Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 207

Văn bản gốc(Tây Tạng)

Trang 7 / 23 (50.000 ký tự/trang)
་ལྟ་བ་ཕྱིན་ཅི་ལོག་ཉིད་ལ་དགའ་བའི་རྒྱུས་ལྟ་བ་དེ་འཛིན་པའོ། །ཞེ་སྡང་
ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ལྟ་བ་ལོག་པའི་ཕྱོགས་འཛིན་པར་བྱེད་པའོ། །གཏི་མུག་ལས་སྐྱེས་པ་ནི་ལྟ་བ་ལོག་པར་གཟུང་ཡང་ཉེས་པར་མི་འགྱུར་བར་འཛིན་པའོ། །དེ་ལ་སྲོག་གཅོད་པ་ནི་གནོད་སེམས་དང་ཚིག་རྩུབ་པོ་དང་སྲོག་གཅོད་པ་དངོས་ཏེ་གསུམ། སྐྱེད་པའི་
རྒྱུ་མི་དགེ་བའི་རྩ་བ་གསུམ་ཡིན་དུ་ཟིན་ཀྱང་མཇུག་ཏུ་ཞེ་སྡང་གིས་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ། །མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་སྤྱོད་པ་དང་། ཆགས་སེམས་གསུམ་ཡང་སྐྱེད་པའི་རྒྱུ་མི་དགེ་བའི་རྩ་བ་གསུམ་ཡིན་མོད་ཀྱི། མཇུག་ཏུ་འདོད་
ཆགས་ཀྱིས་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ། །ལོག་པའི་ལྟ་བ་ནི་རྩ་བ་གསུམ་ལས་བྱུང་ཡང་མཇུག་ཏུ་གཏི་མུག་གིས་མཐར་ཕྱིན་ཅིང་རྫོགས་པར་བྱེད་དོ། །བརྫུན་སྨྲ་བ་དང་། ཚིག་ཀྱལ་པ་དང་། ཕྲ་མ་གསུམ་ནི་ཁ་ཅིག་འདོད་ཆགས་ཀྱིས་མཐར་ཕྱིན་
པ་ཡོད། ཁ་ཅིག་ཞེ་སྡང་གིས་མཐར་ཕྱིན་པ་ཡོད། ཁ་ཅིག་གཏི་མུག་གིས་མཐར་ཕྱིན་པ་ཡོད་པ་དང་། རྫོགས་པར་བྱེད་པ་ཡོད་དོ། །གནས་ཞེས་བྱ་བ་ལ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པ་ལྔར་རིག་པར་བྱ་སྟེ། ཆུང་བའི་གནས་དང་

འབྲིང་བའི་གནས་དང་། ཆེན་པོའི་གནས་དང་། སྐྱེ་བའི་གནས་དང་། བག་ལ་ཉལ་བའི་གནས་སོ། །དེ་ལ་ཆུང་བའི་གནས་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཤས་ཆུང་བས་མི་དགེ་བའི་ལས་བཅུ་པོ་ལས། གང་ཡང་རུང་བ་བྱས་པའོ། །འབྲིང་
གི་གནས་ནི་དེ་གསུམ་ཤས་ཆེ་བ་ཡང་མ་ཡིན། ཆུང་བ་ཡང་མ་ཡིན་པའི་འབྲིང་གི་ལས་ཀྱི་ལམ་གང་ཡང་རུང་བ་བྱས་པའོ། །ཆེ་བའི་གནས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤིན་ཏུ་བདོ་བའི་ལས་ཀྱི་ལམ་གང་ཡང་རུང་བ་བྱས་པའོ། །སྐྱེས་པའི་གནས་ནི་ཉོན་
མོངས་པ་གསུམ་གྱི་ལས་ཀྱི་ལམ་བསྐྱེད་ནས་འགགས་པའོ། །བག་ལ་ཉལ་བའི་གནས་ནི་ཉོན་མོངས་པ་དང་ལས་ཀྱི་ལམ་རྣམས་བག་ཆགས་སུ་གནས་པ་སྟེ། གང་སྐྱེས་ཀྱང་མ་སྐྱེས་འགགས་ཀྱང་མ་འགགས་པའོ། །སྒོ་ཞེས་བྱ་བ་ལ་ལུས་དང་ངག་དང་ཡིད་
གསུམ་གྱི་སྒོ་ནས་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་སྤྱོད་པ་དང་། ཁ་ཅིག་མཐོང་བའི་ཆོས་ལ་འབྲས་བུ་རྣམ་པར་སྨིན་པ་ཡོད། ཁ་ཅིག་ཚེ་ཕྱི་མར་ཡང་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད། ཁ་ཅིག་ཚེ་རབས་གཞན་དུ་འབྲས་བུ་རྣམ་པར་སྨིན་པ་ཡང་ཡོད། ཁ་ཅིག་
འབྲས་བུ་རྣམ་པར་སྨིན་པ་ངེས་པ་ཡང་ཡོད། ཁ་ཅིག་འབྲས་བུ་རྣམ་པར་སྨིན་པ་མ་ངེས་པ་ཡང་ཡོད་དོ། །དེ་ལ་མཐོང་བའི་ཆོས་ལ་འབྲས་བུ་རྣམ་པར་སྨིན་པ་ནི། ཚེ་གང་ལ་ཡང་བྱས་པའི་ཚེ་དེ་ཉིད་ལ་འབྲས་བུ་རྣམ་པར་སྨིན་པ་སྟེ། དེ་ཡང་ཞིང་དང་བསམ་པའི་བྱེ་བྲག་ལས་
རྣམ་པ་གཉིས་སུ་གཞག་གོ། །དེ་ལ་ཞིང་གི་བྱེ་བྲག་ནི་སྔོན་དགེ་སློང་གཉིས་ཤིག་རྩོད་པར་གྱུར་པ་ལས། དགེ་འདུན་གྱིས་འདུལ་བ་བཞིན་དུ་བཅད་ནས་གཅིག་ཕམ་པར་གྱུར་པ་དང་། ཕམ་པའི་དགེ་སློང་གིས་དགེ་འདུན་ལ་བུད་མེད་ཅེས་སྨྲས་པས་འཕྲལ་དུ་མཚན་
ཡོངས་སུ་གྱུར་ཅེས་གྲགས་པ་ལྟ་བུའོ། །བསམ་པའི་བྱེ་བྲག་ཀྱང་སྔོན་མ་ནིང་ཞིག་གིས་སྙིང་རྗེ་བའི་སེམས་ཀྱིས་གླང་རྨོ་ཞིང་ཤ་བཅད་པར་བྱས་པ་བསླུས་ནས་བཏང་བ་ལས་འཕྲལ་དུ་མ་ནིང་ཉིད་ཕོར་རེད་པ་ལྟ་བུའོ། །གཞན་ཡང་ཕ་མ་དང་དཀོན་མཆོག་གསུམ་ལ་

རབ་ཏུ་དང་བའི་བསམ་པས་ཕན་བཏགས་པ་དང་། ཞེ་སྡང་གི་སེམས་ཀྱིས་གནོད་པ་བྱས་པ་ལ་སོགས་པ་ཡང་མཐོང་བའི་ཆོས་ལ་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ། །ཚེ་ཕྱི་མར་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ནི་ཚེ་རབས་བརྗེས་མ་ཐག་ཏུ་འབྲས་བུ་མྱོང་བར་འགྱུར་
བའོ། །ཚེ་རབས་གཞན་དུ་རྣམ་པར་སྨིན་པ་མྱོང་བ་ནི་ཚེ་རབས་གཉིས་སམ་གསུམ་དག་གིས་ཆོད་དེ་མྱོང་བའམ། བཅུའམ་བརྒྱ་སྟོང་དག་གིས་ཆོད་དེ་མྱོང་བའམ། དེ་ལ་འབྲས་བུ་རྣམ་པར་སྨིན་པ་ངེས་པ་ནི་ཉོན་མོངས་པའམ། དད་པ་དྲག་པོས་གང་བྱས་པའམ།
རྟག་པར་བྱས་པའམ། ཕན་བཏགས་པའམ། ཡོན་ཏན་གྱི་ཞིང་ལ་གནོད་པའམ། ཕན་པར་བྱས་པ་ནི་འབྲས་བུ་གདོན་མི་ཟ་བར་མྱོང་བར་རིག་པར་བྱའོ། །དེ་ལ་ཉོན་མོངས་པ་དང་། དད་པ་དྲག་པོས་བྱས་པ་ནི་གང་གོང་དུ་དགེ་འདུན་ལ་ཁ་བྱས་པ་དང་།
མ་ནིང་གིས་གླང་བཏང་བ་ལྟ་བུའོ། །རྟག་པར་བྱ་བ་ནི་ལས་དེ་ཡང་དང་ཡང་དུ་གོམས་པར་བྱས་ནས་འབྲས་བུ་ངེས་པར་མྱོང་བར་འགྱུར་རོ། །ཕན་བཏགས་པ་ནི་ཕ་དང་མ་ལྟ་བུ་སྟེ། དེ་དག་བསད་ན་ཇི་ལྟར་བསད་ཀྱང་རུང་འབྲས་བུ་ངེས་པར་མྱོང་བར་འགྱུར་ཏེ།
དེ་དག་ལ་ཕན་བཏགས་ན་ཡང་འབྲས་བུ་མྱོང་བར་ངེས་སོ། །ཡོན་ཏན་གྱི་ཞིང་ནི་དཀོན་མཆོག་གསུམ་མམ། ཚུལ་ཁྲིམས་དང་ལྡན་པའི་གང་ཟག་ལ་ལ་སྟེ། དེ་དག་ལ་ཕན་པ་དང་གནོད་པར་བྱེད་པ་ཡང་འབྲས་བུ་ངེས་པར་སྨིན་པར་འགྱུར་རོ། །རྣམ་པར་སྨིན་པ་མ་
ངེས་པ་ནི་གོང་དུ་བཤད་པ་ལས་གཞན་པའི་ལས་གལ་ཏེ་འབྲས་བུ་རྣམ་པར་སྨིན་པར་འགྱུར། གལ་ཏེ་ན་འབྲས་བུ་རྣམ་པར་སྨིན་པར་མི་འགྱུར་བའོ། །ལས་ཀྱི་ལམ་ཆེ་ཆུང་ནི་རྣམ་པ་དྲུག་ཏུ་གཞག་སྟེ། མངོན་པར་འདུ་བྱེད་པ་དང་། གོམས་པ་དང་། རང་བཞིན་དང་།
དངོས་པོ་དང་། མི་མཐུན་པའི་ཕྱོགས་སུ་ངེས་པ་དང་། གཉེན་པོ་བཅོམ་པའོ། །དེ་ལ་མངོན་པར་འདུ་བྱེད་པ་ནི། འདོད་ཆགས་དང་ཞེ་སྡང་དྲག་པོས་ལས་ཀྱི་ལམ་རྣམས་བྱས་པ་ནི་ལྕི་བ་ཞེས་བྱའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འབྲིང་

གིས་བྱས་པའི་ལས་ཀྱི་ལམ་རྣམས་ལ་ནི་འབྲིང་ཞེས་བྱའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆུང་ངུས་བྱས་པའི་ལས་ཀྱི་ལམ་རྣམས་ལ་ནི་ཡང་བ་ཞེས་བྱའོ། །དེ་ལ་གོམས་པ་ནི་ལས་དགེ་བ་དང་། མི་དགེ་བའི་ལས་གང་ཡང་
རུང་དུས་རིང་པོར་རྒྱུན་དུ་བྱས་པ་ནི་ལྕི་བའོ། །དུས་ཐ་གི་ཟད་ཅིག་བྱས་པ་ནི་འབྲིང་ངོ་། །ཆེན་པོ་གོམས་པར་མ་བྱས་པ་ནི་ཡང་བའོ། །རང་བཞིན་ནི་འདོད་པས་ལོག་པར་སྤྱོད་པ་བས་མ་བྱིན་པར་བླངས་པས་ཁ་ན་མ་ཐོ་བ་ཆེ་བའོ། །མ་བྱིན་པར་ལེན་པ་བས་སྲོག་གཅོད་པ་ཁ་ན་
མ་ཐོ་བ་ཆེ་བའོ། །སྲོག་གཅོད་པ་བས་ཚིག་ཀྱལ་པ་ཁ་ན་མ་ཐོ་བ་ཆེ་བའོ། །ཚིག་ཀྱལ་པ་བས་ཚིག་རྩུབ་པོ་ཁ་ན་མ་ཐོ་བ་ཆེ་བའོ། །ཚིག་རྩུབ་པོ་བས་ཕྲ་མ་ཁ་ན་མ་ཐོ་བ་ཆེའོ། །ཕྲ་མ་བས་བརྫུན་ཁ་ན་མ་ཐོ་བ་ཆེའོ། །ཆགས་སེམས་པས་གནོད་སེམས་ཁ་ན་མ་ཐོ་བ་
ཆེའོ། །གནོད་སེམས་ལས་ལོག་པར་ལྟ་བ་ཁ་ན་མ་ཐོ་བ་ཆེའོ། །སྦྱིན་པ་བས་ཚུལ་ཁྲིམས་ཁ་ན་མ་ཐོ་བ་མེད་པའོ། །ཚུལ་ཁྲིམས་པས་སྒོམ་པ་ཁ་ན་མ་ཐོ་བ་མེད་པའོ། །དངོས་པོ་ནི་ཕ་མ་དང་། དཀོན་མཆོག་གསུམ་ལ་གནོད་པ་དང་། ཕན་པར་བྱས་པའི་
ལས་དགེ་བ་དང་། མི་དགེ་བ་ཡང་ལྕི་བར་རྣམ་པར་གཞག་གོ། །མི་མཐུན་པའི་ཕྱོགས་སུ་གཅིག་ཏུ་ངེས་པ་ནི་འདི་ལ་སུ་ཡང་རུང་བས་ཚེ་གཅིག་ཏུ་མི་དགེ་བ་ཤ་སྟག་སྤྱད་ཀྱིས། དགེ་བ་མ་སྤྱད་ན་ལས་དེ་ཉིད་ཀྱིས་ལྕི་བ་རྣམ་པར་གཞག་གོ། །གཉེན་པོས་བཅོམ་
བ་ནི་མི་དགེ་བའི་ལས་ཀྱི་གཉེན་པོར་གྱུར་པ་དགེ་བ་ལ་གོམས་པར་བྱས་ནས། དགེ་བའི་ལས་དེ་ཡང་ལྕི་བར་རྣམ་པར་གཞག་གོ། །འབྲས་བུ་ཞེས་བྱ་བ་ལ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་སྤྱད་པས་འབྲས་བུ་རྣམ་པ་གསུམ་སྨིན་པར་འགྱུར་ཏེ། རྣམ་པར་སྨིན་
པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། བདག་པོའི་འབྲས་བུའོ། །དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་མི་དགེ་བ་བཅུ་ལས་ཤས་ཆེར་སྤྱད་ན། སེམས་ཅན་དམྱལ་བར་སྐྱེའོ། །འབྲིང་དུ་སྤྱད་ན་ཡི་དྭགས་སུ་སྐྱེའོ། །ཆུང་དུ་སྤྱད་ན་བྱོལ་

