Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 002_འདུལ་བ།_ཁ

Văn bản gốc(Tây Tạng)

Trang 11 / 20 (50.000 ký tự/trang)
ི་ལྟ་བུའི་ཡོན་བསྔོ་བ་མཛད་
པ་ནི་བདག་གིས་སྔོན་ཆད་ནི་ལན་འགའ་ཡང་མ་ཐོས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ནས་ཀྱི་དར་ཐུག་ལན་ཚྭས་མ་བཏབ་པ་ལ་བརྩམས་ཏེ་ལས་ཀྱི་རྒྱུ་བ་ཁྱོད་ཉན་པར་འདོད་དམ། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་ལགས་སོ། །
བདེ་བར་གཤེགས་པ་ད་དེའི་དུས་ལ་བབ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ནས་ཀྱི་དར་ཐུག་ལན་ཚྭས་མ་སྩལ་བ་ལས་བརྩམས་ཏེ་ལས་ཀྱི་རྒྱུ་བ་བཤད་པ་བཅོམ་ལྡན་འདས་ལས་དགེ་སློང་རྣམས་ཀྱིས་ཐོས་ནས་འཛིན་པར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་ཁྱིམ་བདག་ཅིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་
བྱེད་པ་ལས་བུ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ཞེས་བྱ་བ་ནས་བསྐྱེད་བསྲིངས་ཏེ་དེ་ཆེན་པོར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །ཇི་ཙམ་ན་ཁྱིམ་བདག་དེས་ཆུང་མ་ལ་སྨྲས་པ། བཟང་མོ་བདག་ཅག་གི་བུ་ལོན་དེད་པ་དང་། ནོར་འཕྲོག་པ་སྐྱེས་ཀྱིས་བདག་ཟོང་ཐོགས་ཏེ་ཡུལ་གཞན་
དུ་འགྲོའོ། །དེས་སྨྲས་པ། རྗེའི་སྲས་དེ་བཞིན་མཛོད་ཅིག །དེས་ཟོང་ཐོགས་ཏེ་ཡུལ་གཞན་ཞིག་ཏུ་སོང་བ་ལས་དེ་དེ་ཉིད་དུ་མ་སྟེས་ཏེ་ཤི་བར་གྱུར་ཏོ། །དེ་ཆེད་པོ་མི་བདོག་པ་ཞིག་པས་དེའི་ཁྱིམ་གྱི་ནོར་རྣམས་ཟད་པས་དེའི་བུ་ཡང་སྡུག་བསྔལ་བར་གྱུར་པ་དང་། ཁྱིམ་བདག་དེའི་སྟེན་གྲོགས་ཤིག་

ཡོད་པ་དེས་དེ་ལ་སྨྲས་པ། ཁྱེའུ་ཁོ་བོའི་ཞིང་ལས་དག་བྱོས་ཤིག་དང་ངས་ཁྱོད་ཀྱི་ཟན་སྦྱར་བར་བྱའོ། །དེས་དེའི་ཞིང་ལས་དག་བྱ་བར་བརྩམས་ནས་དེས་ཀྱང་དེའི་ཟན་སྦྱར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་དུས་སྟོན་ལ་བབ་ནས་ཁྱེའུ་དེའི་མས་བསམས་པ། དེང་ནི་
ཁྱིམ་བདག་གི་ཆུང་མ་མཛའ་བཤེས་དང་གཉེན་དང་ཉེ་དུ་དང་། དགེ་སྦྱོང་དང་། བྲམ་ཟེའི་སྐྱེ་བོ་རྣམས་ཟན་སྦྱིན་པས་བྲེལ་བར་འགྱུར་གྱིས། སྔ་འཚོགས་སུ་སོང་ལ་ཁྱེའུ་དེའི་ཟན་བསྐྱལ་ལོ་སྙམ་ནས། དེ་སྔ་འཚོགས་སུ་སོང་ནས་ཁྱིམ་བདག་གི་ཆུང་མ་ལ་དོན་དེ་དག་གོ་བར་བྱས་པ་དང་དེ་ཁྲོས་
ནས་སྨྲས་པ། རེ་ཞིག་དགེ་སྦྱོང་དང་། བྲམ་ཟེ་དང་། ཉེ་དུ་རྣམས་ཀྱང་ད་དུང་མ་བྱིན་པར་མངག་གཞུག་པ་ཁྱེའུ་ལ་སྦྱིན་ནམ། རེ་ཞིག་དེ་རིང་ནི་སྡོད་ཅིག །སང་ཉིས་འགྱུར་དུ་སྦྱིན་ནོ། །དེ་ནས་ཁྱེའུ་དེའི་མས་བསམས་པ། ཁྱེའུ་བཀྲེས་པར་མ་གྱུར་གྲང་སྙམ་ནས་བདག་ཉིད་ཀྱི་ནས་ཀྱི་ཟན་དྲོན་ལན་
ཚྭས་མ་བཏབ་པ་འདི་བསྐྱལ་ལོ་སྙམ་མོ། །དེས་དེ་ཁྱེར་ནས་ཞིང་ཐོག་ཏུ་སོང་བ་དང་ཁྱེའུ་དེས་དེ་རྒྱང་མི་རིང་བ་ཞིག་ནས་མཐོང་ནས་དེས་སྨྲས་པ། ཡུམ་ཞིམ་པོ་ཅུང་ཟད་མ་མཆིས་སམ། དེས་སྨྲས་པ། བུ་དེ་རིང་ནི་ཟན་ནར་མ་གང་ཡིན་པ་ཉིད་ཀྱང་མེད་དོ། །ཡུམ་ཅི་སྟེ་ལགས། དེས་བུ་ལ་ཁྱིམ་བདག་གི་
ཆུང་མ་ཇི་སྐད་དུ་ཟེར་བ་དེ་དག་ཐམས་ཅད་རྒྱས་པར་བསྙད་ནས་ཟན་དྲོན་ལན་ཚྭས་མ་བཏབ་པ་འདི་ཡང་ཁོ་མོ་ཉིད་ཀྱིས་ཁྱེར་ཏེ་འོངས་ཀྱིས། བུ་འདི་ཟོ་ཤིག་ཅེས་སྨྲས་པ་དང་། དེས་སྨྲས་པ། ཞོག་ལ་བཞུད་ཅིག །དེས་བཞག་སྟེ་སོང་ངོ་། །སངས་རྒྱས་རྣམས་འབྱུང་བ་མེད་པ་ན་འཇིག་རྟེན་དུ་རང་སངས་
རྒྱས་དམན་ཞིང་ངན་པ་ལ་སྙིང་བརྩེ་བ་ཅན། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འབྱུང་བར་འགྱུར་བས་ཇི་ཙམ་ན་རང་སངས་རྒྱས་ཤིག་ཕྱོགས་དེར་ཕྱིན་པ་དང་། དེས་དེ་ལུས་མཛེས་པ་དང་། སེམས་དང་བ་དང་། སྤྱོད་ལམ་ཞི་བར་མཐོང་ནས་དེས་བསམས་
པ། གདོན་མི་ཟ་བར་བདག་གིས་ཡོན་གནས་ཡང་དག་པ་འདི་ལྟ་བུ་ལ་བྱ་བ་མ་བྱས་པ་དེས་ན་བདག་འདི་འདྲ་བའི་གནས་སྐབས་སུ་གྱུར་གྱིས། གལ་ཏེ་བདག་ལས་ཟན་དྲོན་ལན་ཚྭས་མ་བཏབ་པ་འདི་བཞེས་ན་བདག་གིས་དེ་ལ་དབུལ་བར་བྱའོ་སྙམ་པ་དང་། དེ་ནས་རང་སངས་རྒྱས་དེས་སྐྱེས་བུ་

བཀྲེན་པ་དེའི་བསམ་པ་སེམས་ཀྱིས་ཤེས་ནས་ལྷུང་བཟེད་བཟེད་དེ། བཞིན་བཟངས་གལ་ཏེ་ཁྱོད་ཀྱིས་བཏང་བ་ཡིན་ན་ལྷུང་བཟེད་འདིར་ཆུག་ཤིག །དེ་ནས་དེས་དད་པ་དྲག་པོས་ཟན་དྲོན་ལན་ཚྭས་མ་བཏབ་པ་རང་སངས་རྒྱས་དེ་ལ་ཕུལ་ལོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་
དུས་ཀྱི་ཁྱེའུ་བཀྲེན་པ་གང་ཡིན་པ་དེ་ནི་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་འདིས་རང་སངས་རྒྱས་ལ་ཟན་དྲོན་ལན་ཚྭས་མ་བཏབ་པ་ཕུལ་བ་གང་ཡིན་པའི་ལས་དེས་ན་ལན་དྲུག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།
མཉན་ཡོད་འདི་ཉིད་དུ་ཡང་ལན་དྲུག་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཏོ། །ལས་ཀྱི་ལྷག་མ་དེ་ཉིད་ཀྱིས་ད་ལྟར་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བར་གྱུར་ཏེ། ངས་འདིའི་ཟན་དྲོན་གྱི་རྣམ་པར་སྨིན་པ་རྫོགས་པ་དེ་ལ་དགོངས་ནས། གླང་པོ་རྟ་དང་ཤིང་རྟ་དཔུང་བུ་ཆུང་། །ཞོན་
ནས་གྲོང་ཁྱེར་ཡུལ་བཅས་འཁོལ་བྱེད་པ། །ཟན་དྲོན་ལན་ཚྭ་དག་གིས་མ་བཏབ་ཅིང་། །སྣུམ་བག་མེད་པའི་མཐུ་ནི་ཡིན་པར་ལྟོས། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཟན་དྲོན་ལན་ཚྭས་མ་བཏབ་པ་ལས་བརྩམས་ནས་ལས་ཀྱི་རྒྱུ་བ་བཤད་དོ་
ཞེས་ཀུན་དུ་སྒྲ་གྲགས་པ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས། དེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་
རྒྱལ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཞེས་བྱ་བ་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་
བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་དགུང་ཟླ་བ་གསུམ་དུ་ན་བཟའ་ཆོས་གོས་དང་བསོད་སྙོམས་དང་། སྙུན་གསོས་ཀྱི་རྐྱེན་

སྨན་གྱི་ཡོ་བྱད་རྣམས་འབུལ་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཟླ་བ་གསུམ་
དུ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས་དགེ་སློང་རེ་རེ་ལ་ཡང་འབུམ་རི་བའི་གོས་རེ་རེ་བསྐོན་ཏེ། འབྲུ་མར་གྱི་བུམ་པ་བྱེ་བ་བསོགས་ནས་མར་མེའི་ཕྲེང་བ་བལྟམ་པར་བརྩམས་སོ། །དེ་ན་གདུགས་ཚོད་ཀྱི་ཁ་དང་། མཆོད་པའི་ཚེ་ཅ་ཅོའི་སྒྲ་ཆེན་པོ་གྲག་པ་དང་། ཅི་ཙམ་ན་གྲོང་ཉུག་མ་ཤིན་ཏུ་
སྡུག་བསྔལ་བ་ཞིག་རྫའི་ཆག་དུམ་ཞིག་ཐོགས་ཏེ་སློང་བ་ལ་ཞུགས་པ་དེས་སྒྲ་ཆེན་པོ་དང་སྒྲ་མཐོན་པོ་ཐོས་སོ། །ཐོས་ནས་ཀྱང་དྲིས་པ། ཤེས་ལྡན་དག་སྒྲ་མཐོན་པོ་དང་སྒྲ་ཆེན་པོ་འདི་ཅི་ཞིག་ཡིན། གཞན་དག་གིས་སྨྲས་པ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་
འདུན་ལ་ཟླ་བ་གསུམ་དུ་གདུགས་ཚོད་གསོལ་ནས་དགེ་སློང་རེ་རེ་ལ་ཡང་འབུམ་རི་བའི་གོས་རེ་རེ་བསྐོན་ཏེ། འབྲུ་མར་གྱི་བུམ་པ་བྱེ་བ་བསོགས་ཏེ་མར་མེའི་ཕྲེང་བ་གཏོང་བར་རྩོམ་པ་ཡིན་ནོ། །དེ་ནས་གྲོང་ཉུག་མ་དེ་འདི་སྙམ་དུ་སེམས་ཏེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འདི་བསོད་ནམས་ཀྱིས་
ངོམས་མི་ཤེས་ནས་ད་དུང་ཡང་སྦྱིན་པ་དག་གཏོང་བསོད་ནམས་དག་བྱེད་ན། མ་ལ་བདག་གིས་ཀྱང་འགའ་ཞིག་ལས་བསླངས་ལ་བཅོམ་ལྡན་འདས་ལ་མེ་མར་ཞིག་བལྟམ་མོ་སྙམ་ནས། དེས་བསླངས་པའི་འབྲུ་མར་ཉུང་ཟད་སྣོད་གྱོ་རལ་གྱི་ནང་དུ་བླུགས་ཏེ་བཅོམ་ལྡན་འདས་ཀྱི་འཆག་སའི་སླད་དུ་མར་
མེ་བལྟམ་ནས། ཞབས་གཉིས་ལ་གཏུགས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ཇི་ལྟར་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་འཇིག་རྟེན་དུ་བྱུང་བ་དེ་བཞིན་དུ་བདག་ཀྱང་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཁོ་ནར་འགྱུར་ཞིང་། ཡང་ཇི་
ལྟར་འདིའི་ཟུང་མཆོག་དང་ཟུང་བཟང་པོ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། ཉེ་གནས་དགེ་སློང་ཀུན་དགའ་བོ་དང་། ཡབ་ཟས་གཙང་དང་། ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་དང་། སྲས་གཞོན་ནུ་སྒྲ་ཅན་ཟིན་བཟང་པོ་དང་། གྲོང་ཁྱེར་སེར་སྐྱའི་གཞི་ལགས་པ་དེ་བཞིན་དུ་བདག་གི་ཡང་ཟུང་མཆོག་དང་ཟུང་བཟང་

