Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 207

Văn bản gốc(Tây Tạng)

Trang 6 / 23 (50.000 ký tự/trang)
གས་པ་རྣམ་པ་བཞིར་བཀོད་པ་ཡང་ལོག་
པའི་རྣལ་འབྱོར་པ་རྣམ་པ་བཞིའི་གཉེན་པོ་སྟེ། བཞི་ནི་འདོད་ཆགས་ལ་སྤྱོད་པ་རྣམ་པ་གཉིས་དང་ལྟ་བ་ལ་སྤྱོད་པ་རྣམ་པ་གཉིས་སོ། །འདོད་ཆགས་ལ་སྤྱོད་པ་རྣམ་པ་གཉིས་ནི་ངའོ་ཞེས་པའི་ང་རྒྱལ་གྱིས་ནོན་པ་དང་། ལེ་ལོ་ལ་ཆགས་པའོ། །ལྟ་
བ་ལ་སྤྱོད་པ་རྣམ་པ་གཉིས་ནི་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ལ་མངོན་པར་ཆགས་པའོ། །དེ་ལ་ངའོ་ཞེས་པའི་ང་རྒྱལ་གྱིས་ནོན་པ་ནི་མི་རྟག་པ་ལ་རྟག་གོ་ཞེས་བསྙེམས་ཤིང་སྤྱོད་པ་སྟེ། དེའི་གཉེན་པོར་སྡུག་བསྔལ་གྱི་བདེན་པ་ལ་མི་
རྟག་པར་བཤད་དེ། ཕུང་པོ་ལྔ་ནི་སྐད་ཅིག་མའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་བདེན་པར་འཛིན་ཅིང་ཆགས་པ་དེ་སྤང་བའི་ཕྱིར། དགེ་བ་མི་བྱེད་པའི་ཕྱིར་གཉེན་པོར་སྡུག་བསྔལ་གྱི་བདེན་པ་ལ་སྡུག་བསྔལ་དུ་བཤད་དེ། འདུ་བྱེད་ཐམས་ཅད་
སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པའི་ཕྱིར་རོ། །དེ་ལ་བདག་ཏུ་འཛིན་པའི་གཉེན་པོར་བདག་མེད་པར་བཤད་དེ། ཕུང་པོ་ལྔ་ལ་མུ་སྟེགས་ཀྱིས་བཏགས་པའི་བདག་ཉིད་མི་དམིགས་པའི་ཕྱིར་རོ། །བདག་གིར་འཛིན་པའི་གཉེན་པོར་སྟོང་པ་ཉིད་དུ་བཤད་དེ།
བདག་མ་གྲུབ་ན་བདག་གིར་ཡང་མི་གྲུབ་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་དང་། མི་རྟག་པ་ལ་སོགས་པའི་རྣམ་པ་བཞིར་མཐོང་ནས། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ། དེའི་ཚེ་ཡང་

གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་གཟུགས་ཀྱི་ཁམས་ན་ཁོང་ཁྲོ་བ་སྤངས་ཏེ། འཇིག་ཚོགས་ལ་སོགས་པ་དགུ་དང་། གཟུགས་མེད་པའི་ཁམས་ན་ཁོང་ཁྲོ་བ་སྤངས་ཏེ། འཇིག་
ཚོགས་ལ་སོགས་པ་དགུ་སྟེ། སྤྱིར་བསྡོམས་པ་ན་ཉོན་མོངས་པ་བཅོ་བརྒྱད་སྤོང་ངོ་། །ཁམས་གཉིས་ན་ཞེ་སྡང་མེད་པ་ནི་ཏིང་ངེ་འཛིན་གྱིས་སེམས་ཀྱི་རྒྱུད་ཤིན་ཏུ་བརླན་པ་དང་། ལས་མི་དགེ་བའི་འབྲས་བུ་ལུས་དང་སེམས་ལ་གནོད་པ་མེད་པའི་ཕྱིར་རོ། །དེའི་
འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་ཤིང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་སོ། །དེ་ལ་འདོད་པའི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་ལ་རྒྱུ་དང་ཀུན་ཏུ་འབྱུང་བ་དང་། རབ་ཏུ་འབྱུང་བ་དང་།
རྐྱེན་དེ་རྣམ་པ་བཞི་མཐོང་ན་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་འདོད་པའི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་
སྙེམས་པ་གསུམ་བཀོལ་ཏེ། ལོག་པའི་ལྟ་བ་དང་། ལྟ་བ་སྙེམས་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་སྟེ་བདུན་སྤོང་ངོ་། །དེ་ནས་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་
ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། ཀུན་འབྱུང་ལ་ཆོས་ཤེས་པའི་ཡེ་ཤེས་སོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱིས་ཀུན་འབྱུང་གི་བདེན་པ་ལ། རྒྱུ་ལ་སོགས་པའི་རྣམ་པ་བཞིར་མཐོང་ན། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ།
དེའི་ཚེ་གཟུགས་ཀྱི་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལོག་པའི་ལྟ་བ་དང་། ལྟ་བ་སྙེམས་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ང་རྒྱལ་དང་མ་རིག་པ་སྟེ་དྲུག་དང་། གཟུགས་མེད་པའི་ཁམས་ན་

ཡང་དེ་བཞིན་དུ་དྲུག་སྟེ། ཉོན་མོངས་པ་བཅུ་གཉིས་སྤོང་ངོ་། །དེའི་རྗེས་ལ་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཞེས་བྱའོ། །ས་བོན་གྱི་ཆོས་
བྱེད་པས་ན་རྒྱུའོ། །མ་འོངས་པའི་སྲེད་པ་འཕེལ་བར་བྱེད་པས་ན་ཀུན་འབྱུང་བའོ། །བར་ཆད་མེད་པར་སྲིད་པའི་རྒྱུན། རྒྱུན་མ་ཆད་པར་འབྱུང་བར་བྱེད་པས་ན་རབ་ཏུ་འབྱུང་བའོ། །ཆུ་དང་། སྐུད་པ་དང་། འཁོར་ལོ་དང་། འཇིམ་པ་རྣམས་ཀྱིས་རྫ་
མ་བསྒྲུབས་པ་བཞིན་དུ། འབྲས་བུ་སྒྲུབ་པར་བྱེད་པས་ན་རྐྱེན་ཏོ། །འདོད་པའི་ཁམས་ཀྱི་འགོག་པའི་བདེན་པ་ལ། འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། འབྱུང་བ་ལྟ་བུར་མཐོང་ན། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་སྟེ།
དེའི་ཚེའང་འདོད་པའི་ཁམས་ཀྱི་འགོག་པའི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལོག་པའི་ལྟ་བ་དང་། ལྟ་བ་སྙེམས་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་སྟེ་བདུན་སྤོང་ངོ་། །དེའི་
འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། འགོག་པ་ལ་ཆོས་ཤེས་པའི་ཡེ་ཤེས་སོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འགོག་པའི་བདེན་པ་ལ། འགོག་པ་ལ་སོགས་པ་རྣམ་
པ་བཞི་ལྟ་བུར་མཐོང་ན། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་ཡང་ཁམས་གཉིས་ཀྱི་འགོག་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་གཟུགས་ཀྱི་ཁམས་ན་ལོག་པའི་ལྟ་བ་དང་། ལྟ་བ་སྙེམས་པ་དང་། ཐེ་ཚོམ་དང་། འདོད་ཆགས་
དང་། ང་རྒྱལ་དང་། མ་རིག་པ་སྟེ་དྲུག །གཟུགས་མེད་པའི་ཁམས་ན་ཡང་དྲུག་སྟེ། ཉོན་མོངས་པ་བཅུ་གཉིས་སྤོང་ངོ་། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། འགོག་པ་ལ་རྗེས་སུ་ཤེས་པའི་ཡེ་

ཤེས་ཞེས་བྱའོ། །དེ་ལ་ཕུང་པོ་སྐྱེ་བར་བྱེད་པའི་རྒྱུའི་ཉོན་མོངས་པ་དང་བྲལ་བས་འགོག་པའོ། །སྡུག་བསྔལ་རྣམ་པ་བརྒྱད་དང་བྲལ་བའི་ཕྱིར་ཞི་བའོ། །དགེ་བ་དང་བདེ་བའི་གནས་སུ་ཕྱིན་པའི་ཕྱིར་གྱ་ནོམ་པའོ། །རྟག་པ་དང་མཉམ་པ་མེད་པའི་ཕྱིར་འབྱུང་བའོ། །འདོད་པའི་ཁམས་
ཀྱི་ལམ་གྱི་བདེན་པ་ལ། ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་སྟེ། རྣམ་པ་བཞིར་མཐོང་ན། ལམ་ལ་ཆོས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་ཡང་འདོད་པའི་ཁམས་ཀྱི་ལམ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ལ་ལོག་པའི་ལྟ་བ་དང་། ལྟ་བ་སྙེམས་པ་
དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་སྟེ་བརྒྱད་སྤོང་ངོ་། །དེ་ནས་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི། ལམ་ལ་ཆོས་སུ་
ཤེས་པའི་ཡེ་ཤེས་ཞེས་བྱའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ལམ་གྱི་བདེན་པ་ལ་ལམ་ལ་སོགས་པ་རྣམ་པ་བཞིར་མཐོང་ན་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་སྟེ། དེའི་ཚེ་གཟུགས་ཀྱི་ཁམས་ལ་ལམ་གྱི་བདེན་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ། ལོག་པའི་ལྟ་བ་
དང་། ལྟ་བ་སྙེམས་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ང་རྒྱལ་དང་། མ་རིག་པ་སྟེ་བདུན་དང་། དེ་བཞིན་དུ་གཟུགས་མེད་པའི་ཁམས་ན་ཡང་བདུན་ཏེ། ཉོན་མོངས་པ་བཅུ་བཞི་སྤོང་ངོ་། །དེའི་འོག་ཏུ་ཉོན་མོངས་པ་སྤངས་པར་ཤེས་པ་དང་། ཕྱིས་སེམས་
ཀྱི་རྒྱུད་ལ་ཉོན་མོངས་པ་མི་སྐྱེ་བར་བྱེད་པ་ནི་ལམ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ནི་བསྒོམ་པའི་ལམ་དུ་གཞག་གོ། །འཕགས་པའི་བདེན་པ་བཞི་ཚོལ་བར་བྱེད་པས་ན་ལམ་མོ། །ཉོན་མོངས་པའི་གཉེན་པོར་གྱུར་པས་ན་རིགས་པའོ། །མི་རྟག་པ་ལ་རྟག་པར་འཛིན་པ་ལ་སོགས་པའི་ཕྱིན་ཅི་ལོག་
མེད་པར་བྱེད་པས་ན་སྒྲུབ་པའོ། །ཁམས་གསུམ་གྱི་སྡུག་བསྔལ་ལས་ཐར་བར་བྱེད་པས་ན་ངེས་པར་འབྱིན་པའོ། །དེའི་འདོད་པའི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་སྟེ། ཉོན་མོངས་པ་བཞི་སྤོང་ངོ་། །གཟུགས་ཀྱི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་ནི་འདོད་ཆགས་

དང་། ང་རྒྱལ་དང་། མ་རིག་པ་གསུམ་དང་། གཟུགས་མེད་པའི་ཁམས་ཀྱི་བསྒོམ་པའི་ལམ་གྱིས་ཀྱང་གསུམ་སྟེ་དྲུག་སྤོང་ངོ་། །དཔེར་ན་འཁོར་ལོ་རིན་པོ་ཆེས་ཡུལ་གཞན་སྤོང་ཞིང་ཡུལ་གཞན་དུ་འཇུག་ཅིང་འགྲོའོ། །དེ་བཞིན་དུ་མཐོང་བའི་ལམ་ན་ཡང་།
སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྟེ། དེ་མ་ཐག་པའི་ལམ་ནི་གཏོང་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་ཡེ་ཤེས་ཏེ། རྣམ་པར་གྲོལ་བའི་ལམ་ནི་མངོན་སུམ་དུ་བྱེད་ཅིང་ལེན་ཏོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་རྗེས་
སུ་ཤེས་པའི་བཟོད་པ་དང་། ཡེ་ཤེས་ལ་ཡང་གཏོང་ཞིང་ལེན་པར་སྦྱར་རོ། །ཡང་ན་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་མཐོང་ནས་བོར་བ་ལ། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་མངོན་དུ་བྱེད་པས་ན་འགྲོ་བའོ། །
དཔེར་ན་འཁོར་ལོ་རིན་པོ་ཆེས་ས་ཕྱོགས་མ་རྒྱལ་བའི་གྲོང་དང་། གྲོང་ཁྱེར་ལས་ནི་རྒྱལ་བར་བྱེད། རྒྱལ་བ་རྣམས་སུ་ནི་གནས་འཆའ་བར་བྱེད་དོ། །དེ་བཞིན་དུ་མཐོང་བའི་ལམ་གྱིས་ཀྱང་དེ་མ་ཐག་པའི་ལམ་གྱི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་
ལས། མ་རྒྱལ་བ་རྣམས་ནི་རྒྱལ་བར་བྱེད་ཉོན་མོངས་པའི་རྙེད་པ་ཡོངས་སུ་གཅོད་པའི་ཕྱིར་རོ། །རྒྱལ་བ་རྣམས་སུ་ཡང་གནས་འཆའ་བར་བྱེད་དེ། རྣམ་པར་གྲོལ་བའི་ལམ་གྱིས་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་བསྐྱེད་ནས། མྱ་ངན་ལས་འདས་པའི་
གནས་ལ་གནས་པར་བྱེད་པའི་ཕྱིར་རོ། །དཔེར་ན་འཁོར་ལོ་རིན་པོ་ཆེ་གནས་ཁ་ཅིག་ཏུ་ཡར་འཕར་ལ། གནས་ཁ་ཅིག་ཏུ་མར་ཐུར་དུ་ཡང་ལྷུང་ངོ་། །དེ་བཞིན་དུ་དེ་མ་ཐག་ཏུ་ལམ་ལ་ཡང་ནས་ཡང་དུ་དམིགས་པ་ན། འདོད་པའི་ཁམས་ཀྱི་དེ་མ་ཐག་པའི་ལམ་ལ་
དམིགས་པའི་ཚེ་ན། མར་བབས་པ་ཡིན་ལ། རྣམ་པར་གྲོལ་བའི་ལམ་ལ་གནས་པའི་ཚེ་ན་ཡར་འཕར་བ་ཡིན་ནོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་དེ་མ་ཐག་པའི་ལམ་མངོན་དུ་བྱེད་པས་ན་མར་འབབ་པའོ་ཞེ་ན། རྣམ་པར་གྲོལ་བའི་ལམ་ལ་