སོང་གི་སྐྱེ་གནས་སུ་སྐྱེའོ། །ཤས་ཆེ་ཆུང་གི་ཉོན་མོངས་པ་དྲག་དལ་གྱིས་དབྱེའོ། །ཡང་ན་ལས་བྱེད་པ་ལ་སྦྱོར་བ་དང་། རྩ་བ་དང་། རྒྱབ་སྟེ་རྣམ་པ་གསུམ་མོ། །དེ་ལ་སྦྱོར་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱེད་པར་རྩོམ་པའོ། །རྩ་བ་ནི་
སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་བྱས་པའོ། །རྒྱབ་ནི་དེ་དག་བྱེད་པ་ལ་རྗེས་སུ་ཡི་རང་། ཕྱིས་ཀྱང་དེ་བཞིན་དུ་རྒྱུན་དུ་བྱེད་པ་སྟེ། དེ་གསུམ་གྱིས་བྱས་ན་ཤས་ཆེ་བས་སེམས་ཅན་དམྱལ་བར་སྐྱེའོ། །རྒྱུ་གཉིས་ཀྱིས་ནི་ཡི་དྭགས་སུ་སྐྱེའོ། །གཅིག་
གིས་ནི་བྱོལ་སོང་དུ་སྐྱེའོ། །རྒྱུ་འདྲ་བའི་འབྲས་བུ་ནི་ངན་སོང་གསུམ་ལས་ཐར་ཏེ་བརྒྱ་ལ་མིར་སྐྱེས་ན་ཡང་མི་དགེ་བ་གཅིག་ཅིང་རྣམ་པར་སྨིན་པ་གཉིས་མྱོང་བར་འགྱུར་རོ། །དེ་ལ་སྲོག་གཅོད་པའི་འབྲས་བུའི་རྒྱུ་མཐུན་པ་གཉིས་ཏེ། ཚེ་ཐུང་བ་དང་། ནད་མང་
བའོ། །ཚེ་ཐུང་བ་ནི་སྔོན་སེམས་ཅན་གཞན་གྱི་ཚེའི་རྒྱུན་བཅད་པས་མིར་སྐྱེས་ནས་ཡང་མངལ་དུ་འཆི་བའམ། སྐྱེས་ནས་རིང་པོར་མ་ལོན་པར་འཆི་བར་འགྱུར་རོ། །ནད་མང་བ་ནི་སྔོན་སེམས་ཅན་གཞན་བསད་པ་ན་ཡང་དབྱིག་པ་དང་། མཚོན་ཆ་ལ་སོགས་པས་
སྡུག་བསྔལ་བསྐྱེད་པའི་ཕྱིར། མིར་སྐྱེས་པ་ན་ཡང་མཛེ་དང་། འབྲུམ་བུ་ལ་སོགས་པ་ནད་སྣ་ཚོགས་ཀྱིས་རྒྱུན་དུ་སྡུག་བསྔལ་བར་འགྱུར་རོ། །མ་བྱིན་པར་ལེན་པའི་འབྲས་བུ་རྒྱུ་མཐུན་པ་ཡང་རྣམ་པ་གཉིས་ཏེ། ལོངས་སྤྱོད་ཆུང་བ་དང་། ཐུན་མོང་གི་ལོངས་
སྤྱོད་དུ་འགྱུར་རོ། །ལོངས་སྤྱོད་ཆུང་བ་ནི་སྔོན་གཞན་དག་གི་ལོངས་སྤྱོད་འཕྲོག་ནས་ཕོངས་པར་བྱས་པས། ཚེ་འདིར་ཡང་རྟག་ཏུ་ཡོ་བྱད་ཀྱིས་བྲེལ་ཕོངས་པར་འགྱུར་རོ། །ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བ་ནི་ཕྲོགས་པ་དེ་ཡང་བརྒྱ་ལ་ཕྲོགས་ནས་གཞན་ལ་
བྱིན་པའི་འབྲས་བུ་ལོངས་སྤྱོད་ཅི་བདོག་ན་ཡང་རྟག་ཏུ་ཀུན་གྱིས་འཕྲོག་ཅིང་བདག་གཅིག་པུ་སྤྱོད་དུ་མེད་ལ། ཀུན་དང་ཐུན་མོང་དུ་སྤྱོད་པར་འགྱུར་རོ། །འདོད་པས་ལོག་པར་སྤྱོད་པའི་རྒྱུ་མཐུན་པ་ཡང་གཉིས་ཏེ། གཡོག་འཁོར་བསྟེན་དུ་མི་རུང་བ་དང་།

བསྟོད་པ་དང་བཅས་པའི་ཆུང་མར་འགྱུར་རོ། །གཡོག་འཁོར་བསྟེན་དུ་མི་རུང་བ་ནི་བདག་གི་འཁོར་རྣམས་ཀྱང་སྙིང་བརྟན་དུ་མི་རུང་བ་སྟེ། ཕན་ཚུན་གཅིག་ལ་གཅིག་ཡིད་མི་ཆེས་པར་འགྱུར་བའོ། །བསྟོད་པ་དང་བཅས་པའི་ཆུང་མར་འགྱུར་བ་ནི་
བདག་གི་ཆུང་མ་ལ་ཀུན་རེ་ཞིང་ཀུན་གྱིས་མི་ཚངས་པར་སྤྱད་པར་འགྱུར་རོ། །བརྫུན་དུ་སྨྲ་བའི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། སྐུར་པ་མང་བ་དང་གཞན་གྱིས་བསླུ་བར་འགྱུར་རོ། །སྐུར་པ་མང་བ་ནི་མ་ཉེས་ཀྱང་ཉེས་ཞེས་གཞན་གྱིས་སྐུར་པ་འདེབས་པར་འགྱུར་
རོ། །གཞན་གྱིས་བསླུ་བ་ནི་འདི་ལྟ་བུ་ཞིག་བྱ་ཞེ་འམ་སྦྱིན་ཞེས་ཁས་བླངས་ནས་སྦྱིན་ཞིང་བསླུ་བར་འགྱུར་རོ། །ཕྲ་མའི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། གཡོག་འཁོར་མི་འདུམ་པ་དང་གཡོག་འཁོར་ངན་པར་འགྱུར་རོ། །གཡོག་འཁོར་མི་འདུམ་
པ་ནི་བདག་གི་འཁོར་རྣམས་ཀྱང་རྟག་ཏུ་རྩོད་ཅིང་འཐབ་པར་འགྱུར་རོ། །གཡོག་འཁོར་ངན་པ་ནི་གཡོག་འཁོར་ཞིག་བདོག་ན་ཡང་ལུས་ཀྱི་བྱད་ལག་མི་མཛེས་པ་དང་མཐུ་དང་ཞོ་ཤ་ཆུང་བར་འགྱུར་རོ། །ཚིག་རྩུབ་པོ་སྨྲ་བའི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ།
ཡིད་དུ་མི་འོང་བ་ཐོས་པ་དང་འཐབ་མོའི་ཚིག་ཏུ་འགྱུར་བའོ། །ཡིད་དུ་མི་འོང་བའི་ཚིག་ཐོས་པ་ནི་རྟག་ཏུ་སེམས་འཁྲུགས་པའི་གཏམ་ཤ་སྟག་ཐོས་པ་དང་། བདག་གིས་ཚིག་སྨྲས་པ་ཐམས་ཅད་གཞན་གྱི་རྣར་མི་འོང་བའོ། །འཐབ་མོའི་ཚིག་ཏུ་གྱུར་པ་ནི་བདག་གིས་ཚིག་
ཉེས་པར་མ་སྨྲས་ན་ཡང་། གཞན་དང་འཐབ་ཅིང་རྩོད་པར་འགྱུར་བའོ། །ཚིག་ཀྱལ་པའི་རྒྱུ་མཐུན་པའི་འབྲས་བུ་ཡང་རྣམ་པ་གཉིས་ཏེ། གཟུང་བར་འོས་པའི་ཚིག་མ་ཡིན་པ་དང་། མ་ངེས་པའི་སྤོབས་པར་འགྱུར་བའོ། །གཟུང་བར་འོས་པའི་ཚིག་མ་
ཡིན་པ་ནི་ཚིག་སྨྲས་པ་རྣམས་མི་བཙུན་ཞིང་བདག་གི་ཚིག་སུས་ཀྱང་མི་ཉན་པར་འགྱུར་བའོ། །མ་ངེས་པའི་སྤོབས་པར་འགྱུར་བ་ནི། །བདག་གིས་ཚིག་སྨྲས་པ་རྣམས་ཐོག་ཏུ་མི་ཕེབས་པར་འགྱུར་བའོ། །ཆགས་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡང་རྣམ་

པ་གཉིས་ཏེ། ཆོག་མི་ཤེས་པ་དང་། འདོད་པ་ཆེ་བའོ། །ཆོག་མི་ཤེས་པ་ནི་བདག་གི་བདོག་པས་མི་ཆོག་པའོ། །འདོད་པ་ཆེ་བ་ནི་གཞན་གྱི་ལོངས་སྤྱོད་ལ་ཡེབ་རྔམ་བྱེད་པའོ། །གནོད་སེམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡང་གཉིས་ཏེ། ཕན་པ་མི་ཚོལ་
བ་དང་། གཞན་གྱིས་གནོད་པར་བྱེད་པའོ། །ཕན་པ་མི་ཚོལ་བ་ནི་གཞན་ཐམས་ཅད་ལ་བདག་གནོད་པར་འགྱུར་བར་དགའ་ཞིང་གནོད་པ་བྱེད་པར་སེམས་པའོ། །གཞན་གྱིས་གནོད་པར་བྱེད་པ་ནི་དུས་ཐམས་ཅད་དུ་གཞན་གྱིས་བདག་ལ་བརྡེག་བཙོག་ལ་སོགས་པ་
མི་བདེ་བ་བྱེད་པའོ། །ལོག་པར་ལྟ་བའི་རྒྱུ་མཐུན་པའི་འབྲས་བུ་རྣམ་པ་གཉིས་ཏེ། གར་སྐྱེས་ཀྱང་མུ་སྟེགས་པ་ལ་སོགས་པའི་གནས་སུ་སྐྱེ་ཞིང་ལོག་པའི་ལྟ་བ་ལ་ཕྱོགས་པར་འགྱུར་བ་དང་། རྟག་ཏུ་དྲང་པོ་དང་བྲལ་ཏེ་གཡོ་སྒྱུའི་ལས་ཤ་སྟག་ལ་འཇུག་པར་
འགྱུར་རོ། །མི་དགེ་བའི་ལས་བཅུ་པོ་དེ་དག་གིས་བདག་པོའི་འབྲས་བུ་ནི་ཕྱིའི་དངོས་པོ་རྣམས་ཉམས་པར་གྱུར་པ་སྟེ། སྲོག་བཅོད་པས་འབྲུ་ལ་སོགས་པའི་དངོས་པོ་མཐུ་ཆུང་ཞིང་གཟི་ཆུང་བར་འགྱུར་རོ། །མ་བྱིན་པར་བླངས་པས་ཐན་པ་དང་། སེར་བས་
བཅོམ་པར་འགྱུར་བའོ། །འདོད་པས་ལོག་པར་སྤྱོད་པས་ས་གཞི་རྡུལ་གྱིས་ཁྱབ་པར་འགྱུར་རོ། །བརྫུན་དུ་སྨྲ་བས་འབྲུ་ལ་སོགས་པ་དྲི་མི་ཞིམ་པར་འགྱུར་རོ། །ཕྲ་མས་ཡུལ་ས་ཐག་ཐུག་ཆེ་བར་འགྱུར་རོ། །ཚིག་རྩུབ་པོས་སྐམ་པ་དང་། བ་ཚྭ་ཅན་
དུ་འགྱུར་རོ། །ཚིག་ཀྱལ་པས་དུས་འགྱུར་ཞིང་ཆར་ལ་སོགས་པ་དུས་མ་ཡིན་པར་འབབ་པར་འགྱུར་རོ། །ཆགས་སེམས་ཀྱིས་འབྲུ་ལ་སོགས་པ་ཕྲ་བར་འགྱུར་རོ། །གནོད་སེམས་ཀྱིས་ཚ་བ་དང་ཁ་བར་འགྱུར་རོ། །ལོག་པའི་ལྟ་བས་འབྲས་བུ་ཉུང་ཞིང་
འབྲས་བུ་མེད་པར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་འབྲས་བུ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །རྣམ་གྲངས་ཞེས་བྱ་བ་ནི་མདོ་དག་ལས། ལས་ཀྱི་ལམ་བཅུ་པོ་ཉིད་ཀྱི་དབང་དུ་མཛད་ནས། ལུས་ཀྱི་ཡོ་བ་དང་། ངག་གི་ཡོ་བ་དང་།

ཡིད་ཀྱི་ཡོ་བ་ཞེས་གསུངས་པ་དང་། ལུས་ཀྱི་རྙོག་པ་དང་། ངག་གི་རྙོག་པ་དང་། ཡིད་ཀྱི་རྙོག་པ་ཞེས་གསུངས་པ་དང་། ལུས་ཀྱི་ཉེས་པ་དང་། ངག་གི་ཉེས་པ་དང་། ཡིད་ཀྱི་ཉེས་པ་ཞེས་གསུངས་པ་དང་། ཡང་ལས་དཀར་པོ་རྣམ་པར་སྨིན་པ་ཡང་
དཀར་པོ། ལས་ནག་པོ་རྣམ་པར་སྨིན་པ་ཡང་ནག་པོ་དང་། ལས་འདྲེན་མ་རྣམ་པར་སྨིན་པ་ཡང་འདྲེན་མ་དང་། ལས་དཀར་པོ་ཡང་མ་ཡིན་ལས་ནག་པོ་ཡང་མ་ཡིན་ལ། ལས་དཀར་ནག་གི་རྣམ་པར་སྨིན་པ་ཟད་དོ། །ཞེས་གསུངས་པ་ནི་རྣམ་གྲངས་ཏེ་
དེ་ལ་སྒྱུའི་སེམས་ལས་སྐྱེས་པའི་ལུས་དང་ངག་གི་ལས་ནི་ཡོ་བའོ། །འདོད་ཆགས་ཀྱིས་སྐྱེས་པའི་ལུས་དང་ངག་ལ་སོགས་པའི་ལས་ནི་རྙོག་པ་དང་། ཞེ་སྡང་གི་སེམས་ཀྱི་རྒྱུ་ལས་སྐྱེས་པའི་ལུས་དང་ངག་ལ་སོགས་པའི་ཉེས་པའོ། །ངན་སོང་གསུམ་དུ་སྐྱེ་བར་བྱེད་པ་
ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་གནག །རྣམ་པར་སྨིན་པ་ཡང་གནག་པའོ། །གཟུགས་ཀྱི་ཁམས་ཀྱི་སྐྱེས་པའི་ལས་ཀྱང་དཀར། རྣམ་པར་སྨིན་པ་ཡང་དཀར་བའོ། །འདོད་པའི་ཁམས་ཀྱི་མི་ལ་སོགས་པ་སྐྱེ་བར་བྱེད་པའི་དགེ་བ་ནི་ལས་ཀྱང་དཀར་
ནག་འདྲེན་མ། རྣམ་པར་སྨིན་པ་ཡང་དཀར་ནག་འདྲེན་མ་ཞེས་བྱའོ། །དེ་མ་ཐག་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་གཉིས་ནི་ལས་དཀར་ནག་ཀྱང་མ་ཡིན་ལ། རྣམ་པར་སྨིན་པ་དཀར་ནག་ཟད་པར་བྱེད་པའི་ལམ་ཞེས་བྱའོ། །ཡང་དག་པའི་འཚོ་བ་བསྟན་
པར་བྱ་བའི་ཕྱིར། ལོག་པའི་འཚོ་བ་གང་ཞེ་ན་ཞེས་བྱ་བ་སྨོས་ཏེ། ལོག་པའི་འཚོ་བ་བསྟན་ནས། དེ་ལས་བཟློག་ན་ཡང་དག་པའི་འཚོ་བར་འགྱུར་བས། ལོག་པའི་འཚོ་བ་ཇེ་ལ་འཆད་དོ། །དེ་ཡང་དགེ་སློང་གི་ལོག་པའི་འཚོ་བ་དང་། དགེ་བསྙེན་གྱི་ལོག་
པའི་འཚོ་བ་སྟེ་རྣམ་པ་གཉིས་སུ་གཞག་གོ། །དེ་ལ་དགེ་སློང་གི་ལོག་པའི་འཚོ་བ་བསྟན་པར་བྱ་བའི་ཕྱིར། དགེ་སློང་དག་ཚུལ་འཆོས་པ་དང་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་།

གཞོགས་བསྡིགས་དང་། རྙེད་པས་རྙེད་པ་འདོད་པ་ནི། དགེ་སློང་གི་ལོག་པའི་འཚོ་བ་སྟེ། དགེ་བསྙེན་གྱི་ལོག་པའི་འཚོ་བ་ནི་ཕྱིས་འཆད་དོ། །ཚུལ་འཆོས་པ་བསྟན་པའི་ཕྱིར། དེ་ལ་ཚུལ་འཆོས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་འཆོས་
པ་ཡང་རྣམ་པ་གསུམ་སྟེ། སྤྱོད་ལམ་རྣམ་པར་འཇོག་པ་དང་། དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་བསྙུངས་པར་སྟོན་པ་དང་། ངན་པ་དང་། བསོད་པ་བསྟེན་པ་དང་། མི་བསྟེན་པའོ། །དེ་ལ་སྤྱོད་ལམ་རྣམ་པར་འཇོག་པ་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་
རྒྱུས་གཞན་དག་གི་ཡོན་ཏན་ཡོད་པར་དཔག་པའི་སེམས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ལམ་འཛིན་པའོ། །དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་བསྙུངས་པར་སྟོན་པ་ནི་ཁེ་དང་བཀུར་སྟེ་ལ་ཆགས་པའི་སེམས་ཀྱིས་དུར་ཁྲོད་དམ་དགོན་པའི་གནས་སུ་གནས་འཆའ་ཞིང་ལྷུང་བཟེད་
ལ་སོགས་པ་ཡོ་བྱད་མང་པོ་མི་འཛིན་པའོ། །ངན་པ་དང་བསོད་པ་བསྟེན་པ་དང་མི་བསྟེན་པ་ནི། ཁ་ཟས་ངན་པ་དང་ཆོས་གོས་ལ་སོགས་པ་ངན་པ་བསྟེན་པར་སྟོན་ཅིང་ཁ་ཟས་བསོད་པ་དང་ཆོས་གོས་ལ་སོགས་པ་བཟང་པོ་མི་བསྟེན་པར་སྟོན་པ་སྟེ། འདིར་ཡང་ཁེ་དང་བཀུར་
སྟི་ལ་སོགས་པ་ལ་ཆགས་པ་ལ་ཆགས་པ་ཞེས་སྦྱར། དེ་ལྟར་ཚུལ་འཆོས་པ་རྣམ་པ་གསུམ་ལས་མདོ་འདིར་སྤྱོད་ལམ་རྣམ་པར་འཇོག་པའི་ཚུལ་འཆོས་པ་དང་། དབེན་པའི་གནས་སུ་གནས་ཤིང་ཡོ་བྱད་བསྙུངས་པའི་ཚུལ་བསྟན་པའི་དབང་དུ་མཛད་ནས་གསུངས་པ་
ཡིན་པར་བསྟན་པའི་ཕྱིར། དགེ་སློང་དག་སྦྱིན་པའི་བདག་པོ་མཐོང་ན་ཞེས་གསུངས་ཏེ་རྙེད་པ་དང་བཀུར་སྟེ་ལ་ཆགས་པའི་དབང་གིས། རྙེད་པ་དང་བཀུར་སྟེ་བདག་ལ་གྲུབ་པར་གྱུར་ཅིག་ཅེས་བསམས་ནས། དགེ་སློང་གིས་སྦྱིན་པའི་བདག་པོ་མཐོང་བ་དང་། ལམ་
མམ་གྲོང་སྟོང་པར་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་ལ། སྦྱིན་པའི་བདག་པོ་རྣམས་ཀྱིས་ཀྱང་། དགེ་སློང་འདི་ནི་བསམ་གཏན་པ་དགྲ་བཅོམ་པ་སྟེ། རྙེད་པ་དང་བཀུར་སྟི་བྱ་བའི་འོས་སོ་སྙམ་པའི་སེམས་ཀྱིས་སྤྱོད་ལམ་འཆོས་པ་ནི་ཚུལ་འཆོས་པ་ཞེས་བྱའོ།