པོ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། ཉེ་གནས་དགེ་སློང་ཀུན་དགའ་བོ་དང་། ཡབ་ཟས་གཙང་དང་། ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་དང་། སྲས་གཞོན་ནུ་སྒྲ་ཅན་ཟིན་བཟང་པོ་དང་། གྲོང་ཁྱེར་སེར་སྐྱའི་གཞིར་འགྱུར་ཞིང་ཇི་ལྟར་ཡང་བཅོམ་ལྡན་འདས་འདི་སྐུ་གདུང་གསེས་ནས་ཡོངས་སུ་མྱ་
ངན་ལས་འདས་པ་དེ་བཞིན་དུ་བདག་ཀྱང་སྐུ་གདུང་གསེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་བྱས་སོ། །ཇི་ཙམ་ན་མར་མེ་དེ་དག་ཐམས་ཅད་ནི་ཤིའོ། །དེས་བཏང་བའི་མར་མེ་ནི་འབར་ཞིང་འདུག་གོ། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་སྲིད་ནང་དུ་ཡང་དག་
མ་བཞག་པ་དེ་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉེ་གནས་རྣམས་ནང་དུ་ཡང་དག་མི་འཇོག་པས་ཚེ་དང་ལྡན་པ་ཀུན་དགའ་བོས་བསམས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་འོད་ལ་མནལ་བར་མཛད་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པས་མ་ལ་བདག་གིས་མར་མེ་དེ་གསད་
པར་བྱའོ་སྙམ་ནས་དེས་ལག་པས་གསད་པར་བརྩམས་པ་ལས་མ་ནུས་སོ། །དེ་ནས་ཆོས་གོས་ཀྱི་གྲྭ་དང་། དེ་ནས་བསིལ་ཡབ་ཀྱིས་གཡབས་ན་འོན་ཀྱང་གསད་པར་མ་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འདི་ཅི་བྱེད། དེས་གསོལ་པ།
བཅོམ་ལྡན་འདས་བདག་གི་གློ་བ་ལ་བསམས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་འོད་ལ་མནལ་བར་མཛད་པ་ནི་གནས་མ་མཆིས་ཤིང་གོ་སྐབས་མ་མཆིས་ཀྱིས། མ་ལ་བདག་གིས་ཞུགས་མར་དགུམ་མོ་སྙམ་ནས་བདག་གིས་དེ་སུག་པས་དགུམ་པར་བརྩམས་ན་རྔོ་མ་ཐོག་གོ། །དེ་ནས་
ཆོས་གོས་ཀྱི་གྲྭ་དང་། དེ་ནས་བསིལ་ཡབ་ཀྱིས་གཡབས་ན་འོན་ཀྱང་རྔོ་མ་ཐོག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དུབ་པར་མ་བྱེད་ཅིག །གལ་ཏེ་རྣམ་པར་འཐོར་རླུང་ལངས་ན་དེས་ཀྱང་གསད་པར་མི་ནུས་ན་ལག་པ་དང་། ཆོས་གོས་ཀྱི་གྲྭ་དང་། བསིལ་ཡབ་
ཀྱིས་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟར་མར་མེ་འདི་ནི་བུ་མོ་འདིས་སེམས་ཀྱིས་མངོན་པར་འདུ་བྱེད་པ་ཆེན་པོས་བུས་པ་ཡིན་ནོ། །གཞན་ཡང་ཀུན་དགའ་བོ་བུ་མོ་འདི་ནི་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་

ཞེས་བྱ་བར་འགྱུར་ཞིང་དེའི་ཟུང་མཆོག་དང་ཟུང་བཟང་པོ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། ཉེ་གནས་དགེ་སློང་ཀུན་དགའ་བོ་དང་། ཡབ་ཟས་གཙང་དང་། ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་དང་། སྲས་གཞོན་ནུ་སྒྲ་ཅན་ཟིན་བཟང་པོ་དང་གྲོང་ཁྱེར་སར་སྐྱའི་གཞི་ཞེས་བྱ་
བར་འགྱུར་ལ། དེ་སྐུ་གདུང་གསེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །གྲོང་ཉུག་མ་ཆེ་གེ་མོ་ཞེས་བྱ་བས་བཅོམ་ལྡན་འདས་ཀྱི་འཆག་སའི་སླད་དུ་མར་མེ་བཏང་བས་དེ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་ཀུན་དུ་
སྒྲ་གྲགས་པ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ཐོས་ནས། དེའི་མ་འོངས་པའི་ཡོན་ཏན་ལ་བསམས་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་དེ་ནས་ངོ་མཚར་སྐྱེས་ཏེ། འབྲུ་མར་བུམ་པ་སྟོང་བསྡོགས་ནས་མར་མེ་སྣ་
ཚོགས་སུ་སྦྲེངས་ཏེ་རིན་པོ་ཆེ་སྣ་བཞིའི་མར་མེ་འཆག་སའི་སླད་དུ་བུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་འཕགས་པ་འོད་སྲུང་ཆེན་པོ་མཆོད་པའི་སླད་དུ་བཅོམ་ལྡན་འདས་དགུང་བདུན་གྱི་བར་དུ་
གདུགས་ཚོད་ལ་སྤྱན་དྲངས་ནས། བཅོམ་ལྡན་འདས་ཀྱིས་བདག་གི་སྔོན་གྱི་འཚལ་མ་དྲོན་པོ་ལན་ཚྭས་མ་སྩལ་བ་ལས་བརྩམས་ཏེ་ལས་ཀྱི་རྒྱུ་བ་ལུང་བསྟན་ནས། ཡང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གིས་དགུང་ཟླ་གསུམ་དུ་གདུགས་ཚོད་གསོལ་ནས་དགེ་
སློང་རེ་རེ་ལ་ཡང་འབུམ་རི་བའི་གོས་ཕྲུགས་རེ་བསྐོན་ཏེ། འབྲུ་མར་བུམ་པ་བྱེ་བ་བསྡོགས་ཏེ་ཕྲེང་བར་སྦྲེངས་ནས་ཞུགས་མར་བལྟམ་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ལགས་ན། བཅོམ་ལྡན་འདས་བདག་ཀྱང་འཇིག་
རྟེན་གྱི་གཙོ་བོ་འདྲེན་པར་འགྱུར་བར་ལྟ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ན་ལེགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཟབ་པ། ཟབ་པར་སྣང་བ། མཐོང་བར་དཀའ་

བ། རྟོགས་པར་དཀའ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོ་བརྟགས་པའི་རྟོགས་པ་དང་། མཁས་པ་དང་མཛངས་པས་རིག་པར་བྱ་བ་ཡིན་ཏེ། དེ་ནི་ཁྱེད་ཀྱི་སྦྱིན་པ་ལན་གཅིག་བྱས་པས་ཐོབ་པར་སླ་བ་མ་ཡིན་ཏེ། སྦྱིན་པ་ལན་བརྒྱས་མ་ཡིན། སྦྱིན་
པ་ལན་སྟོང་གིས་མ་ཡིན། སྦྱིན་པ་ལན་བརྒྱ་ཕྲག་སྟོང་གིས་མ་ཡིན་ནོ། །འོན་ཀྱང་རྒྱལ་པོ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་ན་སྦྱིན་པ་དག་ཀྱང་སྦྱིན། བསོད་ནམས་དག་ཀྱང་བྱ་ཞིང་དགེ་བའི་བཤེས་གཉེན་དག་ཀྱང་བསྟེན་པར་བྱ། བསྙེན་པར་བྱ། བསྙེན་
བཀུར་བྱའོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་བཞིན་དུ་སྦྱིན་པ་དག་ནི་བཏང་། བསོད་ནམས་དག་ནི་བྱས་ཤིང་དགེ་བའི་བཤེས་གཉེན་དག་ཀྱང་བསྟེན། བསྙེན་བསྙེན་བཀུར་བྱས་ན་དེ་ལྟ་ན་ཁྱོད་ནམ་ཞིག་ན་འཇིག་རྟེན་གྱི་གཙོ་བོ་འདྲེན་པར་འགྱུར་གྲང་། དེ་སྐད་ཅེས་བཀའ་སྩལ་པ་དང་། ཀོ་ས་
ལའི་རྒྱལ་པོ་གསལ་རྒྱལ་མཆི་མ་བླགས་ཏེ་ངུས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་གོས་ཀྱི་མཐའ་མས་མཆི་མ་ཕྱིས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་ན་
སྦྱིན་པ་ནི་ཅི་སྙེད་ཅིག་སྩལ། བསོད་ནམས་ནི་ཇི་སྙེད་ཅིག་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རེ་ཞིག་འདས་པའི་བསྐལ་པ་གཞན་རྣམས་ལྟ་ཞོག་གི། བསྐལ་པ་བཟང་པོ་འདི་ཉིད་ལ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བས་རྣམ་
གྲངས་དུ་མར་སྦྱིན་པ་བཏང་བ་དང་། བསོད་ནམས་བྱས་པ་དེ་དག་ལེགས་པར་རབ་ཏུ་ཉོན་ལ་ཟུང་ཤིག་དང་བཤད་དོ།། །།བར་སྡོམ་ལ། ང་ལས་ནུ་དང་ལེགས་མཐོང་ཆེ། །དུས་དཔོག་ཀུ་ཤ་གདོལ་བ་དང་། །ལྷ་ཆེན་པོ་དང་མུ་ཁྱུད་རྒྱལ། །མེ་ལོང་གདོང་དང་ནོར་བཟངས་དང་། །ཐམས་
ཅད་སྒྲོལ་དང་འདུམ་བྱེད་དོ། །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ན་རྒྱལ་པོ་གསོ་སྦྱོང་འཕགས་ཞེས་བྱ་བ་བྱུང་བར་གྱུར་ཏེ། དེའི་སྤྱི་བོར་ཤ་རྨེན་འཇམ་ཞིང་ཤིན་ཏུ་འཇམ་པ་ཞིག་སྐྱེས་པ་དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་ལྟ་བུར་གནོད་པ་

ཅུང་ཟད་ཀྱང་མི་སྐྱེད་དོ། །དེ་ཡོངས་སུ་སྨིན་ནས་རྡོལ་བ་ལས་གཞོན་ནུ་གཟུགས་བཟང་པོ་མཛེས་པ། བལྟ་ན་སྡུག་པ། པགས་པའི་མདོག་གསེར་འདྲ་བ། མགོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ། ཡན་
ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པའི་ལུས་དང་ལྡན་པ་ཞིག་བྱུང་ངོ་། །བྱུང་མ་ཐག་ཏུ་བཙུན་མོའི་འཁོར་གྱི་ནང་དུ་བཀྲི་བ་དང་། རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་བཙུན་མོ་བརྒྱད་ཁྲིས་གཞོན་ནུ་མཐོང་ནས་ནུ་མ་རྣམས་ལས་འོ་མ་
ཟགས་པ་དང་། བུད་མེད་རེ་རེས་ཀྱང་ང་ལས་ནུ་ང་ལས་ནུ་ཞེས་སྨྲས་པས་དེའི་མིང་ང་ལས་ནུ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ། །གཞན་དག་ན་རེ་འདི་སྤྱི་བོ་ལས་སྐྱེས་པས་དེའི་ཕྱིར་གཞོན་ནུའི་མིང་སྤྱི་བོ་སྐྱེས་ཞེས་བྱའོ་ཞེས་ཟེར་ཏོ། །དེ་ན་ཁ་ཅིག་གིས་ནི་ང་ལས་ནུ་ཞེས་བྱ་བར་ཤེས་སོ། །ཁ་ཅིག་གིས་ནི་
སྤྱི་བོ་སྐྱེས་ཞེས་བྱ་བར་ཤེས་སོ། །གཞོན་ནུ་ང་ལས་ནུ་གཞོན་ནུའི་རྩེད་མོས་རྩེ་བ་ལ་བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ། །རྒྱལ་ཚབ་ལ་གནས་པ་ལ་བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ། །གཞོན་ནུ་ང་ལས་ནུ་ཡུལ་ཞིག་ཏུ་སོང་སྟེ། དེ་ཡུལ་དུ་ཕྱིན་པ་དང་རྒྱལ་པོ་གསོ་སྦྱོང་འཕགས་ན་བར་གྱུར་ནས་དེ་
རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་གྱིས་སྙེན་བཀུར་བྱས་ན་ཡང་ཕྱིར་ཐུ་བ་ཁོ་ནར་གྱུར་ནས་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་མྱུར་དུ་གཞོན་ནུ་ལ་རྒྱལ་སྲིད་ཀྱི་དབང་བསྐུར་བས་དབང་བསྐུར་ཅིག །ལྷ་བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་ཕོ་ཉ་བཀུག་སྟེ་
རྒྱལ་པོ་གསོ་སྦྱོང་འཕགས་བསྙུང་ནས། དེས་གཞོན་ནུ་སྤྱན་དྲོངས་ལ་རྒྱལ་སྲིད་ཀྱི་དབང་བསྐུར་བ་ཉམས་སུ་མྱོང་བར་གྱིས་ཤིག་ཅེས་བཀའ་སྩལ་གྱིས། གཞོན་ནུ་མྱུར་དུ་བྱོན་པའི་རིགས་སོ་ཞེས་སྤྲིང་ངོ་། །དེ་ཆས་པ་དང་རྒྱལ་པོ་གསོ་སྦྱོང་འཕགས་ཤིའོ། །དེ་ནས་བློན་པོ་དག་གིས་ཡང་ཕོ་ཉ་གཞན་ཞིག་
གཏོང་བ་ལ་གཞོན་ནུ་ཁྱོད་ཀྱི་ཡབ་ནི་ནོངས་ཀྱིས། ཚུར་སྤྱོན་རྒྱལ་སྲིད་བཞེས་ཤིག་ཅེས་སྤྲིང་ངོ་། །གཞོན་ནུ་ང་ལས་ནུས་བསམས་པ། གལ་ཏེ་བདག་གི་ཡབ་ནོངས་ན། དེར་སོང་ཡང་ཅི་ཕན་སྙམ་དུ་བསམས་ནས་དེ་ཉིད་ན་འདུག་གོ། །བློན་པོ་རྣམས་ཡང་འདུས་ནས་བློན་པོ་ཞིག་ཕོ་ཉར་བཏང་