གནས་པའི་ཚེ་ན་ཡར་འཕར་བ་སྟེ། ཀུན་འབྱུང་གི་བདེན་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཡང་ན་འདོད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་ན་ནི་མར་འབབ་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་ན་ནི་ཡར་
འཕར་བ་སྟེ། བདེན་པ་ལྷག་མ་རྣམས་ལ་ཡང་ཅི་རིགས་པར་དེ་བཞིན་དུ་སྦྱར་རོ། །བརྒལ་བ། མཐོང་བའི་ལམ་ན་ཅིའི་ཕྱིར་ན་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། འཁོར་ལོ་ཡིན་པར་ཅིས་མངོན་ཞེ་ན། དེ་ལ་ཡང་ལུང་ལས་གསུངས་པས་མངོན་ཏེ། ལུང་ལས་འཕགས་པ་ཀུན་ཤེས་ཀཽཎྜི་ནྱ་བདེན་པ་མཐོང་ངོ་། །དེ་
ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽཎྜི་ནྱ་ཁྱོད་ཀྱིས་བདེན་པ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ངོ་། །ཀཽཎྜི་ནྱ་ཁྱོད་ཀྱིས་བདེན་པ་རྟོགས་སམ། གསོལ་པ། བཅོམ་ལྡན་འདས་རྟོགས་སོ། །དེ་བས་ན་འདིས་བདེན་པ་ཀུན་ཤེས་པས་ན།
ཀུན་ཤེས་ཀཽཎྜི་ནྱ་ཞེས་གྲགས་སོ། །ནམ་འཕགས་པ་ཀཽཎྜི་ནྱས་བདེན་པ་མཐོང་བས་ན། ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས་པའི་ཕྱིར། མཐོང་བའི་ལམ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །གཞན་ཡང་བཙུན་པ་ཀུན་ཤེས་ཀཽཎྜི་ནྱ་ཡང་འདི་སྐད་དུ་འཆད་དེ།
འཕགས་པའི་ལམ་གྱི་ཡན་ལག་མཐོང་བའི་ལམ་གྱི་ངོ་བོ་འདི། ལྟེ་བ་དང་། རྩིབས་དང་། མུ་ཁྱུད་ཀྱི་དཔེ་དང་འདྲ་བར་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །དེ་ལ་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡིན་པར་ལྟེ་བའི་ཚུལ་ལྟ་བུ་སྟེ།
ཇི་ལྟར་འཁོར་ལོའི་ལྟེ་བའི་རྩིབས་ཀྱི་གཟུགས་བྱེད་པ་བཞིན་དུ། ཡང་དག་པའི་ལྟ་བ་ལ་སོགས་པའི་ཡོན་ཏན་གཞན་ཡང་ཚུལ་ཁྲིམས་ལ་བརྟེན་ཅིང་དེ་དག་གི་གཟུངས་ཚུལ་ཁྲིམས་བྱེད་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་ནི་མུ་ཁྱུད་ཀྱི་ཚུལ་ལྟ་བུ་སྟེ། ཇི་ལྟར་འཁོར་ལོ་མུ་
ཁྱུད་ཀྱི་རྩིབས་རྣམས་མི་གྱེས་པར་སྡུད་པ་བཞིན་དུ། ཡང་དག་པའི་ཏིང་ངེ་འཛིན་གྱིས་ཀྱང་། སེམས་ཀྱི་འཕྲོ་བ་ཐམས་ཅད་སྡུད་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། དྲན་པ་དང་། རྩོལ་བ་བཞི་ནི་འཕྲོ་བའི་རང་བཞིན་པས་རྩིབས་ལྟ་བུའོ།

དེ་ལྟར་འཕགས་པ་ཀཽཎྜི་ནྱས་མཐོང་བའི་ལམ་བསྐྱེད་པའི་ཕྱིར། ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་གསུངས་པས་ན། མཐོང་བའི་ལམ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བར་མངོན་ནོ། །དེ་ལ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་། འཚོ་བ་གསུམ། ཚུལ་ཁྲིམས་
ཀྱི་ཕུང་པོར་གཏོགས་པས་ཞེ་སྡང་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ། །ཡང་དག་པའི་ཏིང་ངེ་འཛིན་དང་། རྟོག་པ་དང་རྩོལ་བ་གསུམ་ཏིང་ངེ་འཛིན་གྱི་ཕུང་པོར་གཏོགས་པས་འདོད་ཆགས་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ། །ཡང་དག་པའི་ལྟ་བ་དང་ལྡན་པ་དྲན་
པ་ཤེས་རབ་ཀྱི་ཕུང་པོར་གཏོགས་པས་གཏི་མུག་མི་དགེ་བའི་རྩ་བ་གཅོད་པར་བྱེད་དོ་ཞེས་ཀྱང་སློབ་དཔོན་ཁ་ཅིག་གིས་བཤད་དོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་དོན་རྒྱས་པར་ནི་མདོ་ཉིད་ལས་འོག་ནས་འཆད་པས་མདོ་ཙམ་ཞིག་བསྟན་པར་བྱའོ། །ཡང་
དག་པའི་ལྟ་བ་ཞེས་བྱ་བ་ལ། ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་དོན་ཏོ། །ལྟ་བ་ནི་མཐོང་བའི་དོན་ཏེ། ནང་དང་ཕྱིའི་དངོས་པོ་མི་རྟག་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་མཐོང་བ་ནི་ཡང་དག་པའི་ལྟ་བའོ། །ཡང་ན་ཡང་དག་པ་ཞེས་བྱ་བ་ནི་དེ་ཁོ་ན་ལ་བྱ་ལ།
ལྟ་བ་ཞེས་བྱ་བ་ནི་རྟོག་པ་ལ་བྱ་སྟེ། བདེན་པ་བཞིའི་དེ་ཁོ་ན་ལ་རྟོག་པ་ནི་ཡང་དག་པའི་ལྟ་བའོ། །ཡང་ན་ཡང་དག་པ་ནི་བཀྲ་ཤིས་པའམ་བསྔགས་པའམ། དགེ་བ་ལ་བྱལ། ལྟ་བ་ནི་གསལ་བར་བྱེད་པ་ལ་བྱ་སྟེ། བཀྲ་ཤིས་པའམ། དགེ་བ་ལ་གསལ་བར་བྱེད་པ་
ནི་ཡང་དག་པའི་ལྟ་བའོ། །ཡང་དག་པའི་རྟོག་པ་ཞེས་བྱ་བ་ལ་ཡང་དག་པ་ཞེས་བྱ་བ་ནི་སྔོན་མ་བྱུང་བ་བྱུང་བ་ལ་བྱ་སྟེ། རྟོག་པ་དག་ནི་འདི་དགེ་འདི་མི་དགེ་ཞེས་འཇིགས་པ་ལ་བྱ་སྟེ། དེ་ལྟ་བུའི་འཇིགས་པ་སྔོན་མ་བྱུང་བ་བྱུང་བ་ནི་ཡང་དག་པའི་རྟོག་པའོ། །ཡང་
ན་ཡང་དག་པ་ནི་མཉམ་པའམ་མཐུན་པར་བྱེད་པ་ལ་རྟོག་པ་ནི། དེའི་རྗེས་སུ་སེམས་པ་སྟེ། ཡང་དག་པའི་ལྟ་བས་ཇི་ལྟར་མཐོང་བ་བཞིན་དུ། ཕྱིས་དེ་དང་མཐུན་པར་སེམས་པ་ནི་ཡང་དག་པའི་རྟོག་པའོ། །ཡང་དག་པའི་ངག་ཅེས་བྱ་བ་ལ་དང་པོར་ཚུལ་ཁྲིམས་

ཀྱི་སྡོམ་པ་ལ་སོགས་པ་ཡང་དག་པར་བླངས་ནས། སྡིག་པ་མི་དགེ་བའི་ཆོས་མི་བྱ་བར་ཁས་བླངས་པ་བཞིན་དུ་ཡི་དམ་འདྲལ་བར་མི་བྱེད་པ་ནི་ཡང་དག་པའི་ངག་གོ། །ཡང་དག་པའི་ངག་རྣམ་པ་གཉིས་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་དང་། རྣམ་
པར་རིག་བྱེད་དོ། །དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་བརྫུན་དང་ཚིག་རྩུབ་པོ་ལ་སོགས་པའི་སྨྲ་བ་ལ་སོགས་པའོ། །རྣམ་པར་རིག་བྱེད་ནི་དུས་སུ་སྨྲ། ཡང་དག་པར་སྨྲ། བདེན་པར་སྨྲ་ཞེས་བྱའོ། །ཡང་དག་པའི་ལས་ཀྱི་མཐའ་ཞེས་པ་ལ། གང་ལུས་ཀྱི་ལས་
མ་ཉམས་པ་ཞིག་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པ་ལ་ངེས་པར་ལྟ་ཞིང་དེ་ལ་མི་འཇུག་པའོ། །ཡང་དག་པའི་འཚོ་བ་ཞེས་བྱ་བ་ལ་ཆོས་བཞིན་དུ་འཚོ་བ་ནི་ཡང་དག་པའི་འཚོ་བ་སྟེ། དེ་ཡང་ཁྱིམ་ན་གནས་པ་རྣམས་ཀྱི་འཚོ་བ་དག་པ་དང་། རབ་ཏུ་བྱུང་
བ་རྣམས་ཀྱི་འཚོ་བ་དག་པ་སྟེ། རྣམ་པ་གཉིས་སོ། །ཁྱིམ་ན་གནས་པ་རྣམས་ཀྱི་འཚོ་བ་དག་པ་ནི། མེ་དང་། མཚོན་དང་དུག་དང་ཆང་ལ་སོགས་པ་ལས་སླར་ལྡོག་པའོ། །རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་དག་པ་ནི། ཡོ་བྱད་བསྙུངས་པ་དང་། ཆོག་ཤེས་ཤིང་འདོད་པ་
ཉུང་བ་དང་ཚུལ་འཆོས་པ་ལ་སོགས་པ་ལས་སླར་ལོག་པའོ། །ཡང་དག་པའི་རྩོལ་བ་ཞེས་བྱ་བ་ལ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་། སྐྱེས་པ་སྤང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང་། སྐྱེས་པ་འཕེལ་བར་བྱེད་པའི་ལུས་དང་།
སེམས་ཀྱི་བརྩོན་འགྲུས་ནི་ཡང་དག་པའི་རྩོལ་བའོ། །ཡང་དག་པའི་དྲན་པ་ཞེས་བྱ་བ་ལ་སྔོན་མཉན་ཅིང་བསམས་ཏེ། མྱོང་བའི་དངོས་པོ་སེམས་ལ་མི་བརྗེད་པར་བྱེད་པ་ནི་ཡང་དག་པའི་དྲན་པ་སྟེ། དེ་ཡང་རྒྱུ་རྣམ་པ་གསུམ་ལས་དྲན་པ་འབྱུང་སྟེ། རྒྱུ་རྣམ་པ་
གསུམ་ནི་གོམས་པ་དང་། མཚན་མ་མཐོང་བ་དང་། ཡིད་དང་བའོ། །དེ་ལ་གོམས་པ་ནི་གཟུགས་ལ་སོགས་པའི་དངོས་པོ་ལ་ཡང་ནས་ཡང་དུ་ལྟ་བ་ལ་སོགས་པ་བྱས་པ་དང་། གཟུགས་ལ་སོགས་པའི་དངོས་པོ་མེད་ཀྱང་། ཕྱིས་སེམས་ལ་དྲན་པ་འབྱུང་སྟེ།

དཔེར་ན་ཉིན་མོ་གོམས་པའི་རྨི་ལམ་དུ་མཐོང་བ་བཞིན་ནོ། །མཚན་མར་མཐོང་བ་ནི་ཆོས་འདྲ་དང་མི་འདྲ་བ་མཐོང་བ་ལས་དྲན་པ་འབྱུང་སྟེ། དཔེར་ན་བུ་དང་འདྲ་བ་མཐོང་ནས་བུ་དྲན་པ་དང་། ལྷགས་པས་ཉེན་ནས་མེ་དྲན་པའོ། །ཡིད་དང་བ་ནི་ཆུ་གསལ་བར་བཞིན་
གྱི་གཟུགས་བརྙན་སྣང་བ་དང་འདྲ་བར། སེམས་གསལ་ཏེ་སྒྲིབ་པའི་ཤས་ཆུང་ན་སྔོན་ཅི་བྱས་པ་རྣམས་དྲན་ནོ། །ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ། ཡང་དག་པ་ནི་དྲང་པོ་ལ་བྱ་ལ། ཏིང་ངེ་འཛིན་གྱི་གྱུར་པའམ་འཛིན་པ་ལ་བྱ་སྟེ། དཔེར་ན་སྦྲུལ་སྨྱུག་
མའི་སྦུབས་སུ་བཅུག་ན་དྲང་པོར་འགྱུར་བ་བཞིན་དུ། སེམས་རྨུགས་པ་དང་། རྒོད་པ་ལ་སོགས་པ་ལས་བཟློག་ནས་དྲང་པོར་འཛིན་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཡང་ན་ཡང་དག་པ་ནི་མཉམ་པ་ལ་བྱ་ལ། ཏིང་ངེ་འཛིན་ནི་འཇོག་པ་ལ་བྱ་སྟེ། སེམས་
མཉམ་པར་འཇོག་པ་ནི་ཏིང་ངེ་འཛིན་ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ལམ་གྱི་ཡན་ལག་མདོ་ཙམ་དུ་གསུངས་པ་རྒྱས་པར་བཤད་པར་བྱ་བའི་ཕྱིར། དགེ་སློང་དག་ཡང་དག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ། །ཅིའི་ཕྱིར་མདོ་ཙམ་དུ་
བཤད་ནས། རྒྱས་པར་བཀའ་སྩལ་ཞེ་ན། འདུལ་བ་རྣམ་པ་གཉིས་ཏེ། གླེངས་པས་ཤེས་པ་དང་། སྤྲོས་པས་ཤེས་པའོ། །དེ་ལ་གླེངས་པས་ཤེས་པ་རྣམས་ཀྱི་ཆེད་དུ་ནི་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཞེས་བྱ་བ་ལ་སོགས་པ་མདོ་ཙམ་དུ་
གསུངས་ནས། སྤྲོས་པས་ཤེས་པ་རྣམས་རྒྱ་ཆེར་མ་བཤད་པ་ན་དོན་རྟོགས་པར་མི་ནུས་པའི་ཕྱིར། དེ་བཞིན་གཤེགས་པ་ཆོས་ལ་སློབ་དཔོན་འཆབ་པ་མི་མངའ་ཞིང་། ཐུགས་རྗེ་ཆེན་པོ་དང་ལྡན་པས་དེ་ལ་དགེ་སློང་དག་ཡང་དག་པའི་ལྟ་བ་གང་ཞེ་ན་ཞེས་བྱ་བ་ལ་སོགས་
པ་རྒྱས་པར་བཀའ་སྩལ་ཏོ། །དེ་ལ་ཡང་དག་པའི་ལྟ་བ་རྣམ་པ་གསུམ་སྟེ། སློབ་པའི་ཡང་དག་པའི་ལྟ་བ་དང་། མི་སློབ་པའི་ཡང་དག་པའི་ལྟ་བ་དང་། འཇིག་རྟེན་གྱི་ཡང་དག་པའི་ལྟ་བའོ། །དེ་སློབ་པ་དང་མི་སློབ་པའི་གང་ཟག་རྣམས་ལ་སྙོམས་པར་འཇུག་པ་ན་ལྟ་

བ་གང་ཡིན་པ་ནི་སློབ་པ་དང་མི་སློབ་པའི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ལངས་ནས་ལྟ་བ་ནི་རྟོགས་པ་དང་བཅས་པ་ཡིན་པས། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཡང་ན་གང་ཟག་དགེ་བ་རྣམས་ཚེ་རབས་གཞན་ཡོད་པར་
ལྟ་ཞིང་། ལས་དང་ལས་ཀྱི་འབྲས་བུ་ལ་སྐུར་པ་མི་འདེབས་པ་ནི། འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་སྟེ། འདིར་ནི་འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་སྟོན་པར་བྱེད་པར་རིག་པར་བྱའོ། །དེ་ལ་ཆོས་དྲུག་ཡོད་པར་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། འཇུག་པའི་རྟེན་ཡོད་པར་
ལྟ་བ་དང་། དེའི་རྐྱེན་གྱི་ས་བོན་དང་། གཞི་ཡོད་པར་ལྟ་བ་དང་སྦྱིན་པའི་ཡོན་ཏན་ཡོད་པར་ལྟ་བ་དང་། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་གཉེན་པོ་དང་། མི་མཐུན་པའི་ཕྱོགས་ཡོད་པར་ལྟ་བ་དང་། དེ་གསུམ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་
འབྲས་བུ་ཡོད་པར་ལྟ་བ་དང་། འཇུག་པ་ལས་རྣམ་པར་ལོག་པར་ལྟ་བ་དང་དྲུག་གོ། །དེ་ལ་འཇིག་རྟེན་འདི་ཡོད་འཇིག་རྟེན་ཕ་རོལ་ཡོད། ཅེས་བྱ་བས་འཇུག་པའི་རྟེན་ཡོད་པ་ལྟ་བ་བསྟན་ཏེ། ཚེ་གཅིག་ནས་གཅིག་ཏུ་འཇུག་པའི་རྟེན་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་
རོལ་ཡིན་ལ། ཚེ་འདི་ཡང་ལས་དང་ཉོན་མོངས་པ་དང་བཅས་པའི་ཕུང་པོ་ལྔ་༷ཡོད་པར་འདོད་ཅིང་ཚེ་འདིའི་ལས་དང་ཉོན་མོངས་པའི་རྒྱུས་ཚེ་རབས་གཞན་དུ་ཡང་ཕུང་པོ་ལེན་པར་འདོད་པ་ནི་འཇིག་རྟེན་འདི་ཡོད་པ་དང་འཇིག་རྟེན་ཕ་རོལ་ཡོད་པར་ལྟ་བ་ཞེས་བྱའོ། །མ་ཡོད་པ་དང་ཕ་
ཡོད་པ་ཞེས་བྱ་བས་དེའི་རྐྱེན་གྱིས་ས་བོན་དང་བཞི་ཡོད་པར་བསྟན་ཏོ། ཕུང་པོ་ལྔ་སྐྱེ་བའི་ས་བོན་འཇོག་པ་ནི་ཕ་ཡིན་ནོ། །ས་བོན་གྱི་རྟེན་བྱེད་པ་ནི་མ་ཡིན་ཏེ། དེ་གཉིས་ཀྱང་ཡོད་པར་ལྟ་བ་ནི་མ་ཡོད་པ་དང་། ཕ་ཡོད་པ་ཞེས་བྱའོ། །སྦྱིན་པ་ཡོད་པ་དང་། སྦྱིན་སྲེག་
ཡོད་པ་ཞེས་བྱ་བས་སྦྱིན་པ་དང་། ལྷ་ལ་མཆོད་པ་ཡོད་པར་ལྟ་བ་བསྟན་ཏེ། ཡོ་བྱད་རྣམས་བྱིན་ན་དེ་ལེན་པར་བྱེད་པའི་སེམས་ཅན་ཡོད་པར་ལྟ་བ་དང་། སྦྱིན་སྲེག་བྱས་ན་དེ་ན་སྦྱིན་སྲེག་ལེན་པའི་ལྷ་ལེན་པར་ལྟ་བ་ནི་སྦྱིན་པ་ཡོད་པ་དང་། སྦྱིན་སྲེག་ཡོད་པར་