སྐྱིལ་མོ་ཀྲུང་བཅས་ཞེས་བྱ་བ་ནི། སོང་བའི་སྤྱོད་ལམ་གྱི་གནས་ཞེས་བྱ་བའི་ཐ་ཚིག་གོ། །རྙེད་པ་ནི་ལྷུང་བཟེད་དང་གོས་ལ་སོགས་པའོ། །བཀུར་སྟི་ནི་ཐལ་མོ་སྦྱར་བ་དང་ཕྱག་འཚལ་བ་ལ་སོགས་པའི་ལས་བྱེད་པའོ། །བདག་ལ་ཤོག་ཅིག་ཅེས་བྱ་
བ་ནི། བདག་ལ་གྲུབ་པར་གྱུར་ཅིག་ཅེས་སེམས་པའོ། །སྩོགས་པའི་སྒྲས་ནི་ངན་པ་དང་བསོད་པ་ལ་བསྟེན་པ་དང་། མི་བསྟེན་པའི་ཚུལ་འཆོས་པ་ཡང་བསྡུའོ། །ཁ་གསག་བསྟན་པར་བྱ་བའི་ཕྱིར། དེ་ལ་ཁ་གསག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
དེ་ཡང་ཁེ་དང་བཀུར་སྟི་ལ་བསམ་པས་ན་དེ་དག་དགའ་བའི་ཚིག་སྨྲ་བ་དང་། བདག་ཉིད་ཀྱི་ཡོན་ཏན་སྨྲ་བ་དང་ཆོས་སྨྲ་བའོ། །ཁེ་དང་བཀུར་སྟི་བསམ་པས་དེ་དགའ་བའི་ཚིག་སྨྲ་བ་ནི་ཁེ་དང་བཀུར་སྟི་ལ་ཆགས་པའི་རྒྱུས། ཁྱོད་ནི་ཕ་ཡིན་ཁྱོད་ནི་མ་ཡིན་ཞེས་བྱ་
བའི་ཚིག་སྨྲ་བའོ། །བདག་ཉིད་ཀྱི་ཡོན་ཏན་སྨྲ་བ་ནི། བདག་ནི་དད་པ་དང་ལྡན་པ། ཐོས་པ་དང་ལྡན་པ། ཚུལ་ཁྲིམས་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པ་སྨྲ་བའོ། །ཆོས་སྨྲ་བ་དང་། ཁེ་དང་བཀུར་སྟི་ལ་ཆགས་པས། གཞན་དག་གི་ཐད་དུ་དེ་བཞིན་
གཤེགས་པའི་གསུང་རབ་འཆད་པ་སྟེ། འདིར་ནི་དེ་དག་དགའ་བའི་ཚིག་སྨྲ་བའི་དབང་དུ་མཛད་པར་བསྟན་པའི་ཕྱིར། ཁྱོད་ནི་ངའི་ཕ། ཁྱོད་ནི་ངའི་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་གཞན་ཡང་ཚིག་སྙན་པ་ཞེས་བྱ་བ་ནི་ཁྱོད་ནི་ངའི་ཇོ་བོ། ཁྱོད་ནི་
ངའི་མཁན་པོ། ཁྱོད་ནི་ངའི་སློབ་དཔོན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བདག་ཉིད་ཀྱི་ཡོན་ཏན་སྨྲས་པ་དང་། ཆོས་སྨྲས་པ་ཡང་བསྡུའོ། །གཞོགས་སློང་བསྟན་པའི་ཕྱིར། དེ་ལ་གཞོགས་སློང་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་ཡང་རྙེད་པའི་བསམ་པས་ལུས་ལ་གནོད་པའི་དངོས་པོ་སྟོན་པ་དང་། ཕོངས་པའི་དངོས་པོ་སྟོན་པ་དང་། ཚིག་གིས་འདོད་པའི་དངོས་པོ་བརྗོད་པའོ། །ལུས་ཀྱི་གནོད་པའི་དངོས་པོ་སྟོན་པ་ནི་ཆོས་གོས་དང་བཟའ་བ་ལ་སོགས་པ་རྙེད་པ་ལ་ཆགས་པའི་སེམས་

ཀྱིས་བདག་གི་ལུས་ཉིད་ལ་རྨ་དང་ཤུ་བ་ལ་སོགས་པས་ཉེན་པར་སྟོན་པ་དང་གྲང་བ་དང་ཚ་བས་ཉེན་པར་སྟོན་པའོ། །ཕོངས་པའི་དངོས་པོ་སྟོན་པ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་མི་བདོག་པ་དང་། མེད་པ་འདྲ་བར་སྟོན་པའོ། །ཚིག་གིས་འདོད་པའི་དངོས་པོ་
བརྗོད་པ་ནི་བདག་ལ་དངོས་པོ་འདི་ལྟ་བུ་ཞིག་ཁོ་ན་མི་བདོག་ཅེས་ཆོས་གོས་ལ་སོགས་པ་དམ་པ་འདི་ལྟ་བུ་ནི་ཁྱིམ་བདག་དམ་པ་འདི་དག་གི་ཁྱིམ་ནས་རྙེད་ཀྱི། གཞན་དག་གི་དེ་ནས་མི་རྙེད་དོ་ཞེས་སྨྲས་ཏེ། མདོ་འདིར་ཚིག་གིས་དངོས་པོ་འདོད་པའི་དབང་དུ་བཤད་པའི་ཕྱིར།
དགེ་སློང་དག་བསོད་སྙོམས་ཟོས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསོད་སྙོམས་ཟོས་པ་ནི་ཁྱིམ་བདག་དད་པ་ཅན་དག་གི་ཁྱིམ་སྟེ། བསོད་སྙོམས་ཟོས་ནས་ཡང་རྙེད་པ་ལ་ཡང་ཆགས་པའི་དབང་གིས་ཡང་ནས་ཡང་དུ་དགེ་བསྙེན་ཁྱོད་ཀྱི་ཁྱིམ་ནས་རྙེད་པ་
གཞན་དག་ནས་མི་རྙེད་དོ་ཞེས་སྨྲ་བ་ནི་གཞོགས་སློང་ངོ་། །ཁེ་དང་བཀུར་སྟི་ལ་ཆགས་པ་མེད་པར་དྲང་པོར་སྨྲ་བ་ནི་ཉེས་མེད་དེ། གཞོགས་སློང་མ་ཡིན་ནོ། །གཞོགས་བསྡིགས་བསྟན་པའི་ཕྱིར། དེ་ལ་གཞོགས་བསྡིགས་གང་ཞེ་ན་ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །གཞོགས་བསྡིགས་ཀྱང་རྣམ་པ་གསུམ་སྟེ། རྙེད་པའི་བསམ་པས་སྦྱིན་པའི་ཡོན་བདག་ལ་སྨོད་པར་བྱེད་པ་དང་། གཞན་ཡང་འབྲེལ་བ་ལ་སློང་བ་དང་། ཡོངས་སུ་མི་གཏོང་བ་ལ་སྨོད་པར་བྱེད་པའོ། །རྙེད་པའི་བསམ་པས་སྦྱིན་པའི་
ཡོན་བདག་ལ་སྨོད་པར་བྱེད་པ་ནི་ཁེ་དང་བཀུར་སྟི་ལ་ཆགས་པས་གང་གི་ཚེ་སྦྱིན་པའི་ཡོན་བདག་གིས་ཆོས་གོས་ལ་སོགས་པའི་རྙེད་པ་མ་སྦྱིན་ན་དེ་ནི་དབུལ་པོར་འགྱུར་རོ། །གཞན་ཡང་མི་བདེ་བ་རྣམ་པ་སྣ་ཚོགས་འདུག་གོ་ཞེས་སྨྲའོ། །གཞན་ཡང་འབྲེལ་པ་ལ་སློང་བ་ནི་
བདག་གི་ཡོན་བདག་གི་སྐབས་སུ་མ་བྱིན་ན་ཡོན་བདག་ཁྱོད་གཅིག་པུར་མ་ཟད་ཀྱི། གཞན་དག་ཀྱང་ཡོད་དོ་ཞེས་སྨྲ་ཞིང་གཞན་ལ་སློང་བར་བསྡིགས་པའོ། །ཡོངས་སུ་མི་གཏོང་བ་ལ་སྨོད་པ་ནི། གང་སྦྱིན་པ་མི་བྱེད་པ་དག་ནི་གདོན་མི་ཟ་བར་ངན་སོང་དུ་ལྟུང་ལ། ཁྱོད་

ཀྱང་སྦྱིན་པ་མི་བྱེད་པས་ངེས་པར་ངན་སོང་དུ་ལྟུང་ངོ་ཞེས་བསྡིགས་པ་སྟེ། འདིར་ཡོངས་སུ་མི་གཏོང་བ་ལ་སྨོད་པའི་དབང་དུ་མཛད་ནས་བཤད་པར་བསྟན་པའི་ཕྱིར། དགེ་སློང་དག་ཁྱིམ་གང་ནས་བསོད་སྙོམས་མ་རྙེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
མདོའི་ཚིག་དངོས་གསལ་བར་མ་བཤད་ན། གཞོགས་བསྡིགས་རྣམ་གཉིས་ཀྱང་འདིར་བསྡུ་བར་བལྟའོ། །རྙེད་པས་རྙེད་པ་འདོད་པ་བསྟན་པའི་ཕྱིར། དེ་ལ་རྙེད་པས་འདོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་རྣམ་པ་གསུམ་སྟེ། རྙེད་པའི་
བསམ་པས་གཞན་ལས་རྒྱ་ཆེན་པོ་རྙེད་པར་སྟོན་པ་དང་། སྦྱིན་པའི་ཡོན་བདག་རྒྱ་ཆེན་པོར་སྟོན་པ་དང་། ཟང་ཟིང་རྙེད་པར་སྟོན་པའོ། །རྙེད་པའི་བསམ་པས་གཞན་ལས་རྒྱ་ཆེན་པོ་རྙེད་པར་སྟོན་པ་ནི་ཆོས་གོས་ལ་སོགས་པ་རྙེད་པ་ལ་ཆགས་པའི་རྒྱུས་བདག་ཉིད་ཀྱི་ནོར་
གྱིས་ཆོས་གོས་ལ་སོགས་པ་བཟང་པོ་ཉོས་ནས་བདག་གི་ཡོན་བདག་ལ་ཆོས་གོས་འདི་ལྟ་བུ་ཡོན་དག་གཞན་དག་ལས་རྙེད་དོ་ཞེས་སྨྲ་བའི་སྒོ་རྙེད་པ་བསྒྲུབ་པའོ། །ཡོན་བདག་རྒྱ་ཆེན་པོར་སྟོན་པ་ནི་ཡོན་བདག་ཆེ་གེ་མོ་ཞིག་དབང་དུ་གཏོང་ན། གཏོང་བ་རྒྱ་ཆེན་པོ་ལ་
དགའ་བ། ཡོན་བདག་དེ་ལྟ་བུ་མ་ཡིན་ནོ། །ཞེས་སྨྲས་པའོ། །ཟང་ཟིང་རྙེད་པར་སྟོན་པ་ནི་སྦྱིན་བདག་གང་གི་ཁྱིམ་དུ་སོང་ནས། ཁ་ཟས་དང་ཆོས་གོས་ལ་སོགས་པ་བྱིན་ན་སྦྱིན་བདག་གཞན་རྣམས་ཀྱི་ཁྱིམ་དུ་ཡང་ཟང་ཟིང་ཅི་སྦྱིན་པ་སྨྲ་བ་སྟེ། འདིར་རྙེད་པས་རྙེད་
པ་བསྒྲུབ་པ་རྣམ་པ་གསུམ་ལས་རྙེད་པའི་བསམ་པས་གཞན་རྒྱ་ཆེན་པོར་རྙེད་པར་སྟོན་པའི་དབང་དུ་མཛད་ནས་བཤད་པའི་ཕྱིར། དགེ་སློང་དག་བདག་གི་ནོར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་མདོར་ན་བདག་ཉིད་ཀྱི་ནོར་གྱིས་ཆོས་གོས་ལ་སོགས་པ་
ཉོས་ནས་སྦྱིན་པའི་བདག་པོ་དགེ་བསྙེན་གྱི་མདུན་དུ་འདུག་སྟེ། སྦྱིན་པའི་ཡོན་བདག་གཞན་གྱིས་བདག་ལ་ཆོས་གོས་ལ་སོགས་པ་འདི་འདྲ་བ་བྱིན་ནོ་ཞེས་སྨྲས་པ་དང་། དེ་ཡང་ངོ་ཚ་བས་ཆོས་གོས་ལ་སོགས་པ་སྦྱིན་པར་བྱེད་པ་སྟེ། རྙེད་པས་རྙེད་པ་བསྒྲུབ་པ་

རྣམ་པ་གཉིས་ཀྱང་འདིར་བསྡུ་བར་བལྟ་བའོ། །དགེ་སློང་གི་ལོག་པར་འཚོ་བ་རྣམ་པ་ལྔ་པོ་དེ་ཡང་རྣམ་པ་གསུམ་དུ་གཞག་གོ། །ལུས་ཀྱི་ལས་དང་། ངག་གི་ལས་དང་། ལུས་དང་ངག་གཉི་གའི་ལས་སོ། །དེ་ལ་ཚུལ་འཆོས་པ་ནི་ལུས་ཀྱི་ལས་ཡིན་ནོ། །ཁ་གསག་
ནི་ངག་གི་ལས་སོ། །གཞོགས་སློང་དང་། གཞོགས་བསྡིགས་དང་། རྙེད་པས་རྙེད་པ་བསྒྲུབ་པ་ནི་ལུས་དང་ངག་གཉི་གའི་ལས་དང་ལྡན་པ་ཡོད་དོ། །དེ་ལ་ལོག་པའི་འཚོ་བ་རྣམ་པ་ལྔ་སྤངས་ནས་དགེ་སློང་རྣམས་ཀྱི་ཡང་དག་པའི་འཚོ་བར་འགྱུར་རོ།
དགེ་བསྙེན་གྱི་ལོག་པའི་འཚོ་བ་གང་ཡིན་པ་བསྟན་པར་བྱ་བའི་ཕྱིར། དགེ་བསྙེན་གྱི་ལོག་པའི་འཚོ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བསྙེན་ཞེས་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་ཀྱི་དགེ་བསྙེན་མ་དང་དུས་ཁྲིམས་པ་ཡང་བསྡུའོ། །གོང་དུ་
དགེ་སློང་གི་སྐབས་སུ་ཡང་། དགེ་སློང་ནི་མཚོན་པ་ཙམ་དུ་ཟད་ཀྱི་དགེ་སློང་མ་དང་། དགེ་སྦྱོང་ཕ་དང་དགེ་སྦྱོང་མ་དང་དགེ་ཚུལ་མ་རྣམས་ཀྱང་བསྡུའོ། །སེམས་ཅན་འཚོང་བ་ཞེས་བྱ་བ་ནི་མི་འཚོང་བ་སྟེ། དགེ་བསྙེན་མ་རྣམས་ལ་དེ་ནི་འགག་པ་ཡིན་ཏེ། རྟ་ལ་
སོགས་པ་སེམས་ཅན་ཚོང་དུ་མི་གནང་བ་ནི་མ་ཡིན་ནོ། །མ་བརྟགས་པར་འབྲུ་དང་ཡུངས་ཀར་འཚིར་བ་ཞེས་བྱ་བ་ནི་དུས་རིང་པོར་ལོན་པའི་འབྲུ་དང་ཉུངས་ཀར་ལ་སྲིན་འཇུག་པས་མ་བརྟགས་པར་འབྲུ་དང་ཡུངས་ཀར་ལ་སོགས་པ་བཙིར་ན་སྲོག་ཆགས་ཀྱི་སྲོག་ལ་གནོད་པའི་
ཕྱིར་ལོག་པར་འཚོ་བར་གཞག་སྟེ། བརྟགས་ཏེ་བཙིར་བ་ནི་ལོག་པའི་འཚོ་བ་མ་ཡིན་ནོ། །ཞེས་དགོངས་པའོ། །དེ་ཡང་རྣམ་པ་གཉིས་སུ་གཞག་སྟེ། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ལོག་པའི་འཚོ་བ་དང་། སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་
ལས་བྱུང་བའི་ལོག་པའི་འཚོ་བའོ། །དེ་ལ་སེམས་ཅན་འཚོང་བ་དང་། ཤ་འཚོང་བ་དང་། མ་བརྟགས་པར་འབྲུ་འཚོང་བ་ནི་སེམས་ཅན་གྱི་གྲངས་སུ་གཏོགས་པ་ལས་བྱུང་བའི་ལོག་པའི་འཚོ་བའོ། །དུག་འཚོང་བ་དང་མཚོན་ཆ་འཚོང་བ་དང་ཆང་འཚོང་བ་ནི།

སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་ལས་བྱུང་བའི་ལོག་པའི་འཚོ་བའོ། །ཡང་དག་པའི་རྩོལ་བ་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་རྩོལ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གསོང་པོར་སྨྲ་བ་དང་ཞེས་བྱ་བ་ནི་ཁྱིམ་ན་གནས་
པའི་ཕྱོགས་ཀྱི་དབང་དུ་བྱས་ནས་གུས་པའི་ཚུལ་སྟོན་པ་སྟེ། ཕ་དང་མ་དང་རིགས་ཀྱི་རྒན་པ་རྣམས་དང་ཕྲད་ནས་ལུས་ཀྱིས་འདུད་པ་དང་ཚིག་གིས་བསུ་སྟེ་འཇམ་པོར་སྨྲ་བའོ། །ཕྱག་འཚལ་བ་ཞེས་བྱ་བ་རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབང་དུ་མཛད་ནས། མཁན་པོ་དང་
སློབ་དཔོན་ལ་སོགས་པ་དང་ཕྲད་ནས་ཡན་ལག་བཏུད་དེ་ཕྱག་བྱེད་པའི་ལས་བྱེད་པའོ། །སྡང་བ་ཞེས་བྱ་བས་བླ་མ་ལ་སོགས་པ་གཞན་གང་འོང་བའི་དབང་དུ་བྱས་ནས་གུས་པའི་ཚུལ་སྟོན་པ་སྟེ། གང་ཟག་ཡོན་ཏན་ཅན་བླ་མ་གཞན་དག་གུས་ནས་འོངས་པ་རྣམས་ལ་
ཡང་སྟན་ལས་ལངས་ནས་བསུ་སྟེ་སྟན་ལ་འཇོག་ཅིང་སྟོབས་པའོ། །ཐལ་མོ་སྦྱར་བའི་ལས་བྱེད་ཅེས་བྱ་བས་གནས་གཅིག་ན་འཁོད་པའི་གང་ཟག་ཡོན་ཏན་ཅན་རྣམས་ལ་གུས་པའི་ཚུལ་སྟོན་པ་སྟེ། གནས་གཅིག་ན་གནས་པའི་གང་ཟག་ཚངས་པ་མཚུངས་པར་
སྤྱོད་པ་རྣམས་དང་ཕྲད་ན་ཡང་ལུས་བཏུད་པ་དང་ཐལ་མོ་སྦྱར་བའི་ལས་བྱེད་པ་སྟེ། འདི་ནི་ཡང་དག་པའི་རྩོལ་བའོ། །མདོར་ན་མི་མཐུན་པའི་ཕྱོགས་སྤངས་པ་དང་། གཉེན་པོ་བསྒོམ་པ་ལ་བརྩོན་པ་ནི་ཡང་དག་པའི་རྩོལ་བའོ། །ཡང་དག་པའི་དྲན་པ་
བསྟན་པའི་ཕྱིར། ཡང་དག་པའི་དྲན་པ་གང་ཞེ་ན། འདི་ལ་དགེ་སློང་དག་ཅེས་བྱ་བ་གསུངས་སོ། །དེ་ལ་སེམས་ཅན་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱི་རང་བཞིན་ཅན་དང་། ཞེ་སྡང་གི་རང་བཞིན་ཅན་དང་། གཏི་མུག་གི་རང་བཞིན་ཅན་ནོ། །གསུམ་
པོ་དེ་དག་གི་མཚན་མ་བརྟག་པར་བྱ་སྟེ། འདོད་ཆགས་ཀྱི་རང་བཞིན་ཅན་གྱི་མཚན་མ་ནི་རང་བཞིན་གྱིས་གཡོ་ཞིང་གཡེངས་པའི་ངང་ཚུལ་ཅན་གླུ་དང་གར་ལ་སོགས་པ་ལ་དགའ་བ། དྲན་པ་ཉམས་པ་ལ་རྟག་པར་སེམས་ངང་གིས་འཇམ་པ། ཕྲག་དོག་ཆེ་བ། ངོ་

ཚ་བ་མང་བ་ལ་གནས་པ། འདོད་ཆགས་སྤངས་པར་དཀའ་བ་ཁ་ན་མ་ཐོ་བ་ཆུང་བའོ། །ཞེ་སྡང་གི་རང་བཞིན་ཅན་གྱི་མཚན་མ་ནི་ཅི་ལ་ཡང་གླེང་བ་དང་སྨྲ་བར་བྱེད་པ་འཐབ་མོ་ལ་དགའ་བ། བཞིན་ཁྲོ་གཉེར་ཅན། མགུ་དཀའ་བ། སེམས་ངང་རྩུབ་པོ་
རྣོ་བ། སྡིག་ལ་དགའ་བ། སེམས་ཅན་སེམས་རྩུབ་ཅིང་གནོད་པར་བྱེད་པ་ལ་མོས་པ། ཉོན་མོངས་པ་སྤང་བར་བླ་བ་སྟེ། །ཁ་ན་མ་ཐོ་བ་ཆེན་པོའོ། །གཏི་མུག་གི་རང་བཞིན་ཅན་གྱི་མཚན་མ་ནི། ཡིད་གཉིས་ཅན་ལས་སུ་བྱ་བ་ལ་སྤྲོས་པ་མེད་པ།
གཉིད་དང་རྨུགས་པ་མང་བ་རྟོག་པ་དང་སེན་ལྕིགས་ཅན་གྱི་རང་བཞིན་མ་ཡིན་པ། ཤིང་བལ་དང་སྲིན་བལ་ལྟ་བུའི་སེམས་རྨོངས་པ་མང་བ་ལེ་ལོ་ཆེ་བ་སུ་ལ་ཡང་ཡིད་མི་རྟོན་པ་སྐྱེ་བོ་དེ་ཉིད་ཀྱང་ཡིད་བརྟན་དུ་མི་རུང་བ། འགྲོ་བ་དགེ་བ་རྣམས་ཞེ་སྡང་སྐྱེ་བ། བྱས་
པ་མི་གཟོ་བ། ཉོན་མོངས་པ་སྤང་བར་དཀའ་བ་ཁ་ན་མ་ཐོ་བ་ཆེ་བའོ། །དེ་དག་ལ་ཡང་ཞིབ་ཏུ་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདོད་ཆགས་ཀྱི་སྤྱོད་པ་ནི་འདོད་པའི་ཡོན་ཏན་ལ་དགའ་བ་གཞན་དག་གི་ཡོན་ཏན་ཕལ་ཆེར་ཚོལ་གྱི་ཉེས་པའི་གླགས་མི་བལྟའོ། །
ཞེ་སྡང་ཅན་གྱི་སྤྱོད་པ་ནི་གང་ལ་ཡང་ཆགས་པ་མི་ཆེ་བ་གཞན་དག་གི་སྐྱོན་དང་། ཉེས་པ་ཕལ་ཆེར་ཚོལ་བར་བྱེད་པའོ། །གཏི་མུག་ཅན་གྱི་སྤྱོད་པ་ནི་གང་དུ་ཡང་མི་གནས་པ་འཇོག་པ་དང་རྟོག་པའི་རང་བཞིན་ཅན་མ་ཡིན་པའོ། །སྔོན་གྱི་སྤྱོད་པའི་སྒོ་ནས་བརྟགས་ན།
འདོད་ཆགས་ཅན་ནི་སྔོན་དགེ་བའི་ལས་ཕལ་ཆེར་བྱས་པས་བདེ་བའི་འབྲས་བུ་ལ་གནས་པའི་ཕྱིར་མཐོ་རིས་ཀྱི་གནས་ནས་ཤི་འཕོས་ཏེ། འདིར་སྐྱེས་པར་བལྟའོ། །ཞེ་སྡང་ཅན་ནི་སྔོན་བསད་པ་དང་བཅད་པ་དང་བརྡེགས་པ་ལ་སོགས་པའི་ལས་ཕལ་ཆེར་བྱས་པས་
སེམས་ཅན་དམྱལ་བའམ། ཀླུའི་སྐྱེ་གནས་སམ་མིའི་སྐྱེ་གནས་ན་ཡང་རྟག་ཏུ་སྡུག་བསྔལ་བར་གནས་པ་ལས་ཤི་འཕོས་ནས་འདིར་སྐྱེ་སྟེ། སྔོན་ཡང་རྟག་ཏུ་སྡུག་བསྔལ་གྱིས་སེམས་དཀྲུགས་པས་གར་སྐྱེས་པ་དེར་ཡང་སེམས་འཁྲུགས་པ་དང་ཞེ་སྡང་ཆེ་བར་

བལྟའོ། །གཏི་མུག་ཅན་གྱི་སྤྱོད་པ་ནི་སྔོན་གྱི་རྒྱུ་སྔོན་ཆང་མང་དུ་འཐུངས་པའམ། མཉན་པ་དང་འབྲི་བ་ལ་སོགས་པའི་ལས་མ་བྱས་པ་དང་། བྱོལ་སོང་གི་སྐྱེ་གནས་ནས་ཤི་འཕོས་ནས་འདིར་སྐྱེ་བར་བལྟའོ། །ཁམས་ཀྱི་རྒྱུས་བརྟགས་ན་
ས་དང་། ཆུ་དང་། མེ་དང་། རླུང་སྟེ། འབྱུང་བ་ཆེན་པོ་བཞི་ཤས་མཉམ་ན་ནི་འདོད་ཆགས་ཀྱི་ཤས་ཆེ་བར་འགྱུར་རོ། །མེའི་ཁམས་དང་རླུང་གི་ཁམས་ཤས་ཆེ་ན་ནི་ཞེ་སྡང་ཆེ་བར་འགྱུར་རོ། །ས་དང་ཆུའི་ཤས་ཆེན་ནི་གཏི་མུག་ཆེ་བར་འགྱུར་རོ། །ཉེས་པའི་གླེང་
གཞིས་བརྟགས་ན་རླུང་གི་ཤས་ཆེ་བ་རྣམས་ནི་འདོད་ཆགས་སྤྱོད་པ་ལ་གནས་པའོ། །མཁྲིས་པའི་ཤས་ཆེ་བ་རྣམས་ནི་ཞེ་སྡང་ཆེ་བ་ལ་གནས་པའོ། །བད་ཀན་གྱི་ཤས་ཆེ་བ་རྣམས་ནི་གཏི་མུག་ཆེ་བ་རྣམས་སོ། །ཡང་རྣམ་པ་བདུན་གྱི་སྒོ་ནས་རྣམ་པ་གསུམ་གྱི་སྤྱོད་པ་
བརྟགས་ཏེ། རྣམ་པ་བདུན་ནི་དམིགས་པ་དང་། ཉོན་མོངས་པ་དང་། འགྲོ་བ་དང་། ཆོས་གོས་བགོ་བ་དང་། ཁ་ཟས་ཟ་བ་དང་། ལས་བྱེད་པ་དང་ཉལ་བའོ། །དམིགས་པ་ཇི་ལྟར་བརྟག་ཅེ་ན། འདོད་ཆགས་ཀྱི་ཤས་ཆེ་བ་རྣམས་ནི་
གཟུགས་འགའ་ཞིག་མཐོང་ན་ངོ་མཚར་དུ་གྱུར་པར་ལྟ་ཞིང་། ཡུན་རིང་དུ་ལྟ་བ་ལ་ཉེས་པ་ཞིག་བྱུང་ན་ཡང་ཉེས་པར་མི་ལྟ་ཡོན་ཏན་ཅུང་ཟད་ཙམ་ཡང་མཚར་དུ་བཅུག་པར་བྱེད་ལ། གང་མཐོང་བ་དེ་དང་འབྲལ་བར་མི་དགའ་ཞིང་བྲལ་ན་ཡང་སླར་ཕྲད་པར་འདོད་པ་
དང་བཅས་ཏེ་འགྲོ་བའོ། །ཞེ་སྡང་གི་ཤས་ཆེ་བ་གཟུགས་འགའ་ཞིག་མཐོང་ན་མཚར་དུ་བྱ་བ་མེད་ཀྱི་བྲལ་བ་དང་ཆད་པའི་ཚུལ་དུ་ལྟ་ཞིང་། ཡུན་རིང་དུ་མི་ལྟ་ལ་གཞན་དག་ལ་ཡང་ཉེས་པ་དང་སྐྱོན་ཚོལ་བ་མང་བ། སྨོད་པ་ལ་དགའ་བ་ཡོན་ཏན་དང་ལེགས་པ་
ཆེར་བྱས་ན་ཡིད་མི་རྟོན་པ། གང་མཐོང་བ་དང་བྲལ་བར་འདོད་ལ། མི་དགའ་བའི་ཚུལ་བསྟན་ནས་འགྲོ་བར་བྱེད་པའོ། །གཏི་མུག་གི་ཤས་ཆེ་བ་ནི་གཟུགས་འགའ་ཞིག་མཐོང་ན་ཡང་ཉེས་པ་དང་ཡོན་ཏན་གྱི་ངོ་མི་ཟིན་པ། གཞན་དག་གིས་སྨད་ན་ཡང་

རྗེས་སུ་སྨོད་ལ། གཞན་དག་གིས་བསྟོད་ན་ཡང་རྗེས་སུ་སྟོད་པར་བྱེད་དོ། །བདག་ཉིད་ཀྱི་ལེགས་ཉེས་ཀྱི་ངོ་མི་ཤེས་པའོ། །ཇི་ལྟར་ཉོན་མོངས་པའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ཀྱི་ཤས་ཆེ་བ་རྣམས་ནི་ཉོན་མོངས་པ་ལྔ་ལ་རྟག་ཏུ་སྤྱོད་དེ། ཕྲག་དོག་
དང་། སེར་སྣ་དང་། གཡོ་དང་། སྒྱུ་དང་། ཆགས་པ་དང་ལྔའོ། །ཞེ་སྡང་གི་ཤས་ཆེ་བ་རྣམས་ཀྱང་ཉོན་མོངས་པ་ལྔ་ལ་རྟག་ཏུ་སྤྱོད་དེ། ལྔ་ནི་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཁོང་ཁྲོ་བ་དང་ལྔའོ། །གཏི་མུག་གི་ཤས་ཆེ་བ་ནི་རི་
ཉོན་མོངས་པ་ལྔ་ལ་རྒྱུན་དུ་སྤྱོད་དེ། ལྔ་ནི་ལེ་ལོ་དང་གཉིད་དང་རྨུགས་པ་དང་ཡིད་གཉིས་དང་འགྱོད་པ་དང་ལྔའོ། །ཇི་ལྟར་འགྲོ་བའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ལ་སྤྱོད་པར་འགྲོ་བ་ན། རྐང་པ་མཉམ་དུ་འདོར་ཞིང་དལ་བུས་འགྲོ་བ་གོམ་པ་མཛེས་པར་འདོར་
ཞིང་འགྲོ་བའོ། །ཞེ་སྡང་ལ་སྤྱོད་པར་འགྲོ་བ་ན། རང་བཞིན་གྱིས་གོམ་པ་གྱ་ཚོམ་དུ་འདོར་ལ་རྐང་པ་ས་ལ་གནོན་པ་འདྲ་བར་བྱས་ཤིང་གཡས་ཕྱོགས་ཀྱིས་འགྲོའོ། །གཏི་མུག་ལ་སྤྱོད་པར་འགྲོ་བ་ནི། རང་བཞིན་གྱིས་རྐང་པ་ས་ལ་འཇོག་པ་ན། བྲེལ་བག་ཏུ་འཇོག་
ལ་འགྲོ་བའི་ཚེ་རྐང་པ་གཉིས་ས་ལ་འཆའ་བ་དང་རྐང་པ་གཉིས་གཅིག་ལ་གཅིག་འདྲུད་ཅིང་འགྲོའོ། །ཇི་ལྟར་ཆོས་གོས་གྱོན་པའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ལ་སྤྱོད་པ་ནི་རང་བཞིན་གྱིས་གོས་ཧ་ཅང་དོག་པ་ཡང་མ་ཡིན་ཡངས་པ་ཡང་མ་ཡིན་པ་ལ་དགའ་བ་དང་།
སྐ་རགས་དམ་དུ་མི་འཆིང་ལ་ལྷོད་པར་མི་འཆིང་བ་དང་གོས་ཡིད་ཀྱིས་རིང་བ་ལ་དགའ་བ་སྟེ། སྡུ་གུ་དང་མཛེས་པར་བྱས་ནས་གྱོན་ནོ། །ཞེ་སྡང་ལ་སྤྱོད་པ་ནི་རང་བཞིན་གྱིས་གོས་དོག་པ་ལ་དགའ་ཞིང་། སྐ་རགས་དམ་དུ་འཆིང་བ་དང་། གོས་ཐུང་ངུ་གྱོན་ཅིང་
གཅིག་ཏུ་མཛེས་པ་ཁོ་ནར་ལྟ་ཞིང་གྱོན་པ་མེད་པའོ། །གཏི་མུག་ལ་སྤྱོད་པ་ནི་རང་བཞིན་གྱིས་གོས་ཡངས་པ་ལ་དགའ་ཞིང་སྐ་རགས་ལྷོད་པར་འཆིང་བ་དང་གོས་གཅས་གཅུས་སུ་མི་མཛེས་པར་བྱས་ནས་གྱོན་པའོ། །འདི་ལྟར་ཁ་ཟས་ཟ་བའི་སྒོ་ནས་བརྟག་ཅེ་ན།