བ་དང་དེར་སོང་ནས་སྨྲས་པ། གཞོན་ནུ་རྒྱལ་སྲིད་བཞེས་ཤིག །དེས་སྨྲས་པ། གལ་ཏེ་ཁོ་བོས་ཆོས་དང་མཐུན་པས་རྒྱལ་སྲིད་འཐོབ་པར་འགྱུར་ན་རྒྱལ་སྲིད་ཀྱི་དབང་བསྐུར་བ་འདི་ཉིད་དུ་འོང་བར་འགྱུར་རོ། །བློན་པོ་རྣམས་ཀྱིས་སྤྲིང་བ། ལྷ་རྒྱལ་སྲིད་ཀྱི་དབང་བསྐུར་བ་ལ་ནི་མང་
དུ་འཚལ་ཏེ། རིན་པོ་ཆེའི་གཅལ་དང་། སེང་གེའི་ཁྲི་དང་། གདུགས་དང་། ཅོད་པན་དང་། དཔུང་རྒྱན་གྱིས་ཕོ་བྲང་གི་ནང་དུ་རྒྱལ་སྲིད་ཀྱི་དབང་བསྐུར་བར་བགྱི་འཚལ་བས་དེ་ལྟ་བས་ན་གཞོན་ནུ་འདི་ཉིད་དུ་བྱོན་པའི་རིགས་སོ། །དེས་སྨྲས་པ། ངས་ཆོས་དང་མཐུན་པར་རྒྱལ་སྲིད་
འཐོབ་པ་ལྟ་ན་ཐམས་ཅད་འདི་ཉིད་དུ་འོང་བར་འགྱུར་རོ། །གཞོན་ནུ་ང་ལས་ནུའི་མདུན་ནས་འགྲོ་བ་གནོད་སྦྱིན་ལྷ་གནས་ཞེས་བྱ་བ་དེས་རིན་པོ་ཆེའི་གཅལ་དང་། སེང་གེའི་ཁྲི་དེ་ཉིད་དུ་བླངས་སོ། །ཕོ་བྲང་ན་གནས་པ་རྣམས་ཀྱིས་ཀྱང་གདུགས་དང་། ཅོད་པན་དང་། དཔུང་རྒྱན་ཁྱེར་
ནས་རང་དེ་ཉིད་དུ་ལྷགས་ཏེ། ཕོ་བྲང་འཁོར་བ་རང་ལྷགས་པས་གནས་དེའི་མིང་གནས་བཅས་གནས་བཅས་ཞེས་བྱ་བར་གྲགས་སོ། །ཕྱིས་བློན་པོ་དེ་རྣམས་དང་། ཁྲོམ་གྱི་རུ་པ་དང་། གྲོང་མི་དང་། ཡུལ་མི་རྣམས་ཀྱིས་ནི་དབང་བསྐུར་བ་ཁྱེར་ཏེ་དོང་ནས་དེ་རྣམས་ཀྱིས་སྨྲས་པ། ལྷ་
དབང་བསྐུར་བ་བཞེས་སུ་གསོལ། དེས་སྨྲས་པ། ང་མི་རྣམས་ཀྱིས་ཅོད་པན་བཅིང་ངམ། གལ་ཏེ་ཆོས་ཀྱི་རྒྱལ་སྲིད་འཐོབ་ན་མི་མ་ཡིན་པ་རྣམས་ཀྱིས་ཅོད་པན་འཆིང་གྲང་། ཇི་ཙམ་ན་དེ་མི་མ་ཡིན་པ་རྣམས་ཀྱིས་ཅོད་པན་བཅིངས་པ་དང་། དེའི་རིན་པོ་ཆེ་སྣ་བདུན་བྱུང་བ་འདི་ལྟ་སྟེ། འཁོར་ལོ་རིན་
པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་ཉིད་དོ། །དེ་ལ་བུ་དཔའ་བ་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པར་བྱེད་པ་སྟོང་ཡང་
ཚང་བར་བྱུང་ངོ་། །ཡངས་པ་ཅན་གྱི་ཉེན་ཀོར་ན་ནགས་ཚལ་སྟུག་པོ་དག་དགའ་དགའ་ལྟར་འདུག་པ་ཞིག་ཡོད་པ་དེ་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལྔ་བརྒྱ་བསམ་གཏན་བྱེད་དོ། །ནགས་ཚལ་སྟུག་པོ་དེ་ན་ཡང་བྱ་གར་རབ་ཏུ་མང་པོ་དག་ཅིག་ཀྱང་གནས་སོ། །བསམ་གཏན་གྱི་ཚེར་མ་ནི་

སྒྲ་ཡིན་པས་བྱ་གར་རྣམས་ལྡིང་ཞིང་སྐད་འབྱིན་པར་བྱེད་པ་དང་། དེ་ནས་དྲང་སྲོང་རང་བཞིན་ངན་ཞེས་བྱ་བ་ཞིག་ཡོད་པ་དེ་འཁྲུགས་ནས་དེས་བྱ་གར་རྣམས་ལ་འདབ་གཤོག་རྣམས་ལྷགས་པར་ཤོག་ཤིག་ཅེས་དམོད་པ་བོར་རོ། །དེ་རྣམས་དྲང་སྲོང་འཁྲུགས་པས་འདབ་གཤོག་
རྣམས་ལྷགས་པར་གྱུར་ཏོ། །དེ་ནས་དེ་རྣམས་རྐང་པས་འགྲོ་བར་བརྩམས་པ་དང་། རྒྱལ་པོ་དེ་ཡང་ལྗོངས་རྒྱུར་སོང་བས་བྱ་གར་རྣམས་རྐང་པས་འགྲོ་བ་མཐོང་ངོ་། །དེ་ནས་དེས་བློན་པོ་རྣམས་ལ་དྲིས་པ་ཅིའི་ཕྱིར་བྱ་གར་འདི་རྣམས་རྐང་པས་འགྲོ་བར་གྱུར། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་
བསམ་གཏན་གྱི་ཚེར་མ་ནི་སྒྲ་ལགས་པས་དྲང་སྲོང་འཁྲུགས་པ་དག་གིས་འདི་རྣམས་ལ་དམོད་པ་བོར་བ་དང་། དེ་ནས་དྲང་སྲོང་འཁྲུགས་པས་འདི་རྣམས་ཀྱི་འདབ་གཤོག་རྣམས་ལྷགས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་སྨྲས་པ། གང་དག་སེམས་ཅན་རྣམས་ལ་སྙིང་བརྩེ་བ་མེད་པའི་དྲང་སྲོང་འདི་ལྟ་བུ་
ཡང་ཡོད་པ་ལྟ་ཞེས་སྨྲས་ནས། ཤེས་ལྡན་དག་དེང་ལ་དྲང་སྲོང་རྣམས་ལ་ཁྱེད་ཅག་ངའི་ཡུལ་ན་མ་འདུག་ཤིག་ཅེས་སྒོ་ཤིག་ཅེས་སྨྲས་སོ། །དེ་ནས་བློན་པོ་རྣམས་དྲང་སྲོང་གི་ཐད་དུ་དོང་ནས་བསྒོ་བ། རྒྱལ་པོའི་ཞལ་ནས་ཁྱེད་ཅག་ངའི་ཡུལ་ན་མ་འདུག་ཤིག་ཅེས་བཀའ་སྩལ་ཏོ། །དྲང་སྲོང་རྣམས་ཀྱིས་
བསམས་པ། རྒྱལ་པོ་འདི་ནི་གླིང་བཞི་ལ་དབང་བ་ཡིན་པས་རི་རབ་ཀྱི་བང་རིམ་དུ་འགྲོའོ་སྙམ་ནས། དེ་རྣམས་དེར་དོང་སྟེ་གནས་སོ། །རྒྱལ་པོ་ང་ལས་ནུའི་མི་རྣམས་ནི་སེམས་པར་བྱེད་པ་དང་། འཇལ་བར་བྱེད་པ་དང་། ཉེ་བར་རྟོག་པར་བྱེད་པ་ཡིན་ཏེ། དེ་དག་གིས་བསམས་ཤིང་ཉེ་བར་བརྟགས་ནས་
བཟོའི་གནས་དང་ལས་ཀྱི་གནས་ཐ་དད་པ་རྣམས་བྱ་བར་བརྩོན་པས་དེ་རྣམས་སེམས་པར་བྱེད་པ་དང་། འཇལ་བར་བྱེད་པ་དང་། ཉེ་བར་རྟོག་པར་བྱེད་པ་ཡིན་པའི་ཕྱིར་མིང་ཤེད་ལས་སྐྱེས་ཤེད་ལས་སྐྱེས་ཞེས་བྱ་བར་གྲགས་སོ། །དེ་རྣམས་ཀྱིས་ཞིང་ལས་དག་བྱ་བར་བརྩམས་པ་དང་། རྒྱལ་པོ་ལྗོངས་
རྒྱུར་སོང་བས་མི་དེ་རྣམས་ཞིང་ལས་དག་བྱེད་པར་མཐོང་ནས་དེས་བློན་པོ་རྣམས་ལ་སྨྲས་པ། མི་འདི་རྣམས་ཅི་ཞིག་བྱེད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་སྨན་དུ་འགྱུར་བར་བགྱི་བའི་སླད་དུ་ལོ་ཐོག་ལ་སོགས་པ་སྐྲུན་པ་ལགས་སོ། །རྒྱལ་པོས་སྨྲས་པ། ཅི་བདག་གི་རྒྱལ་སྲིད་ཀྱི་མི་རྣམས་ཞིང་ལས་

བྱེད་དམ། དེ་ནས་དེས་སྨྲས་པ། ལྷས་ས་བོན་གྱི་རིགས་ཉི་ཤུ་རྩ་བདུན་གྱི་ཆར་ཕོབ་ཤིག་ཅེས་བྱས་པ་དང་། རྒྱལ་པོ་ང་ལས་ནུས་སེམས་བསྐྱེད་མ་ཐག་ཏུ་ལྷས་ས་བོན་གྱི་རིགས་ཉི་ཤུ་རྩ་བདུན་གྱི་ཆར་ཕབ་བོ། །རྒྱལ་པོ་ང་ལས་ནུས་ཡུལ་མི་རྣམས་ལ་དྲིས་པ། འདི་
དག་སུའི་བསོད་ནམས་ཀྱིས་བྱུང་། དེ་རྣམས་ཀྱིས་སྨྲས་པ། ལྷའི་ཡང་ལགས། བདག་ཅག་གི་ཡང་ལགས་སོ། །ཡང་མི་དེ་རྣམས་རས་བལ་གྱི་ཞིང་རྨོ་བར་བརྩམས་པ་དང་། ཡང་རྒྱལ་པོ་ང་ལས་ནུ་ལྗོངས་རྒྱུར་སོང་བས་མཐོང་ནས། དེས་བློན་པོ་རྣམས་ལ་སྨྲས་པ། མི་འདི་
རྣམས་ཅི་ཞིག་བྱེད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་མི་འདི་རྣམས་ནི་རས་བལ་གྱི་ཞིང་རྨེད་ལགས་སོ། །རྒྱལ་པོས་སྨྲས་པ། ཅི་ཞིག་ཏུ་དགོས། དེ་རྣམས་ཀྱིས་སྨྲས་པ། ལྷ་གོས་བགྱི་བའི་སླད་དུའོ། །དེ་ནས་རྒྱལ་པོ་ང་ལས་ནུས་སྨྲས་པ། ཅི་ངའི་རྒྱལ་སྲིད་ཀྱི་མི་རྣམས་རས་བལ་
གྱི་ཞིང་རྨེད་དམ། ལྷས་རས་བལ་ཁོ་ནའི་ཆར་ཕོབ་ཅིག་ཅེས་བྱས་པ་དང་། རྒྱལ་པོ་ང་ལས་ནུས་སེམས་བསྐྱེད་མ་ཐག་ཏུ་ལྷས་རས་བལ་ཁོ་ནའི་ཆར་ཕབ་བོ། །རྒྱལ་པོས་ཡུལ་མི་རྣམས་ལ་དྲིས་པ། འདི་དག་སུའི་བསོད་ནམས་ཀྱིས་བྱུང་། དེ་རྣམས་ཀྱིས་སྨྲས་པ། ལྷའི་ཡང་
ལགས། བདག་ཅག་གི་ཡང་ལགས་སོ། །ཡང་མི་དེ་རྣམས་རས་བལ་དེ་རྣམས་འཁལ་བར་བརྩམས་པ་དང་། རྒྱལ་པོས་སྨྲས་པ། མི་འདི་དག་ཅི་ཞིག་བྱེད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་སྐུད་པ་འཚལ་བའི་སླད་དུ་རས་བལ་དེ་འཁལ་ལགས་སོ། །རྒྱལ་པོས་སྨྲས་པ།
ཅི་ངའི་རྒྱལ་སྲིད་ཀྱི་མི་རྣམས་རས་སྐུད་འཁལ་ལམ། ལྷས་རས་སྐུད་ཀྱི་ཆར་ཁོ་ན་ཕོབ་ཤིག་ཅེས་བྱས་པ་དང་། རྒྱལ་པོ་ང་ལས་ནུས་སེམས་བསྐྱེད་མ་ཐག་ཏུ་ལྷས་རས་སྐུད་ཁོ་ནའི་ཆར་ཕབ་བོ། །རྒྱལ་པོ་དེས་སྨྲས་པ། འདི་དག་སུའི་བསོད་ནམས་ཀྱིས་བྱུང་། དེ་རྣམས་ཀྱིས་སྨྲས་པ། ལྷའི་
ཡང་ལགས། བདག་ཅག་གི་ཡང་ལགས་སོ། །དེ་ནས་རིམ་གྱིས་རས་འཐག་པར་བརྩམས་པ་དང་། རྒྱལ་པོས་སྨྲས་པ། འདི་དག་ཅི་ཞིག་བྱེད། དེ་རྣམས་ཀྱིས་སྨྲས་པ། ལྷ་གོས་སུ་བགྱི་བའི་སླད་དུ་རས་འཐག་ལགས་སོ། །རྒྱལ་པོས་བསམས་པ། ད་ཅི་ངའི་རྒྱལ་སྲིད་ཀྱི་མི་རྣམས་རས་འཐག་