ལྟ་བ་ཞེས་བྱའོ། །འདོད་པ་དང་མི་འདོད་པ་ཞེས་བྱ་བས། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་མི་མཐུན་པའི་ཕྱོགས་ཡོད་པར་ལྟ་བ་བསྟན་ཏེ། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པའི་མཚན་ཉིད་དགེ་བའི་ཕྱོགས་གཉེན་པོར་གྱུར་པ་ལ་ནི་འདོད་པ་ཞེས་བྱའོ། །
དེའི་མི་མཐུན་པའི་ཕྱོགས་སེར་སྣ་དང་ངང་ཚུལ་ངན་པ་དང་། སེམས་གཡེངས་པ་མི་དགེ་བའི་ཕྱོགས་སུ་གྱུར་པ་ནི་མི་འདོད་པ་ཞེས་བྱའོ། །ཡང་ན་བསོད་ནམས་དང་མི་གཡོ་བའི་མཚན་ཉིད་ཀྱི་ལས་དགེ་བ་ནི་འདོད་པའོ། །བསོད་ནམས་མ་ཡིན་པའི་མཚན་ཉིད་ཀྱི་
ལས་མི་དགེ་བ་ནི་མི་འདོད་པ་སྟེ། དེ་དག་ཡོད་པར་ལྟ་བ་ནི། འདོད་པ་དང་མི་འདོད་པ་ཡོད་པར་ལྟ་བ་ཞེས་བྱའོ། །ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་པ་དང་ཞེས་བྱ་བས་དེ་གསུམ་གྱིས་མི་མཐུན་པའི་ཕྱོགས་དང་
གཉེན་པོའི་འབྲས་བུ་ཡོད་པར་ལྟ་བ་བསྟན་ཏེ། སྦྱིན་པ་བྱས་ན་ལོངས་སྤྱོད་ཆེན་པོར་འགྱུར་བ་དང་། ཚུལ་ཁྲིམས་བསྲུངས་ན་མཐོ་རིས་སུ་སྐྱེ་བ་དང་། ཚད་མེད་པ་བསྒོམས་ན་མྱ་ངན་ལས་འདས་པར་འགྱུར་བར་ལྟ་བ་དང་། སེར་སྣ་བྱས་ན་དབུལ་པོར་འགྱུར་བ་
དང་། ཚུལ་ཁྲིམས་དྲལ་ན་ངན་སོང་དུ་སྐྱེ་བ་དང་། ཚད་མེད་པ་མ་བསྒོམས་ན་ཐར་པར་མི་འགྱུར་རོ་ཞེས་ལྟ་བའམ། བསོད་ནམས་དང་མི་གཡོ་བའི་ལས་བྱས་ན་བདེ་འགྲོར་སྐྱེ་བ་དང་། བསོད་ནམས་མ་ཡིན་པའི་ལས་བྱས་ན་ངན་སོང་གསུམ་དུ་སྐྱེ་བར་ལྟ་
བ་ནི། ལས་ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡོད་པར་ལྟ་བ་ཞེས་བྱའོ། །འཇིག་རྟེན་ན་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་ཡོད་ཅེས་བྱ་བས་འཇུག་པ་ལས་རྣམ་པར་ལོག་པར་ཡོད་པར་ལྟ་བ་བསྟན་ཏེ།
འཇུག་པ་ནི་འཁོར་བར་སྐྱེ་བའོ། །འཁོར་བར་སྐྱེ་བ་ལ་ལོག་པ་ནི་འཕགས་པ་རྒྱུན་ཏུ་ཞུགས་པ་ལ་སོགས་པ་དང་། དེ་བཞིན་གཤེགས་པ་རྣམས་ཏེ་དེ་དག་ཡོད་པར་ལྟ་བ་ནི་འཇིག་རྟེན་ན་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་ཡོད་པར་ལྟ་བ་ཞེས་

བྱའོ། །དེ་ལ་རྒྱུན་ཏུ་ཞུགས་པ་ལ་སོགས་པའི་འཕགས་པ་ནི་ཡང་དག་པར་སོང་བའོ། །དེ་ལས་བཟློག་པ་འདི་ནི་ལོག་པའི་ལྟ་བ་ཞེས་བྱའོ། །ཞེས་བྱ་བ་ལ་ཡང་དག་པའི་ལྟ་བ་ལས་བཟློག་པ་ནི་ལོག་པའི་ལྟ་བ་སྟེ། འཇིག་རྟེན་འདི་མེད།
འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ལ་སོགས་པར་ལྟའོ། །ཡང་དག་པའི་རྟོག་པ་བཤད་པའི་ཕྱིར། ཡང་དག་པའི་རྟོག་པ་གང་ཞེ་ན། སྦྱིན་པ་དང་ཚུལ་ཁྲིམས་སངས་རྒྱས་སུ་འགྱུར་བ་ལ་སོགས་པར་བསྔོ་སྟེ། འཁོར་ལོས་སྒྱུར་བ་ལ་སོགས་པར་མ་བསྔོས་པ་
འདི་ཡང་དག་པའི་རྟོག་པའོ་ཞེས་གསུངས་སོ། །དོན་དུ་ན་མི་དགེ་བ་ལ་སོགས་པར་རྟོག་པའི་གཉེན་པོར་སེམས་དགེ་བར་རྟོགས་པ་ནི། ཡང་དག་པར་རྟོག་པའོ། །དེ་ལ་སྦྱིན་པ་གང་ཁ་ན་མ་ཐོ་བ་མེད་པ། སེམས་ཀྱི་རྒྱན་དང་སེམས་ཀྱི་ཡོ་བྱད་དང་།
རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་དངོས་པོ་གཏོང་བ་ནི་སྦྱིན་པའོ། །དེ་ཡང་གང་གིས་སྦྱིན་པ་དང་། གང་དུ་སྦྱིན་པ་དང་། ཅི་སྦྱིན་པ་དང་། ཅིས་སྦྱིན་པ་དང་། ཇི་ལྟར་སྦྱིན་པ་དང་། ཅིའི་ཕྱིར་སྦྱིན་པ་སྟེ། རྣམ་པ་དྲུག་ཏུ་
ལྟ་བའོ། །དེ་ལ་གང་གིས་སྦྱིན་ཞེ་ན། སྦྱིན་པ་པོ་དང་། སྦྱིན་པའི་བདག་པོས་སྦྱིན་ཏེ། གང་རང་གི་ལག་ནས་དངོས་པོ་གཏོང་བ་ནི་སྦྱིན་པ་པོའོ། །གང་གཞན་སྦྱིན་དུ་འཇུག་པ་ནི་སྦྱིན་པའི་བདག་པོའོ། །གང་ལ་སྦྱིན་ཞེ་ན། ཞིང་རྣམ་པ་བཞི་ལ་སྦྱིན་ཏེ།
སྡུག་བསྔལ་གྱི་ཞིང་དང་། ཕན་བཏགས་པའི་ཞིང་དང་། ཡིད་དུ་འོང་བའི་ཞིང་དང་། ཁྱད་ཞུགས་པའི་ཞིང་ངོ་། །དེ་ལ་སྡུག་བསྔལ་གྱི་ཞིང་ནི་འདྲོན་པོའམ། བཀྲེན་པའམ། མུ་ལྟོ་བའམ། ལོང་བའམ། འོན་པའམ། མགོན་མེད་པའམ། སྐྱབས་མེད་པའམ། གང་
ནད་ཀྱིས་གཟིར་བ་ལ་སོགས་པའོ། །དེ་ལ་ཕན་བཏགས་པའི་ཞིང་ནི་ཕའམ་མའམ་གཞན་ཡང་གནོད་པའི་སྡུག་བསྔལ་ལས་བདག་བསྒྲལ་བར་བྱས་པའམ། ལོ་ཉེས་སམ་རྒྱལ་པོ་གཞན་གྱིས་འཇིགས་པའམ། བཅིངས་པའི་ནད་ཀྱིས་བཏབ་པ་ལས་གྲོགས་བྱས་

པའམ། ལས་སུ་བྱས་པ་རྣམས་ཀྱི་གྲོགས་བྱས་པའམ། ནོར་དང་གཉེན་བཤེས་ལ་སོགས་པ་དང་བྲལ་བའི་མྱ་ངན་ལས་འདས་པའམ། ཕན་པ་དང་བདེ་བར་གྱུར་པའི་མན་ངག་བྱིན་པའོ། །ཡིད་དུ་འོང་བའི་ཞིང་ནི་གང་གྲོགས་པོ་མཛའ་བ་དང་བཤེས་པ་ཕན་ཚུན་
འདྲིས་པ་དང་། སེམས་མཐུན་པར་འགྱུར་བའམ། ཉེ་དུ་གཉེན་བཤེས་ལ་སོགས་པ་གཞན་ཡང་ངོ་། །ཁྱད་ཞུགས་པའི་ཞིང་ནི་བྲམ་ཟེའམ་དགེ་སློང་གང་དགེ་བའི་རང་བཞིན་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤང་བར་བྱ་བའི་ཕྱིར་ཞུགས་པའོ། །དེ་
ལ་ཅི་སྦྱིན་ཞེ་ན། དོན་དུ་དངོས་པོ་རྣམ་པ་གཉིས་སྦྱིན་ཏེ། སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་། སེམས་ཅན་གྱི་གྲངས་སུ་མ་གཏོགས་པའི་དངོས་པོའོ། །དེ་ལ་སེམས་ཅན་གྱི་གྲངས་སུ་གཏོགས་པའི་དངོས་པོ་ཡང་རྣམ་པ་གཉིས་ཏེ། ཕྱི་དང་ནང་གིའོ། །
དེ་ལ་ཕྱིའི་དངོས་པོ་ནི་བུ་དང་ཆུང་མ་དང་། བྲན་ཕོ་མོ་དང་། རྟ་དང་། གླང་པོ་དང་། ར་ལུག་ལ་སོགས་པ་སྦྱིན་པའོ། །ནང་གི་དངོས་པོ་ནི་བདག་ཉིད་ཀྱི་ལུས་ཀྱི་རྐང་པ་དང་། ལག་པ་དང་མགོ་དང་། ཤ་ཁྲག་ལ་སོགས་པ་སྦྱིན་པའོ། །སེམས་ཅན་གྱི་གྲངས་སུ་མ་
གཏོགས་པའི་དངོས་པོ་ཡང་རྣམ་པ་གསུམ་སྟེ། འབྲུའི་དངོས་པོ་དང་གཏེར་གྱི་དངོས་པོ་དང་། ཡུལ་གྱི་དངོས་པོའོ། །དེ་ལ་འབྲུའི་དངོས་པོ་ནི་འདི་ལྟ་སྟེ། ནས་དང་། གྲོ་དང་། འབྲས་དང་། ཏིལ་ལ་སོགས་པའོ། །གཏེར་གྱི་དངོས་པོ་ནི་འདི་ལྟ་སྟེ། གསེར་དང་།
དངུལ་དང་། མུ་ཏིག་དང་། བཻ་ཌཱུརྱ་ལ་སོགས་པའོ། །ཡུལ་གྱི་དངོས་པོ་ནི་འདི་ལྟ་སྟེ། ཞིང་གི་དངོས་པོ་དང་། ཁྱིམ་གྱི་དངོས་པོ་དང་། ཚོང་ཁང་དང་། བསོད་ནམས་ཀྱི་དོན་དུ་རྩིག་པའི་ཁང་པ་ལ་སོགས་པའོ། །ཅིས་སྦྱིན་ཞེ་ན། འདོད་མ་ཆགས་པ་དང་།
ཞེ་མི་སྡང་བ་དང་ལྡན་པའི་རྒྱུས་སྐྱེད་པའི་ལུས་ཀྱི་ལས་དང་། ངག་གི་ལས་ཀྱིས་སྦྱིན་ནོ། །ཇི་ལྟར་སྦྱིན་ཞེ་ན། དད་པའི་སེམས་ཀྱིས་ཚེ་ཕྱི་མ་ལ་འབྲས་བུ་ཡོད་པར་ལྟ་ཞིང་། གུས་པ་དང་འདུད་པའི་སེམས་ཀྱིས་རང་གི་ལག་ནས་གུས་པར་བྱས་ཏེ་དུས་སུ་སྦྱིན་ནོ།

ཅིའི་ཕྱིར་སྦྱིན་ཞེ་ན་སྡུག་བསྔལ་གྱི་ཞིང་ལ་ནི་སྙིང་རྗེ་བས་སྦྱིན་ནོ། །ཕན་བཏགས་པའི་ཞིང་ལ་ནི་བྱས་པ་གཟོ་བའི་སེམས་ཀྱིས་སྦྱིན་ནོ། །ཡིད་དུ་འོང་བའི་ཞིང་ལ་ནི་མཛའ་བར་གྱུར་པས་སྦྱིན་ནོ། །ཁྱད་ཞུགས་པའི་ཞིང་ལ་ནི་འཇིག་རྟེན་ཀུན་ལས་
ཁྱད་པར་དུ་འཕགས་པ་དེ་ལས་འབྲས་བུ་དམ་པ་འབྱུང་བའི་ཕྱིར་སྦྱིན་ཏེ་འདི་ནི་སྦྱིན་པ་ཞེས་བྱའོ། །ཚུལ་ཁྲིམས་ཞེས་བྱ་བ་ལ། ཚུལ་ཁྲིམས་ནི་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ལ་བྱ་སྟེ། ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་གང་ཞེ་ན། ཚུལ་ཁྲིམས་
དང་ལྡན་པ་ཡིན་ཞིང་། སོ་སོར་ཐར་པའི་སྡོམ་པས་བསྡོམས་པ། སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་ཞིང་། ཡང་དག་པར་བླངས་པའི་གནས་རྣམས་སློབ་བོ་ཞེས་གང་གསུངས་པའོ། །དེ་ལྟར་ཚུལ་ཁྲིམས་
དང་ལྡན་པ་ནི་ཇི་ལྟར་བསླབ་པ་ཡང་དག་པར་བླངས་པའི་གནས་དང་། ལུས་ཀྱི་ལས་ཀྱིས་ཞིག་པར་མ་བྱས་པ་དང་། ངག་གི་ལས་ཀྱིས་ཞིག་པར་མ་བྱས་པའོ། །ཇི་ལྟར་སོ་སོར་ཐར་པའི་སྡོམ་པས་བསྡམས་ཤེ་ན། སྡེ་བདུན་པའི་ཚུལ་ཁྲིམས་པ་ནི་སོ་སོར་ཐར་པའི་སྡོམ་
པ་སྟེ། དེ་དང་ལྡན་པའོ། །དེ་ལ་སྡེ་བདུན་ནི། དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་དང་། དགེ་སྦྱོང་ཕ་དང་། དགེ་སྦྱོང་མ་དང་། དགེ་སློབ་མའོ། །དེ་ལ་སྤྱོད་པ་ཕུན་སུམ་ཚོགས་པ་ནི། སྤྱོད་ལམ་བཞིའམ།
ལས་སུ་བྱ་བའམ། དགེ་བའི་ཕྱོགས་ལ་སྦྱོར་བ་རྣམས་ཀྱང་འཇིག་རྟེན་གྱི་རྗེས་སུ་འཇུག་ཅིང་། འཇིག་རྟེན་དང་མཐུན་པར་བྱེད་པ་དང་། འདུལ་བའི་རྗེས་སུ་འཇུག་ཅིང་འདུལ་བ་དང་མཐུན་པར་བྱེད་པ་སྟེ། དོན་དུ་ན་ལས་སུ་བྱ་བ་ཐམས་ཅད་ལ་འཇིག་རྟེན་པ་
རྣམས་ཀྱིས་མིག་མི་འགག་པའམ། འདུལ་བ་དང་མི་འགལ་བར་བྱེད་པའོ། །ཇི་ལྟར་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། སྤྱོད་ཡུལ་རྣམ་པ་ལྔར་འཇུག་ཏུ་མ་གནང་བ་རྣམས་སུ་མི་འཇུག་པ་སྟེ། སྤྱོད་ཡུལ་རྣམ་པ་ལྔ་ནི། ཤན་པའི་གནས་དང་། སྨད་

