་ཅིག །
དེ་ནས་བྲམ་ཟེ་དེ་ཤིན་ཏུ་མགུ་བས་ཅི་བྱིན་པ་དེ་དག་གསེར་གྱི་ནས་ཤེ་དག་ཏུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གཤེགས་པ་དང་། ཇི་ཙམ་ན་ཕྱོགས་གཞན་ཞིག་ན་ཞིང་པ་སྐྱ་བོ་རྦབ་རྦབ་པོ་རྐང་པ་དང་ལག་པ་སེར་ག་བྱུང་བ། ཤ་ནའི་རས་ཀྱི་སྨད་གཡོགས་གྱོན་པ་ལྔ་བརྒྱ་
ཞིང་རྨེད་དོ། །རྨོན་པ་དེ་དག་ཀྱང་ལྕག་གཟེར་བུ་ཅན་གྱིས་གཞུས་པས། ལུས་སྨས་ཤིང་རྨ་བྱུང་བས་རྣག་འཛག་ལ་སྔམ་པ་འདོན་བཞིན་དུ་ཞིང་རྨོད་དོ། །ཞིང་པ་དེ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་

པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། འོད་ཟེར་ཉི་མ་སྟོང་བས་ལྷག་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་བཟང་བ་མཐོང་ངོ་ཞེས་བྱ་བ་ནས། དགེ་བའི་རྩ་བ་བསགས་པའི་སེམས་ཅན་རྣམས་ལ་ཐོག་མར་
སངས་རྒྱས་མཐོང་བ་ནི་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་བ་དང་། བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ཁོ་ན་ནས་ཞིང་པ་རྣམས་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་གདུལ་བའི་དོན་དུ་ལམ་ལ་བཟུར་ནས་དགེ་སློང་གི་དགེ་
འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཞིང་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞིང་པ་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་།
ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དེ་ཞེས་བྱ་བ་ནས། ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་
ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་རྣམས་ཀྱིས་བདེན་པ་མཐོང་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ལེགས་པར་གསུངས་
པའི་ཆོས་འདུལ་བ་ལ་བདག་ཅག་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་
ཏུ་ཕྱུང་ངོ་ཞེས་བྱ་བ་ནས། སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་གདམས་ངག་བྱིན་ནས་དེ་རྣམས་ཀྱིས་འབད་པ་དང་། བརྩལ་བ་དྲག་པོ་ཞེས་བྱ་བ་ནས་མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །

ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གླང་དེ་དག་ཀྱང་གཉའ་ཤིང་དང་། རུ་ཐག་བཅད་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་ཀུན་ནས་བསྐོར་ཏེ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་ཚིག་གསུམ་
གྱི་ཆོས་བཤད་པས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དཔེར་ན་ཆུ་བོ་གང་གཱ་རྒལ་ཏེ་གཤེགས་པ་ན་ངང་པ་དང་། ཉ་དང་། རུ་སྦལ་རྣམས་ཀྱིས་བདེན་པ་མཐོང་ནས་རང་གི་གནས་སུ་སོང་བ་བཞིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་
སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྔོན་ཞིང་པ་བགྱིད་བགྱིད་པའི་དགེ་སློང་འདི་དག་གིས་ལས་ཅི་ཞིག་བགྱིས་ན། ལས་དེས་ཞིང་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་
མངོན་སུམ་དུ་བགྱིས་ལགས། སྔོན་གླང་བགྱིད་བགྱིད་པའི་ལྷའི་བུ་འདི་དག་གིས་ཀྱང་ལས་ཅི་ཞིག་བགྱིས་ན། དེས་ན་གླང་རྣམས་སུ་སྐྱེས་ཤིང་བདེན་པ་མཐོང་བར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་དག་ཉིད་ཀྱིས་ལས་རྣམས་
བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། སྟོན་པ་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།
ཞེས་བྱ་བ་ནས། དེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་བསྟན་པ་ལ་ཞིང་པ་ལྔ་བརྒྱ་པོ་འདི་རྣམས་རབ་ཏུ་བྱུང་བར་གྱུར་ཏེ། དེ་ན་འདི་དག་གིས་མ་བཀླགས་མ་བཏོན།
ཡིད་ལ་བྱ་བ་གོམས་པར་མ་བྱས་སོ། །འོན་ཀྱང་དད་པས་བྱིན་པ་ཟོས་ཤིང་ཟོས་ནས་འདུ་འཛི་ལ་ཆགས་ཏེ་ལེ་ལོས་དུས་འདས་པར་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དགེ་སློང་ལྔ་བརྒྱ་པོ་གང་ཡིན་པ་དེ་ནི་ཞིང་པ་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ནོ། །གཙུག་ལག་ཁང་གི་