གམ་སྙམ་ནས། ལྷས་རས་ཉིད་ཀྱི་ཆར་ཕོབ་ཤིག་ཅེས་བྱས་པ་དང་། རྒྱལ་པོ་ང་ལས་ནུས་སེམས་བསྐྱེད་མ་ཐག་ཏུ་ལྷས་རས་ཉིད་ཀྱི་ཆར་ཕབ་བོ། །རྒྱལ་པོས་དྲིས་པ་འདི་དག་སུའི་བསོད་ནམས་ཀྱིས་བྱུང་། དེ་རྣམས་ཀྱིས་སྨྲས་པ། ལྷའི་ཡང་ལགས། བདག་ཅག་གི་ཡང་
ལགས་སོ། །རྒྱལ་པོས་བསམས་པ། མི་འདི་རྣམས་ནི་བདག་གི་བསོད་ནམས་དག་གི་མཐུ་རབ་ཏུ་མི་ཤེས་ཏེ། བདག་ལ་འཛམ་བུའི་གླིང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་ཡང་ཡོད། བདག་ལ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་
དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བཙུན་མོ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་ཡང་ཡོད། བདག་ལ་བུ་དཔའ་བ་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པར་བྱེད་པ་སྟོང་ཡང་ཚང་བར་
ཡོད་ཀྱིས། ཀྱེ་མ་བདག་གི་ཕོ་བྲང་གི་ནང་དུ་རིན་པོ་ཆེའི་ཆར་འབབ་ཅིང་དེ་ལས་ཕྱི་རོལ་དུ་ནི་ཀཱར་ཥཱ་པ་ཎ་འགའ་ཡང་མི་འབབ་པར་གྱུར་ཅིག་སྙམ་པ་དང་། རྒྱལ་པོ་ང་ལས་ནུས་སེམས་བསྐྱེད་མ་ཐག་ཏུ་ཕོ་བྲང་གི་ནང་དུ་ཞག་བདུན་དུ་རིན་པོ་ཆེའི་ཆར་བབ་ལ། ཕྱི་རོལ་དུ་ནི་ཀཱར་ཥཱ་པ་ཎ་འགའ་ཡང་མ་བབ་སྟེ།
ཇི་ལྟར་མཐུ་ཆེན་པོ། རྫུ་འཕྲུལ་ཆེན་པོ་བསོད་ནམས་བྱས་པ། དགེ་བ་བྱས་པ་རང་གི་བསོད་ནམས་ཀྱི་འབྲས་བུ་སོ་སོར་ཉམས་སུ་མྱོང་བ་བཞིན་ནོ། །རྒྱལ་པོས་སྨྲས་པ། འདི་དག་སུའི་བསོད་ནམས་ཀྱིས་བྱུང་། དེ་རྣམས་ཀྱིས་སྨྲས་པ། ལྷའི་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་ཉེས་ཏེ།
གལ་ཏེ་ཁྱེད་ཀྱིས་ལྷའི་བསོད་ནམས་ཀྱིས་ལགས་སོ་ཞེས་སྨྲས་པ་དང་། ངས་འཛམ་བུའི་གླིང་མཐའ་དག་ཏུ་རིན་པོ་ཆེའི་ཆར་ཕབ་པར་འགྱུར་བ་ཞིག །འོན་ཀྱང་ཁྱེད་ལས་རིན་པོ་ཆེ་སུ་འདོད་པ་དེས་རིན་པོ་ཆེ་ཅི་འདོད་པ་དག་ལོང་ཤིག །དེ་ནས་རྒྱལ་པོ་ང་ལས་ནུ་དེ་རྒྱལ་སྲིད་ཆེན་པོའི་དབང་བྱེད་དུ་འཇུག་པ་ལ་
བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ། །ང་ལས་ནུའི་མདུན་ནས་འགྲོ་བ་གནོད་སྦྱིན་ལྷ་གནས་ཞེས་བྱ་བ་དེ་ལ་རྒྱལ་པོས་སྨྲས་པ། གང་ངས་བཀའ་སྩལ་དགོས་པ་བཀའ་འོག་ཏུ་མ་ཆུད་པའི་གླིང་གཞན་འགའ་ལྟ་ཡོད་དམ། ལྷ་གནས་ཀྱིས་སྨྲས་པ། ལྷ་ཤར་གྱི་ལུས་འཕགས་ཞེས་བགྱི་བའི་གླིང་

འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་མཆིས་ཀྱིས། ལྷ་དེར་གཤེགས་ཏེ་བཀའ་སྩལ་དུ་གསོལ། དེ་ནས་རྒྱལ་པོ་ང་ལས་ནུ་འདི་སྙམ་དུ་སེམས་ཏེ། བདག་ལ་འཛམ་བུའི་གླིང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ།
སྐྱེ་བོ་དང་མི་མང་པོས་གང་བ་ཡང་ཡོད། བདག་ལ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་ཡང་ཡོད། བདག་ལ་བུ་དཔའ་བ།
རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡང་ཚང་། བདག་གི་ཕོ་བྲང་གི་ནང་དུ་ཡང་རིན་པོ་ཆེའི་ཆར་ཞག་བདུན་དུ་བབ་ན། ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ཞིག་ཡོད་ཅེས་གྲག་གིས། མ་ལ་བདག་དེར་ཡང་སོང་ལ་རྗེས་སུ་བསྟན་པར་
བྱའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ང་ལས་ནུ་དཔུང་གི་ཚོགས་བྱེ་བ་བརྒྱད་འབུམ་དང་ཐབས་ཅིག་ཏུ་བུ་སྟོང་གིས་ཡོངས་སུ་བསྐོར་ནས་མདུན་ནས་འགྲོ་བ་རིན་པོ་ཆེ་སྣ་བདུན་དང་ནམ་མཁའ་ལ་འཕགས་ཏེ། རྒྱལ་པོ་ང་ལས་ནུ་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་ཆས་ནས་རྒྱལ་པོ་ང་
ལས་ནུ་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་གནས་ཏེ། རྒྱལ་པོ་ང་ལས་ནུས་ཇི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བ་བྱས་པ། མཐུ་ཆེན་པོ། རྫུ་འཕྲུལ་ཆེན་པོས་རང་གི་བསོད་ནམས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་ལྟར་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་ལོ་མང་པོ་དང་།
ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་རྗེས་སུ་བསྟན་པར་བྱས་སོ། །དེ་ཤར་གྱི་ལུས་འཕགས་གླིང་ན་རྗེས་སུ་སྟོན་པ་ལ་བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ། །ཡང་རྒྱལ་པོ་ང་ལས་ནུས་གནོད་སྦྱིན་ལྷ་གནས་ལ་སྨྲས་པ། བཀའ་འོག་ཏུ་མ་ཆུད་
པའི་གླིང་གཞན་འགའ་ལྟ་ཡོད་དམ། ལྷ་གནས་ཀྱིས་སྨྲས་པ། ལྷ་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བའི་གླིང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་མཆིས་ཀྱིས་ལྷ་དེར་ཡང་གཤེགས་ཏེ་རྗེས་སུ་བསྟན་དུ་གསོལ།། །།

འདུལ་བ་གཞི། བམ་པོ་བཞི་བཅུ་རྩ་གཅིག་པ། དེ་ནས་རྒྱལ་པོ་ང་ལས་ནུ་འདི་སྙམ་དུ་སེམས་ཏེ། བདག་ལ་འཛམ་བུའི་གླིང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ་ཡང་ཡོད། བདག་གི་ཕོ་བྲང་གི་
ནང་དུ་ཡང་རིན་པོ་ཆེའི་ཆར་ཞག་བདུན་དུ་བབ། བདག་གིས་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་ཡང་ཕྱིན། ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་བདག་གིས་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་རྗེས་སུ་བསྟན་ན། ནུབ་ཀྱི་བ་
ལང་སྤྱོད་ཅེས་བྱ་བའི་གླིང་ཞིག་ཡོད་ཅེས་གྲག་གིས། མ་ལ་བདག་དེར་ཡང་སོང་ལ་རྗེས་སུ་བསྟན་པར་བྱའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ང་ལས་ནུ་དཔུང་གི་ཚོགས་བྱེ་བ་བརྒྱད་འབུམ་དང་ཐབས་ཅིག་ཏུ་བུ་སྟོང་གིས་ཡོངས་སུ་བསྐོར་ནས་མདུན་ནས་འགྲོ་བ་རིན་པོ་ཆེ་
སྣ་བདུན་དང་སྟེང་གི་ནམ་མཁའ་ལ་འཕགས་ཏེ། རྒྱལ་པོ་ང་ལས་ནུ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་ཆས་ནས་རྒྱལ་པོ་ང་ལས་ནུ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་གནས་ཏེ། རྒྱལ་པོ་ང་ལས་ནུས་ཇི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བ་བྱས་པ། མཐུ་ཆེན་པོ། རྫུ་འཕྲུལ་
ཆེན་པོས་རང་གི་བསོད་ནམས་ཀྱི་འབྲས་བུ་ཉམས་སུ་མྱོང་བ་ལྟར་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་རྗེས་སུ་བསྟན་པར་བྱས་སོ། །དེ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་རྗེས་སུ་སྟོན་པ་ལ་བརྒྱ་
བྱིན་དྲུག་ཤི་འཕོས་པ་ལོན་ནོ། །ཡང་རྒྱལ་པོ་ང་ལས་ནུས་གནོད་སྦྱིན་ལྷ་གནས་ལ་སྨྲས་པ། བཀའ་འོག་ཏུ་མ་ཆུད་པའི་གླིང་གཞན་འགའ་ལྟ་ཡོད་དམ། ལྷ་གནས་ཀྱིས་སྨྲས་པ། ལྷ་བྱང་གི་སྒྲ་མི་སྙན་ཅེས་བགྱི་བའི་གླིང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་
ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་ལ། གཞན་ཡང་མི་དེ་དག་ནི་བདག་གིར་བགྱི་བ་མ་མཆིས་པ། ཡོངས་སུ་འཛིན་པ་མ་མཆིས་པ་ཞིག་མཆིས་ཀྱིས། ཀྱེ་མ་ལྷ་དེར་ཡང་གཤེགས་ཏེ། ཉིད་ཀྱི་དཔུང་གི་ཚོགས་རྣམས་ལ་རྗེས་སུ་བསྟན་དུ་གསོལ། དེ་ནས་

རྒྱལ་པོ་ང་ལས་ནུ་འདི་སྙམ་དུ་སེམས་ཏེ། བདག་ལ་འཛམ་བུའི་གླིང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ་ཡང་ཡོད། བདག་གི་ཕོ་བྲང་གི་ནང་དུ་ཡང་རིན་པོ་ཆེའི་ཆར་ཞག་བདུན་དུ་བབ། བདག་ཤར་ཀྱི་ལུས་
འཕགས་ཀྱི་གླིང་དུ་སོང་སྟེ་ཡང་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་བདག་གིས་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་རྗེས་སུ་བསྟན། བདག་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་ཡང་སོང་སྟེ་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་
དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་བདག་གིས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་རྗེས་སུ་བསྟན་ན། བྱང་གི་སྒྲ་མི་སྙན་ཅེས་བྱ་བའི་གླིང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་ལ།
གཞན་ཡང་མི་དེ་དག་ནི་བདག་གིར་བྱ་བ་མེད་པ། ཡོངས་སུ་འཛིན་པ་མེད་པ་ཞིག་ཡོད་ཅེས་གྲག་གིས། མ་ལ་བདག་དེར་ཡང་སོང་ལ་རང་གི་དཔུང་གི་ཚོགས་ལ་རྗེས་སུ་བསྟན་པར་བྱའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ང་ལས་ནུ་དཔུང་གི་ཚོགས་བྱེ་བ་
བརྒྱད་འབུམ་དང་ཐབས་ཅིག་ཏུ་བུ་སྟོང་གིས་ཡོངས་སུ་བསྐོར་ནས་མདུན་ནས་འགྲོ་བ་རིན་པོ་ཆེ་སྣ་བདུན་དང་ནམ་མཁའ་ལ་འཕགས་ཏེ་ཆས་པ་དང་། རྒྱལ་པོ་ང་ལས་ནུས་རི་རབ་ཀྱི་ངོས་ལོགས་ནས་ས་ཕྱོགས་དཀར་ཞིང་དཀར་བ་དག་མཐོང་ངོ་། །མཐོང་ནས་ཀྱང་གནོད་སྦྱིན་
ལྷ་གནས་ལ་སྨྲས་པ། ལྷ་གནས་ས་ཕྱོགས་དཀར་ཞིང་དཀར་བ་ཕ་བི་ཅི་ཞིག་ཡིན། ལྷ་དེ་ནི་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ལགས་ཏེ། འདི་ལྟར་བྱང་གི་སྒྲ་མི་སྙན་པའི་མི་རྣམས་ནི་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ལ་
ལོངས་སྤྱོད་པ་ལགས་པས་ལྷ་ཡང་དེར་ཡང་གཤེགས་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ལ་ལོངས་སྤྱོད་པར་འགྱུར་ལགས་སོ། །རྒྱལ་པོ་ང་ལས་ནུས་ཐོས་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། སྣ་བོ་དག་ཁྱེད་ཀྱིས་ས་ཕྱོགས་དཀར་ཞིང་དཀར་བ་དག་མཐོང་ངམ། ལྷ་

མཐོང་ལགས་སོ། །སྣ་བོ་དག་དེ་ནི་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཡིན་ཏེ། འདི་ལྟར་བྱང་གི་སྒྲ་མི་སྙན་པའི་མི་རྣམས་ནི་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ལ་ལོངས་སྤྱོད་པ་ཡིན་པས། ཁྱེད་ཅག་ཀྱང་དེར་སོང་ནས་མ་
རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ལ་ལོངས་སྤྱོད་པར་འགྱུར་རོ། །རྒྱལ་པོ་ང་ལས་ནུ་ཆས་པ་ན་རི་རབ་ཀྱི་ངོས་ལོགས་ན་བཀྲ་ཞིང་བཀྲ་བའི་ལྗོན་པ་ཕྲེང་བ་བཀོད་པ་བཞིན་དུ་གྱུར་པ་དག་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཡང་གནོད་སྦྱིན་ལྷ་གནས་ལ་སྨྲས་པ།
ལྷ་གནས་བཀྲ་ཞིང་བཀྲ་བའི་ལྗོན་པ་ཕྲེང་བ་བཀོད་པ་བཞིན་དུ་གྱུར་པ་ཕ་བི་ཅི་ཞིག་ཡིན། ལྷ་དེ་རྣམས་ནི་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་དཔག་བསམ་གྱི་ཤིང་ལགས་ཏེ། འདི་ལྟར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་དཔག་བསམ་གྱི་ཤིང་གི་གོས་འཚལ་ལགས་སོ། །རྒྱལ་
པོ་ང་ལས་ནུས་ཐོས་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། སྣ་བོ་དག་ཁྱེད་ཀྱིས་བཀྲ་ཞིང་བཀྲ་བའི་ལྗོན་པ་ཕྲེང་བ་བཀོད་པ་བཞིན་དུ་གྱུར་པ་དག་མཐོང་ངམ། ལྷ་མཐོང་ལགས་སོ། །སྣ་བོ་དག་དེ་རྣམས་ནི་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་དཔག་བསམ་གྱི་གོས་ཀྱི་ཤིང་
ཡིན་ཏེ། འདི་ལྟར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་དཔག་བསམ་གྱི་ཤིང་གི་གོས་གྱོན་པ་ཡིན་གྱིས། ཁྱེད་ཀྱང་དེར་སོན་ནས་དཔག་བསམ་གྱི་ཤིང་གི་གོས་གྱོན་པར་འགྱུར་རོ། །རྒྱལ་པོ་ང་ལས་ནུ་བྱང་གི་སྒྲ་མི་སྙན་དུ་སོང་སྟེ། རྒྱལ་པོ་ང་ལས་ནུ་བྱང་གི་སྒྲ་མི་སྙན་དུ་
འདུག་ནས། རྒྱལ་པོ་ང་ལས་ནུས་ཇི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བ་བྱས་པ། མཐུ་ཆེན་པོ། རྫུ་འཕྲུལ་ཆེན་པོས་རང་གི་བསོད་ནམས་ཀྱི་འབྲས་བུ་མྱོང་བ་ལྟར་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་
མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་རང་གི་དཔུང་གི་ཚོགས་རྣམས་ལ་རྗེས་སུ་བསྟན་ཏོ། །དེ་དེ་ན་རང་གི་དཔུང་གི་ཚོགས་ལ་རྗེས་སུ་སྟོན་པ་ལ་བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ། །ཡང་རྒྱལ་པོ་ང་ལས་ནུས་གནོད་སྦྱིན་ལྷ་གནས་ལ་སྨྲས་པ། བཀའ་འོག་ཏུ་མ་ཆུད་པའི་