འཚོང་མའི་གནས་དང་། ཆང་འཚོང་མའི་གནས་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་གནས་སོ། །ཇི་ལྟར་ཁ་ན་མ་ཐོ་བ་ཕྲ་བ་ལ་འཇིགས་པར་ལྟ་ཞེ་ན། ཁ་ན་མ་ཐོ་བ་ཕྲ་བ་ཞེས་བྱ་བ་ནི། གང་སློབ་ཚིག་ཕྲན་ཚེགས་སུ་གྱུར་པ་ཉམས་ན་ཡང་བསླང་བར་
བླ་བ་སྟེ། དཔེར་ན་དུག་ཆུང་ངུས་ཀྱང་སྐྱེས་བུ་ཆེན་པོ་གསོད་པ་བཞིན་དུ། ཁ་ན་མ་ཐོ་བ་ཕྲ་མོ་འདི་དག་བྱུང་ན་ཡང་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་སྐལ་བ་མེད་ཅིང་ངན་སོང་དུ་ལྟུང་བར་འགྱུར་རོ། །ཞེས་དེ་དག་ལ་ཡང་བག་བྱེད་ཅིང་འཇིགས་པའོ། །ཇི་ལྟར་ཡང་དག་པར་
བླངས་པའི་གནས་ལ་སློབ་ཅེ་ན། དང་པོར་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་ལེན་པའི་དུས་ན་གསོལ་བ་དང་ཞུ་བའི་ལས་བཞིས་བསྙེན་པར་རྫོགས་པའི་ཚེ་བསླབ་པའི་གནས་ཀྱི་ལུས་ལས་དུ་ཞིག་ཐོས་ནས་གཞན་ནི་ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་ཤེས་པར་
གྱིས་ཤིག་ཅེས་བསྒོ་སྟེ། ཕྱིས་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལས་ཚུལ་ཁྲིམས་ཀྱི་དངོས་པོ་དུ་ཡོད་པ་རྒྱས་པར་ཉན་ཅིང་ཇི་ལྟར་མཉན་པ་རྣམས་མི་ཉམས་པར་ཡང་བྱེད་ལ། ཉམས་པ་རྣམས་ཀྱང་ཆོས་བཞིན་དུ་གསོ་བར་བྱེད་པའོ། །དོན་དུ་ན་ཚུལ་ཁྲིམས་
ཀྱི་མཚན་ཉིད་རྣམ་པ་གསུམ་བསྟན་ཏེ། མཚན་ཉིད་གསུམ་ནི་མ་ཞིག་པའི་མཚན་ཉིད་དང་། རང་བཞིན་གྱི་མཚན་ཉིད་དང་། གཞན་དང་བདག་ལ་ལྟོས་ནས་ཡོན་ཏན་གྱི་མཚན་ཉིད་དོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེས་བྱ་བས་མ་ཞིག་པའི་མཚན་ཉིད་བསྟན་
ཏོ། །སོ་སོར་ཐར་པའི་སྡོམ་པས་བསྡམས་ཞེས་བྱ་བས་རང་བཞིན་གྱི་མཚན་ཉིད་བསྟན་ཏོ། །སྤྱོད་པ་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བས་གཞན་ལ་ལྟོས་ནས་ཡོན་ཏན་གྱི་མཚན་ཉིད་བསྟན་ཏོ། སྤྱོད་ལམ་མཛེས་ཤིང་འགྲོ་བར་བྱ་བ་མ་ཡིན་པའི་གནས་སུ་
མི་འགྲོ་ན། གཞན་དག་སེམས་མ་དང་བ་ནི་དང་བར་འགྱུར། དང་བ་རྣམས་ནི་དད་པ་ཆེར་འཕེལ་བར་འགྱུར་ཞིང་། ཕྱོགས་ཕྱོགས་སུ་མི་སྙན་པའི་ཚིག་མི་སྒྲོགས་པའི་ཕྱིར་རོ། །གང་ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་། ཡང་དག་པར་

བླངས་པའི་གནས་ལ་སློབ་པ་གཉིས་ཀྱིས་བདག་ལ་ལྟོས་ནས་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྟན་ཏེ། བསླབ་པ་ཕྲ་མོ་རྣམས་ཀྱང་མ་ཉམས་ན། དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པ་དང་། མངོན་དུ་མ་བྱས་པ་རྣམས་ཐོབ་པ་དང་། མངོན་དུ་བྱ་
བའི་སྐལ་བ་ཅན་དུ་འགྱུར་བའི་ཕྱིར་རོ། །སངས་རྒྱས་སུ་འགྱུར་བར་བསྔོས་ཏེ། ཞེས་བྱ་བ་ནི། །སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་སྒོ་ནས་དགེ་བ་བྱས་པ་དེ་དག་གི་རྒྱུས་སངས་རྒྱས་སུ་གྱུར་ཅིག་ཅེའམ། སོགས་པའི་སྒྲས་དགྲ་བཅོམ་པའམ། རྒྱུན་ཏུ་ཞུགས་
པར་གྱུར་ཅེས་བསྔོའོ། །འཁོར་ལོས་སྒྱུར་བར་གྱུར་ཅིག་ཅེའམ། སོགས་པའི་སྒྲས་བརྒྱ་བྱིན་དང་ཚངས་པར་གྱུར་ཅིག་ཅེས་མི་བསྔོ་བ་འདི་ནི་ཡང་དག་པའི་རྟོག་པའོ། །ཉོན་མོངས་པའི་སྒྲིབ་པ་རྣམས་སྤངས་ནས་སྐྱེས་བུ་གཉིད་ལས་སད་པ་བཞིན་དུ། མ་
རིག་པའི་གཉིད་ལས་སད་པ་བྱས་ཤིང་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་རྣམས་མངོན་དུ་གྱུར་ཏེ། པདྨོ་ཁ་ཕྱེ་བ་ལྟ་བུར་གྱུར་པ་ནི་སངས་རྒྱས་སོ། །འཁོར་ལོས་སྒྱུར་བ་ཞེས་བྱ་བ་ལ། འཁོར་ལོ་ནི་རིན་པོ་ཆེའི་མཐུས། འགྲོ་བ་རྣམས་ལ་དབང་བྱེད་ཀྱི། རྒྱལ་
སྲིད་འཛིན་པ་ནི་འཁོར་ལོས་སྒྱུར་བ་ཞེས་བྱའོ། །འཁོར་ལོས་སྒྱུར་བའང་རྣམ་པ་བཞི་ཡོད་དེ། གསེར་གྱི་འཁོར་ལོ་ཅན་དང་། དངུལ་གྱི་འཁོར་ལོ་ཅན་དང་། ཟངས་ཀྱི་འཁོར་ལོ་ཅན་དང་། ལྕགས་ཀྱི་འཁོར་ལོ་ཅན་ནོ། །དེ་ལ་གསེར་གྱི་འཁོར་ལོ་ཅན་ནི་
མཆོག་གོ། །དངུལ་གྱི་འཁོར་ལོ་ཅན་ནི་མཆོག་དང་ཉེ་བའོ། །ཟངས་ཀྱི་འཁོར་ལོ་ཅན་ནི་བར་མའོ། །ལྕགས་ཀྱི་འཁོར་ལོ་ཅན་ནི་ཐ་མའོ། །དེ་ཡང་རིམ་བཞིན་དུ་གསེར་གྱི་འཁོར་ལོ་ཅན་གྱི་འཁོར་ལོ་ནི་གླིང་བཞི་ལ་དབང་སྒྱུར་རོ། །དངུལ་གྱི་འཁོར་ལོ་
ཅན་ནི་གླིང་གསུམ་ལའོ། །ཟངས་ཀྱི་འཁོར་ལོ་ཅན་ནི་གླིང་གཉིས་ལའོ། །ལྕགས་ཀྱི་འཁོར་ལོ་ཅན་ནི་གླིང་གཅིག་ལའོ། །དེ་ལ་དབང་སྒྱུར་བའི་ཚུལ་ཡང་གསེར་གྱི་འཁོར་ལོ་ཡོད་པ་རྣམས་ལ་ནི་མཁར་གྱི་རྒྱལ་ཕྲན་རྣམས་བདག་ཅག་ཉིད་བསུ་ཞིང་མདུན་དུ་

འོངས་ནས་འདི་སྐད་དུ། ཀྱེ་ལྷ་སྐྱེ་དགུ་འདི་དག་ནི་ཕྱུག་ཅིང་འབྱོར་ལ། སྐྱེ་བོ་མང་པོས་ཀྱང་རྒྱས་པ་ལགས་ཏེ། བདག་ཅག་ཀྱང་ལྷའི་ལགས་པས་བདག་ཅག་ལ་ལྷས་ལུང་སྩལ་དུ་གསོལ་ཞེས་ཟེར་རོ། །གང་དངུལ་གྱི་འཁོར་ལོ་ཅན་དེ་དག་ནི་བདག་ཉིད་རྐང་
གིས་བཙུགས་ཏེ་སོང་བའི་འོག་ཏུ་རྒྱལ་ཕྲན་རྣམས་འདུད་པར་བྱེད་དོ། །གང་ཟངས་ཀྱི་འཁོར་ལོ་ཅན་དེ་དག་ནི་མཁར་གྱི་རྒྱལ་ཕྲན་རྣམས་ཀྱི་དྲུང་དུ་སོང་ནས། ཚིག་གི་ཐབས་དང་འདུད་པར་འགྱུར་རོ། །ལྕགས་ཀྱི་འཁོར་ལོ་ཅན་གྱི་ནི་དྲུང་དུ་སོང་ནས། གཅིག་ལ་གཅིག་
མཚོན་གཟས་པ་དང་དེའི་འོག་ཏུ་འདུད་པར་བྱེད་དོ། །ཡང་དག་པའི་ངག་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ངག་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བརྫུན་དུ་སྨྲ་བ་ཞེས་བྱ་བ་ལ་གང་སྨྲ་བར་བྱ་བའི་དོན་དེ་འདུ་ཤེས་གཞན་དུ་གཞག་ནས་གཞན་དུ་སྨྲ་བ་
སྟེ། གང་སྨྲ་བར་བྱ་བའི་མི་དེས་དོན་གོ་བར་བྱས་ནས་བརྫུན་ནོ། །དེ་བས་ན་མངོན་པའི་ཆོས་མཛོད་ལས། འདུ་ཤེས་གཞན་དུ་བསྟན་པའི་ཚིག །དོན་ཤེས་པ་ལ་སྨྲས་ན་བརྫུན། །ཞེས་གསུངས་སོ། །ངག་རྩུབ་པོ་ཞེས་བྱ་བ་ལ་ཞེ་སྡང་དང་བཅས་པའི་སེམས་ཀྱིས་ཕ་
རོལ་པོ་མི་དགའ་བར་བྱ་བའི་ཕྱིར་རིགས་དང་རུས་ལ་སོགས་པའི་སྐྱོན་སྨོས་པའི་ཚིག་སྨྲས་ནས་གཞན་གྱིས་གོ་བར་གྱུར་ན་ཚིག་རྩུབ་པོའོ། །ཕྲ་མ་ཞེས་བྱ་བ་ལ་འདོད་ཆགས་དང་ཞེ་སྡང་དང་བཅས་པའི་སེམས་ཉོན་མོངས་པས་ཕ་རོལ་དབྱེ་བར་བྱ་བའི་ཕྱིར་ཕན་ཚུན་བསྐྱལ་
བ་ལས་དོན་གོ་བར་གྱུར་ན་ཕྲ་མའོ། །དེ་བས་ན་མངོན་པའི་ཆོས་མཛོད་ལས་ཀྱང་། ཕྲ་མ་ཉོན་མོངས་པ་ཅན་གྱིས་སེམས་ཚིག་སྟེ་དབྱེ་བར་བྱ་བའི་ཕྱིར་ཞེས་གསུངས་སོ། །ཀྱལ་པར་སྨྲ་བ་ཞེས་བྱ་བ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་བཅས་པའི་
སེམས་ཀྱིས། ཁ་གསག་དང་གླུ་དང་མུ་སྟེགས་ཀྱི་གཙུག་ལག་བཤད་ནས་གཞན་གྱིས་དོན་གོ་བར་གྱུར་ན་ཚིག་ཀྱལ་པ་སྟེ། དེ་བས་ན་ཆེས་མངོན་པའི་མཛོད་ལས་ཀྱང་། ཁ་གསག་གླུ་དང་གླུ་ཚིག་བཞིན། །གཙུག་ལག་ངན་པ་བཞིན་དུ་སྤང་། །ཞེས་གསུངས་

སོ། །དོན་དུ་ངག་གི་སྐྱོན་རྣམ་བཞི་སྤངས་ནས། འཇམ་པ་དང་དོན་དང་བཅས་པའི་དམ་པའི་ཆོས་སྟོན་པ་ནི། ཡང་དག་པའི་ངག་ཅེས་བྱ་སྟེ། དེ་དག་གི་མཚན་ཉིད་ཞིབ་ཏུ་ཡང་དག་པའི་ལས་ཀྱི་མཐའི་སྐབས་སུ་བཤད་དོ། །ཡང་དག་པའི་
ལས་ཀྱི་མཐའ་བསྟན་པར་བྱ་བའི་ཕྱིར། ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། ལུས་དང་། ངག་དང་། ཡིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་ལུས་དང་། ངག་དང་། ཡིད་ཀྱིས་མི་དགེ་བ་བཅུ་སྤངས་ནས་ལུས་དང་ངག་དང་ཡིད་ཀྱིས་དགེ་བ་
བཅུའི་ལས་ཀྱི་ལམ་བསྒྲུབ་པ་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ། །མི་དགེ་བ་བཅུ་དང་དགེ་བ་བཅུ་གང་ཡིན་པ་བསྟན་པའི་ཕྱིར། དེ་ལ་ལུས་ཀྱི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་ལས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་
པ་དང་། འདོད་པས་ལོག་པར་སྤྱོད་པ་ནི་ལུས་ཀྱི་ལས་མི་དགེ་བ་གསུམ་ཞེས་བྱ་བ་ལ། དེ་གསུམ་སྤངས་པ་ནི་ལུས་ཀྱི་དགེ་བ་གསུམ་ཞེས་བྱའོ། །ངག་གི་བཞི་སྟེ་ཞེས་བྱ་བ་ལ། བརྫུན་དུ་སྨྲ་བ་དང་། ངག་རྩུབ་པོ་དང་། ཕྲ་མ་དང་། ཀྱལ་པར་སྨྲ་བ་ནི་ངག་
གི་མི་དགེ་བ་བཞི་ལ་དེ་བཞི་སྤངས་པ་ནི་ངག་གི་དགེ་བ་བཞིའོ། །ཡིད་ཀྱི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་ཆགས་པ་དང་། གནོད་སེམས་དང་། ལོག་པར་ལྟ་བ་ནི། ཡིད་ཀྱི་མི་དགེ་བ་གསུམ་ལ། དེ་གསུམ་སྤངས་པ་ནི་ཡིད་ཀྱི་དགེ་བ་གསུམ་སྟེ། ལུས་ཀྱི་མི་དགེ་བ་
གསུམ་དང་། ངག་གི་མི་དགེ་བ་བཞི་དང་། ཡིད་ཀྱི་མི་དགེ་བ་གསུམ་བསྡོམས་ན་མི་དགེ་བ་བཅུའོ། །ལུས་ཀྱི་དགེ་བ་གསུམ་དང་། ངག་གི་དགེ་བ་བཞི་དང་། ཡིད་ཀྱི་དགེ་བ་གསུམ་སྟེ། བསྡོམས་ན་དགེ་བ་བཅུའོ། །ལས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པ་
བརྒྱད་ཀྱིས་རྣམ་པར་གཞག་སྟེ། ཡན་ལག་ཡོངས་སུ་རྫོགས་པ་དང་། རབ་ཏུ་དབྱེ་བ་དང་། རྒྱུ་དང་། གནས་དང་། སྒོ་དང་། ལས་ཀྱི་ལམ་ཆེ་ཆུང་དང་། འབྲས་བུ་དང་རྣམ་གྲངས་སོ། །དེ་ལ་ཡན་ལག་ཡོངས་སུ་རྫོགས་པའི་དབང་དུ་བྱས་ནས། དེ་ལ་སྲོག་གཅོད་པ་

གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡན་ལག་ལྔ་དང་ལྡན་ན་སྲོག་གཅོད་པའི་སྲོག་བཅད་པ་རྫོགས་པར་འགྱུར་ཏེ། དེ་ལས་འགའ་ཞིག་མ་ཚང་ན་ནི་སྲོག་བཅད་པ་མ་ཡིན་ནོ། །ཡང་ན་ཡན་ལག་དང་པོ་བསྟན་པའི་ཕྱིར་སྲོག་ཆགས་ཀྱང་ཡིན་ཞེས་བྱ་བ་སྨོས་
ཏེ། གང་གསད་པར་བྱ་བ་དེ་ཡང་དག་པར་ན་སེམས་ཅན་སྲོག་ཆགས་ཡིན་གྱི། མཐོ་འམ་སྡོང་བུ་ལ་སོགས་པ་མ་ཡིན་ནོ། །ཡན་ལག་གཉིས་པ་བསྟན་པའི་ཕྱིར། སྲོག་ཆགས་སུ་འདུ་ཤེས་ཀྱང་གྱུར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གང་གསད་པར་བསམས་པ་དེ་ཡང་
སྲོག་ཆགས་ཡིན་པར་ཤེས་ཤིང་། སྲོག་བཅད་པ་ཡིན་ཏེ། སྡོང་དུམ་ལ་སོགས་པ་ཡིན་ནོ་བའི་འདུ་ཤེས་ཀྱིས་སྲོག་ཆགས་ལ་བསྣུན་ན་ནི། སྲོག་བཅད་པ་ཡིན་ནོ། །དེ་ནི་མདོར་ན་འདི་སྐད་བསྟན་པ་ཡིན་ནོ། །གང་གསད་པར་བསམ་པ་དེ་ཉིད་གསད་ཀྱི་ནོར་ཏེ་གཞན་
མ་བསད་ཅེས་བྱ་བའི་དོན་ཏོ། །ཡན་ལག་གསུམ་བསྟན་པའི་ཕྱིར། གསོད་སེམས་ཀྱང་སྐྱེས་ཞེས་བྱ་བ་སྨོས་ཏེ་གསད་དོ་སྙམ་པའི་སེམས་ཀྱིས་གསོད་སེམས་སྐྱེས་ནས་བསད་ན་ནི་སྲོག་གཅོད་པ་ཡིན་གྱི། གསད་པའི་བསམ་པ་མེད་དེ་ཉོན་མོངས་པ་མེད་པའི་སེམས་
ཀྱིས་བསད་ན། སྲོག་བཅད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་བཞི་བསྟན་པའི་ཕྱིར། གནོད་པར་ཡང་བྱས་ཞེས་བྱ་བ་སྨོས་ཏེ། གསད་སེམས་ཡོད་ཀྱང་གལ་ཏེ་མཚོན་ལ་སོགས་པས་མ་བསྣུན་ན་སྲོག་བཅད་པ་མ་ཡིན་གྱི། གསད་པར་བསམས་
པས་མཚོན་ཆ་ལ་སོགས་པས་ཀྱང་བསྣུན་ཞེས་བྱ་བའི་དོན་ཏོ། །ཡན་ལག་ལྔ་བསྟན་པའི་ཕྱིར། དེ་ཡང་ཤི་ན་ཞེས་བྱ་བ་གསུངས་ཏེ། གང་གསད་པར་བྱ་བ་དེ་ཡང་སྲོག་གི་དབང་པོའི་རྒྱུན་ཆད་དེ་ཤིན་ཡན་ལག་ལྔ་ཚང་བས་སྲོག་བཅད་པ་རྫོགས་པ་ཡིན་ནོ། །
སྲོག་བཅད་ཅེས་བྱ་བ་ལ་འཚོ་བའི་དབང་པོ་ནི་སྲོག་སྟེ། དེའི་རྒྱུན་གནོད་པར་བྱེད་པའམ་འགོག་པར་བྱེད་པ་ནི་སྲོག་གཅོད་པའོ། །ཐ་ན་ཆུང་ངུ་ན་ཚེ་ཀུན་ཟད་འགགས་ཟིན་ནས་འཚོ་བའི་དབང་པོ་སྐད་ཅིག་མ་གཅིག་སྐྱེ་བར་འགྱུར་བའི་བར་ཆད་བྱས་ན་ཡང་སྲོག་བཅད་པའི་ཁ་

ན་མ་ཐོ་བ་དང་ལྡན་པར་འགྱུར་ན་གཞན་ལྟ་ཅི་སྨོས། བག་བྱས་པ་དང་མ་མཐོང་བ་མ་གཏོགས་པ་ཞེས་བྱ་བ་ལ་བག་བྱས་བཞིན་པ་ལས་ཤི་བ་དང་སྡོང་པོ་ལ་བསྣུན་ནོ་སྙམ་པ་ལས་མི་ལ་ཕོག་སྟེ་ཤི་བ་དང་། མི་ཡོད་པར་མ་མཐོང་སྟེ། རྡོ་འཕངས་
པ་ལ་སོགས་པས་ཤི་བར་གྱུར་པ་ནི་སྲོག་གཅོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། མ་བྱིན་པར་ལེན་པ་བསྟན་པར་བྱ་བའི་ཕྱིར། དེ་ལ་མ་བྱིན་པར་ལེན་པ་གང་ཡིན་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཐུའམ་སྒྱུའམ་འཇབ་བུས་གཞན་གྱི་ནོར་བླངས་པ་ནི་
མ་བྱིན་པར་ལེན་པའོ། །དེ་ཡང་ཡན་ལག་ལྔ་དང་ལྡན་ན་མ་བྱིན་པར་ལེན་པ་རྫོགས་པར་འགྱུར་རོ། །བརྐུས་པར་འགྱུར་རོ། །ཡན་ལག་དང་པོ་བསྟན་པའི་ཕྱིར། རྐུ་སེམས་ཀྱིས་ཞེས་བྱ་བ་གསུངས་ཏེ། གལ་ཏེ་གནས་འདིར་རྫས་བཞག་ན་སྟོར་བར་འགྱུར་
བས་གཞན་དུ་བཞག་གོ་སྙམ་དུ་དགེ་བའི་སེམས་ཀྱིས་བླངས་པ་ནི་མ་ཡིན་གྱི་གཞན་གྱི་ནོར་ལ་ཆགས་པས་དེ་བརྐུའོ། །སྙམ་སེམས་པའོ། །ཡན་ལག་གཉིས་པ་བསྟན་པའི་ཕྱིར། ཕ་རོལ་གྱི་ཞེས་བྱ་བ་སྨོས་ཏེ། བདག་གི་ནོར་ནི་མ་ཡིན་གྱི་སེམས་ཅན་གཞན་གྱི་
ནོར་ཞེས་བྱ་བའི་དོན་ཏོ། །ཡན་ལག་གསུམ་པ་བསྟན་པར་བྱ་བའི་ཕྱིར། ནོར་ཞེས་བྱ་བ་སྨོས་ཏེ། སེམས་ཅན་གཞན་གྱིས་བདག་གིར་བྱས་པའི་འབྲུ་དང་གཏེར་ལ་སོགས་པའི་རྫས་སོ། །ཡན་ལག་བཞི་བསྟན་པ་ནི། སྦྱོར་བར་བྱེད་པ་སྟེ། རང་གི་གནས་
ནས་འཕགས་པ་དང་། ལམ་དུ་ཞུགས་པ་དང་། ཁང་ཁྱིམ་འབུགས་པ་ནས་ནོར་རྫས་ལག་གིས་རེག་པའི་བར་དུའོ། །ཡན་ལག་ལྔ་བསྟན་པར་བྱ་བའི་ཕྱིར། བདག་གི་བྱེད་པ་ཞེས་བྱ་བ་གསུངས་ཏེ། གཞན་གྱི་ནོར་རྫས་གནས་ནས་སྤགས་ནས་བདག་ཁོ་ནའི་
ནོར་དུ་བྱས་ནས་ཡན་ལག་རྫོགས་པ་ན་མ་བྱིན་པར་བླངས་པར་འགྱུར་རོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱི་རྒྱན་བརྐུས་པས་བདག་པོ་མེད་ན་སུ་ལས་བརྐུས་པ་ཡིན། སྨྲས་པ། དེ་སངས་རྒྱས་ལས་བརྐུས་པ་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་མྱ་

ངན་ལས་འདས་པའི་ཚེ་ཡོངས་སུ་བཟུང་ཞིང་བཞེས་པས་སོ། །དགེ་སློང་ཞི་བའི་ནོར་བདག་པོ་མེད་པ་བརྐུས་ན་སུ་ལས་བརྐུས་པར་འགྱུར། སྨྲས་པ་གསོལ་བ་དང་། ཞུ་བའི་ལས་བྱས་ན་ནི་མཚམས་སུ་གཏོགས་པའི་སངས་རྒྱས་ཀྱི་སྲས་རྣམས་ལས་བརྐུས་པར་འགྱུར་རོ། །
ལས་མ་བྱས་ན་ནི་སངས་རྒྱས་ཀྱི་སྲས་ཐམས་ཅད་ལས་བརྐུས་པ་ཡིན་ནོ། །མཆོད་རྟེན་ལས་བརྐུས་པ་གང་ལས་བརྐུས་པར་འགྱུར། དེ་ཡང་དེ་བཞིན་གཤེགས་པ་ཉིད་ལས་བརྐུས་པར་འགྱུར། བདག་པོ་མེད་པའི་གཏེར་བྱིན་ན་སུ་ལས་བརྐུས་པ་ཡིན། ཡུལ་གྱི་
བདག་པོ་སྟེ། རྒྱལ་པོ་ལས་བརྐུས་པ་ཡིན་ནོ། །མ་དང་ཕ་ཞེས་བྱ་བ་ལ་སོགས་པ་ནི་ཕ་མ་ལ་སོགས་པའི་ནོར་ཡིད་གཅུགས་པ་བླངས་ཀྱང་མི་དགའ་བར་མི་འགྱུར་བའི་ནོར་བླངས་པ་ནི་མ་བྱིན་པར་བླངས་པ་མ་ཡིན་ནོ། །དེ་དག་ལ་ཡང་སྟོད་གཡོགས་དང་སྨད་གཡོགས་
ལ་སོགས་པ་ལུས་ལ་གྱོན་བཞིན་པ་ཡིན་པ་དང་། ཁ་ཟས་ཟ་བ་བཞིན་དུ་འཕྲོག་པ་ནི་དེ་དག་མི་དགའ་བར་འགྱུར་བས་ན་མ་བྱིན་པར་བླངས་པ་ཡིན་ནོ། །འདོད་པས་ལོག་པར་སྤྱོད་པ་བསྟན་པའི་ཕྱིར་འདོད་པས་ལོག་པར་སྤྱོད་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གཞན་གྱི་བུད་མེད་ལ་གཡེམས་པ་དང་ཞེས་བྱ་བར་སྦྱར་རོ། །མདོར་ན་གཞན་གྱིས་བདག་གིར་བྱས་པའི་བུད་མེད་རྣམས་ལ་མཐུའམ། རྐུན་པོར་སྤྱོད་པ་ནི་འདོད་པས་ལོག་པར་སྤྱོད་པ་ཞེས་བྱ་སྟེ། དེ་ཡང་རྣམ་པ་ལྔར་གཞག་གོ། །ལྔ་གང་ཞེ་ན། འགྲོ་
བ་མ་ཡིན་པར་འགྲོ་བ་དང་། ཡན་ལག་མ་ཡིན་པར་འགྲོ་བ་དང་། མི་རིགས་པར་འགྲོ་བ་དང་། གནས་མ་ཡིན་པར་འགྲོ་བ་དང་། དུས་མ་ཡིན་པར་འགྲོ་བའོ། །འགྲོ་བ་མ་ཡིན་པར་འགྲོ་བ་ཡང་རྣམ་པ་ལྔ་སྟེ། ཁྱོས་བསྲུངས་པ་དང་། རྒྱལ་
པོས་བསྲུངས་པ་དང་། ཕ་མས་བསྲུངས་པ་དང་། ཆོས་ཀྱིས་བསྲུངས་པ་དང་། འགྲོ་བས་བསྲུངས་པའོ། །དེ་ལ་ཁྱོས་བསྲུངས་པ་ནི། གང་དག་གི་བག་མར་བླངས་ནས་བདག་གི་ཆུང་མར་བྱས་པའོ། །རྒྱལ་པོས་བསྲུངས་པ་ནི། གང་ཁྱོ་ཤི་བར་