བདག་པོ་གང་ཡིན་པ་དེ་ནི་ཞིང་པ་འདི་དག་གང་གི་ཡིན་པའི་ཁྱིམ་བདག་འདི་ཉིད་ཡིན་ཏེ། གང་ཡང་འདི་དག་གིས་གཙུག་ལག་ཁང་གི་བདག་པོའི་དད་པས་བྱིན་པ་ཟོས་ནས་མ་བཀླགས་མ་བཏོན། ཡིད་ལ་བྱ་བ་གོམས་པར་མ་བྱས་ལ། འདུ་འཛི་ལ་ཆགས་ཏེ།
ལེ་ལོས་དུས་འདས་པར་བྱས་པའི་ལས་དེས་ན་ཚེ་རབས་ལྔ་བརྒྱར་གཙུག་ལག་ཁང་གི་བདག་པོ་དེའི་ཞིང་པ་རྣམས་སུ་གྱུར་ཏེ། ད་ལྟའི་བར་དུ་ཡང་ཞིང་པར་སྐྱེས་པ་ཡིན་ནོ། །འདི་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་
ནས་ཚངས་པར་སྤྱོད་པ་སྤྱོད་པ་དེས་ན་ད་ལྟར་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །སྔོན་གླང་བྱེད་བྱེད་པའི་ལྷའི་བུ་འདི་རྣམས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་
བྱུང་བར་གྱུར་ཏེ། འདི་དག་གིས་དེ་ན་བསླབ་པའི་གཞི་ཕྲ་མོ་ཕྲ་མོ་རྣམས་དྲལ་བས་ལས་དེས་ན་གླང་རྣམས་སུ་སྐྱེས་སོ། །གང་ཡང་ང་ལ་སེམས་མངོན་པར་དད་པར་བྱས་པ་དེས་ན་ལྷ་རྣམས་སུ་སྐྱེས་སོ། །གང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལས་ཚངས་
པར་སྤྱོད་པ་སྤྱད་ཅིང་བསྲུངས་པས་ད་ལྟར་ལྷའི་བུར་གྱུར་ནས་བདེན་པ་མཐོང་བར་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་གཅིག་ཏུ་གནག་པ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཅག་གིས་དེ་ལྟ་བུ་
ལ་བསླབ་པར་བྱའོ་ཞེས་དེ་སྐད་ཅེས་བཀའ་སྩལ་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆུ་མངས་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་
ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་ཆུ་མངས་སུ་གཤེགས་པ་དང་། ཕྱོགས་གཞན་ཞིག་ན་བྲམ་ཟེ་ཞིག་ཞིང་རྨེད་དོ། །དེ་ནས་བྲམ་ཟེ་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་

ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་བརྒྱན་པ་ཞེས་བྱ་བ་ནས་ཀུན་ནས་བཟང་བ་མཐོང་ངོ་། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེས་བསམས་པ། གལ་ཏེ་ཤེས་ལྡན་གཽ་ཏ་མའི་དྲུང་དུ་ཕྱག་འཚལ་དུ་སོང་ན་ནི་བདག་གི་ལས་
འཆོར་ལ། འོན་ཏེ་ཕྱག་འཚལ་དུ་མ་སོང་ན་ནི་བསོད་ནམས་ཡོངས་སུ་ཉམས་པར་འགྱུར་ན། དེ་ལ་གང་གིས་ན་ལས་ཀྱང་མི་འཆོར་ལ་བསོད་ནམས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་བའི་ཐབས་བཟང་པོ་ཅི་ཡོད་སྙམ་པ་ལས་དེ་བློ་སྐྱེས་པ། འདི་ཉིད་ན་འདུག་བཞིན་དུ་
ཕྱག་བྱས་ན་དེ་ལྟ་ན་ལས་ཀྱང་མི་འཆོར་ལ། བསོད་ནམས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ་སྙམ་ནས། དེས་ཇི་ལྟར་ལྕག་གཟེར་བུ་ཅན་ཉིད་ཐོགས་ཤིང་གནས་དེ་ཉིད་དུ་འདུག་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་ཕྱག་བྱས་སོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྲམ་ཟེ་འདིས་ཉེས་ཏེ། གལ་ཏེ་ཕ་བི་ལས་ཕྱོགས་འདི་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གྱི་ཚོགས་མ་ཞིག་པར་བཞུགས་སོ་སྙམ་པ་དེ་ལྟ་བུའི་སོ་སོ་རང་
གིས་རིགས་པའི་ཡེ་ཤེས་ཤིག་ཡོད་པར་གྱུར་ན་ངའི་སྤྱན་སྔར་འོངས་ཏེ་ཕྱག་བྱས་པ་ཞིག །དེ་ལྟ་ན་ཕ་བིས་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་ལ་ཕྱག་བྱས་པར་འགྱུར་བ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཕྱོགས་འདི་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་
སྲུང་གི་རིང་བསྲེལ་གྱི་ཚོགས་མ་ཞིག་པ་བཞུགས་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་མྱུར་བ་མྱུར་བར་བླ་གོས་བཞི་ལྟབ་ཏུ་བྱས་ཏེ་བཏིང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ། དེས་ན་ས་
ཕྱོགས་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་ཀྱིས་ལོངས་སྤྱད་པར་འགྱུར་ལགས་ཏེ། གང་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་། གང་ཡང་ད་ལྟར་བཅོམ་ལྡན་འདས་ཀྱིས་སོ། །བཅོམ་ལྡན་འདས་ཀྱི་གདན་བཤམས་པ་ཉིད་ལ་བཞུགས་སོ། །

བཞུགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གྱི་ཚོགས་མ་ཞིག་པ་རྣམས་ལྟ་བར་འདོད་དམ། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ་ད་དེའི་དུས་ལ་
བབ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གྱི་ཚོགས་མ་ཞིག་པ་གང་དགེ་སློང་རྣམས་ལ་བསྟན་པ་མཐོང་ལགས་ན། དགེ་སློང་རྣམས་སེམས་མངོན་པར་དད་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་
འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་དེ། ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་དེའི་ཚེ་སྲོག་ཆགས་གྲོག་སྦུར་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་དགོངས་པ་སེམས་ཀྱིས་ཤེས་པར་འགྱུར་བས་ཀླུ་རྣམས་ཀྱིས་བསམས་
པ། བཅོམ་ལྡན་འདས་ཀྱིས་ཅི་ཞིག་གི་ཕྱིར་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་སྙམ་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གྱི་ཚོགས་མ་ཞིག་པ་གཟིགས་པར་བཞེད་པར་མཐོང་ནས། དེ་ནས་དེ་རྣམས་ཀྱིས་ཡང་དག་པར་
རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གྱི་ཚོགས་མ་ཞིག་པར་ཕྱུང་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རྟགས་ཟུང་ཤིག །ནུབ་པར་འགྱུར་རོ་ཞེས་པ་དང་ནུབ་བོ། །རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་
འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གྱི་ཚོགས་མ་ཞིག་པ། ཉན་ཐོས་རྣམས་ལ་བསྟན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཡང་ངོ་མཚར་སྐྱེས་ནས་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། ཁྲོམ་གྱི་རུ་པ་དང་། གྲོང་མི་དང་། ཡུལ་
མི་རྣམས་དང་། ལྷན་ཅིག་ཆས་སོ། །དེ་བཞིན་དུ་ལུས་འཕགས་པོ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། དྲང་སྲོང་སྦྱིན་དང་། སོ་ཕག་མཁན་རྙིང་པ་དག་དང་། རི་དགས་འཛིན་གྱི་མ་ས་ག་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་ངོ་མཚར་སྐྱེས་ཏེ་ཆས་སོ། །