གླིང་གཞན་འགའ་ལྟ་ཡོད་དམ། ལྷ་མ་མཆིས་སོ། །འོན་ཀྱང་ལྷ་སུམ་བཅུ་རྩ་གསུམ་པའི་ལྷ་ཚེ་རིང་བ། ཁ་དོག་དང་ལྡན་པ། བདེ་བ་མང་ཞིང་གཞལ་མེད་ཁང་མཐོན་པོ་ན་ཡུན་རིང་དུ་གནས་པ་དག་མཆིས་ཀྱིས། ཀྱེ་མ་ལྷ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལ་
གཟིགས་སུ་བཞུད་ཅིག །དེ་ནས་རྒྱལ་པོ་ང་ལས་ནུ་འདི་སྙམ་དུ་སེམས་ཏེ། བདག་ལ་འཛམ་བུའི་གླིང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ་ཡང་ཡོད། བདག་ལ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་
ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་ཡང་ཡོད། བདག་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ།
ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡང་ཚང་། བདག་གི་ཕོ་བྲང་གི་ནང་དུ་ཡང་རིན་པོ་ཆེའི་ཆར་ཞག་བདུན་དུ་ཕབ། བདག་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་ཡང་སོང་སྟེ། ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་
པོར་བདག་གིས་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་རྗེས་སུ་བསྟན། བདག་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་ཡང་སོང་སྟེ་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་བདག་གིས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་རྗེས་སུ་བསྟན། བདག་
བྱང་གི་སྒྲ་མི་སྙན་གྱི་གླིང་དུ་ཡང་སོང་སྟེ་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་བདག་གིས་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་རང་གི་དཔུང་གི་ཚོགས་ལ་རྗེས་སུ་བསྟན་ན། སུམ་བཅུ་རྩ་གསུམ་པའི་ལྷ་ཚེ་རིང་བ།
ཁ་དོག་དང་ལྡན་པ། བདེ་བ་མང་ཞིང་གཞལ་མེད་ཁང་མཐོན་པོ་ན་ཡུན་རིང་དུ་གནས་པ་དག་ཅིག་ཡོད་ཅེས་གྲག་གིས། མ་ལ་བདག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ང་ལས་ནུ་དཔུང་གི་ཚོགས་བྱེ་བ་བརྒྱད་

འབུམ་དང་། ཐབས་ཅིག་ཏུ་བུ་སྟོང་གིས་ཡོངས་སུ་བསྐོར་ནས་མདུན་ནས་འགྲོ་བ་རིན་པོ་ཆེ་སྣ་བདུན་དང་སྟེང་གི་ནམ་མཁའ་ལ་འཕགས་ཏེ་ཆས་སོ། །རིའི་རྒྱལ་པོ་རི་རབ་ནི་གསེར་གྱི་རི་བོ་བདུན་གྱིས་བསྐོར་བ་ཡིན་པས། དེ་ནས་རྒྱལ་པོ་ང་ལས་ནུ་གསེར་
གྱི་རི་བོ་མུ་ཁྱུད་འཛིན་ལ་གནས་ཏེ། དེ་དེ་ན་རང་གི་དཔུང་གི་ཚོགས་ལ་རྗེས་སུ་སྟོན་པ་ལ་བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ། །རི་བོ་མུ་ཁྱུད་འཛིན་ནས་གསེར་གྱི་རི་བོ་རྣམ་པར་འདུད་ལ་འདུག་སྟེ། དེ་དེ་ན་རང་གི་དཔུང་གི་ཚོགས་ལ་རྗེས་སུ་སྟོན་པ་ལ་བརྒྱ་བྱིན་དྲུག་ཤི་འཕོས་
པ་ལོན་ནོ། །རི་བོ་རྣམ་པར་འདུད་ནས་གསེར་གྱི་རི་བོ་རྟ་རྣ་ལ་འདུག་སྟེ། དེ་དེ་ན་རང་གི་དཔུང་གི་ཚོགས་ལ་རྗེས་སུ་སྟོན་པ་ལ་བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ། །རི་བོ་རྟ་རྣ་ནས་གསེར་གྱི་རི་བོ་བལྟ་ན་སྡུག་ལ་འདུག་སྟེ། དེ་དེ་ན་རང་གི་དཔུང་གི་ཚོགས་ལ་རྗེས་སུ་སྟོན་པ་
ལ་བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ། །རི་བོ་བལྟ་ན་སྡུག་ནས་གསེར་གྱི་རི་བོ་སེང་ལྡེང་ཅན་ལ་འདུག་སྟེ། དེ་དེ་ན་རང་གི་དཔུང་གི་ཚོགས་ལ་རྗེས་སུ་སྟོན་པ་ལ་བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ། །རི་བོ་སེང་ལྡེང་ཅན་ནས་གསེར་གྱི་རི་བོ་གཤོལ་མདའ་འཛིན་ལ་འདུག་སྟེ།
དེ་དེ་ན་རང་གི་དཔུང་གི་ཚོགས་ལ་རྗེས་སུ་སྟོན་པ་ལ་བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ། །རི་བོ་གཤོལ་མདའ་འཛིན་ནས་གསེར་གྱི་རི་བོ་གཉའ་ཤིང་འཛིན་ལ་འདུག་སྟེ། དེ་དེ་ན་རང་གི་དཔུང་གི་ཚོགས་ལ་རྗེས་སུ་སྟོན་པ་ལ་བརྒྱ་བྱིན་དྲུག་ཤི་འཕོས་པ་ལོན་ནོ།། །།བར་སྡོམ་ལ།
མུ་ཁྱུད་འཛིན་དང་རྣམ་པར་འདུད། །དེ་བཞིན་རི་བོ་རྟ་རྣ་དང་། །བལྟ་ན་སྡུག་དང་སེང་ལྡེང་ཅན། །གཤོལ་མདའ་འཛིན་དང་གཉའ་ཤིང་འཛིན། །རི་བོ་གཉའ་ཤིང་འཛིན་ནས་སྟེང་གི་ནམ་མཁའ་ལ་འཕགས་ཏེ་ཆས་པ་ན་རི་རབ་ཀྱི་བང་རིམ་དེ་ལ་དྲང་སྲོང་ལྔ་བརྒྱ་པོ་དེ་རྣམས་གནས་ཏེ། དེ་
རྣམས་ཀྱིས་རྒྱལ་པོ་དེ་འོང་བ་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་འཐབ་ཀྲོལ་ཅན་འདི་འོང་ངོ་། །དེ་ན་དྲང་སྲོང་བཞིན་ངན་ཞེས་བྱ་བ་དེས་སྐྱོར་བར་ཆུ་བླུགས་ཏེ་གཏོར་བས་དཔུང་གི་ཚོགས་རྣམས་ཐོགས་པར་གྱུར་པ་དང་། དེའི་མདུན་ནས་བློན་པོ་རིན་པོ་

ཆེ་འགྲོ་བས་དེས་དྲང་སྲོང་དེ་རྣམས་ལ་སྨྲས་པ། བྲམ་ཟེ་ཁྲོ་བ་དོར་བར་གྱིས། །འདི་ནི་ཀུན་ལ་འགྲུབ་པ་ཡིན། །འདི་ནི་མི་དབང་ང་ལས་ནུ། །བྱ་གར་དེ་དག་མ་ཡིན་ནོ། །ཇི་ཙམ་ན་རྒྱལ་པོ་ང་ལས་ནུ་ཕྱོགས་དེར་ཕྱིན་ནས་སྨྲས་པ། དཔུང་གི་ཚོགས་འདི་སུ་ཞིག་གིས་བཀག །
བློན་པོ་རིན་པོ་ཆེས་སྨྲས་པ། དྲང་སྲོང་རྣམས་ཀྱིས་སོ། །རྒྱལ་པོས་སྨྲས་པ། དྲང་སྲོང་འདི་རྣམས་ནང་ན་ཅི་ཞིག་ལ་དགའ། དེས་སྨྲས་པ། ལྷ་རལ་པ་ལ་དགའ་ལགས་སོ། །རྒྱལ་པོས་སྨྲས་པ། འདི་རྣམས་རལ་པ་བྱི་ནས་བདག་གི་མདུན་ནས་འགྲོ་བར་གྱུར་ཅིག་ཅེས་བྱས་
པ་དང་། དེ་ནས་དེ་རྣམས་ཀྱི་རལ་པ་བྱི་ནས་ལག་ན་མདའ་གཞུ་ཐོགས་ཏེ་མདུན་དུ་བརྒྱུག་པར་བརྩམས་པ་དང་། བུད་མེད་རིན་པོ་ཆེས་རྒྱལ་པོ་ལ་གསོལ་པ། ལྷ་དྲང་སྲོང་འདི་རྣམས་ནི་དཀའ་ཐུབ་ཅན་ལགས་ན་འདི་དག་ཅི་བགྱི་ཐོང་ལགས། རྒྱལ་པོས་བཏང་བ་དང་། དེ་
རྣམས་ཀྱིས་སླར་ཡང་བརྩོན་འགྲུས་ལ་གནས་ནས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །རྒྱལ་པོ་ང་ལས་ནུ་ཡང་དཔུང་གི་ཚོགས་དང་ནམ་མཁའ་ལ་འཕགས་ཏེ་ཆས་སོ། །རི་རབ་རིའི་རྒྱལ་པོ་དཔག་ཚད་བརྒྱད་ཁྲི་ནི་འོག་ཏུ་གསེར་གྱི་ས་གཞི་ལ་ཐུག་པར་འདུག་གོ། །དཔག་
ཚད་བརྒྱད་ཁྲི་ནི་ཆུའི་སྟེང་དུ་བྱུང་སྟེ། དེ་ལྟར་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ། །དེའི་ངོས་རེ་རེ་ལ་ཡང་དཔག་ཚད་བརྒྱད་ཁྲི་ཡོད་དེ། དེ་ནི་ཁོར་ཁོར་ཡུག་ཏུ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ། །རིན་པོ་ཆེ་སྣ་བཞིའི་རང་བཞིན་བཟང་པོ་མཛེས་པ། བལྟ་ན་སྡུག་པ་ཡིན་ནོ། །
དེའི་སྟེང་ན་ལྷ་སུམ་བཅུ་རྩ་གསུམ་པ་རྣམས་གནས་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུང་མ་ལྔ་པོ་ཆུ་ལ་གནས་པའི་ཀླུ་རྣམས་དང་། གནོད་སྦྱིན་ལག་ན་ཡོལ་གོ་ཐོགས་པ་རྣམས་དང་། ཕྲེང་ཐོགས་རྣམས་དང་། རྟག་ཏུ་མྱོས་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་
བཀོད་པ་ལ། ཆུ་ན་གནས་པ་རྣམས་ཀྱིས་རྒྱལ་པོ་ང་ལས་ནུའི་དཔུང་གི་ཚོགས་རྣམས་བཀག་པ་དང་། ཇི་ཙམ་ན་རྒྱལ་པོ་ང་ལས་ནུ་ཕྱོགས་དེར་ཕྱིན་ནས་སྨྲས་པ། དཔུང་གི་ཚོགས་འདི་སུ་ཞིག་གིས་བཀག །དེ་རྣམས་ཀྱིས་སྨྲས་པ། ལྷ་ཆབ་ན་གནས་པའི་ཀླུ་རྣམས་ཀྱིས་སོ། །རྒྱལ་