འདོད་ཆགས་ལ་སྤྱོད་པ་ནི་རང་བཞིན་གྱིས་སྣུམ་པ་དང་མངར་བའི་ཁ་ཟས་ལ་དགའ་བའོ། །ཞེ་སྡང་ལ་སྤྱོད་པ་ནི་རྩུབ་པ་དང་སྐྱུར་བའི་ཁ་ཟས་ལ་དགའ་བའོ། །གཏི་མུག་ལ་སྤྱོད་པ་ནི་གང་དུ་ཡང་གཅིག་ཏུ་ངེས་པ་མེད་དོ། །འདོད་ཆགས་ལ་སྤྱོད་པ་ཁ་
ཟས་ཟ་བ་ན་ཁམ་རན་པ་དང་མཛེས་པར་བྱས་ནས་ཆགས་བཞིན་དུ་དལ་བུས་ཟ་ལ། རོ་ཞིམ་པོ་འགའ་ཞིག་མྱངས་ན་ལྷག་པར་ཡིད་དགའ་བ་སྐྱེ་བའོ། །ཞེ་སྡང་ལ་སྤྱོད་པ་ཁ་ཟས་ཟ་བ་ན་ཁམ་ཆེར་བྱས་ནས་ཁ་གང་བར་མི་ཆགས་པར་མྱུར་དུ་ཟ་བ་ལ། ཁ་ཟས་ཞིམ་
པོ་འགའ་ཞིག་མྱངས་ནས་ཀྱང་ལྷག་པར་ཡང་ཡིད་མི་བདེ་བར་སྐྱེ་བའོ། །གཏི་མུག་ལ་སྤྱོད་པ་ཁ་ཟས་ཟ་བ་ན་ཁམ་ཆུང་དུ་བྱས་ལ་ཁ་ཟས་ཀྱི་ཁམ་ཡང་མི་མཛེས་པར་བྱས་ནས། ལག་པ་དང་ཁ་ལ་སོགས་པ་ཁ་ཟས་ཀྱིས་བསྐུས་ཏེ་གང་ལ་ཡང་ཆེན་པོར་མི་གཏོགས་
པ་ཟའོ། །ཇི་ལྟར་ལས་ཀྱི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ལ་སྤྱོད་པ་ནི་ཕྱགས་མ་ཐོགས་ནས་དལ་བུས་ཕྱག་དར་རྣམས་དག་པར་བྱས་ཏེ། གཅིག་ཀྱང་མ་ལུས་པར་ཕྱགས་པར་བྱེད་དོ། །ཞེ་སྡང་ལ་སྤྱོད་པ་ནི་ཕྱགས་མ་བླངས་ནས་རིང་བའི་ཚུལ་དུ་
ཕྱོགས་གཉིས་ཀར་ཕྱག་དར་འདོར་ཞིང་སྒྲ་དང་བཅས་པར་དྲག་ཏུ་ཕྱགས་པར་བྱེད་དོ། །གཏི་མུག་ལ་སྤྱོད་པ་ནི་ཕྱགས་མ་ཐོགས་ནས་སྙོམས་པའི་ཚུལ་དུ་བྱེད་ལ་ཕྱག་དར་རྣམས་ཀྱང་མ་དག་པ་དང་། མི་མཛེས་པར་དལ་བུས་ཕྱགས་པར་བྱེད་དོ། །དེ་བཞིན་དུ་ལས་
གཞན་ལ་ཡང་བརྟག་སྟེ། འདོད་ཆགས་ལ་སྤྱོད་པ་ནི་ལས་གང་ལ་ཡང་མཛེས་པ་དང་གུས་པར་བྱེད་དོ། །ཞེ་སྡང་ལ་སྤྱོད་པ་ནི་ལས་གང་ལ་ཡང་དག་ཏུ་བསྒྲུབ་པ་ལ་བརྟན་པོར་བྱེད་དོ། །གཏི་མུག་ལ་སྤྱོད་པ་ནི་ལས་གང་ལ་ཡང་འཁྲུགས་པར་བྱེད་ལ་
གཅིག་ཏུ་མི་བྱར་མི་རུང་བར་ཆད་པ་མེད་པའོ། །ཇི་ལྟར་ཉལ་བའི་སྒོ་ནས་བརྟག་ཅེ་ན། འདོད་ཆགས་ལ་སྤྱོད་པ་ནི། མལ་སྟན་དལ་བུས་བཅས་ལ་མཛེས་པར་བྱས་ནས་ཉལ་བ་ན་ཡང་ལུས་བསྐུམ་སྟེ་ཉལ་ལོ། །ནང་པར་ལངས་པ་ཡང་མྱུར་དུ་ལྡང་ཞིང་

འདོང་བའམ། སྐྲག་པ་དང་བཅས་པ་དང་འདྲ་བར་ཚིག་དལ་བུས་འབྱིན་ཏོ། །ཞེ་སྡང་ལ་སྤྱོད་པ་ནི་མལ་སྟན་འཆའ་ན་ཡང་མྱུར་དུ་བཅས་ནས་གང་ཇི་ལྟར་རུང་བར་ཡང་བྱས་ཏེ། རྐང་ལག་བརྐྱང་ནས་ཁྲོ་གཉེར་དང་བཅས་པར་ཉལ་ལོ། །ནང་པར་ལྡང་ན་
ཡང་མྱུར་དུ་ལངས་ལ་ཁྲོས་པ་བཞིན་དུ་ཚིག་དྲག་ཏུ་འབྱིན་ཏོ། །གཏི་མུག་ལ་སྤྱོད་པ་ནི་མལ་སྟན་ལས་ལངས་ཏེ། ལངས་དེར་བཅས་ལ་ཉལ་བ་ན་ཡང་ཁ་སྦུབ་ཏུ་བྱས་ཤིང་ཉལ་ལོ། །ནང་པར་ལངས་ན་ཡང་ཚིག་ཅི་ཡིན་གཏོལ་མེད་པར་མི་གསལ་བར་འབྱིན་
ཅིང་དུས་ཐ་གི་ཟད་ཅིང་ལོན་ནས་གདོད་མལ་ནས་ལྡང་ངོ་། །དེ་ལྟར་སྤྱོད་པ་རྣམ་པ་གསུམ་ལ་སྤྱོད་པ་གང་ལ་ཆོས་གོས་ཅི་འདྲ་བ་དང་བསོད་སྙོམས་ཇི་ལྟ་བུ་དང་མལ་སྟན་ཅི་འདྲ་བ་དང་སྤྱོད་ཡུལ་གྱི་གྲོང་ཁྱེར་གང་དུ་གཞག་པ་བསྟན་དགོས་ཏེ། དེ་བས་ན་འདོད་ཆགས་ལ་སྤྱོད་
པ་རྣམས་ལ་མི་གཙང་བ་བསྒོམ་པའི་ཆོས་རྣམས་ལ་དགོད་དགོས་པས་དགེ་སློང་དག་དགེ་སློང་བུད་མེད་མཐོང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེ་སྡང་ལ་སྤྱོད་པ་རྣམས་ལ་ནི་བྱམས་པ་བསྒོམ་པ་ལ་དགོད་དེ། དེ་ནི་འོག་ནས་ཚད་མེད་པ་བཞི་བསྟན་པའི་སྐབས་
ནས་འཆད་དོ། །གཏི་མུག་ལ་སྤྱོད་པ་རྣམས་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཞག་སྟེ། དེའི་ཚུལ་ཇི་ལྟ་བུ་ནི་གོང་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཡན་ལག་བཅུ་གཉིས་བསྟན་པའི་སྐབས་སུ་བཤད་ཟིན་ཏོ། །དེ་ལ་འདོད་ཆགས་ལ་སྤྱོད་པ་རྣམས་ལ་ནི་
ཆོས་གོས་ཐུང་བ་དང་རྩུབ་པ་སྦྱིན་ནོ། །ཞེ་སྡང་ལ་སྤྱོད་པ་རྣམས་ལ་ནི་ཆོས་གོས་གཙང་མ་དང་ཁ་དོག་བཟང་བ་དང་རིང་བ་དང་མཛེས་པ་སྦྱིན་ནོ། །གཏི་མུག་ལ་སྤྱོད་པ་རྣམས་ལ་ནི་གང་ཡང་རུང་བའོ། །འདོད་ཆགས་ལ་སྤྱོད་པ་རྣམས་ལ་ནི་བསོད་སྙོམས་རྩུབ་
པ་དང་མི་ཞིམ་པ་དང་ཉུང་དུ་སྦྱིན་ནོ། །ཞེ་སྡང་ལ་སྤྱོད་པ་རྣམས་ལ་ནི་བསོད་སྙོམས་འཇམ་པ་དང་། གཙང་བ་དང་། ཞིམ་པ་དང་། ཚིམ་པར་གྱུར་གྱི་བར་དུ་སྦྱིན་ནོ། །གཏི་མུག་ལ་སྤྱོད་པ་རྣམས་ལ་ནི་གང་ཡང་རུང་བའོ། །འདོད་ཆགས་ལ་སྤྱོད་པ་རྣམས་ལ་མལ་

སྟན་ནི་དུར་ཁྲོད་དང་དུར་ཁྲོད་ལ་ཉེ་བའམ། གཙུག་ལག་ལ་སོགས་པ་ཡང་ལས་སུ་རུང་བ་མ་བྱས་པ། གདིང་བ་དང་དགབ་པ་ཕུན་སུམ་ཚོགས་པ་མེད་པར་གཞག་གོ། །ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་མལ་སྟན་ནི་ཤིང་དང་ཆུ་ཕུན་སུམ་ཚོགས་པས་
གཞི་མཉམ་ཞིང་མཛེས་པའམ། གཙུག་ལག་ཁང་མཛེས་པར་བྱས་པ་གདིང་བ་དང་མལ་སྟན་ཕུན་སུམ་ཚོགས་པར་གཞག་གོ། །གཏི་མུག་ལ་སྤྱོད་པ་ནི་གང་དུ་ཡང་རུང་ངོ་། །འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་གྱི་གྲོང་རྣམས་ཁ་ཟས་རྩུབ་པོ་མང་དུ་ཟ་ཞིང་གྲོང་ཁྱེར་
རྣམས་མི་མཛེས་པ་ལ་འགྲོ་བ་ཕོས་གང་བར་གཞག་གོ། །ཞེ་སྡང་ལ་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་གྱི་གྲོང་ཁྱེར་ནི་ཁ་ཟས་ཕུན་སུམ་ཚོགས་པ་དང་གྲོང་ཁྱེར་མཛེས་པ་དང་འགྲོ་བ་དད་པ་བསྒྲུབ་པ་མང་བར་གཞག་གོ། །གཏི་མུག་གི་སྤྱོད་ཡུལ་གྱི་གྲོང་ཁྱེར་ནི་གང་དུ་ཡང་
རུང་ལ་འགྲོ་བ་མཁས་པ་ཕལ་ཆེར་ཡོད་པའི་གནས་སུ་གཞག་གོ། །དེ་ལ་འདོད་ཆགས་ལ་སྤྱོད་པ་རྣམ་པ་བཞི་སྟེ། རེག་པ་ལ་ཆགས་པ་དང་། རང་བཞིན་ལ་ཆགས་པ་དང་། ཁ་དོག་ལ་ཆགས་པ་དང་། ཉེ་བར་སྤྱོད་པ་ལ་ཆགས་པའོ། །དེ་ལ་རེག་པ་ལ་ཆགས་
པ་ནི། རེག་བྱ་འཇམ་པ་ལ་ཆགས་པ་སྟེ། དེས་རུས་པ་དཀར་པོ་བསྒོམ་པར་བྱའོ། །རང་བཞིན་ལ་ཆགས་པ་ནི། བུད་མེད་ལ་སོགས་པའི་ལུས་ཀྱི་ངོ་བོ་མ་ཉམས་པ་ལ་ཆགས་པ་སྟེ། དེ་བམ་པ་དང་སྦོས་པ་ལ་སོགས་པ་བསྒོམ་པར་བྱའོ། །ཁ་དོག་ལ་ཆགས་པ་
རྣམས་ཀྱིས་ནི་རྣམ་པར་བསྔོས་པ་ལ་སོགས་པ་བསྒོམ་པར་བྱའོ། །ཉེ་བར་སྤྱོད་པ་ལ་ཆགས་པ་རྣམས་ཀྱིས་ནི་བུད་མེད་ལ་སོགས་པའི་ལུས་དུར་ཁྲོད་དུ་བོར་བ་སེམས་མེད་དེ་ཤིང་བཞིན་དུ་གནས་པ་ལ་བསྒོམ་པའོ། །བདག་དང་བུད་མེད་ཀྱི་ཕྱི་ནང་གི་ལུས་ལ་རྣམ་པར་འཇིག་
པ་ནི་འདོད་ཆགས་རྣམ་པ་བཞི་ཆར་གྱི་གཉེན་པོར་འགྱུར་བས། མདོ་འདི་ལས་དེ་ཉིད་གཙོ་བོར་མཛད་དེ་གསུངས་སོ། །དེ་ལ་བུད་མེད་ཀྱི་ལུས་ནི་ཕྱིའི་ལུས་སོ། །བདག་ཉིད་ཀྱི་ལུས་ནི་ནང་གི་ལུས་སོ། །ཡང་ན་སྐྲ་དང་སྤུ་དང་སེན་མོ་དང་སོ་དང་རྡུལ་དང་དྲི་མ་དང་།

པགས་པ་ནི་ཕྱིའི་ལུས་སོ། །ཤ་དང་རུས་པ་ནས་བཤང་བ་དང་གཅི་བའི་བར་དུ་གསུངས་པ་ནི་ནང་གི་ལུས་སོ། །དེ་ལ་མགོ་ལས་སྐྱེས་པ་ནི་སྐྲའོ། །མཆན་ཁུང་དང་ཁ་ལ་སོགས་པའི་ལུས་ལས་སྐྱེས་པ་ནི་སྤུ་སྟེ། བདག་དང་གཞན་གྱི་ལུས་དེ་ལྟར་བརྟགས་ནས།
ཇི་ལྟར་བརྟགས་པ་ལ་གོམས་པར་བྱས་ན་འདོད་ཆགས་འཇིལ་བར་འགྱུར་ཏེ། འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་
ལྟར་དགེ་བའི་ཆོས་ལ་སེམས་རྩེ་གཅིག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཡིན་ལ། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་ཡང་དགེ་བའི་ཆོས་ལ་སེམས་རྩེ་གཅིག་པའི་མཚན་ཉིད་ཡིན་པས་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་བསམ་གཏན་དང་པོ་ནི་ཡན་ལག་
ལྔ་དང་ལྡན་པ་སྟེ། ཡན་ལག་ལྔ་ལ་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །བསམ་གཏན་གཉིས་པ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། ཡན་ལག་བཞི་ལ་ནང་རབ་ཏུ་དང་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པའོ། །
བསམ་གཏན་གསུམ་པ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། ཡན་ལག་ལྔ་ལ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །བསམ་གཏན་བཞི་པ་ནི་ཡན་ལག་བཞི་དང་ལྡན་པ་སྟེ། ཡན་ལག་བཞི་ལ་བཏང་སྙོམས་རབ་ཏུ་དགའ་བ་དང་
དྲན་པ་དང་རབ་ཏུ་དགའ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་སེམས་རྩེ་གཅིག་པའོ། །དེ་ལྟ་བས་ན་བསམ་གཏན་བཞི་པོ་འདི་དག་ལ་ཡན་ལག་བཅོ་བརྒྱད་དུ་འགྱུར་ཏེ། ཡན་ལག་བཅོ་བརྒྱད་ནི་བསམ་གཏན་དང་པོ་ལ་ཡན་
ལག་ལྔ། བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ་བཅུ་དང་། བསམ་གཏན་གཉིས་པ་ལ་ཡང་ཡན་ལག་བཞི། བསམ་གཏན་བཞི་པ་ལ་ཡང་ཡན་ལག་བཞི་སྟེ་བརྒྱད་དེ་ལྟར་ན་བཅོ་བརྒྱད་དུ་འགྱུར་རོ། །བསམ་གཏན་བཞི་པོ་འདི་དག་ཞིབ་ཏུ་འཆད་