ཁ་ཅིག་སྔོན་གྱི་དགེ་བའི་རྩ་བས་ཡང་དག་པར་བསྐུལ་བ་དང་། ཇི་ཙམ་ན་དེ་མི་སྣང་བར་གྱུར་ཏོ། །དེ་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གི་རིང་བསྲེལ་གྱི་ཚོགས་མ་ཞིག་པ་ནུབ་པར་གྱུར་ཏོ་ཞེས་ཐོས་
སོ། །ཐོས་ནས་ཀྱང་ཡང་དེ་རྣམས་ཀྱིས་བདག་ཅག་འདིར་ལྷགས་པ་དག་ནི་དོན་མེད་པར་གྱུར་ཏོ་ཞེས་སྡུག་བསྔལ་དང་། ཡིད་མི་བདེ་བ་སྐྱེས་སོ། །དགེ་བསྙེན་ཞིག་གིས་ས་ཕྱོགས་དེར་བསྐོར་བ་བྱས་ནས་སེམས་ལ་སེམས་ཀྱིས་འདི་སྙམ་དུ་མངོན་པར་འདུས་བྱས་ཏེ།
བདག་གིས་འདི་ལ་གོམ་པ་བོར་བས་བསོད་ནམས་ཇི་སྙེད་ཅིག་ཏུ་འགྱུར་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེའི་འགྱོད་པ་སྐྱེས་པ་བསལ་བའི་ཕྱིར་དང་། དགེ་བསྙེན་དེའི་བསམ་པ་ཡང་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་དེ་གསུངས་པ། མཁས་
པ་གང་ཞིག་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམ་བུའི་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །དགེ་བསྙེན་གཞན་ཞིག་གིས་ཡང་ཕྱོགས་དེར་འཇིམ་པའི་གོང་བུ་གཅིག་བཞག་ནས་སེམས་ཀྱིས་
འདི་སྙམ་དུ་མངོན་པར་འདུས་བྱས་ཏེ། རེ་ཞིག་གོམ་པ་བོར་བའི་བསོད་ནམས་ཀྱང་དེ་སྙེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་ན། འདི་ལ་འཇིམ་པའི་གོང་བུ་བཞག་པའི་བསོད་ནམས་ཇི་སྙེད་ཅིག་ཏུ་འགྱུར་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དེའི་བསམ་པ་
ཐུགས་སུ་ཆུད་ནས་ཚིགས་སུ་བཅད་དེ་གསུངས་པ། གང་ཞིག་རབ་དང་སེམས་ཀྱིས་སངས་རྒྱས་ཀྱི། །མཆོད་རྟེན་ལ་ནི་འཇིམ་གོང་འཇོག་བྱེད་ན། །འཛམ་བུའི་ཆུ་བོའི་གསེར་གྱི་གོང་བུ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །དེ་ཐོས་ནས་སྲོག་ཆགས་བརྒྱ་
སྟོང་ཕྲག་དུ་མ་དག་གིས་ཀྱང་འཇིམ་པའི་གོང་བུ་བཅེར་ཏོ། །གཞན་དག་གིས་དེ་ལ་མེ་ཏོག་སིལ་མས་གཏོར་ནས། སེམས་ཀྱིས་འདི་སྙམ་དུ་མངོན་པར་འདུས་བྱས་པ། རེ་ཞིག་གོམ་པ་བོར་བ་དང་། འཇིམ་པའི་གོང་བུའི་བསོད་ནམས་ཀྱང་དེ་སྙེད་དུ་བཅོམ་ལྡན་

འདས་ཀྱིས་གསུངས་ན། བདག་ཅག་གི་མེ་ཏོག་སིལ་མ་རྣམས་ལ་བསོད་ནམས་ཇི་སྙེད་ཅིག་ཏུ་འགྱུར་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་དེ་གསུངས་པ། གང་ཞིག་རབ་དང་སེམས་ཀྱིས་སངས་རྒྱས་ཀྱི། །
མཆོད་རྟེན་མེ་ཏོག་སིལ་མ་སྤུངས་པས་འཐོར། །འཛམ་བུའི་ཆུ་བོའི་གསེར་གྱི་བྲེ་བོ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །གཞན་དག་གིས་དེ་ལ་མེ་ཏོག་གི་ཕྲེང་བས་བསྐོར་བ་བྱས་ནས་སེམས་ཀྱིས་མངོན་པར་འདུས་བྱས་པ། མེ་ཏོག་སིལ་མ་རྣམས་ཀྱི་བསོད་
ནམས་དེ་སྙེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་ན། བདག་ཅག་གིས་མེ་ཏོག་ཕྲེང་བས་བསྐོར་བ་ལ་བསོད་ནམས་ཇི་སྙེད་ཅིག་ཏུ་འགྱུར་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་དེ་གསུངས་པ། མཁས་པ་གང་
ཞིག་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་མེ་ཏོག་ཕྲེང་བསྐོར་བ། །འཛམ་བུ་ཆུ་བོའི་གསེར་གྱི་སྒྲོམ་དག་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །གཞན་དག་གིས་དེ་ལ་མར་མེའི་ཕྲེང་བ་ཕུལ་ནས། སེམས་ཀྱིས་མངོན་པར་འདུས་བྱས་པ། མེ་
ཏོག་ཕྲེང་བས་བསྐོར་བའི་བསོད་ནམས་དེ་སྙེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་ན། བདག་ཅག་གིས་མེ་མར་ཕུལ་བའི་བསོད་ནམས་ཇི་སྙེད་ཅིག་ཏུ་འགྱུར་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་དེ་གསུངས་པ།
མཁས་པ་གང་ཞིག་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་མར་མེ་འབུལ་བྱེད་ན། །འཛམ་བུའི་ཆུ་བོའི་གསེར་སྲང་བྱེ་བ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །གཞན་དག་གིས་དེ་ལ་དྲིའི་ཆུས་ཆག་ཆག་བཏབ་ནས། སེམས་ཀྱིས་མངོན་པར་
འདུས་བྱས་པ། མར་མེ་ཕུལ་བའི་བསོད་ནམས་དེ་སྙེད་དུ། བཅོམ་ལྡན་འདས་ཀྱིས་གསུངས་ན། བདག་ཅག་གིས་དྲིའི་ཆུས་ཆག་ཆག་བཏབ་པའི་བསོད་ནམས་ཇི་སྙེད་ཅིག་ཏུ་འགྱུར་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་ཐུགས་སུ་