པོས་སྨྲས་པ། བདག་དུད་འགྲོ་རྣམས་དང་གཡུལ་འགྱེད་དམ། དེས་སྨྲས་པ། ཆུ་ལ་གནས་པའི་ཀླུ་འདི་དག་ཉིད་བདག་གི་མདུན་ནས་འགྲོ་བར་གྱུར་ཅིག་ཅེས་བྱས་པ་དང་། དེ་རྣམས་རྒྱལ་པོ་ང་ལས་ནུའི་མདུན་ནས་འགྲོ་བར་ཆས་སོ། །ཇི་ཙམ་ན་ཀླུ་དེ་རྣམས་རྒྱལ་པོ་
ང་ལས་ནུའི་མདུན་ནས་རྒྱུག་ཅིང་། ལྷ་ལག་ན་ཡོལ་གོ་ཐོགས་ཀྱི་དྲུང་དུ་ཕྱིན་པ་དང་། དེ་རྣམས་ཀྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་ཅི་སྟེ་རྒྱུག །དེ་རྣམས་ཀྱིས་སྨྲས་པ། འདིར་མིའི་རྒྱལ་པོ་འོང་ངོ་། །དེ་ནས་ཀླུ་དེ་རྣམས་དང་། ལྷ་ལག་ན་ཡོལ་གོ་ཐོགས་རྣམས་ལོག་
ནས་ཡང་དཔུང་གི་ཚོགས་དེ་ཐོགས་པར་བྱས་སོ། །ཇི་ཙམ་ན་རྒྱལ་པོ་ང་ལས་ནུ་འོངས་ནས་དེས་སྨྲས་པ། དཔུང་གི་ཚོགས་འདི་སུ་ཞིག་གིས་བཀག །དེས་སྨྲས་པ། ལྷ་ལྷ་ལག་ན་ཡོལ་གོ་ཐོགས་འདི་རྣམས་ཀྱིས་དཔུང་གི་ཚོགས་བཀག་ལགས་སོ། །རྒྱལ་པོ་ང་ལས་ནུས་སྨྲས་པ།
ལྷ་ལག་ན་ཡོལ་གོ་ཐོགས་འདི་དག་ཉིད་བདག་གི་མདུན་ནས་འགྲོ་བར་གྱུར་ཅིག་དེ་ནས་དེ་རྣམས་མདུན་ནས་རབ་ཏུ་བརྒྱུགས་ཏེ། ཇི་ཙམ་ན་ཀླུ་དེ་རྣམས་དང་ལྷན་ཅིག་ལྷ་ཕྲེང་ཐོགས་རྣམས་ཀྱི་དྲུང་དུ་ཕྱིན་པ་དང་། དེ་རྣམས་ཀྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་ཅི་སྟེ་རྒྱུག་དེ་དག་གིས་སྨྲས་པ།
མིའི་རྒྱལ་པོ་འདིར་འོང་ངོ་། །དེ་ནས་ལྷ་དང་། ཀླུ་དེ་རྣམས་ཡང་ལོག་ནས་དཔུང་གི་ཚོགས་ཐོགས་པར་བྱས་པ་དང་། རྒྱལ་པོ་ཕྱོགས་དེར་ཕྱིན་ནས་དེས་སྨྲས་པ། དཔུང་གི་ཚོགས་འདི་སུ་ཞིག་གིས་བཀག་དེས་སྨྲས་པ། ལྷ་ལྷ་ཕྲེང་ཐོགས་རྣམས་ཀྱིས་སོ། །རྒྱལ་པོས་སྨྲས་
པ། ལྷ་ཕྲེང་ཐོགས་འདི་དག་ཉིད་བདག་གི་མདུན་ནས་འགྲོ་བར་གྱུར་ཅིག །དེ་ནས་དེ་རྣམས་མདུན་ནས་བརྒྱུག་པར་བརྩམས་སོ། །དེ་རྣམས་ཀྱིས་བརྒྱུགས་ནས་ལྷ་རྟག་ཏུ་མྱོས་རྣམས་ཀྱི་དྲུང་དུ་ཕྱིན་པ་དང་། དེ་རྣམས་ཀྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་ཅི་སྟེ་རྒྱུག །
དེ་རྣམས་ཀྱིས་སྨྲས་པ། མིའི་རྒྱལ་པོ་འདིར་འོང་ངོ་། །དེ་ནས་དེ་རྣམས་ལོག་ནས་ཡང་དཔུང་གི་ཚོགས་དེ་ཐོགས་པར་བྱས་པ་དང་། རྒྱལ་པོ་ཕྱོགས་དེར་ཕྱིན་ནས་དེས་སྨྲས་པ། དཔུང་གི་ཚོགས་འདི་སུ་ཞིག་གིས་བཀག་དེས་སྨྲས་པ། ལྷ་ལྷ་རྟག་ཏུ་མྱོས་རྣམས་ཀྱིས་སོ། །རྒྱལ་

པོས་སྨྲས་པ། ལྷ་རྟག་ཏུ་མྱོས་འདི་དག་ཉིད་བདག་གི་མདུན་ནས་འགྲོ་བར་གྱུར་ཅིག །དེ་ནས་དེ་རྣམས་མདུན་ནས་བརྒྱུགས་སོ། །དེ་རྣམས་ཀྱིས་བརྒྱུགས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་དྲུང་དུ་ཕྱིན་པ་དང་། དེ་རྣམས་ཀྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་ཅི་སྟེ་
རྒྱུག །མིའི་རྒྱལ་པོ་འདིར་འོང་ངོ་། །རྒྱལ་ཆེན་བཞིའི་རྣམས་ཀྱིས་བསམས་པ། སེམས་ཅན་འདི་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཡིན་ཏེ་དེ་དགག་པར་མི་ནུས་སོ་སྙམ་ནས། དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དེ་རྣམས་ཀྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལ་
འདིར་མིའི་རྒྱལ་པོ་ང་ལས་ནུ་འོང་ངོ་ཞེས་སྦྲན་ཏོ། །སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་བསམས་པ། སེམས་ཅན་འདི་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཡིན་པས་དེ་བཟློག་པར་མི་བྱའི་མཆོད་ཡོན་གྱིས་བསུ་བར་བྱའོ་སྙམ་ནས། དེ་ནས་སུམ་བཅུ་རྩ་གསུམ་
པའི་ལྷ་དེ་རྣམས་ཀྱིས་མཆོད་ཡོན་གྱིས་བསུའོ། །རྒྱལ་པོ་ང་ལས་ནུ་རི་རབ་ཀྱི་རྩེ་ལ་འཛེག་པ་ན་ཚལ་སྔོ་ཞིང་སྔོ་བའི་ཕྲེང་བ་སྤྲིན་སྤུངས་པ་ལྟ་བུ་མཐོན་པོ་དག་མཐོང་ངོ་། །མཐོང་ནས་ཀྱང་གནོད་སྦྱིན་ལྷ་གནས་ལ་སྨྲས་པ། ལྷ་གནས་ཚལ་སྔོ་ཞིང་སྔོ་བའི་ཕྲེང་བ་སྤྲིན་སྤུངས་པ་
ལྟ་བུ་མཐོན་པོ་ཕ་བི་དག་ཅི་ཞིག་ཡིན། ལྷ་དེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་ཞེས་བགྱི་བ་ལགས་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་བཞི་ལྷའི་འདོད་པའི་ཡོན་ཏན་ལྔ་དང་འབྱོར་ཅིང་ལྡན་པར་དེ་ན་རྩེ་བར་བགྱིད། དགའ་བར་བགྱིད།
དགའ་མགུར་སྤྱོད་པར་བགྱིད་དོ། །ལྷ་ཡང་དེར་བྱོན་ནས་ལྷའི་འདོད་པའི་ཡོན་ཏན་ལྔ་དང་འབྱོར་ཅིང་ལྡན་པར་རོལ་བར་མཛད། དགྱེས་པར་མཛད། དགྱེས་མགུར་སྤྱད་པར་མཛོད་ཅིག་རྒྱལ་པོ་ང་ལས་ནུས་ཐོས་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། སྣ་བོ་དག་ཁྱེད་ཅག་
གིས་ཚལ་སྔོ་ཞིང་སྔོ་བའི་ཕྲེང་བ་སྤྲིན་སྤུངས་པ་ལྟ་བུ་མཐོན་པོ་དག་མཐོང་ངམ། ལྷ་མཐོང་ལགས་སོ། །སྣ་བོ་དག་དེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་ཅེས་བྱ་བ་ཡིན་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་བཞི་ལྷའི་འདོད་པའི་ཡོན་

ཏན་ལྔ་དང་འབྱོར་ཅིང་ལྡན་པར་དེ་ན་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཀྱིས། སྣ་བོ་དག་ཁྱེད་ཅག་ཀྱང་དེར་ཕྱིན་ནས་འདོད་པའི་ཡོན་ཏན་ལྔ་དང་འབྱོར་ཅིང་ལྡན་པར་རྩེ་བར་གྱིས། དགའ་བར་གྱིས་དགའ་མགུར་སྤྱད་པར་གྱིས་ཤིག །
ཡང་རྒྱལ་པོ་ང་ལས་ནུས་རི་རབ་ཀྱི་རྩེ་ན་དཀར་ཞིང་དཀར་བ་སྤྲིན་སྤུངས་པ་ལྟ་བུ་མཐོན་པོ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་གནོད་སྦྱིན་ལྷ་གནས་ལ་སྨྲས་པ། ལྷ་གནས་དཀར་ཞིང་དཀར་བ་སྤྲིན་སྤུངས་པ་ལྟ་བུ་མཐོན་པོ་ཕ་བི་ཅི་ཞིག་ཡིན། ལྷ་དེ་ནི་སུམ་བཅུ་རྩ་གསུམ་
པའི་ལྷ་རྣམས་ཀྱི་འདུན་ས་ཆོས་བཟང་ལགས་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། རྒྱལ་ཆེན་བཞི་རྣམས་དེར་འདུས་ཤིང་ཚོགས་ནས་ལྷ་དང་མི་རྣམས་ཀྱི་དོན་སེམས་པར་བགྱིད། འཇལ་བར་བགྱིད། ཉེ་བར་རྟོག་པར་བགྱིད་དེ། ལྷ་ཡང་དེར་བཞུད་པར་
འགྱུར་རོ། །རྒྱལ་པོ་ང་ལས་ནུས་ཐོས་ནས་བློན་པོ་རྣམས་ལ་སྨྲས་པ། སྣ་བོ་དག་ཁྱེད་ཅག་གིས་དཀར་ཞིང་དཀར་བ་སྤྲིན་སྤུངས་པ་ལྟ་བུ་མཐོན་པོ་མཐོང་ངམ། ལྷ་མཐོང་ལགས་སོ། །སྣ་བོ་དག་དེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདུན་ས་ཆོས་བཟང་ཞེས་བྱ་བ་ཡིན་
ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། རྒྱལ་ཆེན་བཞི་རྣམས་དེར་འདུས་ཤིང་ཚོགས་ནས་ལྷ་དང་མི་རྣམས་ཀྱི་དོན་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་དེ། སྣ་བོ་དག་ཁྱེད་ཅག་ཀྱང་དེར་འགྲོ་བར་འགྱུར་རོ། །སུམ་བཅུ་རྩ་གསུམ་
པའི་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ནི་ཆུ་དང་ཞེང་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་དེ། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ཁྲི་ཡོད་པ། གསེར་གྱི་ར་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ་སྟེ། ར་བ་དེ་རྣམས་ཀྱི་འཕང་དུ་ནི་དཔག་ཚད་ཕྱེད་དང་གསུམ་ཡོད་དོ། །ར་བ་དེ་
རྣམས་ལ་ཅོག་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དག་བཏགས་སོ། །སྐར་ཁུང་ཁ་ཡར་ལྟ་བ་དང་། མར་ལྟ་བ་དག་ཀྱང་བཏོད་དོ། །གྲོང་ཁྱེར་བལྟ་ན་སྡུག་གི་ནང་གི་སའི་ཕྱོགས་ནི་བཟང་པོ།

མཛེས་པ། བལྟ་ན་སྡུག་པ། བཀྲ་བ་ཤིན་ཏུ་བཀྲ་བ། ཚོན་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་པ་དཔེར་ན་རས་བལ་གྱི་འདའ་བའམ་ཤིང་བལ་གྱི་འདའ་བ་ལྟ་བུར་འཇམ་པ། ཤིན་དུ་འཇམ་པ། རྐང་པས་མནན་ནེམས་ཞེས་བྱེད་ལ། རྐང་པ་བཏེག་ན་བར་ཞེས་བྱེད་པ།
ལྷའི་མེ་ཏོག་མན་དཱ་རའི་ཕུང་པོ་པུས་མོ་ནུབ་ཙམ་བཀྲམ་པ་སྟེ། རླུང་ལངས་པས་མེ་ཏོག་རྙིང་པ་རྣམས་ཁྱེར་ལ་མེ་ཏོག་སར་པ་རྣམས་འབབ་པར་བྱེད་དོ། །བལྟ་ན་སྡུག་གི་གྲོང་ཁྱེར་ལ་སྒོ་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་དེ། སྒོ་རེ་རེ་ན་གནོད་སྦྱིན་གོས་སྔོན་པོ་ཅན་གོ་ཆ་བགོས་པ།
མདའ་གཞུ་སྐྱེས་སྐོར་ཐོགས་པ་ལྔ་བརྒྱ་འདི་ལྟར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་བསྲུང་བ་དང་། བསྐྱབ་པ་དང་། མཛེས་པར་བྱ་བའི་ཕྱིར་གནས་སོ། །གྲོང་ཁྱེར་བལྟ་ན་སྡུག་གི་སྲང་གི་སྲིད་དུ་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་ལ་རྒྱར་ནི་དཔག་ཚད་བཅུ་གཉིས་ཡོད་དེ་
བཟང་པོ་མཛེས་པ། བལྟ་ན་སྡུག་པ། གསེར་གྱི་བྱེ་མས་བདལ་བ། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། གསེར་གྱི་དྲ་བས་བྲེས་པ། དེའི་ཕྱོགས་ཀུན་ན་རྫིང་བུ་རྣམ་པ་སྣ་ཚོགས་ཡོད་དེ། རྫིང་བུ་དེ་རྣམས་ཕ་གུ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་
པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བསྐོར་ཏོ། །རྫིང་བུ་དེ་རྣམས་ཀྱི་ཐེམ་སྐས་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་ཡིན་ནོ། །རྫིང་བུ་དེ་རྣམས་ལན་ཀན་རྣམ་པ་
བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བསྐོར་ཅིང་། གསེར་ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་དངུལ་ལས་བྱས་པ་དང་། དངུལ་ལས་བྱས་པའི་ལན་
ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་གསེར་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་ཤེལ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་