གྱུར་པ་ནི་བུད་མེད་ཡུགས་སའམ། མགོན་མེད་པར་རྒྱལ་པོའི་བཀའ་ཁྲིམས་ཀྱིས་ཁྲིམས་སུ་བཅད་དེ་སྤྱོད་དུ་མ་གནང་བར་བྱས་པའོ། །ཕ་མས་བསྲུངས་པ་ནི། བུ་མོ་དེ་གཞན་ལ་མ་བྱིན་གྱིས་གཞན་དང་འཁྲིར་མི་འཇུག་པའི་ཕྱིར་ཕ་མའི་གོ་ན་
གནས་པའོ། །ཆོས་ཀྱིས་བསྲུངས་པ་ནི་དགེ་སློང་མའམ། ཁྲིམས་མནོས་པ་ཐམས་ཅད་དོ། །འགྲོ་བས་བསྲུངས་པ་ནི། འགྲོ་བ་མང་པོས་ཁྲིམས་སུ་བཅས་ཏེ། འདོད་ཆགས་སྤྱོད་དུ་མི་སྟེར་བའོ། །དེ་ལ་ཁྱོས་བསྲུངས་པ་ལ་སྤྱད་ན་ཁྱོ་ལས་འདོད་པས་ལོག་
པར་སྤྱོད་པ་ཡིན་ནོ། །རྒྱལ་པོས་བསྲུངས་པ་ལ་སྤྱད་ན། རྒྱལ་པོ་ལས་ཕྲོགས་ཤིང་མི་ཚངས་པར་སྤྱད་པ་ཡིན་ཏེ། དེས་དེ་ལ་མི་བཟོད་པར་བྱ་བའི་ཕྱིར་རོ། །རྒྱལ་པོ་དེ་ཉིད་དེ་ལ་སྤྱོད་ན། གང་ལས་མི་ཚངས་པར་སྤྱོད་པ་ཡིན་ཞེ་ན། དཔེར་ན་རྒྱལ་
པོའི་བཙུན་མོ་དུས་ཁྲིམས་མ་ནོས་པའི་ཚེ་སྤྱད་ན་རྒྱལ་པོ་ཉིད་མི་ཚངས་པར་སྤྱོད་པའི་ཁ་ན་མ་ཐོ་བ་དང་ལྡན་པ་བཞིན་དུ་དོན་འདི་ཡང་འདྲ་བར་བལྟའོ། །ཆོས་ཀྱིས་བསྲུངས་པ་དགེ་སློང་མ་ལ་མི་ཚངས་པར་སྤྱད་ན། གང་ལས་མི་ཚངས་པར་སྤྱད་པ་ཡིན་ཞེ་ན། རྒྱལ་པོ་
ལས་གཞན་དུ་བརྐུས་ཤིང་མི་ཚངས་པར་སྤྱད་པ་ཡིན་ཏེ། དེས་དེ་ལ་མི་བཟོད་པར་བྱ་བ་ཡིན་པས་སོ། །རྒྱལ་པོ་ཉིད་དེ་ལ་སྤྱོད་ན། གང་ལས་མི་ཚངས་པར་སྤྱོད་པ་ཡིན་ཞེ་ན། དཔེར་ན་རྒྱལ་པོའི་བཙུན་མོ་དུས་ཁྲིམས་མནོས་པ་ལ་སྤྱད་པ་དང་འདྲ་བར། ཁ་ན་མ་
ཐོ་བ་ཐོབ་པར་འགྱུར་རོ། །འགྲོ་བས་བསྲུངས་པ་ལ་སྤྱད་ན། གང་ལས་མི་ཚངས་པར་སྤྱད་པ་ཡིན་ཞེ་ན། འགྲོ་བ་མང་པོ་ལས་བརྐུས་ཤིང་མཚུངས་པར་སྤྱོད་པར་འགྱུར་རོ། །ཡན་ལག་མ་ཡིན་པར་འགྲོ་བ་ནི། རང་གི་ཁ་དང་མི་གཙང་བའི་ལམ་དང་།
བདག་གི་ཆུང་མ་ལ་ཡང་ཁ་རྐུབ་ལ་སོགས་པ་སྤྱད་པར་བྱ་བ་མ་ཡིན་པའི་གནས་སུ་སྤྱོད་པའོ། །མི་རིགས་པར་འགྲོ་བ་ནི་མ་དང་སྲིང་མོ་ལ་སོགས་པ་རིགས་ཀྱི་རྒྱུད་དང་འདྲེལ་པ་རྣམས་ལ་འགྲོ་བའོ། །གནས་མ་ཡིན་པར་འགྲོ་བ་ནི། གཡེལ་བ་ཀུན་གྱིས་མཐོང་བའི་

གནས་སམ། མཆོད་རྟེན་དང་། གཙུག་ལག་ཁང་ལ་སོགས་པའི་གནས་སུ་སྤྱོད་པའོ། །དུས་མ་ཡིན་པར་འགྲོ་བ་ནི། ཉིན་པར་བདག་གི་ཆུང་མ་ཁྲག་འཛག་པའམ། ལྟོ་སྦྲུམ་པའམ། བྱིས་པ་ཆུང་ངུ་ནུ་མ་བསྣུན་པའི་ཚེ་སྤྱོད་པ་སྟེ། སྦྲུམ་པའི་ཚེ་སྤྱད་
ན་ནི། མངལ་ན་གནས་པ་ལ་གནོད་པ་དང་། བྱིས་པ་ཆུང་ངུ་འོ་མ་འཐུང་བའི་ཚེ་སྤྱད་ན་ནི། འོ་མ་མྱུར་དུ་ཟད་པར་འགྱུར་ལ། འོ་མ་འཐུངས་ཀྱང་དེ་ལ་ལུས་བརྟས་པ་དང་རྒྱས་པར་མི་འགྱུར་བའི་ཕྱིར་སྤྱད་དུ་མི་རུང་ངོ་། །ལུས་ཀྱི་མི་དགེ་བ་གསུམ་རྒྱས་པར་བཤད་
པ་བསྡུ་བའི་ཕྱིར། འདི་ནི་ལུས་ཀྱི་རྣམ་པ་གསུམ་མོ་ཞེས་བྱ་བ་གསུངས་སོ། །འདོད་པས་ལོག་པར་སྤྱོད་ཅེས་བྱ་བའི་ཚིག་གི་དོན་བསྟན་པའི་ཕྱིར། འདོད་པ་འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་འདོད་པ་ཞེས་བྱ་བའི་ཚིག་འདི་ནི་ངན་པ་
འཕགས་པ་རྣམས་ཀྱིས་སྨད་པ་ཡིན་པས། དེའི་ཕྱིར་འདོད་པས་ལོག་པར་གཡེམ་པ་ཞེས་བྱའོ། །དེ་ཡང་ཡན་ལག་ལྔ་རྫོགས་པ་ན། འདོད་པས་ལོག་པར་སྤྱོད་པ་ཡིན་ཏེ། ཡན་ལག་ལྔ་ནི་བུད་མེད་ཀྱང་ཡིན། སྒོ་གསུམ་ཡང་མ་ཉམས། ཆགས་
སེམས་ཀྱང་ཡོད། སྒོ་གསུམ་དུ་ཡང་བཅུག། དགའ་བར་ཡང་ཚོར་བའོ། །བརྫུན་དུ་སྨྲ་བ་བསྟན་པའི་ཕྱིར། བརྫུན་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་མ་ཡིན་པའི་ཚིག་ནི་བརྫུན་ནོ། །དེ་ཡང་འཇིག་རྟེན་གྱི་ཕྱིར་དང་། འཇིག་
རྟེན་ལས་འདས་པའི་ཕྱིར་ཏེ། རྣམ་པ་གཉིས་སུ་གཞག་གོ། །དེ་ལ་འཇིག་རྟེན་གྱི་དབང་དུ་བྱས་ནས། དབང་དྲིས་ན་ཡང་དག་པ་ཇི་ལྟ་བས་ལོག་པར་སྨྲ་བ་ཞེས་བྱ་བ་གསུངས་ཏེ། མི་གཉིས་ཤིག་ཤགས་ལ་ཞུགས་པ་ན། དགེ་བའི་མི་རྣམས་ཀྱི་ལ་ལ་
ཞིག་ལ་དབང་དུ་བསྐོས་ཏེ། མི་འདི་གཉིས་ཀྱི་ཕྱིར་སྨྲས་པ་རྣམས་ཇི་ལྟར་ཐོས་པ་དང་། མཐོང་བ་བཞིན་དུ་སྨྲོས་ཤིག་ཅེས་བསྒོ་བ་དང་། བདག་གི་དོན་ནམ་གཞན་བསླུ་བར་བྱ་བའི་ཕྱིར་དབང་པོ་དེ་དྲིས་པའི་དུས་ན་ཐོས་པ་དང་། མཐོང་བ་ལ་སོགས་པ་ཡང་

དག་པ་ཇི་ལྟ་བ་བཞིན་དྲང་པོར་མི་སྨྲའི། གཞན་དུ་སྨྲ་བ་ནི་བརྫུན་ཞེས་བྱའོ། །བརྫུན་དུ་སྨྲ་བའི་མི་དེས་ཀྱང་དོན་ཤེས་པའི་མདུན་དུ་སྨྲ་བ་གོ་བར་གྱུར་ན། བརྫུན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་བརྫུན་གྱི་མཚན་ཉིད་གཞན་དུ་འདུ་ཤེས་
པའི་ངག་དོན་ཤེས་པའི་མདུན་དུ་སྨྲ་བ་བརྫུན་དུ་འགྱུར་ཞེས་བཤད་དོ། །འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ནས། དགྲ་མ་བཅོམ་པ་ལ་དགྲ་བཅོམ་པའོ་ཞེས་བྱ་བ་གསུངས་ཏེ། དགྲ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའོ། །དེ་བཅོམ་པ་ནི་དགྲ་
བཅོམ་པའོ། །བསོད་ནམས་ཀྱི་ཞིང་དམ་པར་གྱུར་པས་འགྲོ་བ་ཀུན་གྱིས་མཆོད་པར་འོས་པ་ནི་དགྲ་བཅོམ་པ་ཞེས་བྱ་སྟེ། ཁེ་དང་བཀུར་སྟེ་ལ་ཆགས་པའི་རྒྱུས་དགྲ་བཅོམ་པ་མ་ཡིན་པར་དགྲ་བཅོམ་པ་ཡིན་ནོ་ཞེས་སྨྲས་ན། བརྫུན་ཞེས་བྱ་བ་སྟེ་བཞད་གད་ཀྱི་
ཕྱིར་བྱས་པ་ནི་བརྫུན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་དོན་གང་གིས་གོ་བར་བྱ་བ་དེ་ལུས་ཀྱིས་གོ་བར་བྱས་ན། བརྫུན་དུ་འགྱུར་རམ། སྨྲས་པ། དེ་ཡང་འགྱུར་ཏེ་དེའི་ཕྱིར་བཤད་པ། འདི་ལྟར་ཚིག་མི་འབྱིན་ན་བརྫུན་གྱི་ཁ་ན་མ་ཐོ་བས་རིགས་པ་ཡོད་དམ། ཡོད་དེ་
ལུས་ཀྱིས་གལ་ཏེ་གོ་བར་བྱེད་ནའོ་ཞེས་དཔེར་ན་གསོ་སྦྱིན་གྱི་ཚེ་བཤད་པའོ། །ཡན་ལག་བཞི་དང་ལྡན་ན་བརྫུན་བྱས་པར་འགྱུར་ཏེ། ཁེ་དང་བཀུར་སྟི་ལ་ཆགས་པས་བདག་གི་ཕྱིར་དང་། བརྫུན་སྨྲ་བར་བསམ་པ་དང་། གཞན་གྱིས་གོ་བར་གྱུར་པའོ། །ཕྲ་མ་བསྟན་
པར་བྱ་བའི་ཕྱིར། ཕྲ་མ་གང་ཞེ་ན། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཛའ་བ་དབྱེ་བར་བྱ་བའི་ཕྱིར། བསམ་པས་ཕན་ཚུན་ཚིག་སྐྱེལ་བ་ནི་ཕྲ་མ་སྟེ། དེ་ཡང་ཡང་དག་པའི་ཚིག་སྐྱེལ་བ་དང་། ཡང་དག་པ་མ་ཡིན་པའི་ཚིག་སྐྱེལ་བ་སྟེ་རྣམ་པ་གཉིས་
སོ། །དེ་ལ་བདེན་པ་ཞེས་བྱ་བས་ཡང་དག་པའི་ཚིག་སྐྱེལ་བ་བསྟན་ཏེ། གཞན་གྱིས་གཞན་དག་ལ་མི་དགའ་བའི་ཚིག་སྨྲས་པར་ཡང་བདེན་ལ། དེ་ཉིད་སྒྲོ་མ་བཏགས་པར་ཕན་ཚུན་སྐྱེལ་བའོ། །ཡང་དག་པ་མ་ཡིན་པ་ནི་གཞན་གྱིས་གཞན་དག་ལ་ཚིག་མི་སྙན་པར་མ་

སྨྲས་ཀྱང་། སྒྲོ་བཏགས་ནས་ཕན་ཚུན་ཚིག་སྐྱེལ་བ་སྟེ། དེ་ལྟ་བུའི་སྒོ་ནས་མཛའ་བ་འབྱེད་པར་བྱེད་པའི་ཚིག་སྨྲ་ཞིང་བྱེ་བར་གྱུར་ན་ཕྲ་མའོ། །ཡན་ལག་བཞི་དང་ལྡན་ན་ཕྲ་མ་བྱས་པ་ཡིན་ཏེ། ཕྲ་མ་བྱ་བར་ཡང་བསམས་ཕྲ་མའི་ཚིག་ཀྱང་སྨྲས། གཞན་གྱིས་དོན་གོ་
བར་ཡང་གྱུར་བའོ། །ཚིག་རྩུབ་པོ་བསྟན་པའི་ཕྱིར། དེ་ལ་ངག་རྩུབ་པོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གཞན་གྱི་ཞེར་འདེབས་པའི་ཚིག་ནི་ཚིག་རྩུབ་པོའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ནི་སྡུག་བསྔལ་བར་གྱུར་ཅིག་ཅེས་
བྱ་བ་ལ་སོགས་པ་གསུངས་ཏེ། ཞེ་སྡང་གི་སེམས་ཀྱིས་གཞན་གྱི་སེམས་ལ་སྡུག་བསྔལ་བར་འདོད་དེ། གང་གཞན་གྱི་ཡིད་དུ་མི་འོང་ཞིང་མི་དགའ་བར་གྱུར་པའི་ཚིག་རིགས་དང་རུས་དང་སྐྱོན་ལ་སོགས་པ་སྨྲ་བ་ནི་ཚིག་རྩུབ་པོ་ཞེས་བྱའོ། །ཡན་ལག་བཞི་དང་ལྡན་
ན་ཚིག་རྩུབ་པོ་སྨྲས་པ་ཡིན་ཏེ། ཞེ་སྡང་བའི་སེམས་དང་ཚིག་རྩུབ་མོ་སྨྲ་བར་བསམ་པ་དང་། སྨྲས་པ་དང་། དེའི་རྒྱུས་གཞན་ཡང་སེམས་ལ་སྡུག་བསྔལ་བར་འགྱུར་བའོ། །ཚིག་ཀྱལ་པ་བསྟན་པར་བྱ་བའི་ཕྱིར། ཀྱལ་པར་སྨྲ་བ་གང་ཞེ་ན་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ། མདོར་ན་རྣམ་པར་བྱང་བ་ཐོབ་པ་དང་། ཉོན་མོངས་པ་འཇོམས་པར་བྱེད་པའི་དོན་དང་། ཆོས་ཀྱི་གཏམ་མ་ཡིན་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཚིག་སྨྲ་བ་ནི་ཀྱལ་པར་སྨྲ་བ་ཞེས་བྱའོ། །དེ་ཉིད་གང་ཡིན་པ་རྒྱས་
པར་བསྟན་པ་ནི། རྒྱལ་པོའི་གཏམ་ཞེས་བྱ་བ་ལ་སོགས་པའོ། །སྔོན་རྒྱལ་པོ་ཤྲི་རི་ཧ་རི་ཤ་ཞེས་བྱ་བ་བྱུང་སྟེ། དེའི་འཁོར་དང་བློན་པོ་དང་ཕོ་བྲང་ལ་སོགས་པ་འདི་འདྲ་བའོ་ཞེས་སྨྲ་བ་ནི་རྒྱལ་པོའི་གཏམ་མོ། །རྐུན་པོ་འགའ་འམ་སྡེར་ཆས་པ་ཆེ་གེ་མོ་ཞིག་གིས་
གཞན་གྱི་གནས་བཅོམ་ནས་རྫས་ལ་སོགས་པ་འདི་ལྟར་ཁྱེར་རོ་ཞེས་སྨྲ་བ་ནི་རྐུན་པོའི་གཏམ་མོ། །རྒྱལ་པོ་སྡེ་གཉིས་ལས་དམག་གིས་འཐབ་པ་ན་དཔའ་བོ་ནི་འདི་སྙེད། གླང་པོ་ནི་འདི་སྙེད། རྟ་ནི་འདི་སྙེད། དཔུང་བུ་ཆུང་ནི་འདི་སྙེད་ཅིག་སྟེ། མཐའ་འདི་