ཆུད་ནས་ཚིགས་སུ་བཅད་དེ་གསུངས་པ། མཁས་པ་གང་ཞིག་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་དྲི་ཆུས་འཐོར་བྱེད་ན། །འཛམ་བུའི་ཆུ་བོའི་གསེར་གྱི་ཕུང་པོ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །གཞན་དག་གིས་དེ་ལ་
གདུགས་དང་། རྒྱལ་མཚན་དང་། འཕན་བཏགས་ནས་སེམས་ཀྱིས་མངོན་པར་འདུས་བྱས་པ་གོམ་པ་བོར་བ་དང་། འཇིམ་གོང་བཞག་པ་དང་། མེ་ཏོག་སིལ་མས་གཏོར་བ་དང་། མེ་ཏོག་ཕྲེང་བས་བསྐོར་བ་དང་། མེ་མར་ཕུལ་བ་དང་། དྲིའི་ཆུས་གཏོར་བའི་
བསོད་ནམས་དེ་སྙེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་ན། བདག་ཅག་གིས་གདུགས་དང་། རྒྱལ་མཚན་དང་། འཕན་བཏགས་པའི་བསོད་ནམས་ཇི་སྙེད་ཅིག་ཏུ་འགྱུར་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་ཐུགས་སུ་ཆུད་ནས་ཚིགས་
སུ་བཅད་དེ་གསུངས་པ། རབ་དང་སེམས་ཀྱིས་སངས་རྒྱས་མཆོད་རྟེན་ལ། །གདུགས་དང་རྒྱལ་མཚན་འཕན་ནི་འདོགས་བྱེད་ན། །གསེར་ནི་རི་བོ་ལྷུན་པོ་དང་མཉམ་པ། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །རྒྱ་མཚོ་ལྟ་བུའི་རྫོགས་སངས་རྒྱས། །དེ་བཞིན་
གཤེགས་པ་ཚད་མེད་པ། །དེད་དཔོན་བླ་ན་མེད་པ་ལ། །ཡོན་དུ་བཤད་པ་དེ་ཡིན་ནོ། །དེ་རྣམས་འདི་སྙམ་དུ་དེ་ལ་རེ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ལ་བྱ་བ་བྱས་པའི་བསོད་ནམས་དེ་སྙེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་ན། བཞུགས་པ་
ལ་བསོད་ནམས་ཇི་སྙེད་ཅིག་ཏུ་འགྱུར་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་དེ་གསུངས་པ། འདི་ན་སེམས་རབ་དང་བྱས་ནས། །གང་ཞིག་བཞུགས་དང་གང་ཞིག་ནི། །མྱ་ངན་འདས་ལ་མཆོད་བྱེད་པ། །
བསོད་ནམས་མཉམ་སྟེ་ཁྱད་པར་མེད། །འདི་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་རྣམས་ཀྱི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་འཁོར་ལོ་

ཐོགས་པ་མེད་པ་སྐོར་བ་བསམ་གྱིས་མི་ཁྱབ་པ་དེ་དག་གི་ཡོན་ཏན་ནི་རྟོགས་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་ལ་གང་ཐོས་ན་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མས་ཁྱད་པར་ཆེན་པོ་ཐོབ་སྟེ། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་
ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་དྲོ་བར་གྱུར་པ་ཐོབ། ཁ་ཅིག་གིས་ནི་རྩེ་མོ། །ཁ་ཅིག་གིས་ནི་བདེན་པ་དང་མཐུན་པའི་བཟོད་
པ་དག །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་
བྱས། འཁོར་དེ་ལས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་པར་བཀོད་པ་དེ་ལྟ་བུའི་ཆོས་བཤད་པ་མཛད་དོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ཕྱོགས་དེ་ཉིད་དུ་དུས་སྟོན་བཙུགས་པ་དང་། དེ་ནས་ཆུ་མངས་དུས་
སྟོན་ཅན་ཆུ་མངས་དུས་སྟོན་ཅན་ཞེས་བྱ་བར་གྲགས་སོ། །དེ་ནས་བཅོམ་ལྡན་འདས་ཡུལ་ཀོ་ས་ལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་
བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀོ་ས་ལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བདག་གི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་
ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་

དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད་ཅེས་བྱ་བ་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྟན་ལས་ལངས་
ཏེ་ཞེས་བྱ་བ་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ་ཞེས་བྱ་
བ་ནས། གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས། ནང་པར་སྔར་ལངས་ཏེ་གདན་བཏིང་ནས་ནོར་བུའི་ཆུ་སྣོད་སྟ་གོན་བྱས་ནས་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་ལགས་
ཤིང་མཆིས་ན་བཅོམ་ལྡན་འདས་དེའི་དུས་ལ་བབ་པར་དགོངས་སུ་གསོལ། །སྒོ་སྲུངས་ཀྱི་མི་ལ་བསྒོ་བ། ཀྱེ་ནང་རྗེ་རེ་ཞིག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་མ་གསོལ་གྱི་བར་དུ་གཞན་མུ་སྟེགས་པ་དག་ནང་དུ་མ་བཏང་ཞིག །དེའི་འོག་ཏུ་མུ་སྟེགས་པ་
རྣམས་ལ་སྦྱིན་ནོ། །ཇོ་བོ་བཀའ་བཞིན་འཚལ་ཞེས་སྒོ་སྲུངས་ཀྱི་མིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལས་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་
གྱིས་མདུན་གྱིས་བལྟས་ནས་ཞེས་བྱ་བ་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དགོན་པའི་གནས་མལ་ཞིག་ནས་སྐྲ་དང་ཁ་སྤུ་རིང་ཞིང་ཆོས་
གོས་ངན་པ་ཞིག་གྱོན་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ཏེ། དེས་བལྟས་ན་རྒྱལ་བྱེད་ཀྱི་ཚལ་སྟོང་པར་འདུག་ནས་དེས་དགེ་སྐོས་ལ་དྲིས་པ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གང་དུ་བཞུད། དེས་སྨྲས་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྤྱན་དྲངས་སོ། །དེས་བསམས་

པ། དེ་ཉིད་དུ་བསོད་སྙོམས་བཟའ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བྱའོ་སྙམ་ནས། དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་སོང་བ་དང་། སྒོ་སྲུངས་ཀྱིས་སྨྲས་པ། འཕགས་པ་ནང་དུ་མ་བཞུད་པར་གཞེས་ཤིག །ཅིའི་ཕྱིར་ཁྱིམ་བདག་
མགོན་མེད་ཟས་སྦྱིན་གྱི་མཆིད་ནས་རེ་ཞིག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་མ་གསོལ་གྱི་བར་དུ་གཞན་མུ་སྟེགས་པ་དག་ནང་དུ་མ་བཏང་ཞིག །དེའི་འོག་ཏུ་མུ་སྟེགས་པ་རྣམས་ལ་སྦྱིན་ནོ་ཞེས་བསྒོ་ལགས་སོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་བསམས་
པ། བྲམ་ཟེ་དང་ཁྱིམ་བདག་དག་གིས་བདག་ལ་དགེ་སྦྱོང་ཤཱཀྱའི་སྲས་ཀྱི་ཡིན་ནོ་ཞེས་བྱ་བར་མ་ཤེས་པ་དེ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་ཀྱིས་སོང་ལ་སྐྱེ་བོ་བཀྲེན་པ་རྣམས་ལ་སྙིང་རྗེ་བྱའོ་སྙམ་དུ་བསམས་ཏེ་སྐྱེད་མོས་ཚལ་དུ་སོང་ནས་དེས་བསམས་པ། དེང་བདག་གིས་སུ་ཞིག་རྗེས་
སུ་གཟུང་བར་བྱ་སྙམ་པ་དང་། རེ་ཞིག་ཅིག་ན་གྲོང་ཕྱི་ཉུག་མ་མཛེས་ཐེབས་པ་ལུས་ཞིགས་ཤིང་ལུས་ལས་རྣག་ཁྲག་འཛག་པ་ཞིག་སློང་མོ་ལ་རྒྱུ་ཞིང་འདུག་ནས་དེའི་དྲུང་དུ་དེ་སོང་བ་དང་དེས་ཀྱང་བསླངས་ན་འབྲས་ཁུ་ཞིག་རྙེད་ནས། དེས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལུས་མཛེས་པ་དང་སེམས་དང་
ཞིང་སྤྱོད་ལམ་ཞི་བར་མཐོང་ནས་དེས་བསམས་པ། ངེས་པར་བདག་གིས་ཡོན་གནས་འདི་ལྟ་བུ་ལ་བྱ་བ་མ་བྱས་པས་དེས་ན་བདག་འདི་ལྟ་བུའི་གནས་སུ་གྱུར་གྱིས། གལ་ཏེ་འཕགས་པ་འོད་སྲུང་ཆེན་པོས་བདག་ལ་ཐུགས་བརྩེ་བའི་ཕྱིར་འབྲས་ཁུ་བཞེས་ན་བདག་གིས་འདི་དབུལ་ལོ་སྙམ་པ་
དང་། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དེའི་བསམ་པ་སེམས་ཀྱིས་ཤེས་ནས་ལྷུང་བཟེད་བཟེད་དེ། སྲིང་མོ་གལ་ཏེ་ཁྱོད་ཀྱིས་བཏང་བ་ཡིན་ན་ལྷུང་བཟེད་འདིར་ལུགས་ཤིག །དེ་ནས་དེས་སེམས་མངོན་པར་དད་པར་བྱས་ནས་ལྷུང་བཟེད་དེར་བླུགས་པ་དང་སྦྲང་མ་ཞིག་ལྷུང་ངོ་། །
དེས་དེ་དབྱུང་བར་བརྩམས་པ་དང་། འབྲས་ཁུ་དེའི་ནང་དུ་སོར་མོ་གཅིག་ཆད་དེ་ལྷུང་ངོ་། །དེས་བསམས་པ། འཕགས་པས་བདག་གི་སེམས་བསྲུང་བའི་ཕྱིར་མ་ཕོར་ཟད་ཀྱི་འོན་ཀྱང་གསོལ་ནི་མི་གསོལ་ལོ་སྙམ་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དེའི་བསམ་པ་སེམས་ཀྱིས་ཤེས་ནས་