ཀན་གྱི་རྟེན་མ་བཻ་ཌཱུརྱ་ལས་བྱས་པ་ཡིན་ནོ། །རྫིང་བུ་དེ་རྣམས་ཆུ་སྦྲང་རྩི་ལྟར་མངར་ཞིང་བསིལ་བས་གང་ལ། ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་གང་ཞིང་ཆུ་ལ་གནས་པའི་བྱ་རྣམ་པ་སྣ་ཚོགས་འདོད་དགུར་སྒྱུར་བའི་གཟུགས་
ཅན་རྣམས་ཀྱིས་སྙན་ཅིང་འཇེབས་ལ་ཡིད་དུ་འོང་བའི་སྒྲ་སྐད་འབྱིན་པར་བྱེད་དོ། །དེའི་ཕྱོགས་ཀུན་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། དབུ་རྒྱན་སྐྱེ་བ་དག་ཤིན་དུ་དབྱིབས་ལེགས་ཤིང་ལེགས་པར་སྐྱེས་པ་ནི་དཔེར་ན་ཕྲེང་བ་མཁན་ནམ་ཕྲེང་བ་མཁན་གྱི་སློབ་མ་མཁས་
པ་ཞིག་གིས་རྣ་རྒྱན་དུ་བྱ་བའི་ཕྱིར་མེ་ཏོག་གི་ཕྲེང་བ་ལེགས་པར་བརྒྱུས་པ་བཞིན་ནོ། །ཐང་ལ་གནས་པའི་བྱ་རྣམ་པ་སྣ་ཚོགས་འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་ཀྱང་སྙན་ཅིང་འཇེབས་པའི་སྒྲ་སྐད་འབྱིན་ཏོ། །གྲོང་ཁྱེར་བལྟ་ན་སྡུག་ན་དཔག་བསམ་གྱི་གོས་ཀྱི་ཤིང་
ལྗོན་པ་རྣམ་པ་བཞི་པོ་སྔོན་པོ་དང་། སེར་པོ་དང་དམར་པོ་དང་། དཀར་པོ་རྣམས་ལས་དཔག་བསམ་གྱི་ཤིང་ལྗོན་པ་ལས་བྱུང་བའི་གོས་རྣམ་པ་བཞི་པོ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཏེ། ལྷའམ་ལྷའི་བུ་མོ་དག་ཇི་ལྟ་བུ་འདོད་པ་སེམས་བསྐྱེད་མ་
ཐག་ཏུ་དེ་ལྟ་བུ་ལག་ཏུ་འཐོབ་པར་འགྱུར་རོ། །རྒྱན་གྱི་ཤིང་རྣམ་པ་བཞི་པོ་རྣམས་ལས་རྒྱན་རྣམ་པ་བཞི་པོ་ལག་པའི་རྒྱན་དང་། རྐང་པའི་རྒྱན་དང་། སྨད་ཀྱི་རྒྱན་དང་། སྣང་བར་བྱ་བའི་རྒྱན་ནོ། །ལྷའི་བུའམ་ལྷའི་བུ་མོ་དག་ཇི་ལྟ་བུ་འདོད་པའི་སེམས་བསྐྱེད་མ་ཐག་
ཏུ་དེ་ལྟ་བུ་ལག་ཏུ་འཐོབ་པར་འགྱུར་རོ། །རོལ་མོའི་ཆ་སྤྱད་རྣམ་པ་བཞི་པོ་པི་བང་དང་། གླིང་བུ་དང་། པི་བང་རྒྱུད་གསུམ་པ་དང་། སྒྲ་སྙན་རྣམས་ལས་ལྷའམ་ལྷའི་བུ་མོས་ཇི་ལྟ་བུ་འདོད་པ་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་ལག་ཏུ་འཐོབ་པར་འགྱུར་རོ། །ལྷའི་ཁ་ཟས་རྣམ་
པ་བཞི་པོ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ལས་ལྷའམ་ལྷའི་བུ་མོས་ཇི་ལྟ་བུ་འདོད་པ་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་ལག་ཏུ་འཐོབ་པར་འགྱུར་རོ། །ཁང་པ་དང་། ཁང་པ་རྩེག་མ་དང་། བསིལ་ཁང་དང་། ཁྱམས་དང་། སྐར་ཁུང་དང་། མཐོངས་ཁུང་

ཅན་བུད་མེད་ཀྱི་ཚོགས་རྣམས་དང་། ལྷ་མོའི་ཚོགས་རྣམས་འདུ་བའི་གནས་དག་ཡོད་དེ། དེ་ན་བཏུང་བ་སྦྲང་རྩིའི་བཏུང་བ་དང་། མ་དྷ་བའི་བཏུང་བ་དང་། ཀ་དམ་བྷ་རའི་བཏུང་བ་དང་། རོལ་མོའི་སྒྲ་སྐད་རྣམས་ཀྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་རྩེ་བར་བྱེད། དགའ་བར་
བྱེད། དགའ་མགུར་སྤྱོད་པར་བྱེད་དེ། རང་གི་བསོད་ནམས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ། །སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་འདུན་ས་ཆོས་བཟང་ཞེས་བྱ་བ་སྲིད་དུ་དཔག་ཚད་སུམ་བརྒྱ། རྒྱར་དཔག་ཚད་སུམ་བརྒྱ་སྟེ། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་དགུ་བརྒྱ་
ཡོད་པ། བཟང་པོ། མཛེས་པ། བལྟ་ན་སྡུག་པ། ཤེལ་གྱི་རྒྱུ་ལས་བྱུང་བ་སྟེ། གྲོང་ཁྱེར་དེ་ལས་དཔག་ཚད་ཕྱེད་དང་བཞི་གྱེན་དུ་འཕགས་སོ། །དེར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྟན་བཤམས་པ་ནི་ཉེ་དབང་པོ་སུམ་བཅུ་རྩ་གཉིས་དང་། སུམ་བཅུ་རྩ་གསུམ་པའི་
ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སྟན་དག་སོ་སོར་བཤམས་སོ། །རྒྱལ་པོ་ང་ལས་ནུའི་སྟན་ནི་སྟན་དེ་དག་ཐམས་ཅད་ཀྱི་མཇུག་ཁོ་ནར་བཤམས་སོ། །དེ་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་མཆོད་ཡོན་ཐོགས་ཏེ་རྒྱལ་པོ་ང་ལས་ནུ་བསུའོ། །དེ་ན་སེམས་ཅན་བསོད་ནམས་
ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་དག་ནི་རིམ་གྱིས་ནང་དུ་ཞུགས་སོ། །ལྷག་མ་རྣམས་ནི་ཕྱི་རོལ་ན་འཁོད་པ་དང་། རྒྱལ་པོ་ང་ལས་ནུས་བསམས་པ། སྟན་བཤམས་པ་གང་དག་ཡིན་པ་འདི་རྣམས་ལས་སྟན་ཐ་མ་གང་ཡིན་པ་འདི་ནི་གདོན་མི་ཟ་
བར་བདག་གི་སྟན་ཡིན་ནོ་སྙམ་ནས། དེ་ནས་རྒྱལ་པོ་ང་ལས་ནུ་འདི་སྙམ་དུ་ཀྱེ་མའོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྟན་ཕྱེད་བདག་ལ་བསྟབས་ཀྱང་ཅི་མ་རུང་སྙམ་དུ་བསམས་པ་དང་། སེམས་བསྐྱེད་མ་ཐག་ཏུ། རྒྱལ་པོ་ཆེན་པོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་
པོ་ང་ལས་ནུ་ལ་སྟན་ཕྱེད་བསྟབས་ནས། རྒྱལ་པོ་ང་ལས་ནུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་གོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སྟན་གཅིག་ལ་འདུག་པ་ན་འདི་ལྟ་སྟེ་སྲིད་དུའམ། ཞེང་དུའམ། ཁ་དོག་རྒྱས་པའམ།

སྨྲ་དངགས་ལ་ཁྱད་པར་རམ། བསམ་པའམ། ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དེ། གཞན་དུ་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནི་མིག་མི་འཛུམས་སོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན་འདུག་པ་ལ་བརྒྱ་བྱིན་
སུམ་བཅུ་རྩ་དྲུག་ཤི་འཕོས་པ་ལོན་ནོ། །ཡང་དེ་ན་ལྷ་རྣམས་ལ་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་འབྱུང་སྟེ། དེ་ལ་གལ་ཏེ་ལྷ་མ་ཡིན་རྣམས་ཕམ་པར་གྱུར་ན་ནི་ལྷ་མ་ཡིན་དེ་རྣམས་གྲོང་ཁྱེར་གྱི་སྒོ་བཅད་ནས་ར་བའི་ཁ་བསྐོར་ནས་འདུག་གོ། །འོན་ཏེ་ལྷ་རྣམས་ཕམ་པར་གྱུར་
ན་ནི་ལྷ་དེ་རྣམས་ཀྱང་ཁང་པའི་སྒོ་རྣམས་བཅད་ནས་ར་བའི་ཁ་བསྐོར་ནས་འདུག་གོ། །ཇི་ཙམ་ན་ལྷ་མ་ཡིན་རྣམས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས་གཅན་རིམ་པ་ལྔ་དྲལ་ཏེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་གཡུལ་འགྱེད་དུ་འོངས་པ་དང་། གནོད་སྦྱིན་རྣམས་
ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། ཀཽ་ཤི་ཀ་མཁྱེན་པར་མཛོད་ཅིག །ལྷ་མ་ཡིན་རྣམས་ཀྱིས་གཅན་རིམ་པ་ལྔ་དྲལ་ཏེ་ཉེ་བར་མཆིས་ཀྱིས། ཁྱོད་ཀྱི་བགྱི་བ་དང་བཤམས་པ་གང་ལགས་པ་དེ་མཛོད་ཅིག །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དཔུང་གི་
ཚོགས་ཡན་ལག་བཞི་པ་གོ་བགོས་ནས་ལྷ་མ་ཡིན་དང་གཡུལ་སྤྲད་པའི་ཕྱིར་སྤགས་པ་རྒྱལ་པོ་ང་ལས་ནུས་མཐོང་ནས་སྨྲས་པ། བཞུགས་ཤིག་བདག་ཉིད་མཆིའོ། །བརྒྱ་བྱིན་གྱིས་སྨྲས་པ། དེ་བཞིན་མཛོད་ཅིག །དེ་ནས་རྒྱལ་པོ་ང་ལས་ནུ་དཔུང་གི་ཚོགས་བྱེ་
བ་བརྒྱད་འབུམ་དང་སྟེང་གི་ནམ་མཁའ་ལ་འཕགས་ནས་གཞུ་རྒྱུད་ཀྱི་སྒྲ་སྦྲེངས་སོ། །ལྷ་མ་ཡིན་རྣམས་ཀྱིས་དེ་ཐོས་ནས་སྨྲས་པ། འདི་སུའི་གཞུ་རྒྱུད་ཀྱི་སྒྲ་ཡིན། དེ་རྣམས་ཀྱིས་འདི་ནི་རྒྱལ་པོ་ང་ལས་ནུའི་གཞུ་རྒྱུད་ཀྱི་སྒྲ་ཡིན་ནོ་ཞེས་ཐོས་སོ། །ཐོས་ནས་ངོ་མཚར་སྐྱེས་པར་
གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་ང་ལས་ནུས་སྤགས་པ་དང་། ཆོས་ཉིད་ཀྱིས་ལྷ་རྣམས་དང་ལྷ་མ་ཡིན་དེ་རྣམས་གཡུལ་འགྱེད་པའི་ཤིང་རྟ་དག་ནམ་མཁའ་ལ་ཐད་ཀ་ཐད་ཀར་འདུག་སྟེ། གང་གི་ཡང་མཐོན་དམན་མེད་པ་ཡིན་པ་ལས་རྒྱལ་པོ་ང་ལས་ནུའི་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་ལྟག་

གི་ནམ་མཁའ་ལ་འཕགས་ནས་འདུག་གོ། །ལྷ་མ་ཡིན་དེ་རྣམས་ཀྱིས་སྨྲས་པ། བདག་ཅག་གི་ལྟག་ན་ནམ་མཁའ་ལ་སྤགས་ཏེ་འདུག་པ་འདི་སུ་ཞིག་ཡིན། དེ་རྣམས་ཀྱིས་འདི་ནི་མིའི་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་ཡིན་ནོ་ཞེས་ཐོས་སོ། །ཐོས་ནས་དེ་རྣམས་ཀྱིས་བསམས་པ། གང་
གི་ཤིང་རྟ་བདག་ཅག་གི་ལྟག་ཏུ་ནམ་མཁའ་ལས་འགྲོ་བའི་སེམས་ཅན་འདི་ནི་བསོད་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ་ཡིན་ནོ་སྙམ་ནས། དེ་རྣམས་ཕམ་པར་གྱུར་ཏེ་འཇིགས་སྐྲག་ཅིང་བཅོམ་པས་རྒྱབ་བསྟན་ནས་ལྷ་མ་ཡིན་རྣམས་ཀྱི་གནས་སུ་ཞུགས་སོ། །རྒྱལ་པོ་
ང་ལས་ནུས་སྨྲས་པ། གང་རྒྱལ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་རྒྱལ་ལགས་སོ། །རྒྱལ་པོས་བསམས་པ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་པས་ནི་བདག་ལྷག་གོ་སྙམ་མོ། །དེ་ནས་རྒྱལ་པོ་ང་ལས་ནུ་འདི་སྙམ་དུ་སེམས་ཏེ། བདག་ལ་འཛམ་བུའི་གླིང་འབྱོར་པ་དང་།
རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་ཡང་ཡོད། བདག་ལ་ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་གྱི་གླིང་ཡང་ཡོད། བདག་ལ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་
རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བཙུན་མོ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་ཡང་ཡོད། བདག་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པར་བྱེད་པ་
སྟོང་ཡང་ཚང་བར་ཡོད། བདག་གི་ཕོ་བྲང་གི་ནང་དུ་ཡང་གསེར་གྱི་ཆར་ཞག་བདུན་དུ་བབ། བདག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་ཡང་ཕྱིན། ལྷའི་འདུན་ས་ཆོས་བཟང་དུ་ཡང་ཞུགས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་བདག་ལ་སྟན་ཕྱེད་བསྟབས་
ཀྱིས་ཀྱེ་མའོ་བདག་གིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གནས་འདི་ནས་ཕྱུང་ལ། བདག་ཁོ་ནས་ལྷ་དང་མི་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་འབྱོར་པ་དེ་ལས་ཡོངས་སུ་ཉམས་ཏེ། འཛམ་བུའི་གླིང་