ལྟར་འགྱུར་རོ་ཞེས་སྨྲ་བ་ནི་དམག་གི་གཏམ་མོ། །བདག་ཅག་གི་ཕ་མ་ཉེ་དུ་གཉེན་བཤེས་སམ་མཛའ་བོ་རྣམས་དང་དུས་འདིའི་ཚེ། བཟའ་བ་འདི་ལྟ་བུ་དང་བཏུང་བ་འདི་ལྟ་བུ་དང་སྤྱོད་སྤྱོད་དེ་འདི་ལྟར་དགའ་བར་གནས་ཤེ་འམ། ཕྱིས་ཀྱང་བཟའ་
བ་དང་བཏུང་བ་འདི་ལྟ་བུ་དག་བྱའོ་ཞེས་སྨྲ་བ་ནི་ཆང་གི་གཏམ་མོ། །རྒྱན་པོ་འདི་གཉིས་རྒྱན་བ་ཀྱེ་བ་ལས་འདི་ཕམ། འདི་རྒྱལ་ཞེ་འམ། བདག་ཅག་ཀྱང་དུས་འདིར་རྒྱན་པོ་འདི་ལྟར་རྒྱལ་ལོ། །ཞེས་སྨྲ་བ་ནི་རྒྱན་པོའི་གཏམ་མོ། །སྔོན་ནམ་ད་ལྟར་འགྲོ་བ་
བཟང་མོ་འདི་ལྟ་བུ་དག་འབྱུང་སྟེ། སྐྱེས་བུ་འདི་དག་དང་རྟག་ཏུ་འགྲོགས། བདག་ཀྱང་འགྲོ་བ་བཟང་མོ་འདི་ལྟ་བུ་འདི་སྙེད་ཅིག་དང་འགྲོགས་ཏེ་སྤྱོད་པ་འདི་འདྲ་ཞེས་སྨྲ་བ་ནི་བུད་མེད་ཀྱི་གཏམ་མོ། །སྔོན་གྱི་རྒྱལ་པོ་དང་། བློན་པོ་དང་བྲམ་ཟེ་དང་ཁྱིམ་བདག་
ལ་སོགས་པ་ཤེས་པ་དང་། དཔའ་བའི་གཏམ་གྱི་རྒྱུད་གླེང་བ་ནི་སྒྲུང་གཏམ་མོ། །གཞན་ཡང་གླུ་ལེན་པ་དང་མུ་སྟེགས་ཀྱི་གཙུག་ལག་ལ་སོགས་པ་འཆད་པ་ཡང་ཚིགས་ཀྱལ། པ་ཞེས་བྱའོ། །འོ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དུས་ན། གླུ་ལེན་པ་དེ་ཡང་
ཀྱལ་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། འཁོར་བ་ལས་བྱུང་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཚིག་དག་གླུ་དང་སྦྱར་ཏེ་ལེན་ལ་གྲོང་མིའི་ཚིག་ལྟ་བུར་མི་རིགས་པས་བསྡུས་པ་མེད་པས་ན་ཉེས་པ་མེད་དོ། །ཡན་ལག་བཞི་དང་ལྡན་ན་ཚིག་ཀྱལ་པར་སྨྲ་
བ་ཡིན་ཏེ། ཡན་ལག་བཞི་ནི་ཆགས་པའི་བསམ་པ་དང་ལྡན་པ་དང་། ཚིག་ཀྱལ་པར་སྨྲ་བར་བསམ་པ་དང་། ཚིག་ཀྱལ་པར་སྨྲས་པ་དང་། གཞན་དག་གིས་ཀྱང་ཐོས་ཏེ་ཆགས་པ་སྐྱེས་སོ། །ངག་གི་ལས་རྒྱས་པར་བཤད་པ་བསྡུ་བའི་ཕྱིར་འདི་ནི་ངག་
གི་རྣམ་པ་བཞིའོ། །ཞེས་བྱ་བ་གསུངས་སོ། །ཆགས་སེམས་བསྟན་པའི་ཕྱིར། དེ་ལ་ཆགས་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གཞན་གྱི་ནོར་དེ་རྣམས་བདག་གིར་གྱུར་ཅིག་ཅེས་བྱ་བ་ལ། གང་སེམས་ཅན་གཞན་གྱི་

ནོར་འབྲུའི་དངོས་པོ་དང་། གཏེར་གྱི་དངོས་པོ་དང་། ཡུལ་གྱི་དངོས་པོ་རྣམས་ལ་ཆགས་པས་དེ་དག་ཇི་ལྟར་བདག་གིར་གྱུར་པར་བྱ་ཞེས་བསམས་ཏེ། གཞན་གྱི་ནོར་ལ་མཐུ་དང་འཇབ་བུ་ལ་སོགས་པས་བརྐུས་ནས་བདག་གིར་བྱེད་པར་འདོད་པ་ནི་ཆགས་པ་ཞེས་
བྱའོ། །ཡན་ལག་གསུམ་དང་ལྡན་ན་ཆགས་སེམས་སུ་འགྱུར་ཏེ། ཆགས་པའི་བསམ་པ་ཡང་ཡོད། ནོར་ལ་བརྐུ་བར་ཡང་སེམས། བརྐུ་བར་བྱ་བའི་སྦྱོར་བ་ཡང་རྩོམ་པའོ། །གནོད་སེམས་བསྟན་པར་བྱ་བའི་ཕྱིར། དེ་ལ་གནོད་སེམས་གང་ཞེ་ན་
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེ་སྡང་གི་སེམས་ཀྱིས་གཞན་གྱི་འཚོ་བ་དང་དབྲལ་བར་བྱ་བའམ། ལུས་ལ་གནོད་པར་བྱ་བ་སེམས་པ་ནི་གནོད་སེམས་སོ། །དེ་གཉིས་ཀྱི་དོན་བསྟན་པར་བྱ་བའི་ཕྱིར། ཕ་རོལ་འཚོ་བ་དང་དབྲལ་བ་ཞེས་བྱ་བ་གསུངས་ཏེ།
འཚོ་བ་དང་དབྲལ་བར་སེམས་པ་ནི་གཞན་དག་གསད་པར་སེམས་པའོ། །བཅད་པ་ནི་མཚོན་ཆ་ལ་སོགས་པས་ཡན་ལག་གཏུབས་པར་སེམས་པའམ། ནོར་ལ་སོགས་པ་དང་དབྲལ་བར་སེམས་པའོ། །གཟིར་བ་ནི་བཅིངས་པ་དང་བརྡེག་པ་ལ་སོགས་པར་
སེམས་པའོ། །ཡན་ལག་གསུམ་དང་ལྡན་ན་གནོད་སེམས་སུ་འགྱུར་ཏེ། ཞེ་སྡང་དང་ལྡན་པ་དང་། གནོད་པར་བྱ་བར་སེམས་པ་དང་། གནོད་པར་བྱ་བའི་ཕྱིར་སྦྱོར་བ་ལ་རྩོམ་པའོ། །ལོག་པའི་ལྟ་བ་བསྟན་པར་བྱ་བའི་ཕྱིར། དེ་ལ་ལོག་པའི་ལྟ་བ་གང་ཞེ་ན་
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དག་པའི་ལྟ་བ་ལས་བཟློག་པ་ནི་ལོག་པའི་ལྟ་བ་སྟེ། དེ་ཡང་འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ལ་སོགས་པ་གོང་མ་ལས་བཟློག་པའོ། །ལོག་པའི་ལྟ་བས་ཆོས་ལྔ་ལ་སྐུར་པ་འདེབས་
ཏེ། འཇིག་རྟེན་ཕ་རོལ་དུ་འགྲོ་བ་དང་མི་འགྲོ་བ་ལ་སྐུར་པ་འདེབས་པ་དང་། ས་བོན་འཇོག་པ་དང་གཞི་ལ་སྐུར་པ་འདེབས་པ་དང་། རྒྱུ་ལ་སྐུར་པ་འདེབས་པ་དང་། འབྲས་བུ་ལ་སྐུར་པ་འདེབས་པ་དང་། དམ་པའི་དངོས་པོ་ཆུད་ཟ་བར་བྱེད་པའོ། །དེ་ལ་

འཇིག་རྟེན་འདི་མེད་འཇིག་རྟེན་ཕ་རོལ་མེད་ཅེས་བྱ་བ་ནི། འཇིག་རྟེན་ཕ་རོལ་དུ་འགྲོ་བ་དང་མི་འགྲོ་བ་ལ་སྐུར་པ་འདེབས་པའོ། །མ་མེད་ཕ་མེད་ཅེས་བྱ་བ་ནི་ས་བོན་དང་གཞིའི་བྱ་བ་ལ་སྐུར་པ་འདེབས་པའོ། །སྦྱིན་པ་མེད་སྦྱིན་སྲེག་མེད། འདོད་པ་དང་མི་འདོད་
པ་མེད་ཅེས་བྱ་བ་ནི་རྒྱུ་ལ་སྐུར་པ་འདེབས་པའོ། །ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་མེད་ཅེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་ན་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་མེད་ཅེས་བྱ་བ་ནི་དམ་པའི་
དངོས་པོ་ཆུད་ཟ་བར་བྱེད་པའོ། །ཡན་ལག་གསུམ་དང་ལྡན་ན་ལོག་པའི་ལྟ་བ་ཡིན་ཏེ། གཏི་མུག་དང་ལྡན་པ་དང་། འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་ལ་སོགས་པ་སེམས་ཡིད་ཆེས་པ་དང་། དེ་བཞིན་དུ་ཡང་ཚིག་ཏུ་ཡང་འབྱིན་པའོ། །རབ་ཏུ་དབྱེ་བ་ནི་
མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་རྣམ་པ་བཞིར་གཞག་སྟེ། དངོས་པོ་དང་། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་པའོ། །དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་དངོས་པོ་ནི་དངོས་པོ་གང་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པ་འབྱུང་བ་སྟེ། དེ་
ཡང་སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་། སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པ་སྟེ། རྣམ་པ་གཉིས་སོ། །བསམ་པ་ནི་དངོས་པོ་དེ་ཡིན་པར་ཤེས་པ་དང་། དེའི་ལས་བྱ་བར་འདོད་པའི་སེམས་སྐྱེས་པའོ། །སྦྱོར་བ་ནི་དེའི་ལས་བྱ་བའི་ཕྱིར་
བདག་གམ་གཞན་གྱི་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་རྩོམ་པ་འཇུག་པའོ། །ཡོངས་སུ་རྫོགས་པ་ནི་སྦྱོར་བ་དེ་དང་དེ་ལས་དེ་དག་གིས་དེའི་དུས་ན་མཐར་ཕྱིན་པར་བྱས་པའམ། ཕྱིས་མཐར་ཕྱིན་པར་བྱས་པའོ། །དེ་ལ་སྲོག་གཅོད་པའི་དངོས་པོ་ནི་མི་དང་ཕྱུགས་ལ་
སོགས་པ་སེམས་ཅན་གྱི་གྲངས་སུ་གཏོགས་པའོ། །བསམ་པ་ནི་སེམས་ཅན་ཡིན་པ་ཡང་ཤེས་ལ། དེ་བསད་པ་ཡང་བསམ་པའོ། །སྦྱོར་བ་ནི་དེ་ལ་འགའ་ཞིག་ཕྱུགས་བསད་པར་འདོད་ནས་ཁྲི་ལས་ལྡང་། རིན་བླངས། ལམ་དུ་ཞུགས། བསྣམས་

ཁྲིད་བྲན་ཁྲིམས་བཅུག། མཚོན་གྱིས་བསྡུན་ཏེ། མཚོན་གཅིག་གཉིས་ལ་སོགས་པ་ཇི་སྲིད་དུ་འཚོ་བ་དང་བྲལ་བར་མ་གྱུར་གྱི་བར་གྱི་ལས་བྱེད་པ་ནི་སྦྱོར་བའོ། །ཡོངས་སུ་རྫོགས་པ་ནི་སྲོག་ཆགས་དེ་སྦྱོར་བ་དེས་དེའི་ཚེ་ཤི་བའམ། ཕྱིས་ཤི་བར་གྱུར་པའོ། །
མ་བྱིན་པར་ལེན་པའི་དངོས་པོ་ནི་མི་དང་ཕྱུགས་ལ་སོགས་པའི་སེམས་ཅན་གྱི་དངོས་པོའམ། འབྲུ་དང་གཏེར་ལ་སོགས་པའི་སེམས་ཅན་མ་ཡིན་པའི་དངོས་པོའོ། །བསམ་པ་དེ་ནི་དངོས་པོ་དེ་ཀུན་ཡིན་པར་ཤེས་ལ། གཞན་གྱིས་ཡོངས་སུ་བཟུང་བའི་དངོས་པོ་བདག་
གིར་བྱ་བར་འདོད་པའོ། །སྦྱོར་བ་ནི་ཁྲི་ལས་ལྡང་ངོ་། །ལམ་དུ་འཇུག་གོ། །ཁྱིམ་འབིགས་པ་ལ་སོགས་པ་བྱེད་པ་ནས། ཇི་ལྟར་ཇི་སྲིད་དུ་དངོས་པོ་མ་བླངས་ཀྱི་བར་གྱི་ལས་བྱེད་པའོ། །ཡོངས་སུ་རྫོགས་པ་ནི་མཐུའམ། འཇབ་བུས་དངོས་པོ་དེ་དག་
བདག་གིར་བྱས་པའོ། །འདོད་པས་ལོག་པར་སྤྱོད་པའི་དངོས་པོ་ནི་འགྲོ་བར་བྱ་བ་མ་ཡིན་པ་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་གཏོགས་པ་ཉིད་དོ། །བསམ་པ་ནི་བུད་མེད་ལ་སོགས་པ་ཡིན་པར་ཡང་ཤེས་ལ། དེ་ལ་ཀུན་ཏུ་སྤྱད་པར་བྱ་བར་འདོད་པ་སྐྱེས་པའོ། །
སྦྱོར་བ་ནི་ཀུན་ཏུ་སྤྱད་པར་བྱ་བའི་ཕྱིར་སྟན་ལས་ལངས་ནས་བུད་མེད་ཀྱི་གནས་སུ་ཕྱིན་ཏེ། མགོ་དང་རྐང་ལག་ལ་སོགས་པ་ལ་འཛིན་པའི་བར་གྱི་ལས་བྱེད་པའོ། །ཡོངས་སུ་རྫོགས་པ་ནི་གཉིས་ཀྱིས་གཉིས་སྤྲད་པའོ། །བརྫུན་དུ་སྨྲ་བའི་དངོས་པོ་ནི་མི་ལ་སོགས་པ་
སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་འབྲུ་ལ་སོགས་པ་སེམས་ཅན་གྱི་གྲངས་སུ་མ་གཏོགས་པ་དང་། མཐོང་བ་དང་། ཐོས་པ་དང་། རིག་པ་དང་།ཤེས་པ་དང་། མ་མཐོང་བ་དང་། མ་ཐོས་པ་དང་། མ་རིག་པ་དང་། མ་ཤེས་པའོ། །བསམ་པ་ནི་ཤེས་བཞིན་དུ་གཞན་དུ་
འདུ་ཤེས། གཞན་དུ་སྨྲ་བར་འདོད་པའོ། །སྦྱོར་བ་ནི་དེའི་ཕྱིར་ཁྲི་ལས་ལྡང་བ་དང་། ལམ་དུ་འཇུག་པ་དང་། སྨྲ་བར་རྩོམ་པའི་བར་དུའོ། །ཡོངས་སུ་རྫོགས་པ་ནི་དབང་གི་འཁོར་ཚོགས་པའི་དབུས་སུ་བརྫུན་གྱི་ཚིག་སྨྲས་པའོ། །ཕྲ་མའི་དངོས་པོ་ནི་དུམ་པའི་