དེའི་མངོན་སུམ་ཁོ་ནར་འབབ་པའི་རྩིག་དྲུང་ཞིག་ཏུ་འདུག་ནས་འཐུངས་པ་དང་། དེས་བསམས་པ། ཅུང་ཟད་དུ་ན་བདག་གི་སེམས་བསྲུང་བའི་ཕྱིར་གསོལ་གྱི། འོན་ཀྱང་འདིས་ཟས་ཀྱི་གོ་ཆོད་པར་ནི་མ་བྱས་སོ་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་
དེའི་བསམ་པ་སེམས་ཀྱིས་ཤེས་ནས་གྲོང་ཕྱི་ཉུག་མ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་རབ་ཏུ་དགའ་བ་སྐྱེད་ཅིག་དང་ཁྱོད་ཀྱིས་བྱིན་པའི་ཟས་འདིས་ཁོ་བོ་ཉིན་ཞག་གཅིག་འདའ་བར་བྱའོ། །དེ་ལྷག་པར་དགའ་བ་སྐྱེས་ནས་བདག་གིས་འཕགས་པ་འོད་སྲུང་ཆེན་པོ་ལ་བསོད་སྙོམས་
བསྟབས་ན་བཞེས་སོ་སྙམ་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་སེམས་དང་བ་བསྐྱེད་ནས་ཤི་བས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེས་འབྲས་ཁུ་ཞིག་ཕུལ་ནས་སེམས་མངོན་པར་དད་པར་བྱས་ནས་ཤི་བ་ནི་མཐོང་ན་གང་དུ་སྐྱེས་པ་མ་མཐོང་ནས།
དེས་སེམས་ཅན་དམྱལ་བར་བརྟག་པར་བརྩམས་ན་ཡང་མ་མཐོང་། དུད་འགྲོ་དང་། ཡི་དགས་དང་། མི་དང་། རྒྱལ་ཆེན་བཞིའི་རིས་དང་། སུམ་བཅུ་རྩ་གསུམ་པ་རྣམས་སུ་ཡང་མ་མཐོང་སྟེ། འདི་ལྟར་ལྷ་རྣམས་ཀྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་གི་གོང་དུ་མི་འཇུག་གོ།(།,) །།
འདུལ་བ་གཞི། བམ་པོ་བཞི་བཅུ་པ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། འོད་སྲུང་བདག་ཉིད་ཆེན་པོ་ཅན། །བསོད་སྙོམས་ཕྱིར་ནི་རྒྱུ་བ་ན། །འོད་སྲུང་
འབྲས་ཁུ་ཕུལ་བ་ཡི། །བུད་མེད་དེ་ནི་གར་དགའ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་ལྡན་ཞེས་བྱའི་ལྷ་དེ་རྣམས། །འདོད་པ་ཐམས་ཅད་འབྱོར་པ་སྟེ། །འོད་སྲུང་འབྲས་ཁུ་ཕུལ་བ་ཡི། །བུད་མེད་དེ་ནི་དེ་ན་དགའ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་
བྱིན་འདི་སྙམ་དུ་སེམས་ཏེ། རེ་ཞིག་མི་འདི་དག་ནི་བསོད་ནམས་མངོན་སུམ་དུ་མ་མཐོང་ན་ཡང་སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་ན། བདག་བསོད་ནམས་དག་མངོན་སུམ་དུ་མཐོང་ཞིང་རང་གི་བསོད་ནམས་ཀྱི་འབྲས་བུ་ལ་གནས་པ་གོ་ཅིའི་ཕྱིར་སྦྱིན་པ་དག་མི་གཏང་བསོད་ནམས་

དག་མི་བྱ་སྙམ་ནས། འཕགས་པ་འོད་སྲུང་ཆེན་པོ་འདི་སྡུག་པ་དང་། མགོན་མེད་པ་དང་། བཀྲེན་པ་དང་། ཕོངས་པ་ལ་ཐུགས་བརྩེ་བ་ཡིན་གྱིས། མ་ལ་བདག་གིས་འདི་ལ་བསོད་སྙོམས་བསྟབ་པར་བྱའོ་སྙམ་དུ་བསམས་ནས། བཀྲེན་པའི་སྲང་དུ་ཁྱིམ་ཤག་ཤིག་ཏུ་འདུག་པ།
ལྷང་ལྷོང་རྡོལ་བ་ཤིན་ཏུ་མི་བཟད་པ་ཞིག་སྤྲུལ་ནས། བདག་ཉིད་ཐག་པ་སྐྲ་ཡེགས་པ། ཤ་ནའི་རས་ཀྱི་སྨད་གཡོགས་གྱོན་པ། རྐང་ལག་སེར་ག་བྱུང་བ་ཞིག་ཏུ་སྤྲུལ་ནས་རས་འཐག་པར་བརྩམས་སོ། །ལྷ་མོ་བདེ་སོགས་ཀྱང་ཐག་པའི་ཆུང་མའི་ཆ་བྱད་དུ་བྱས་ནས་རས་སྐུད་
འཇུ་བར་བརྩམས་སོ། །དེའི་ཕྱོགས་གཅིག་ཏུ་ནི་ལྷའི་ཞལ་ཟས་ཞིག་སྟ་གོན་བྱས་ཏེ་བཞག་པ་དང་། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བཀྲེན་པ་དང་། མགོན་མེད་པ་དང་། ཕོངས་པའི་སྐྱེ་བོ་རྣམས་ལ་རྗེས་སུ་བརྩེ་བའི་ཕྱིར་རིམ་གྱིས་ཁང་པ་དེར་ཕྱིན་ནས་འདི་ནི་སྡུག་བསྔལ་
བ་ཞིག་གོ་ཞེས་ལྷུང་བཟེད་བཟེད་ནས་སྒོར་བསྡད་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་ཞལ་ཟས་ཀྱིས་བཀང་ངོ་། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འདི་སྙམ་དུ་འདིའི་ཟས་ལྷའི་བདུད་རྩི་ལ་ཁྱིམ་གྱི་སྤུངས་ནི་འདི་ཙམ་པས་ཤིན་ཏུ་འགལ་ལོ་ཞེས་བསམས་ཏེ། བདག་
གི་སྙིང་ལ་ཐེ་ཚོམ་སྐྱེས་པ། འདི་ནི་ཆོས་ཉིད་ཡིན་ཏེ། དགྲ་བཅོམ་པ་རྣམས་ནི་མ་བསམས་པར་ཡེ་ཤེས་མཐོང་བ་མི་འཇུག་པས་བསམ་པ་ལ་ཞུགས་པ་དང་། ཇི་ཙམ་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡིན་པར་མཐོང་ནས་དེས་སྨྲས་པ། ཀཽ་ཤི་ཀ་འདི་ལྟར་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་ཀྱི་ཡུན་རིང་པོ་ནས་རྗེས་སུ་འབྲེལ་པའི་ཐེ་ཚོམ་དང་སོམ་ཉིའི་ཟུག་རྔུ་རྩ་ནས་ཕྱུང་ཟིན་ན་ཅིའི་ཕྱིར་སྐྱེ་བོ་སྡུག་བསྔལ་བའི་བར་ཆད་བྱེད། འཕགས་པ་འོད་སྲུང་ཆེན་པོ་སྐྱེ་བོ་སྡུག་བསྔལ་བའི་བར་ཆད་ཅི་སྟེ་བགྱིད། རེ་
ཞིག་མི་འདི་རྣམས་ནི་བསོད་ནམས་དག་མངོན་སུམ་དུ་མ་མཐོང་ན་ཡང་སྦྱིན་པ་དག་གཏོང་། བསོད་ནམས་དག་བགྱིད་ན། བདག་བསོད་ནམས་དག་མངོན་སུམ་དུ་མཐོང་ཞིང་རང་གི་བསོད་ནམས་ཀྱི་འབྲས་བུ་ལ་གནས་པ་གོ་ཅིའི་ཕྱིར་སྦྱིན་པ་དག་མི་གཏང་། བསོད་ནམས་དག་མི་