དུ་འོངས་ནས་ནད་ཚབས་པོ་ཆེ་ཞིག་གིས་ཐེབས་ཏེ་སྡུག་བསྔལ་མི་བཟད་པ་འཆི་བ་ལ་ཐུག་པ་མྱོང་བ་དང་། དེ་ནས་རྒྱལ་པོ་ང་ལས་ནུའི་བློན་པོ་དང་། རྩིས་པ་དང་། རྒྱལ་སྲིད་འབུལ་བའི་སྣ་ཆེན་པོ་ལ་གཏོགས་པ་དང་། གསང་སྔགས་ཀྱིས་ལྷན་ཅིག་འཚོ་བར་བྱེད་པ་
རྣམས་རྒྱལ་པོ་ང་ལས་ནུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། རྒྱལ་པོ་ང་ལས་ནུ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་འདས་ནས་ཡུལ་འཁོར་གྱི་མི་སླད་མ་རྣམས་ཤེས་ལྡན་དག་རྒྱལ་པོ་ང་ལས་ནུས་ནོངས་པའི་དུས་ཀྱི་ཚེ་ཅི་ཞིག་གསུངས་ཞེས་འདྲི་ན། དེ་སྐད་དུ་འདྲི་བ་དེ་དག་ལ་བདག་ཅག་གིས་
ཇི་སྐད་དུ་ལན་གདབ་པར་བགྱི། སྣ་བོ་དག་ང་འདས་ནས་གལ་ཏེ་ཁྱེད་ཅག་ལ་སྐྱེ་བོ་ཕྱི་མ་རྣམས་ཉེ་བར་འོངས་ནས་དེ་སྐད་དུ་འདྲི་བར་བྱེད་ན། འདྲི་བ་དེ་དག་ལ་ཁྱེད་ཀྱིས་ལན་འདི་སྐད་ཅེས་ཐོབ་ཤིག །ཤེས་ལྡན་དག་རྒྱལ་པོ་ང་ལས་ནུ་ནི་རིན་པོ་ཆེ་སྣ་བདུན་དང་ཡང་ལྡན། མིའི་འབྱོར་པ་རྣམ་
བཞིས་གླིང་བཞིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཡང་དབང་བྱེད་དུ་བཅུག །སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་ནས་འདོད་པའི་ཡོན་ཏན་རྣམ་པ་ལྔ་པོ་དག་གིས་མ་ངོམས་བཞིན་དུ་ནོངས་སོ་ཟེར་རོ་ཞེས་གྱིས་ཤིག །ཚིགས་སུ་བཅད་པ་དག་ཀྱང་སྨྲས་པ། ཀཱར་ཥཱ་པ་ཎའི་ཆར་
བབ་ཀྱང་། །འདོད་པ་དག་ལ་ངོམས་པ་མེད། །མཁས་པས་འདོད་པ་མནོག་ཆུང་ཞིང་། །སྡུག་བསྔལ་མང་པོར་ཤེས་ནས་ནི། །ལྷ་ཡི་འདོད་པ་རྣམས་ལ་ཡང་། །དགའ་བར་འགྱུར་བ་མེད་པ་ཉིད། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ཉན་ཐོས་སྲེད་པ་ཟད་ལ་དགའ། །
གངས་ཀྱི་རི་དང་མཉམ་པ་ཡི། །གསེར་གྱི་རི་བོར་གྱུར་ཀྱང་ནི། །གཅིག་གི་ནོར་དུའང་དེས་མི་ཆོག །མཁས་པས་དེ་ལྟར་ཤེས་པར་བྱ། །གང་ཞིག་གཞི་འདིས་སྡུག་བསྔལ་རྟོག་པ་དེ། །འདོད་པ་དག་ལ་གཞར་ཡང་ཇི་ལྟར་དགའ། །འཇིག་རྟེན་ནོར་དག་ཟུག་རྔུར་རྟོགས་ནས་ནི། །
བརྟན་པས་དེ་ཉིད་གདུལ་ཕྱིར་བསླབ་པར་བྱ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་རྣམ་གྲངས་འདིས་ཁྱོད་ཀྱིས་འདི་ལྟར་གང་མིའི་འཇིག་རྟེན་ན་འདོད་པའི་ཡོན་ཏན་ལྔས་ངོམས་ཤིང་ཆོག་ཤེས་ཏེ་འཆི་བར་འགྱུར་བའི་མི་གང་དག་ཡིན་པ་དེ་དག་ནི་ཉུང་ལ། མིའི་འཇིག་རྟེན་ན་འདོད་པའི་ཡོན་ཏན་ལྔས་

མི་ངོམས་ཤིང་ཆོག་མི་ཤེས་ཏེ་འཆི་བར་འགྱུར་བ་ནི་ཆེས་མང་བར་རིག་པར་བྱའོ། །དེ་ནས་རྒྱལ་པོ་ང་ལས་ནུས་གཏན་པ་མེད་པའི་མཆོད་སྦྱིན་བཏང་ནས་ཚིགས་སུ་བཅད་དེ་སྨྲས་པ། །འཇིག་རྟེན་ཕ་རོལ་ཡ་ང་ཞིང་། །ཚེ་ཐུང་བར་ནི་ཤེས་བྱས་ནས། །བསོད་ནམས་དག་ནི་བྱ་བ་སྟེ། །བསོད་
ནམས་མ་བྱས་སྡུག་བསྔལ་འགྱུར། །དེ་བས་བསོད་ནམས་འདོད་པ་ཡིས། །སྦྱིན་པ་ཚུལ་བཞིན་བཏང་བྱས་ན། །འཇིག་རྟེན་འདི་དང་ཕ་རོལ་དུ། །སྦྱིན་པ་བྱས་པ་དགའ་བར་འགྱུར། །ཇི་ཙམ་ན་གྲོང་མི་དང་ཡུལ་མི་རྣམས་ཀྱིས་རྒྱལ་པོ་ང་ལས་ནུ་ན་སྟེ་ཤི་ལ་ཐུག་ཅིང་འདུག་གོ་ཞེས་ཐོས་སོ། །
ཐོས་ནས་ཀྱང་ཡང་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་རྒྱལ་པོ་ང་ལས་ནུ་བལྟ་བའི་ཕྱིར་ཉེ་བར་སོང་བ་དང་། རྒྱལ་པོས་སྐྱེ་བོའི་ཚོགས་རྣམས་ལ་འདོད་པ་རྣམས་ཀྱི་ཉེས་དམིགས་ཀྱི་གཏམ་ཡང་བྱས་ཁྱིམ་ན་གནས་པའི་ཉེས་དམིགས་དང་། དེ་བཞིན་དུ་འདོད་པ་སྨད་པ་ཡང་བཤད་དེ། དེ་
ཐོས་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཁྱིམ་གྱི་གནས་སྤངས་ནས་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་སྟེ། ནགས་ཚལ་དུ་འདུག་ནས་ཚངས་པའི་གནས་པ་བཞི་བསྒོམས་པས་འདོད་པ་རྣམས་ལ་འདུན་པ་སྤངས་ཏེ། དེ་ལ་མང་དུ་གནས་པས་ཚངས་པའི་འཇིག་རྟེན་དུ་སྐལ་བ་མཉམ་པར་
སྐྱེས་སོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུས་ཇི་སྲིད་གཞོན་ནུ་རྩེ་བའི་ས་ན་རྩེས་པ་དང་། ཇི་སྲིད་རྒྱལ་ཚབ་བྱས་པ་དང་། ཇི་སྲིད་འཛམ་བུའི་གླིང་དུ་རྒྱལ་སྲིད་ཆེན་པོ་བྱས་པ་དང་། ཇི་སྲིད་ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། གསེར་
གྱི་རི་བོ་བདུན་ལ་གནས་པ་དང་། ཇི་སྲིད་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་གནས་སུ་སོང་སྟེ་གནས་པ་དེའི་བར་ལ་བརྒྱ་བྱིན་བརྒྱད་བཅུ་རྩ་བཞི་ཤི་འཕོས་པ་ལོན་ནོ། །རྒྱལ་པོ་ཆེན་པོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཚེའི་ཚད་ནི་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་བཅུ་རྩ་གསུམ་པའི་
ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ནོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྷ་རྣམས་ཀྱི་ལོ་སྟོང་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ཏེ། དེ་ལ་མིའི་ལྟར་བགྲང་ན་ལོ་བྱེ་བ་ཕྲག་གསུམ་དང་དྲུག་ཁྲི་ཡོད་དོ། །རྒྱལ་པོ་ཆེན་

པོ་གང་གི་ཚེ་རྒྱལ་པོ་ང་ལས་ནུས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་སྟེ་འདི་སྐད་ཅེས། ཀྱེ་མའོ་བདག་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྟན་ཕྱེད་བསྟབས་ཀྱང་ཅི་མ་རུང་སྙམ་དུ་སེམས་བསྐྱེད་པ་དེའི་ཚེ་དེའི་དུས་ཀྱི་བརྒྱ་བྱིན་ནི་དགེ་སློང་འོད་སྲུང་ཡིན་ནོ། །གང་
གི་ཚེ་རྒྱལ་པོ་ང་ལས་ནུས་འདི་ལྟ་བུའི་སེམས་བསྐྱེད་དེ། མ་ལ་བདག་གིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གནས་འདི་ནས་ཕྱུང་ལ། བདག་ཉིད་ལྷ་དང་མི་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱའོ། །སྙམ་པ་དེའི་ཚེ་དེའི་དུས་ཀྱི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནི་ཡང་དག་པར་རྫོགས་
པའི་སངས་རྒྱས་འོད་སྲུང་ཡིན་ཏེ། སེམས་ཅན་ཤིན་ཏུ་དབང་ཆེ་བར་གྲགས་པ་ལ་ངན་སེམས་བསྐྱེད་པ་དེས་ན་འབྱོར་པ་དེ་ལས་ཉམས་ནས་འཛམ་བུའི་གླིང་དུ་འོངས་ཏེ་ནད་ཚབས་ཆེན་པོས་ཐེབས་ཤིང་འཆི་བ་ལ་ཐུག་པའི་ཚོར་བ་མི་བཟད་པ་མྱོང་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་
སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་ང་ལས་ནུ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། གང་ཡང་ངས་སེམས་ཅན་དེ་སྙེད་ཅིག་ལ་ཕན་པ་བྱས་ན། དེས་བླ་ན་མེད་པའི་ཡེ་ཤེས་མ་ཐོབ་བོ། །འོན་ཀྱང་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་
ཙམ་ཡིན་ནོ། །རྒྱལ་པོ་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱལ་པོ་ང་ལས་ནུས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་སེམས་བསྐྱེད་མ་ཐག་ཏུ་དགུང་བདུན་དུ་ཕོ་བྲང་ནང་དུ་གསེར་གྱི་ཆར་བབ་ལགས། རྒྱལ་
པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་དུ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་
རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཟིལ་གནོན་ཅེས་བྱ་བ་བྱུང་སྟེ། དེའི་ཚེ་ཚོང་དཔོན་གྱི་བུ་ཁྱིམ་ཕུབ་ནས་རིང་པོ་མ་ལོན་པ་ཞིག་གནས་སོ། །ཡུལ་དེ་ན་ཆོས་ལུགས་ཀྱིས་བག་མར་བཏང་ནས། རིང་པོ་མ་ལོན་པར་བག་རྫོངས་བཏབ་སྟེ། ཁྱིམ་

ཐབ་ལ་གཏོང་བའི་བག་མ་གང་ཡིན་པ་དེ་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མེ་ཏོག་གིས་བརྒྱན་ནས་ཁྱིམ་ཐབ་ལ་གཏོང་ལ། ཁྱིམ་ཐབ་དེས་ཀྱང་དེ་ཁྲིད་ནས་རང་གི་ཁྱིམ་དུ་འགྲོ་བས་ཚོང་དཔོན་གྱི་བུ་དེས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མེ་ཏོག་ཐོགས་ནས་བཞོན་པ་ལ་ཞོན་ཏེ་རང་གི་ཁྱིམ་དུ་ཆས་སོ། །
དེ་ཆས་པ་ལས་རེ་ཞིག་ཅིག་ན་ལམ་ན་ཚུར་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཟིལ་གནོན་ལྗོངས་རྒྱུ་ཞིང་བྱོན་ཏོ། །དེས་དེ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ། བལྟ་བས་ཆོག་མི་ཤེས་པ་མཐོང་ནས་ཤིན་དུ་དད་པ་སྐྱེས་སོ། །དེ་ནས་དེ་དད་པས་བརླན་
པའི་སེམས་ཀྱིས་བཞོན་པ་ལས་བབས་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མེ་ཏོག་དེ་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཟིལ་གནོན་ལ་གཏོར་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཟིལ་གནོན་གྱིས་མེ་ཏོག་དེ་དག་ཇི་ལྟར་ཤིང་རྟའི་འཕང་ལོ་ཙམ་
ཤ་སྟག་ཏུ་གྱུར་ནས། གཤེགས་ན་ཡང་ཕྱི་བཞིན་འོང་ཞིང་བཞུགས་ན་ཡང་འདུག་པ་དེ་ལྟ་བུར་བྱིན་གྱིས་བརླབས་པ་དང་། དེ་དད་པ་སྐྱེས་ནས་ཚིགས་སུ་བཅད་དེ་སྨྲས་པ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །འགྲོ་བའི་ནང་དུ་རང་བྱུང་སངས་རྒྱས་ཤོག །རྒལ་ནས་སྔོན་གྱི་རྒྱལ་བས་
མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་གྱུར་ཅིག །དྲང་སྲོང་ཆེ་ཀུན་ཟིལ་གནོན་བཅོམ་ལྡན་ལ། །ང་ཡིས་གསེར་གྱི་མེ་ཏོག་བཟང་གཏོར་ནས། །གོ་འཕང་མཆོག་འདི་འདོད་ནས་དེ་ཡི་ཚེ། །ང་ཡིས་སྨོན་ལམ་རྒྱ་ཆེན་བཏབ་པ་ཡི། །བསོད་ནམས་དེ་ཉིད་ཀྱི་
ནི་རྣམ་སྨིན་གྱིས། །ལེགས་མཐོང་ཆེན་པོ་དེ་ཡི་གྲོང་ཁྱེར་ཡང་། །གསེར་ལས་བྱས་པ་དགའ་དགའ་ལྟར་འདུག་པ། །ཕོ་བྲང་རྩྭ་ཅན་ཞེས་ནི་བྱ་བར་གྱུར། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཚོང་དཔོན་གྱི་བུ་དེ་ནི་ང་ཉིད་ཡིན་ནོ། །གང་ཡང་ངས་ཡང་དག་པར་
རྫོགས་པའི་སངས་རྒྱས་ཐམས་ཅད་ཟིལ་གནོན་ལ་སེམས་དད་པ་བསྐྱེད་ནས། རིན་པོ་ཆེ་སྣ་བཞིའི་མེ་ཏོག་གིས་གཏོར་བའི་ལས་དེའི་རྣམ་པར་སྨིན་པས་ངའི་ཕོ་བྲང་གི་ནང་དུ་ཞག་བདུན་དུ་གསེར་གྱི་ཆར་བབ་བོ། །བཙུན་པ་རྒྱལ་པོ་ང་ལས་ནུས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་

སྨིན་པས། གླིང་བཞི་པ་རྣམས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བགྱིས་པ་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བར་དུ་མཆིས་ལགས། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་
པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་བྱུང་སྟེ། དེ་ལྗོངས་རྒྱུ་ཞིང་གཤེགས་པ་ན་རིམ་གྱིས་རྒྱལ་པོའི་ཕོ་བྲ