པ་ནི། ཕྱིས་བསམ་གཏན་གྱི་སྐབས་སུ་འཆད་པས། འདིར་བཤད་ན་དགོས་པ་ཆུང་ལ་བྱ་བ་ཆེ་བའི་ཕྱིར་ནི་མ་བཤད་དོ། །འཕགས་པའི་བདེན་པ་བཞི་བཤད་པའི་འོག་ཏུ། དབང་པོ་ཉི་ཤུ་རྩ་གཉིས་བསྟན་པས་ཇི་ལྟར་བསྟན་པ་བཞིན་དུ་བཤད་
པར་བཞེད་ནས། དབང་པོ་ཉི་ཤུ་རྩ་གཉིས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་རྣམས་བསྟན་པ་ཅི་དགོས་ཤེ་ན། སྨྲས་པ། དབང་པོ་བསྟན་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་
པ་མེད་པ་དང་། འབྱུང་བར་བྱེད་པ་དང་། འབྱུང་བར་བྱེད་པ་མ་ཡིན་པ་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ཆོས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཆོས་དེ་དག་ཁོང་དུ་ཆུད་ན་བདག་དང་བདག་གིར་མངོན་པར་ཆགས་པ་སྤོང་བར་འགྱུར་རོ། །མངོན་
པར་ཆགས་པ་སྤངས་ན་འཁོར་བའི་སྡུག་བསྔལ་མེད་པར་འགྱུར་རོ། །འཁོར་བའི་སྡུག་བསྔལ་མེད་ན་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་སྤང་བ་དང་། བདེ་བ་ཐོབ་པར་བྱ་བའི་ཕྱིར་དབང་པོ་བསྟན་ཏོ། །དེ་ལ་མིག་གི་དབང་པོའི་རྡུལ་
ཕྲན་ནི་མིག་གི་སྤྲིན་གྱི་ནང་ན་གོ་སྙོད་ཀྱི་མེ་ཏོག་ཁ་འབུས་པ་འདྲ་བར་གནས་སོ། །རྣ་བའི་དབང་པོའི་རྡུལ་ཕྲན་ནི་གྲོ་ག་གཅུས་པའི་མདུད་པ་འདྲ་བར་རྣ་བའི་ནང་ན་གནས་སོ། །སྣའི་དབང་པོའི་རྡུལ་ཕྲན་ནི་ལྕགས་ཀྱི་ཐུར་མ་ལྟར་མཚུལ་བའི་ནང་ཐོག་ཐག་ཏུ་གནས་སོ། །ལྕེའི་
དབང་པོའི་རྡུལ་ཕྲན་ནི་ཟླ་བ་ཁམ་པ་འདྲ་བར་གནས་སོ། །ལུས་ཀྱི་དབང་པོའི་རྡུལ་ཕྲན་ནི་ལུས་བཞིན་དུ་ཐོག་ཐག་ཏུ་ཁྱབ་པར་གནས་སོ། །ཡིད་ཀྱི་དབང་པོ་ནི་རྡུལ་ཕྲན་བསགས་པའི་མཚན་ཉིད་མ་ཡིན་པས་ཆོས་ཐམས་ཅད་ཤེས་པའི་མཚན་ཉིད་དོ། །བུད་མེད་ཀྱི་དབང་
པོའི་རྡུལ་ཕྲན་ནི་རྔའི་ཁ་བཞིན་ནམ་ཤིང་བལ་བཙལ་བ་འདྲ་བར་གསང་བའི་ཕྱོགས་ན་གནས་སོ། །སྐྱེས་པའི་དབང་པོའི་རྡུལ་ཕྲ་མོ་ཁྱུད་སྐོར་གྱི་ཕྱོགས་ན་མཛུབ་མོ་ལྟར་གནས་སོ། །འཚོ་བའི་དབང་པོ་ནི་རིས་མཐུན་པའི་ཕུང་པོ་གནས་པ་དང་། མི་འཇིག་པར་འཛིན་པར་བྱེད་

པའོ། །ཁ་ཅིག་ན་རེ་ཕུང་པ་རྒྱུན་འབྲེལ་པར་གནས་པ་ནི་འཚོ་བའི་དབང་པོའོ་ཞེས་འཆད་དོ། །ལ་ལ་ན་རེ་དྲོད་དང་རྣམ་པར་ཤེས་པ་དང་ལྡན་པའི་འབྱུང་བ་ཆེན་པོ་གནས་པ་ལ་དབང་བྱེད་པ་ནི་འཚོ་བའི་དབང་པོ་ཞེས་ཟེར་རོ། །སྡུག་བསྔལ་གྱི་དབང་པོ་ནས་བཏང་སྙོམས་
ཀྱི་དབང་པོའི་བར་དུ་ཅིའི་ཕྱིར་དབང་པོ་ལྔ་བཤད་ཅེ་ན། དབང་པོ་ལྔ་པོ་དེ་དག་བསམ་གཏན་དང་སྙོམས་པར་འཇུག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྟེ། མི་མཐུན་པའི་ཕྱོགས་རྣམ་པ་ལྔ་ཡོད་པས་ན་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ཉིད་དུ་བཤད་དོ། །
དེ་ལ་བསམ་གཏན་དང་པོས་ཡིད་མི་བདེ་བའི་དབང་པོ་འཇོམས་པར་བྱེད་དོ། །བསམ་གཏན་གཉིས་པས་ནི་སྡུག་བསྔལ་གྱི་དབང་པོ་འཇོམས་པར་བྱེད་དོ། །བསམ་གཏན་གསུམ་པས་ནི་བདེ་བའི་དབང་པོ་འཇོམས་པར་བྱེད་དོ། །བསམ་གཏན་བཞི་པས་ནི་ཡིད་བདེ་
བའི་དབང་པོ་བཅོམ་ནས་བཏང་སྙོམས་ཀྱི་དབང་པོ་རྣམ་པར་དག་པ་ལ་གནས་སོ། །དེ་ལ་འདོད་པའི་ཁམས་ན་རྣམ་པར་ཤེས་པ་ལྔ་སྟེ། བསམ་གཏན་དང་པོའི་མིག་དང་། རྣ་བ་དང་། ལུས་ཀྱི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཚོགས་དེ་དག་གི་སིམ་པའི་ཚོར་བ་
གང་ཡིན་པ་དེ་ནི་བདེ་བའི་དབང་པོ་ཞེས་བྱའོ། །བསམ་གཏན་གསུམ་པ་ནི་ཡིད་ཀྱི་སིམ་པ་གང་ཡིན་པ་ལ་ཡང་བདེ་བའི་དབང་པོ་ཞེས་བྱའོ། །རྣམ་པར་ཤེས་པ་ལྔའི་ཚོགས་ཀྱི་སིམ་པ་མ་ཡིན་པ་ནི། སྡུག་བསྔལ་གྱི་དབང་པོ་སྟེ། དེ་ཡང་འདོད་པའི་
ཁམས་ཉིད་ན་ཡོད་ཀྱི། ཁམས་གཞན་ན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་ལས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །ཡིད་ལ་སིམ་པའི་ཚོར་བ་གང་ཡིན་པ་དེ་ནི་ཡིད་བདེ་བའི་དབང་པོ་སྟེ།
དེ་ཡང་འདོད་པའི་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པ་ན་ཡོད་དོ། །བཏང་སྙོམས་ཀྱི་དབང་པོ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཏེ། ས་ཐམས་ཅད་ན་ཡོད་དོ། །ཡང་ན་བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ཡང་མ་

ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་རྣམ་པ་གསུམ་ལུས་དང་སེམས་ཀྱི་རྟེན་ཐ་དད་པའི་སྒོ་ནས་དབང་པོ་རྣམ་པ་ལྔར་གཞག་སྟེ། བདེ་བའི་ཚོར་བ་ཡང་ལུས་ལས་བྱུང་ཞིང་ལུས་དང་འབྲེལ་བའི་དུས་ན་ནི་བདེ་བའི་དབང་པོ་ཞེས་བྱ་བ་ལ། བདེ་བའི་
ཚོར་བ་དེ་ཉིད་སེམས་དང་འབྲེལ་བའི་དུས་ན་ནི་ཡིད་བདེ་བའི་དབང་པོ་ཞེས་བྱའོ། །སྡུག་བསྔལ་གྱི་ཚོར་བ་ཡང་ལུས་དང་འབྲེལ་ཅིང་ལུས་ལས་བྱུང་བའི་དུས་ན་ནི་སྡུག་བསྔལ་གྱི་དབང་པོ་ཞེས་བྱ་བ་ལ། སྡུག་བསྔལ་གྱི་ཚོར་བ་དེ་ཉིད་སེམས་དང་འབྲེལ་བའི་དུས་ན་ནི་ཡིད་
མི་བདེ་བའི་དབང་པོ་ཞེས་བྱའོ། །ལུས་དང་སེམས་གཉི་ག་དང་འབྲེལ་བ། བདེ་བ་དང་སྡུག་བསྔལ་གཉི་གར་མི་རྟོག་པ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་དབང་པོ་ལྔའི་གཞི་ལ་བརྟེན་ནས་ཡིད་དུ་མི་འོང་བའི་ཡུལ་ལ་དམིགས་ཏེ། རྣམ་པར་རྟོག་པ་
མེད་པར་ཤེས་པ་ལྔའི་ཚོགས་དང་ཡང་དག་པར་ལྡན་པ་ནི་སྡུག་བསྔལ་གྱི་དབང་པོའོ། །ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཡུལ་ཡིད་དུ་མི་འོང་བ་ལ་དམིགས་ཤིང་རྟོག་པ་དང་བཅས་ཤིང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡང་དག་པར་ལྡན་པ་ནི་ཡིད་མི་བདེ་བའི་དབང་པོའོ། །
དབང་པོ་ལྔ་ལ་བརྟེན་ནས། ཡུལ་ཡིད་དུ་འོང་བ་ལ་དམིགས་ཤིང་རྣམ་པར་ཤེས་པ་ལྔའི་ཚོགས་དང་ཡང་དག་པར་ལྡན་པ་ནི། བདེ་བའི་དབང་པོའོ། །ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཡུལ་ཡིད་དུ་འོང་བ་ལ་དམིགས་ཤིང་རྣམ་པར་རྟོག་པ་དང་བཅས་ཤིང་ཡིད་ཀྱི་རྣམ་པར་ཤེས་
པ་དང་ཡང་དག་པར་ལྡན་པ་ནི་ཡིད་ཀྱི་བདེ་བའི་དབང་པོའོ། །དབང་པོ་དྲུག་ལ་བརྟེན་ནས་ཡུལ་ཡིད་དུ་འོང་བ་ཡང་མ་ཡིན་ཡིད་དུ་མི་འོང་བ་ཡང་མ་ཡིན་པ་ལ་དམིགས་ཤིང་རྟོག་པ་མེད་པ་དང་། རྟོག་པ་དང་བཅས་པའི་རྣམ་པར་ཤེས་པ་དྲུག་དང་ཡང་དག་པར་ལྡན་
པ་ནི་བཏང་སྙོམས་ཀྱི་དབང་པོ་ཞེས་བྱའོ། །ཡང་ན་བསོད་ནམས་མ་ཡིན་པའི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོའོ། །བསོད་ནམས་ཀྱི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་བདེ་བའི་དབང་པོ་

དང་ཡིད་བདེ་བའི་དབང་པོའོ། །མི་གཡོ་བའི་འདུ་བྱེད་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་ལུས་དང་དབང་པོ་དང་ཡིད་དང་བློ་ལ་གནོད་པར་བྱེད་པའི་བདག་ཉིད་སྐྱེས་པ་ན་ཡང་སྡུག་བསྔལ། གནས་པ་ན་ཡང་སྡུག་བསྔལ་ལ།
ཡོངས་སུ་གྱུར་པ་ན་བདེ་བར་བྱེད་པ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ། །ལུས་དང་དབང་པོ་དང་བློ་དང་ཡིད་ལ་རྗེས་སུ་ཕན་པར་བྱེད་པའི་བདག་ཉིད་སྐྱེས་པ་ན་ཡང་བདེ། གནས་པ་ན་ཡང་བདེ། ཡོངས་སུ་འགྱུར་བ་ན་སྡུག་བསྔལ་བ་
ནི་བདེ་བའི་དབང་པོ་ཞེས་བྱའོ། །ལུས་དང་དབང་པོ་དང་བློ་དང་ཡིད་ལ་གནོད་པར་ཡང་མི་བྱེད། ཕན་པར་ཡང་མི་བྱེད་ཅིང་ཤེས་པ་མ་སྐྱེས་ན་ནི་སྡུག་བསྔལ་ལ། ཡེ་ཤེས་སྐྱེས་ན་ནི་བདེ་བ་སྟེ་དེ་ལྟ་བུ་མེད་པ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་སྡུག་
བསྔལ་གྱི་སྡུག་བསྔལ་དང་། རྗེས་སུ་འབྲེལ་བ་ནི་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ། །འགྱུར་བའི་སྡུག་བསྔལ་དང་རྗེས་སུ་འབྲེལ་བ་ནི་བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོ་ཞེས་བྱའོ། །འདུ་བྱེད་ཀྱི་སྡུག་བསྔལ་གྱི་
རྗེས་སུ་འབྲེལ་བ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་སྡུག་བསྔལ་གྱི་དབང་པོ་དང་ཡིད་མི་བདེ་བའི་དབང་པོ་ནི་ཕྲད་པར་མི་འདོད་པའི་སྲེད་པ་དང་བྲལ་བར་འདོད་པའི་སྲེད་པ་སྐྱེད་པར་བྱེད་དོ། །བདེ་བའི་དབང་པོ་དང་ཡིད་བདེ་བའི་དབང་པོས་ནི་འདོད་པའི་སྲེད་པ་དང་ཕྲད་
པར་འདོད་པའི་སྲེད་པ་སྐྱེད་པར་བྱེད་དོ། །བཏང་སྙོམས་ཀྱི་དབང་པོ་ནི་ཀུན་ཏུ་གཏི་མུག་པའི་སྲེད་པ་སྐྱེད་པར་བྱེད་དོ། །ཡང་ན་གནོད་པ་དང་བཅས་པའི་ལུས་ཀྱི་ཚོར་བ་ནི་སྡུག་བསྔལ་གྱི་དབང་པོའོ། །གནོད་པ་དང་བཅས་པའི་ཡིད་ཀྱི་ཚོར་བ་ནི་ཡིད་མི་བདེ་བའི་དབང་
པོའོ། །གནོད་པ་མེད་པའི་ལུས་ཀྱི་ཚོར་བ་ནི་བདེ་བའི་དབང་པོའོ། །གནོད་པ་མེད་པའི་ཡིད་ཀྱི་ཚོར་བ་ནི་ཡིད་བདེ་བའི་དབང་པོའོ། །གཉི་ག་ལས་བཟློག་པ་ནི་བཏང་སྙོམས་ཀྱི་དབང་པོའོ། །ཡང་ན་ཁམས་འཁྲུགས་པ་ལས་སྐྱེས་པའམ་བདག་གམ་གཞན་གྱིས་

གནོད་པ་བྱས་པ་ལས་བྱུང་བའམ། འཆི་བའི་དུས་ན་སྡུག་བསྔལ་མྱོང་བའམ། སྤྱོད་ལམ་མི་བདེ་བར་གནས་པ་སྟེ། བདེ་བའི་རོ་དང་བྲལ་བའི་ལུས་ཀྱི་ཚོར་བ་ནི་སྡུག་བསྔལ་གྱི་དབང་པོའོ། །མི་མཛའ་བ་དང་ཕྲད་པ་དང་མཛའ་བ་དང་བྲལ་བ་དང་།
སྐྱོ་བ་དང་ང་རྒྱལ་དང་འཇིགས་པ་དང་སྨད་པ་དང་། ཆད་པས་བཅད་པ་ལ་སོགས་པའི་རྣམ་པར་རྟོག་པ་ལས་སྐྱེས་པའི་བདེ་བ་དང་བྲལ་བའི་ཡིད་ཀྱི་ཚོར་བ་ནི་ཡིད་མི་བདེ་བའི་དབང་པོའོ། །ཁམས་མཉམ་པར་གྱུར་པ་ལས་སྐྱེས་པའམ། སྡུག་བསྔལ་གྱི་གཉེན་པོས་
སྡུག་བསྔལ་བཅོམ་པའམ། སྤྱོད་ལམ་བདེ་བར་གནས་པའམ། ལུས་བག་ཡངས་ཀྱིས་བསྐྱེད་པ་རོ་དང་བཅས་པའི་ལུས་ཀྱི་ཚོར་བ་ནི་ཡིད་བདེ་བའི་ཚོར་བའོ། །ཡུལ་ཡིད་དུ་འོང་བ་དང་ཕྲད་པར་གྱུར་ལ། ཡུལ་ཡིད་དུ་མི་འོང་བ་དང་། ཐག་རིང་བར་གྱུར་པའམ།
གྲགས་པ་དང་བསྔགས་པ་ལ་སོགས་པའི་ཡོན་ཏན་ལ་རྣམ་པར་རྟོག་པ་ལས་བྱུང་བའི་རོ་དང་བཅས་པའི་ཡིད་ཀྱི་ཚོར་བ་ནི་ཡིད་བདེ་བའི་དབང་པོའོ། །ལུས་དང་ཡིད་ལ་ཕན་པ་དང་གནོད་པར་ཡང་མི་བྱེད་པའི་ལུས་ལ་སེམས་ཀྱི་ཚོར་བ་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་
མ་ཡིན་པ་ནི་གཅིག་ཏུ་མ་ངེས་པའི་བཏང་སྙོམས་ཀྱི་དབང་པོའོ། །ཅིའི་ཕྱིར་དད་པ་ལ་སོགས་པའི་དབང་པོ་ལྔ་ཉིད་དུ་བཤད་པའི་དྲུག་དང་བཞི་ལ་སོགས་པར་མ་ཡིན། སྨྲས་པ། སྟོབས་ཀྱི་མི་མཐུན་པའི་ཕྱོགས་ལྔ་ཡོད་པས་ན་དད་པ་ལ་སོགས་པ་ལྔ་ཉིད་དུ་བཤད་དེ། དྲུག་དང་བཞི་ལ་
སོགས་པར་མ་ཡིན་ནོ། །སྟོབས་ཀྱི་མི་མཐུན་པའི་ཕྱོགས་ལྔ་ནི་མ་དད་པ་དང་། ལེ་ལོ་དང་། མི་དྲན་པ་དང་། གཡེངས་པ་དང་། ཤེས་པ་མེད་པའོ། །དེ་ལ་མ་དད་པའི་གཉེན་པོ་ནི་དད་པའི་དབང་པོའོ། །ལེ་ལོའི་གཉེན་པོ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །
མི་དྲན་པའི་གཉེན་པོ་ནི་དྲན་པའི་དབང་པོའོ། །གཡེངས་པའི་གཉེན་པོ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །མི་ཤེས་པའི་གཉེན་པོ་ནི་ཤེས་རབ་ཀྱི་དབང་པོའོ། །ཡང་ན་མོས་པ་རྣམ་པ་ལྔའི་ཕྱིར་དབང་པོ་ལྔར་བཤད་དེ། མོས་པ་རྣམ་པ་ལྔ་ནི་ཁ་ཅིག་དད་པའི་སྒོ་