བགྱིད། བཅོམ་ལྡན་འདས་ཀྱིས་ཀྱང་། བསོད་ནམས་དག་ནི་བྱ་དགོས་ཏེ། །བསོད་ནམས་མ་བྱས་སྡུག་བསྔལ་འགྱུར། །བསོད་ནམས་དག་ནི་བྱས་པ་ཡིས། །འཇིག་རྟེན་འདི་དང་ཕ་རོལ་དགའ། །ཞེས་མ་གསུངས་སམ། དེ་ཕྱིན་ཆད་ཚེ་དང་ལྡན་པ་
འོད་སྲུང་ཆེན་པོ་བསམས་ནས་ཁྱིམ་རྣམས་སུ་བསོད་སྙོམས་ལ་འགྲོ་བར་བརྩམས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནམ་མཁའ་ལ་འདུག་བཞིན་དུ་ལྷའི་ཞལ་ཟས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་གི་ལྷུང་བཟེད་འགེངས་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ལྷུང་བཟེད་ཁས་
བུབ་པས་བཟའ་བ་དང་བཏུང་བ་བོར་བར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་རྗེས་སུ་གནང་གིས་ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱའོ། །གྲོང་ཕྱི་ཉུག་མ་ཆེ་གེ་མོ་ཞེས་བྱ་བས་
འཕགས་པ་འོད་སྲུང་ཆེན་པོ་ལ་འབྲས་ཁུ་གསོལ་ནས་དེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་རིས་སུ་སྐྱེས་སོ་ཞེས་ཀུན་དུ་སྒྲ་གྲགས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་གྲོང་ཕྱི་ཉུག་མ་ཆེ་གེ་མོ་ཞེས་བྱ་བས་འཕགས་པ་འོད་སྲུང་ཆེན་པོ་ལ་འབྲས་ཁུ་གསོལ་ནས་དགའ་ལྡན་གྱི་
ལྷའི་རིས་སུ་སྐྱེས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་
གསལ་རྒྱལ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད་ཅེས་བྱ་བ་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྟན་ལས་
ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཕགས་པ་འོད་སྲུང་ཆེན་པོའི་སླད་དུ་དགུང་བདུན་དུ་བདག་

གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་
གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཏིང་ནས་ནོར་བུའི་ཆུ་སྣོད་བཞག་ནས་བཅོམ་
ལྡན་འདས་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་པ་ཞེས་བྱ་བ་ནས། རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །མུ་ལྟོ་བ་ཞིག་རྒན་གྲལ་ལོགས་ན་འདུག་པ་རྒྱལ་པོ་འདི་བསོད་ནམས་དག་མངོན་སུམ་དུ་མཐོང་ཞིང་རང་གི་བསོད་ནམས་ཀྱི་འབྲས་བུ་
ལ་གནས་པ་ཡིན་པས་བསོད་ནམས་དག་གིས་ངོམས་མི་ཤེས་པར་སྦྱིན་པ་དག་གཏོང་བསོད་ནམས་དག་བྱེད་དོ་ཞེས་སེམས་མངོན་པར་དད་པར་གྱུར་ཏོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྣམ་གྲངས་དུ་མར་གཙང་ཞིང་བསོད་
པའི་བཟའ་བ་དང་བཅའ་བ་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སུའི་མིང་ནས་བརྗོད་དེ་ཡོན་བསྔོ་བ་བྱ། ཅི་ཁྱོད་ཀྱི་འམ། འོན་ཏེ་ཁྱོད་པས་བསོད་ནམས་ཆེས་མང་དུ་བསྐྱེད་པ་གང་ཡིན་པ་ཞིག་གི། རྒྱལ་པོས་བསམས་པ་བདག་གི་བསོད་སྙོམས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་ལོངས་སྤྱད་པས་བདག་
བས་བསོད་ནམས་ཆེས་མང་དུ་བསྐྱེད་པ་གཞན་ལྟ་སུ་ཡོད་སྙམ་དུ་བསམས་ནས་གསོལ་པ། བཅོམ་ལྡན་འདས་བདག་པས་བསོད་ནམས་ཆེས་མང་དུ་བསྐྱེད་པ་གང་ལགས་པ་དེའི་མིང་ནས་བརྗོད་ཅིང་བཅོམ་ལྡན་འདས་ཀྱིས་ཡོན་བསྔོ་བ་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་མུ་ལྟོ་བ་

དེའི་མིང་ནས་བརྗོད་ཅིང་ཡོན་བསྔོ་བ་མཛད་དོ། །དེ་བཞིན་དུ་ཉི་མ་དྲུག་གི་བར་དུ་མཛད་པ་དང་། ཉི་མ་དྲུག་པ་ལ་རྒྱལ་པོ་ལག་པ་ལ་འགྲམ་པ་གཏད་ནས། བཅོམ་ལྡན་འདས་ནི་བདག་གི་བསོད་སྙོམས་ལོངས་སྤྱད་ཅིང་ཡོན་བསྔོ་བ་ནི་མུ་ལྟོ་བའི་མིང་ནས་བརྗོད་ནས་མཛད་དོ་
སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དེ་བློན་པོ་རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་དེ་ཐུགས་མི་དགྱེས་ཤིང་བཞུགས། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ད་ལྟར་བཅོམ་ལྡན་འདས་ནི་ངའི་བསོད་སྙོམས་ཡོངས་སུ་ལོངས་སྤྱད་ན་ཡོན་
བཤད་པ་ནི་མུ་ལྟོ་བའི་མིང་ནས་བརྗོད་ཅིང་མཛད་ན། ཅི་སྟེ་སེམས་ཁོང་དུ་ཆུད་ཅིང་མི་འདུག །དེ་ནས་བློན་པོ་རྒན་པོ་ཞིག་གིས་སྨྲས་པ། ལྷ་ཐུགས་ཁྲལ་ཆུང་ངུར་བཞུགས་ཤིག་དང་བདག་གིས་སང་ཅི་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ལྷ་ཁོ་ནའི་མཚན་ནས་བརྗོད་དེ་ཡོན་བསྔོ་བ་མཛད་པ་
དེ་ལྟར་བགྱིའོ། །དེས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཁྱེད་ཀྱིས་སང་ཁ་ཟས་ཆེས་བསོད་པ་དང་རབ་ཏུ་མང་པོ་སྟ་གོན་གྱིས་ལ་བྲིམ་པ་ཡང་འདི་ལྟར་ཅི་ནས་ཀྱང་ཕྱེད་ནི་དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ནང་དུ་འགྲོ་ལ། ཕྱེད་ནི་ས་ལ་འབོ་བར་གྱིས་ཤིག །དེ་དག་གིས་ཕྱི་དེ་ཉིན་ཁ་ཟས་ཆེས་བསོད་
པ་དང་། ཆེས་རབ་ཏུ་མང་བ་བཤམས་ཏེ། དེ་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལེགས་པར་བཞུགས་པར་རིག་ནས་བྲིམ་པར་བརྩམས་ཏེ། ཕྱེད་ནི་དགེ་སློང་རྣམས་ཀྱི་ལྷུང་བཟེད་དུ་བླུགས། ཕྱེད་ནི་ས་ལ་ཕོའོ། །དེ་ནས་མུ་ལྟོ་བས་ས་ལ་ཕོ་བ་རྣམས་བསྡུ་བའི་ཕྱིར་བརྒྱུགས་པ་དང་
དེ་ཕྱག་ཚང་འབྲིམ་པ་དག་གིས་སླར་བསྐྲད་དོ། །དེ་ནས་མུ་ལྟོ་བ་དེས་སྨྲས་པ། གལ་ཏེ་རྒྱལ་པོ་འདི་ལ་ནོར་རྫས་རབ་ཏུ་མང་པོ་ཡོད་ན་བདག་ཅག་ལྟ་བུ་སྡུག་བསྔལ་བ་སློང་བ་གང་ཡིན་པ་དེ་དག་ལ་ཅིའི་ཕྱིར་མི་སྦྱིན། ཁ་ཟས་འདི་བོར་བ་ཅི་ཕན་ཞེས་མུ་ལྟོ་བ་དེ་སེམས་འཁྲུགས་པས་སྔོན་གྱི་ཇི་ལྟ་བ་དེ་
ལྟར་སེམས་དད་པར་བྱ་མ་ནུས་སོ། །དེ་ནས་རྒྱལ་པོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་རྣམས་གདུགས་ཚོད་གསོལ་ཟིན་པ་དང་། བཅོམ་ལྡན་འདས་བདག་གི་མིང་ནས་སྨོས་ཏེ་ཡོན་བསྔོ་བ་ནི་མི་མཛད་དོ་སྙམ་དུ་བསམས་ནས་ཡོན་བསྔོ་བ་མ་མཉན་པ་ཁོ་ནར་ཁྱིམ་དུ་སོང་ངོ་། །

དེ་ནས་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་མིང་ནས་སྨོས་ཏེ་ཡོན་བསྔོས་པ་འདི་སྐད་དུ་མཛད་དེ། གླང་པོ་རྟ་དང་ཤིང་རྟ་དཔུང་བུ་ཆུང་། །ཞོན་ནས་གྲོང་ཁྱེར་ཡུལ་བཅས་འཁོལ་བྱེད་པ། །ཟན་དྲོན་ལན་ཚྭ་དག་གིས་མ་བཏབ་ཅིང་། །སྣུམ་བག་མེད་པའི་མ་ཐུ་ནི་ཡིན་པར་
ལྟོས། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཕོ་བྲང་དུ་གདུགས་ཚོད་ལན་མང་དུ་གསོལ་ནས་མིང་ནས་བརྗོད་དེ་ཡོན་བསྔོ་བ་མཛད་ན། འད