ལ་མོས་ཏེ། དཔེར་ན་འཕགས་པ་བར་ཀ་ལ་བཞིན་ནོ། །ཁ་ཅིག་བརྩོན་འགྲུས་ཀྱི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་ཐོས་ན་རྣ་བ་བཞིན་ནོ། །ཁ་ཅིག་དྲན་པའི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་མིང་ཆེན་བཞིན་ནོ། །ཁ་ཅིག་ཞི་གནས་ཀྱི་སྒོ་ལ་མོས་ཏེ།
དཔེར་ན་འཕགས་པ་རེ་བ་ཏི་བཞིན་ནོ། །ཁ་ཅིག་ཤེས་རབ་ཀྱི་སྒོ་ལ་མོས་ཏེ། དཔེར་ན་འཕགས་པ་ཤཱ་རིའི་སྲས་པོ་བཞིན་ནོ། །དེ་ལ་གང་དད་པའི་སྒོ་ལ་མོས་པ་རྣམས་ནི་དད་པའི་དབང་པོ་ལ་བརྟེན་ནས་ཁམས་གསུམ་ལས་འབྱུང་བར་བྱེད་དེ། དེ་དག་རྒྱུན་དུ་
ཞུགས་པའི་ཡན་ལག་བཞི་འོག་ནས་འབྱུང་བ་རྣམས་ལ་བརྟེན་ཏོ། །བརྩོན་འགྲུས་ཀྱི་དབང་པོ་ལ་མོས་པ་རྣམས་ཀྱི་ཡང་དག་པའི་སྤོང་བ་བཞི་ལ་བརྟེན་ནས་བརྩོན་འགྲུས་ཀྱི་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །དྲན་པའི་དབང་པོ་ལ་མོས་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་
བཞི་ལ་བརྟེན་ནས་དྲན་པའི་དབང་པོས་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །ཏིང་ངེ་འཛིན་གྱི་དབང་པོ་ལ་མོས་པ་རྣམས་ནི་བསམ་གཏན་བཞི་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་དབང་པོས་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །ཤེས་རབ་ཀྱི་དབང་པོ་ལ་མོས་པ་རྣམས་ནི། འཕགས་
པའི་བདེན་པ་བཞི་ཤེས་པ་ལ་བརྟེན་ནས་ཤེས་རབ་ཀྱི་ཁམས་གསུམ་ནས་འབྱུང་བར་བྱེད་དོ། །དེའི་ཕྱིར་ན་ཡང་དབང་པོ་ལྔ་ཉིད་དུ་བཤད་དོ། །ཅིའི་ཕྱིར་དབང་པོ་ལྔ་རྣམས་རིམ་པ་དེ་ལྟར་བཀོད་ཅེ་ན། སྨྲས་པ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཀྱི་ས་བོན་དུ་གྱུར་པ་
ནི་དད་པའི་དབང་པོ་སྟེ། དེ་བས་ན་དད་པའི་དབང་པོ་དང་པོར་གཞག་གོ། །འདི་ལྟ་སྟེ། ཁྲོན་པ་བརྐོས་ནས་ཆུ་འབྱུང་བར་དད་པ་རྣམས་ཁྲོན་པ་བརྐོ་བར་བྱ་བའི་ཕྱིར་ལས་བརྩམས་པ་བཞིན་དུ་འཁོར་བའི་ཉེས་པ་མཐོང་ཞིང་མྱ་ངན་ལས་འདས་པའི་ཡོན་ཏན་ལ་དད་ནས་མྱ་ངན་
ལས་འདས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་སྟེ། དེ་བས་ན་དེའི་འོག་ཏུ་བརྩོན་འགྲུས་ཀྱི་དབང་པོ་བསྟན་ཏོ། །བརྩོན་འགྲུས་བརྩམས་པ་རྣམས་ལ་དྲན་པ་ཉམས་པ་མི་སྲིད་དེ། དེ་བས་ན་དེའི་འོག་ཏུ་དྲན་པའི་དབང་པོའོ། །དྲན་པ་མ་ཉམས་ན་རྟག་ཏུ་

སེམས་རྩེ་གཅིག་ཏུ་འགྱུར་ཏེ། དེ་བས་ན་དེའི་འོག་ཏུ་ཏིང་ངེ་འཛིན་གྱི་དབང་པོ་བསྟན་ཏོ། །སེམས་མ་ཡེངས་རྩེ་གཅིག་ཏུ་གྱུར་ན་མྱ་ངན་ལས་འདས་པ་རྟོགས་པར་འགྱུར་བས་ཐ་མར་ཤེས་རབ་ཀྱི་དབང་པོ་བཤད་དོ། །ཡང་ན་འཕགས་པའི་བདེན་པ་བཞི་ལ་
དད་པ་ནི་དད་པའི་དབང་པོའོ། །དད་པ་རྣམས་བདེན་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྦྱོར་བའི་རྩོམ་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །བརྩོན་འགྲུས་དང་ལྡན་པ་དག་བདེན་པ་བཞིའི་མཚན་ཉིད་མི་བརྗེད་པར་བྱེད་པ་ནི་དྲན་པའི་དབང་པོའོ། །བདེན་པ་བཞི་ལ་སེམས་རྩེ་གཅིག་ཏུ་
སྒོམ་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །བདེན་པ་བཞི་ཤེས་པར་གྱུར་པ་ནི་ཤེས་རབ་ཀྱི་དབང་པོའོ། །ཡང་ན་ཡོན་ཏན་རྣམ་པ་ལྔ་དང་ལྡན་པའི་རྒྱལ་པོ་ནི་རྒྱལ་པོའི་སྡེ་གཞན་འཇོམས་པར་བྱེད་དོ། །ཡོན་ཏན་རྣམ་པ་ལྔ་འདི་ལྟ་སྟེ། བློན་པོ་མཛངས་པ་དང་། གནས་དང་ས་གཞི་
བཙན་པ་དང་། གོ་ཆ་དང་མཚོན་ཆ་རྣོ་བ་དང་། གཡོག་འཁོར་མི་ཕྱེད་པའོ། །དེ་དང་འདྲ་བའི་ཡོན་ཏན་ལྔ་དང་ལྡན་པའི་རྣལ་འབྱོར་པ་ནི་ཉོན་མོངས་པའི་སྡེ་རྣམས་འཇོམས་པར་བྱེད་དེ། དེ་ལ་ཤེས་རབ་ཀྱི་དབང་པོ་བློན་པོ་ལྟ་བུར་གྱུར་པ་དང་ལྡན་པ་དང་ཏིང་ངེ་འཛིན་གྱི་གནས་
དང་། ས་གཞི་ལ་བརྟེན་པ་དང་། དྲན་པ་མི་བརྗེད་པའི་གོ་ཆ་དང་ལྡན་པ་དང་། བརྩོན་འགྲུས་བརྟན་པའི་མཚོན་ཆ་རྣོ་བ་དང་། དད་པ་མི་བསྐྱོད་པའི་གཡོག་འཁོར་དང་ལྡན་པའོ། །དེ་ལ་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་དང་། ཤེས་པའི་དབང་པོ་དང་། ཤེས་
པ་དང་མ་བྲལ་བའི་དབང་པོ་གསུམ་བསྟན་པར་བྱ་སྟེ། གང་མཐོང་བའི་ལམ་ན་ཡིད་དང་། ཡིད་བདེ་བ་དང་། བཏང་སྙོམས་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ་རྫས་དགུ་ལ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་
གཞག་སྟེ། ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་ལ་བདེན་པ་བཞི་སྔོན་ཀུན་ཏུ་མ་ཤེས་པ་རྫས་དགུ་པོ་རྣམས་ཀྱིས་ཤེས་པ་དང་རེག་པ་དང་ཁོང་དུ་ཆུད་པ་དང་། རྟོགས་པར་བྱ་བའི་ཕྱིར་རྩོམ་པས་ན། གང་ཟག་དེའི་དབང་པོ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་གཞག་གོ།

རྫས་དགུ་པོ་དེ་དག་ཉིད་སྒོམ་པའི་ལམ་གྱི་དུས་ན་ནི་ཤེས་པའི་དབང་པོ་ཞེས་རྣམ་པར་གཞག་སྟེ། ཅིའི་ཕྱིར་ཞེ་ན། སྒོམ་པའི་ལམ་ན་བདེན་པ་བཞི་སྔོན་ཀུན་ཏུ་མ་ཤེས་པ་རྫས་དགུ་པོ་རྣམས་ཀྱིས་ཤེས་པ་དང་། རིག་པ་དང་། ཁོང་དུ་ཆུད་པ་དང་། རྟོགས་པར་བྱ་བའི་ཕྱིར་རྩོམ་པས་ན། གང་
ཟག་དེའི་དབང་པོ་ནི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་གཞག་གོ། །རྫས་དགུ་པོ་དེ་དག་ཉིད་སྒོམ་པའི་ལམ་གྱི་དུས་ན་ནི་ཤེས་པའི་དབང་པོ་ཞེས་རྣམ་པར་གཞག་སྟེ། ཅིའི་ཕྱིར་ཞེ་ན། སྒོམ་པའི་ལམ་ན་ནི་སྔོན་མ་མཐོང་བ་མཐོང་བར་བྱ་བ་མེད་ཀྱི། སྒོམ་པས་སྤང་བར་བྱ་
བའི་བག་ལ་ཉལ་མ་ལུས་པར་སྤང་བར་བྱ་བའི་ཕྱིར། མཐོང་བའི་ལམ་ན་འཕགས་པའི་བདེན་པ་བཞི་ཤེས་པ་དེ་ཉིད་ཡང་ནས་ཡང་དུ་གོམས་ཤིང་ཤེས་པར་བྱེད་པས་ན། སྒོམ་པའི་ལམ་གྱི་གང་ཟག་གི་དབང་པོ་དགུ་པོ་རྣམས་ལ་ནི་ཤེས་པའི་དབང་པོ་ཞེས་རྣམ་པར་གཞག་གོ། །
རྫས་དགུ་པོ་དེ་ཉིད་མི་སློབ་པའི་ལམ་གྱི་དུས་ན་ནི། ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། མི་སློབ་པའི་ལམ་གྱི་ཚེ་ངས་བདེན་པ་བཞི་ཀུན་ཤེས་སོ་ཞེས་ཁོང་དུ་ཆུད་པ་དང་། རིགས་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ཤེས་པ་དང་མ་བྲལ་བའི་དབང་པོ་ཞེས་བྱའོ། །
ཡང་ན་ཀུན་ཤེས་པའི་ཆོས་ཡོངས་སུ་སྲུང་བ་དང་སྐྱོང་བར་བྱེད་པའི་ངང་ཚུལ་ཅན་བས་ཤེས་པ་དང་མ་བྲལ་བའི་དབང་པོ་སྟེ། དེ་ཅིའི་ཕྱིར་ཞེ་ན། མི་སློབ་པའི་ལམ་གྱི་ཚེ་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པས་བདག་གི་སྡུག་བསྔལ་ཤེས་པར་བྱ་བས་ཡང་ཤེས་པར་བྱར་མེད།
ཀུན་འབྱུང་སྤངས་པས་ཡང་སྤང་དུ་མེད། འགོག་པ་མངོན་དུ་བྱས་པས་ཡང་མངོན་དུ་བྱར་མེད། ལམ་བསྒོམས་པས་ཡང་བསྒོམ་དུ་མེད་ཅེས་བྱ་བའི་ཆོས་དང་ལྡན་པར་བྱ་བའི་ཕྱིར་རོ། །དེ་ནི་འདི་སྐད་དུ་མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་ན་རིམ་བཞིན་དུ་རྫས་དགུ་པོ་དེ་
དག་ཉིད་ཕན་ཚུན་དུ་ལྟོས་ནས། མི་གཞན་དང་གཞན་དུ་རྟག་པའོ་ཞེས་བསྟན་པ་ཡིན་ནོ། །རྫས་དགུ་པོ་དེ་དག་ལམ་གསུམ་པོའི་ཚེ་ལྡན་ནོ་ཞེས་སྨོས་པ་ཡང་ཚོགས་གཞན་ལ་ལྟོས་ནས་སྨྲས་པ་ཡིན་གྱི། སྐད་ཅིག་མ་གཅིག་གམ་དུས་གཅིག་ཏུ་ནི་རྫས་དགུ་པོ་ཅིག་ཅར་མི་

འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་ཚོར་བ་ལ་གང་ཡང་རུང་བ་གཅིག་འབྱུང་གི་གསུམ་ཅར་དུས་གཅིག་ཏུ་ཅིག་ཅར་འབྱུང་མི་སྲིད་དོ། །ཇི་ལྟ་ཞེ་ན་གལ་ཏེ་ལམ་མི་ཐོབ་ཏུ་མི་རུང་བ་དང་བསམ་གཏན་གྱི་བར་དང་། བསམ་
གཏན་བཞི་པ་དང་། ནམ་མཁའ་དང་རྣམ་པར་ཤེས་པ་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སར་རྟོགས་པ་ཡིན་ན་ནི་དེ་ན་བཏང་སྙོམས་ཀྱི་ཚོར་བ་ཉིད་ཡོད་ཀྱི། བདེ་བ་དང་ཡིད་བདེ་བའི་དབང་པོ་མེད་དོ། །གལ་ཏེ་བསམ་གཏན་དང་པོ་དང་གཉིས་པའི་ས་པ་ཡིན་ན་ནི་དེ་ན་ཡིད་བདེ་
བའི་དབང་པོ་ཉིད་ཡོད་ཀྱི། བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་མེད་དོ། །གལ་ཏེ་བསམ་གཏན་གསུམ་པའི་ས་པ་ཡིན་ནཔ་ནི་དེ་ན་བདེ་བའི་དབང་པོ་ཉིད་ཡོད་ཀྱི། ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་མེད་དོ། །དེ་ལ་འདོད་པའི་ཁམས་ན་ནི་མི་ཤེས་པ་ལ་ཤེས་སོ་བའི་དབང་པོ་
དང་། ཤེས་པའི་དབང་པོ་དང་། ཤེས་པ་དང་མ་བྲལ་བའི་དབང་པོ་གསུམ་མ་གཏོགས་པའི་དབང་པོ་གཞན་ཐམས་ཅད་ཡོད་དོ། །གཟུགས་ཀྱི་ཁམས་ན་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་མེད་དོ། །འདོད་པའི་འདོད་ཆགས་དང་།
ཁ་ཟས་ཁམ་གྱིས་ཟ་བ་དང་། ཆགས་པ་དང་བྲལ་བའི་ཕྱིར་དེ་བཞིན་དུ་སྡུག་བསྔལ་གྱི་དབང་པོ་ཡང་མེད་དོ། །ལུས་ཤིན་ཏུ་དང་བས་ཕྱིའི་ཡུལ་གྱིས་གནོད་པ་མེད་པ་དང་། མི་དགེ་བའི་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །ཡིད་མི་བདེ་བའི་དབང་པོ་ཡང་མེད་དེ། ཞི་གནས་ཀྱི་
སེམས་ཀྱི་རྒྱུད་རྟག་ཏུ་དང་བ་དང་གཉེན་པོར་བྱ་བའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ན་ནི་དད་པ་ལ་སོགས་པའི་དབང་པོ་ལྔ་དང་། ཡིད་དང་བཏང་སྙོམས་ཀྱི་དབང་པོ་དང་། འཚོ་བའི་དབང་པོ་དང་བརྒྱད་ཡོད་ཀྱི་གཞན་མེད་དོ། །ཡང་ན་རིགས་ཀྱི་ས་ལ་གནོད་པའི་ཚེ་འཕགས་
པའི་བདེན་པ་བཞི་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་ཞུགས་པའི་དད་པ་ལ་སོགས་པའི་དབང་པོ་ལྔ་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོ་སྟེ། ཅིའི་ཕྱིར་ཞེ་ན། བདེན་པ་མ་ཤེས་པ་རྣམས་ཤེས་པར་བྱའོ་ཞེས་སྦྱར་བར་བྱ་བའི་ཕྱིར་རོ། །སློབ་པའི་ས་ལ་བདེན་པ་བཞི་ཁོང་དུ་

ཆུད་པར་འགྱུར་བའི་དད་པ་ལ་སོགས་པའི་དབང་པོ་ལྔ་ལ་ནི་ཤེས་པའི་དབང་པོ་ཞེས་བྱ་སྟེ། ཤེས་བྱ་ཤེས་པར་གྱུར་བའི་ཕྱིར་རོ། །མི་སློབ་པའི་ས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར། དེའི་ཚེ་དད་པ་ལ་སོགས་པའི་དབང་པོ་ལྔ་ནི་ཤེས་པ་དང་མ་བྲལ་བའི་
དབང་པོ་ཞེས་བྱ་བ་སྟེ། ཤེས་བྱ་མ་ལུས་པར་ཤེས་པ་དང་ལྡན་པའི་ཕྱིར་རོ། །ཡང་ན་དད་པའི་རྗེས་སུ་འབྲང་བའི་གང་ཟག་རྣམས་ཀྱི་དབང་པོ་ནི་མི་ཤེས་པ་ཤེས་པར་བྱ་བའི་འཇུག་པས་ནི་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོར་གཞག་གོ། །རྒྱུན་དུ་འཇུག་པ་ནས་དགྲ་བཅོམ་པ་ལ་
འཇུག་པའི་བར་གྱི་གང་ཟག་རྣམས་ཀྱི་དབང་པོ་ནི་བདེན་པར་ཤེས་པར་གྱུར་པས་ཤེས་པའི་དབང་པོར་གཞག་གོ། །དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། མི་སློབ་པའི་ས་ལ་གནས་པའི་གང་ཟག་རྣམས་ཀྱི་དབང་པོ་ནི་ཀུན་ཤེས་པ་མི་མཉམ་པའི་ཆོས་དང་ལྡན་པའི་ཤེས་པ་དང་མ་བྲལ་
བའི་དབང་པོ་ཞེས་བྱའོ། །དབང་པོ་འདི་གསུམ་ཅིའི་ཕྱིར་རིམ་པ་འདི་ལྟར་བཀོད་ཅེ་ན། འདི་ནི་སྡུག་བསྔལ། འདི་ནི་ཀུན་འབྱུང་། འདི་ནི་འགོག་པ། འདི་ནི་ལམ་ཞེས་ཆོས་ཀྱི་འཁོར་ལོ་དང་པོར་རྣམ་པར་བཞིར་བསྐོར་བ་ན་དབང་པོ་དང་པོ་སྟེ། མི་ཤེས་པ་ལ་ཤེས་པའི་དབང་པོའོ། །སྡུག་
བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ་བ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་བ་ཞེས་ཆོས་ཀྱི་འཁོར་ལོ་རྣམ་པ་བཞི་ལན་གཉིས་ལ་བསྐོར་བའི་ཚེ་ན་ནི། དབང་པོ་གཉིས་ཏེ། ཤེས་པ་དང་མ་བྲལ་བའི་དབང་པོ་དང་། ཤེས་པའི་དབང་པོའོ། །སྡུག་བསྔལ་ཤེས་པར་བྱས་པས་ད་ཤེས་པར་བྱ་མི་
དགོས། ཀུན་འབྱུང་སྤངས་པར་བྱས་པས་ད་སྤང་མི་དགོས། འགོག་པ་མངོན་དུ་བྱས་པས་ད་མངོན་དུ་བྱ་མི་དགོས། ལམ་བསྒོམས་པས་ད་བསྒོམ་མི་དགོས་ཞེས་ཆོས་ཀྱི་འཁོར་ལོ་རྣམ་པ་བཞི་ལན་གསུམ་དུ་བསྐོར་བའི་ཚེ་ན་ནི་དབང་པོ་གསུམ་རྣམ་པར་གཞག་སྟེ། ཤེས་པ་དང་མ་
བྲལ་བའི་དབང་པོའོ། །དེ་ལ་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོའི་དུས་ན་ནི་ཐོག་མར་དགེ་བའོ། །ཤེས་པའི་དབང་པོའི་དུས་ན་ནི་བར་དུ་དགེ་བའོ། །ཤེས་པ་དང་མ་བྲལ་བའི་དུས་ན་ནི་ཐ་མར་དགེ་བ་སྟེ། དེའི་ཕྱིར་ཡང་རིམ་པ་དེ་ལྟར་བཀོད་དོ། །ཚུལ་

ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་ལ་གནས་པའི་ཚེ་ན་མི་ཤེས་པ་ལ་ཤེས་སོ་ཞེས་བྱ་བའི་དབང་པོའོ། །རྣམ་པར་གྲོལ་བའི་ཕུང་པོ་ལ་གནས་པའི་ཚེ་ན་ནི་ཤེས་པའི་དབང་པོའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་
བའི་ཕུང་པོ་ལ་གནས་པའི་ཚེ་ན་ནི། ཤེས་པ་དང་མ་བྲལ་བའི་དབང་པོའོ། །དེ་ལ་དབང་པོའི་དོན་ཅི་ཞེས་སྨྲས་པ། དབང་པོའི་དོན་ནི་རྒྱ་གར་སྐད་དུ་ཨིན་དྲ་ཡ་ཞེས་འབྱུང་སྟེ། ཨིན་དྲ་ཡའི་དོན་དུ་ནི་ཕྱུག་པའམ། དབང་བྱེད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་ལ་དབང་བྱེད་
པའི་དོན་ནི་དབང་པོའི་དོན་ཏོ། །འོ་ན་དབང་པོ་གང་དག་ཡུལ་གང་ལ་དབང་བྱེད་ཅེ་ན། མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་ལྔ་ནི་དོན་རྣམ་པ་བཞི་ལ་དབང་བྱེད་པས་དབང་པོའོ། །དེ་ལ་ཐང་ཅིག་མིག་དང་རྣ་བ་གཉིས་པོ་དོན་རྣམ་པ་བཞི་ལ་དབང་བྱེད་དོ། །དོན་རྣམ་པ་
བཞི་ནི་རང་གི་ངོ་བོ་མཛེས་པར་བྱས་པ་དང་། རང་གི་ངོ་བོ་སྲུང་བ་དང་། རྣམ་པར་ཤེས་པ་ལྡན་པ་དང་བཅས་པ་བསྐྱེད་པ་དང་། ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་དོ། །རང་གི་ངོ་བོ་མཛེས་པ་ལ་དབང་བྱེད་པ་ནི་མིག་དང་རྣ་བའི་དབང་པོ་མེད་ན་ལོང་བ་དང་འོན་པ་ལ་སོགས་པའི་གཟུགས་ཤིན་
ཏུ་མི་མཛེས་པའི་ཕྱིར་རོ། །རང་གི་ངོ་བོ་སྲུང་བ་ལ་དབང་བྱེད་པ་ནི་ཉམས་པའི་གནས་དག་མིག་གིས་མཐོང་ཞིང་རྣ་བས་ཀྱང་ཐོས་ནས་ཡོངས་སུ་སྤོང་བར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ལྡན་པ་དང་བཅས་པ་བསྐྱེད་པ་ལ་དབང་བྱེད་པ་ནི་མིག་དང་རྣ་བའི་དབང་པོའི་མཐུས། མིག་གི་རྣམ་
པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་སེམས་ལས་བྱུང་བ་དང་ལྡན་པ་སྐྱེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་པ་ནི། གཟུགས་ཀྱང་མིག་གི་དབང་པོ་ཉིད་ཀྱིས་མཐོང་གི་དབང་པོ་གཞན་གྱིས་མ་ཡིན་པ་དང་། སྒྲ་ཡང་རྣ་བའི་དབང་པོས་ཐོས་ཀྱི་དབང་པོ་
གཞན་གྱིས་མི་ཐོས་པའི་ཕྱིར་རོ། །སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་ཡང་དོན་རྣམ་པ་བཞི་ལ་དབང་བྱེད་དེ། རང་གི་ངོ་བོ་མཛེས་པ་ལ་དབང་བྱེད་པ་ནི། སྣའི་དབང་པོ་དང་ལྕེའི་དབང་པོ་དང་ལུས་ཀྱི་དབང་པོ་དང་མི་ལྡན་པ་རྣམས་གཟུགས་རབ་ཏུ་མི་མཛེས་པའི་ཕྱིར་རོ། །རང་

གི་ངོ་བོ་སྲུང་བ་ལ་དབང་བྱེད་པ་ནི། ཁམ་གྱིས་ཟ་བའི་ཁམ་ཟས་དང་དྲི་དང་རེག་བྱའི་ཁྱད་པར་གྱིས་ལུས་བརྟས་པར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་དང་ལྡན་པ་དང་བཅས་པ་སྐྱེད་པ་ལ་དབང་བྱེད་པ་ནི་སྣ་དང་། ལྕེ་ལ་སོགས་པ་དབང་པོའི་མཐུས་སྣ་ལ་སོགས་པའི་རྣམ་པར་
ཤེས་པ་སེམས་ལས་བྱུང་བ་དང་བཅས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུ་ལ་དབང་བྱེད་པ་ནི་དྲི་སྣའི་དབང་པོ་ཉིད་ཀྱིས་ཚོར་བ་དང་། རོ་ལྕེའི་དབང་པོ་ཉིད་ཀྱིས་མྱང་བ་དང་། རེག་བྱ་ལུས་ཀྱི་དབང་པོ་ཉིད་ཀྱིས་ཚོར་བ་སྟེ། དབང་པོ་གཞན་གྱིས་བྱེད་པར་མི་
ནུས་པའི་ཕྱིར་རོ། །ཡིད་ཀྱི་དབང་པོ་དང་། བུད་མེད་ཀྱི་དབང་པོ་དང་། སྐྱེས་པའི་དབང་པོ་དང་། ཚོར་བའི་དབང་པོ་བཞི་ནི་སོ་སོར་དོན་རྣམ་པ་གཉིས་ལ་དབང་བྱེད་པས་དབང་པོའོ། །དེ་ལ་ཐང་ཅིག་སྐྱེས་པ་དང་། བུད་མེད་ཀྱི་དབང་པོ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་
བྱང་བ་ལ་དབང་བྱེད་དེ། ཇི་ལྟར་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་མི་ལྡན་པ་མ་ནིང་དང་ཟ་མ་ལ་སོགས་པ་སྡོམ་པ་མ་ཡིན་པ་དང་། མཚམས་མེད་པ་བྱེད་པ་དང་། དགེ་བའི་རྩ་བ་ཆད་པ་ཡང་མེད་པ་དང་། སྡོམ་པ་དང་འབྲས་བུ་ཐོབ་པ་དང་འདོད་ཆགས་དང་བྲལ་བ་རྣམས་སུ་
མི་འགྱུར་བ་ནའོ། །འཚོ་བའི་དབང་པོ་ཡང་དོན་རྣམ་པ་གཉིས་ལ་དབང་བྱེད་དེ། རིས་གཅིག་པའི་སེམས་ཅན་རིགས་སོ་སོར་སྐལ་བ་མཉམ་པ་རྒྱུན་དུ་འབྲེལ་བ་ལ་དབང་བྱེད་པ་དང་། དེ་མི་ཉམས་པར་འཛིན་པ་ལ་དབང་བྱེད་དེ། ཇི་སྲིད་དུ་འཚོ་བའི་དབང་པོ་ཡོད་ཀྱི་བར་
དུ་རིས་གཅིག་པའི་སྐལ་བ་མཉམ་པའི་སྐད་ཅིག་མིའི་རིས་མཐུན་པར་གནས་ལ། འཚོ་བའི་འདུ་བྱེད་ཀྱང་མི་འཇིག་པར་འཛིན་པའི་ཕྱིར་རོ། །ཡིད་ཀྱི་དབང་པོ་ཡང་དོན་རྣམ་པ་གཉིས་ལ་དབང་བྱེད་དེ་ཡང་སྲིད་པ་འབྲེལ་པ་དང་དབང་དུ་གྱུར་པའོ། །ཡང་སྲིད་པ་འབྲེལ་བ་ནི་
འདོད་ཆགས་དང་བྲལ་བའི་ཡིད་དམ། ཞེ་སྡང་དང་བཅས་པའི་ཡིད་ཀྱིས་སྐྱེ་བའི་མཚམས་སྦྱོར་བའི་ཕྱིར་རོ། །དབང་དུ་གྱུར་བ་ནི་འཇིག་རྟེན་འདི་དག་སེམས་ཀྱི་ཁྲིད་དོ་ཞེས་འབྱུང་བའི་ཕྱིར་རོ། །གང་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་དང་། དད་པའི་དབང་པོ་ནས་ཤེས་

པ་དང་མ་བྲལ་བའི་དབང་པོ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་གཉིས་ལ་དབང་བྱེད་དེ། ཇི་ལྟ་ན་སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ལས་བདེ་བ་དང་། ཡིད་བདེ་བའི་དབང་པོ་གཉིས་ཀྱིས་འདོད་ཆགས་བག་ལ་ཉལ་བར་བྱེད་དོ། །སྡུག་
བསྔལ་དང་ཡིད་མི་བདེ་བའི་དབང་པོ་གཉིས་ཀྱིས་ཞེ་སྡང་བག་ལ་ཉལ་བར་བྱེད་དོ། །བཏང་སྙོམས་ཀྱི་དབང་པོས་ནི་གཏི་མུག་བག་ལ་ཉལ་བར་བྱེད་དོ། །ཡང་ན་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་ལྔ་པོ་དག་ནི། གཟུགས་ལ་སོགས་པ་རང་རང་གི་ཡུལ་ལ་དབང་བྱེད་པའི་
ཕྱིར་དབང་པོའོ། །ཡིད་ཀྱི་དབང་པོ་ནི་ཆོས་ཐམས་ཅད་ལ་དམིགས་པའི་སྒོ་ནས་ཆོས་ཀུན་ལ་བྱེད་པས་ན་དབང་པོའོ། །བུད་མེད་ཀྱི་དབང་པོ་ནི་བུད་མེད་ཀྱི་ངོ་བོ་ལ་དབང་བྱེད་དེ་བུད་མེད་ཀྱི་ངོ་བོ་ནི་བྱད་ལག་དང་། ང་རོ་དང་། བསམ་པ་དང་། སྤྱོད་པ་སྟེ། བུད་མེད་ཀྱི་དབང་པོས་དབང་བྱེད་
དོ། །དེ་ལ་བྱད་ལག་ནི་སྟོད་ཕྲ་སྨད་སྦོམ་ལ་ནུ་མ་དང་བཅས་པའོ། །ང་རོ་ནི་འཇམ་ཞིང་མཉེན་པའོ། །བསམ་པ་ནི་བུད་མེད་ཐམས་ཅད་ཀྱང་སྐྱེས་པ་ལ་སེམས་གཏོད་པའོ། །སྤྱོད་པ་ནི་བུད་མེད་ཐམས་ཅད་ཀྱང་སྤྱོད་པ་མི་གཙང་བའོ། །སྐྱེས་པའི་དབང་པོ་ནི་སྐྱེས་པའི་ངོ་བོ་ཐམས་
ཅད་ལ་དབང་བྱེད་པ་སྟེ། དེ་ལ་སྐྱེས་པའི་ངོ་བོ་ཡང་བྱད་ལག་དང་བསམ་པ་དང་སྤྱོད་པ་སྟེ། དེ་ལ་སྐྱེས་པའི་དབང་པོས་དབང་བྱེད་དོ། །དེ་ལ་བྱད་ལག་ནི་སྟོད་སྦོམ་པའོ། །ང་རོ་ནི་སྒྲ་ཆེ་ལ་ཟབ་པའོ། །བསམ་པ་ནི་སྐྱེས་པ་ཀུན་ཀྱང་བུད་མེད་ལ་སེམས་འཇུག་པའོ། །སྤྱོད་པ་
ནི་སྐྱེས་པ་ཀུན་ཀྱང་སྤྱོད་པ་གཙང་བའོ། །འཚོ་བའི་དབང་པོ་ནི་གཅིག་པའི་སྐལ་པ་མཉམ་པར་གནས་པར་བྱ་བ་ལ་དབང་བྱེད་དོ། །སྡུག་བསྔལ་གྱི་དབང་པོ་ལ་སོགས་པ་ལྔ་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་དེ། ཇི་ལྟར་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པ་ནི་སྔར་བཤད་
པ་བཞིན་ནོ། །ཁ་ཅིག་ན་རེ་ལྔ་པོ་དེ་དག་རྣམ་པར་བྱང་བ་ལ་དབང་བྱེད་དོ་ཞེས་འཆད་དོ། །འདི་ལྟར་སྡུག་བསྔལ་བའི་རྒྱུ་ལས་དད་པ་སྐྱེའོ། །བདེ་བ་ལས་སེམས་རྩེ་གཅིག་པར་འགྱུར་རོ། །ཡིད་བདེ་བ་དང་མི་བདེ་བའི་དབང་པོ་ཡང་མྱ་ངན་ལས་འདས་པའི་ལམ་ལ་

དམིགས་པ་ལས་འབྱུང་བར་བྱེད་དོ། །འདི་ལྟར་ལམ་ལ་དམིགས་ན་ནི་བདེ་བ་སྐྱེའོ། །ལམ་ལ་དམིགས་པར་མ་བྱས་ན་ནི་བདག་གིས་མ་བྱས་སོ་ཞེས་ཡིད་མི་བདེ་བ་