སེམས་ཅན་དང་། མ་དུམ་པའི་སེམས་ཅན་དང་། ཕྱོགས་གཉིས་སོ། །དེ་ལ་དུམ་པ་ནི་སྔ་ནས་མཛའ་བའོ། །མ་དུམ་པ་ནི་བྱེ་བར་གྱུར་པའོ། །བསམ་པ་ནི་དེ་ཉིད་དབྱེ་བར་བྱ་བར་འདོད་པའི་སེམས་ཏེ། དེ་ཡང་འདུམ་པ་ལ་མི་དགའ་
བ་དང་། མི་འདུམ་པ་ལ་དགའ་བ་སྟེ། རྣམ་པ་གཉིས་སོ། སྦྱོར་བ་ནི་དེ་དག་དབྱེ་བར་བྱ་བའི་ཕྱིར་སྟན་ལས་ལངས་པ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་ཚུ་རོལ་ནས་བླངས་ཏེ་ཕ་རོལ་དུ་བསྙད་པ་དང་། ཕ་རོལ་དུ་བླངས་ནས་ཚུ་རོལ་དུ་
བསྙད་ནས་ཕྱོགས་སུ་དབྱེ་བར་གྱུར་པའོ། །དེ་ལ་མཛའ་བ་རྣམས་ལ་ནི་མི་མཛའ་བར་བྱ་བའི་ཕྱིར་དབྱེ་བའི་ཚིག་སྨྲ་བ་སྟེ། མི་མཛའ་བ་རྣམས་ལ་ཕྱིས་ཀྱང་མཛའ་བར་མི་འགྱུར་བའི་ཕྱིར་ཚིག་གིས་སྣོན་པའོ། །ངག་རྩུབ་པོའི་དངོས་པོ་ནི་ཞེ་སྡང་གི་རྒྱུར་གྱུར་པའི་
སེམས་ཅན་ནོ། །བསམ་པ་ནི་དེ་ལ་གནོད་པའི་སེམས་སྐྱེས་པ་སྟེ། དེ་ཡང་འདིར་སྔོན་བདག་ལ་གནོད་པར་བྱས། ད་ལྟར་གནོད་པར་བྱེད། མ་འོངས་པ་ན་གནོད་པར་བྱེད་པར་འགྱུར་ཏེ། འདིས་བདག་གི་མཛའ་བོ་ལ་སྔོན་གནོད་པ་བྱས། ད་ལྟར་གནོད་པ་བྱེད་དོ། །
ཕྱིས་གནོད་པ་བྱེད་པར་འགྱུར། འདིས་སྔོན་བདག་གི་དགྲ་ལ་ཕན་བཏགས། ད་ལྟར་ཕན་འདོགས། ཕྱིས་ཕན་གདགས་པར་འགྱུར་ཞེས་སེམས་ཞིང་། དེ་གནོད་པ་བྱ་བར་འདོད་པའོ། །སྦྱོར་བ་ནི་དེ་ལ་གནོད་པར་བྱ་བའི་ཕྱིར་སྟན་ལས་ལངས་པ་ལ་སོགས་པའི་
ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་དེའི་རྒྱུ་ལས་རིགས་དང་རུས་དང་སྐྱོན་ལ་སོགས་པ་སྨོས་ཏེ། གཞན་གྱི་སེམས་སྡུག་བསྔལ་བར་གྱུར་པའི་ཚིག་རྩུབ་མོ་འབྱིན་པའོ། །ཚིག་ཀྱལ་པའི་དངོས་པོ་ནི་རྒྱལ་པོ་དང་རྐུན་པོ་ལ་སོགས་པའི་དོན་མེད་པས་ཡོངས་
སུ་བསྡུས་པའི་གཏམ་རྒྱུད་དོ། །བསམ་པ་ནི་གཏམ་དེ་བྱ་བར་སེམས་ཤིང་འདོད་པ་སྐྱེས་པའོ། །སྦྱོར་བ་ནི་གཏམ་བྱ་བའི་ཕྱིར་རང་རང་གི་སྟན་ལས་ལྡང་བ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་འཁོར་འདུས་པའི་ནང་དུ་གཏམ་སྨྲ་བའོ། །ཆགས་

སེམས་ཀྱི་དངོས་པོ་རྣམ་པ་གཉིས་ཏེ། བདག་གིར་བྱ་བའི་དངོས་པོ་རྣམ་མི་གཏོང་བ་དང་། ཡོངས་སུ་མི་གཏོང་བའི་དངོས་པོའོ། །དེ་ལ་མི་གཏོང་བའི་དངོས་པོ་ནི་ནོར་དང་འབྲུ་ལ་སོགས་པའི་རྫས་སོ། །ཡོངས་སུ་མི་གཏོང་བའི་དངོས་པོ་ནི་ལྷག་པར་ཆགས་པར་འགྱུར་བའི་
ཡུལ་ཏེ། བུ་དང་ཆུང་མ་ལ་སོགས་པའོ། །བསམ་པ་ནི་དངོས་པོ་དེ་ཡིན་པར་ཤེས་ཤིང་དེ་ལ་འདོད་པ་སྐྱེ་བ་སྟེ། འདོད་པ་སྐྱེ་བ་ཡང་བསླང་བའི་སྒོ་དང་། འཐོབ་པར་སྨོན་པའི་སྒོ་དང་། བརྐུ་བའི་སྒོ་དང་། རྣམ་པ་གསུམ་མོ། །དེ་ལ་བསླང་བའི་སྒོ་ནི་དངོས་
པོ་དེ་ལ་ཆགས་པས་བླངས་ཏེ། ཐོབ་པར་བྱའོ་སྙམ་དུ་སེམས་པའོ། །ཐོབ་པར་སྨོན་པའི་སྒོ་ནི་ཅི་ནས་ཀྱང་དངོས་པོ་འདི་བདག་གིས་ཐོབ་པར་འགྱུར་ཞེས་སྨོན་ལམ་འདེབས་པའོ། །བརྐུ་བའི་སྒོ་ནི་ཐབས་འདིས་བདག་གིས་དངོས་པོ་འདི་ཐོབ་པའམ་བརྐུ་བར་བྱ་བར་སེམས་
པའོ། །སྦྱོར་བ་ནི་བདག་གིར་བྱ་བའི་ཕྱིར་ཇི་ལྟར་བདག་གིར་འགྱུར་བའི་ཐབས་རྣམ་པ་སྣ་ཚོགས་ཚོལ་བའོ། །ཡོངས་སུ་རྫོགས་པ་ནི་དེ་དག་བདག་གིར་མི་བྱ་མི་གཏོང་ངོ་ཞེས་སེམས་ངེས་པར་འགྱུར་བའོ། །གནོད་སེམས་ཀྱི་དངོས་པོ་ནི་ཞེ་སྡང་སྐྱེ་བའི་རྒྱུར་འགྱུར་
བའི་སེམས་ཅན་ནོ། །བསམ་པ་ནི་དེ་ལ་གནོད་པར་བྱའོ་སྙམ་པའི་སེམས་སྐྱེས་པའོ། །སྦྱོར་བ་ནི་སྟན་ལས་ལྡང་བ་ལ་སོགས་པའི་ལས་རྩོམ་པའོ། །ཡོངས་སུ་རྫོགས་པ་ནི་མི་གསད་མི་རྡེག་ཏུ་མི་གཏོང་ངོ་ཞེས་སེམས་ལ་ངེས་པར་བྱས་སོ། །ལོག་པར་ལྟ་བའི་
དངོས་པོ་ནི་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་དང་། ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པའོ། །བསམ་པ་ནི་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་མེད་དོ་སྙམ་སེམས་ཤིང་དེ་ལྟར་མོས་པའོ། །སྦྱོར་བ་ནི་དེ་སྐད་དུ་སྨྲ་བའི་གཙུག་ལག་ཉན་པ་དང་
འཆད་པ་རྣམས་དང་འགྲོགས་པའོ། །ཡོངས་སུ་རྫོགས་པ་ནི་མེད་པར་ཡིད་ཆེས་ནས་མེད་དོ་ཞེས་ཚིག་ཏུ་ཡང་འབྱིན་པའོ། །རྒྱུ་དང་ཞེས་བྱ་བ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་མི་དགེ་བའི་རྩ་བ་གསུམ་གྱི་རྒྱུ་ལས་སྐྱེས་ཏེ། མི་དགེ་བའི་རྩ་བ་གསུམ་

ནི། འདོད་ཆགས་མི་དགེ་བའི་རྩ་བ་དང་། ཞེ་སྡང་མི་དགེ་བའི་རྩ་བ་དང་། གཏི་མུག་མི་དགེ་བའི་རྩ་བའོ། །དེ་ལ་སྲོག་གཅོད་པ་ལ་ཡང་ཆགས་པས་སྲོག་གཅོད་པ་དང་། ཞེ་སྡང་བས་གཅོད་པ་དང་། གཏི་མུག་བས་གཅོད་པ་སྟེ། རྣམ་
པ་གསུམ་མོ། །དེ་ལ་ཆགས་པས་སྲོག་གཅོད་པ་ནི། ཤ་དང་པགས་པ་དང་ཁྲག་ལ་སོགས་པ་འདོད་པའི་ཕྱིར་སྲོག་གཅོད་པ་དང་། རྩེད་མོའི་ཕྱིར་སྲོག་གཅོད་པ་དང་། བདག་དང་མཛའ་བཤེས་ལ་སོགས་པ་བསྐྱབ་པའི་ཕྱིར་སྲོག་གཅོད་པའོ། །ཞེ་སྡང་གིས་
སྲོག་གཅོད་པ་ནི་མི་མཛའ་བ་ཤར་གཉེར་བའི་ཕྱིར་དགྲ་གསོད་པའོ། །གཏི་མུག་གིས་སྲོག་གཅོད་པ་ནི་དཔེར་ན་མཆོད་སྦྱིན་བྱེད་པ་རྣམས་སྲོག་གཅོད་དེ་སྦྱིན་སྲེག་བྱས་ནས་མཐོ་རིས་སུ་སྐྱེའོ། །ཞེས་ཆོས་ཀྱི་བསམ་པས་སྲོག་གཅོད་པ་དང་། རྒྱལ་པོ་དག་ཀྱང་ཆོས་ལས་
འབྱུང་བ་ཚད་མར་བྱས་ནས་གསོད་དེ་མི་བགྲུངས་པ་རྣམས་བསད་པ་ལ་སོགས་པའི་ནན་ཐུར་བྱས་ནས་བསོད་ནམས་ཀྱི་ཤས་སུ་འགྱུར་རོ་ཞེས་ཟེར་བ་དང་། པར་སིག་ལ་སོགས་པ་འདི་ལྟར་ཕ་མ་རྒས་ཏེ་ཡོར་ཞུགས་པ་ནད་ཚབས་པོ་ཆེས་ཉེན་པ་གསད་པར་བྱའོ་ཞེས་ཟེར་བ་ལ་
སོགས་པའོ། །ཡང་ཁ་ཅིག་འདི་སྐད་དུ་སྦྲུལ་དང་སྡིག་པ་དང་། ཏྲཻ་མ་བུ་ག་ལ་སོགས་པ་མི་ལ་གནོད་པར་བྱེད་པ་ཡིན་པས་བསད་པ་དང་རི་དྭགས་དང་ཕྱུགས་དང་བྱ་དང་མ་ཧེ་ལ་སོགས་པ་མིའི་ལོངས་སྤྱོད་ཀྱི་རྐྱེན་ཡིན་པས་བསད་ཀྱང་སྡིག་ཏུ་མི་འགྱུར་རོ་ཞེས་ཟེར་བ་ལ་
སོགས་པའོ། །མ་བྱིན་པར་ལེན་པ་ཡང་ཆགས་པ་དང་ཞེ་སྡང་དང་གཏི་མུག་གསུམ་ལས་སྐྱེས་ཏེ། ཆགས་པ་ལས་སྐྱེ་བ་ནི་དངོས་པོ་གང་འདོད་པ་དེ་འཕྲོག་པར་བྱེད་པའམ། ཁེ་དང་བཀུར་སྟི་ལ་ཆགས་པའི་ཕྱིར་བརྐུའམ། བདག་དང་མཛའ་བཤེས་བསྐྱབ་པའི་
ཕྱིར་ནོར་འཕྲོག་པར་བྱེད་པའོ། །ཞེ་སྡང་གིས་བརྐུ་བ་ནི་དགྲ་ཤར་གཉེར་བའི་ཕྱིར་དགྲ་ལས་འཕྲོག་ཅིང་བརྐུའོ། །གཏི་མུག་ལས་འབྱུང་བ་ནི་ཇི་ལྟར་རྒྱལ་པོའི་ཆོས་ལས་འབྱུང་བ་ཚད་མར་བྱས་ནས་མི་བགྲུངས་པ་རྣམས་ཚར་གཅད་པའི་ཕྱིར་དེ་དག་གི་ནོར་འཕྲོག་ན་བསོད་

ནམས་ཀྱི་ཤས་ཐོབ་པོ། །ཞེས་སྨྲས་པ་དང་། ཇི་ལྟར་བྲམ་ཟེ་རྣམས་སྨྲ་བ། འདི་དག་ཐམས་ཅད་ཚངས་པས་བྲམ་ཟེ་ལ་བྱིན་ཏེ། བྲམ་དམས་པ་ན་དམངས་རིག་ཀྱིས་ལོངས་སྤྱོད་རྣམས་ཀུན་ཏུ་སྤྱད་པར་བྱའོ། །དེ་བས་ན་བླངས་ཀྱང་བྲམ་ཟེ་བདག་གིས་ལེན།
བདག་གིས་སྤྱོད་བདག་གི་ལ་གནས་ཤིང་བདག་གིས་བསྟད་དུ་ཟད་ཀྱིས་བྲམ་ཟེ་ལྟ་དབྲོག་པར་བྱའོ། །དེ་ལྟར་བྱས་ཀྱང་འདི་ལ་གཞན་གྱི་ཡིན་པར་འདུ་ཤེས་ཆ་མེད་དོ་ཞེས་འབྱུང་བའོ། །འདོད་པ་ལ་ལོག་པར་སྤྱོད་པ་ཡང་འདོད་པ་ལས་སྐྱེ་པ་དང་། ཞེ་སྡང་ལས་སྐྱེ་
པ་དང་། གཏི་མུག་ལས་སྐྱེ་བ་སྟེ་རྣམ་པ་གསུམ་མོ། །དེ་ལ་འདོད་པ་ལས་སྐྱེ་བ་ནི་གཞན་གྱི་བུད་མེད་ལ་ཆགས་པའི་ཕྱིར་སྤྱོད་པ་དང་། བུད་མེད་ཁ་ཅིག་ལ་སྤྱད་ན་ཐོབ་པ་དང་བཀུར་སྟི་འབྱུང་ངོ་། །ཞེས་ཁེ་དང་བཀུར་སྟིའི་ཕྱིར་སྤྱོད་པ་དང་། བུད་མེད་ཁ་ཅིག་
ལ་སྤྱད་ན་བདག་དང་མཛའ་བཤེས་ལ་སྐྱབས་འབྱུང་ངོ་ཞེས་བདག་དང་གཞན་བསྐྱབ་པའི་ཕྱིར་སྤྱོད་པའོ། །གཏི་མུག་ལས་བྱུང་བ་ནི་དཔེར་ན་ཕྱུགས་ཀྱི་རྗེད་པའི་མཆོད་སྦྱིན་ལས་ཕོ་སྨོས་ཉེ་དུ་གཉེན་བཤེས་སུ་གྱུར་པ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་ཏུ་བཅུད་དོ། །
སྒྲེན་མོར་ཕྱུང་ནས་ཕྱུགས་ཐབས་སུ་སྒུས་སུ་བཅུག་ལ་ཆུ་འཐུང་རྩྭ་ཟ། བབ་བབ་ཏུ་སྤྱོད་ཅིག་དང་མཐོ་རིས་སུ་འགྲོའོ་ཞེས་ཟེར་བ་དང་། ཡང་ཁ་ཅིག་བུད་མེད་རྣམས་ནི་གཏུན་དང་། མེ་ཏོག་དང་། འབྲས་བུ་དང་། ཁ་ཟས་དྲོད་ལ་བབ་པ་དང་། སྟེགས་དང་ལམ་ལྟ་བུ་སྟེ། ཀུན་
གྱིས་སྤྱད་ཀྱང་ཉེས་པ་མེད་དོ་ཞེས་ཟེར་བ་དང་། པར་སིག་ལ་སོགས་པ་མ་ལ་སྤྱད་པར་བྱའོ་ཞེས་ཟེར་བ་ལྟ་བུའོ། །ཞེ་སྡང་ལས་སྐྱེ་བ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཏེ། ཆུང་མ་ཀུན་ཏུ་འདྲེན་ཅིང་ཁ་འདྲེན་པར་བྱེད་པའོ། །བརྫུན་ཡང་འདོད་ཆགས་དང་། ཞེ་སྡང་དང་།
གཏི་མུག་ལས་སྐྱེ་བ་སྟེ། རྣམ་པ་གསུམ་མོ། །དེ་ལ་འདོད་ཆགས་ལས་སྐྱེས་པ་ནི་ནོར་འདོད་པ་དང་། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་བརྫུན་དུ་སྨྲ་བའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་བརྫུན་དུ་སྨྲ་བའོ། །གཏི་མུག་ལས་

སྐྱེ་བ་ནི་དཔེར་ན་བྲམ་ཟེའི་གཞུང་ལས། །རྒྱལ་པོ་བཞད་གད་རྟོག་པ་བརྫུན་མ་ཡིན། །བུད་མེད་དང་ནི་གཉེན་དུ་འཐམས་པའི་ཚེ། །སྲོག་གི་ཕྱིར་དང་ནོར་ཀུན་སྟོར་བའི་ཕྱིར། །བརྫུན་ལྔ་སྡིག་མེད་ཅེས་པར་སྨྲ་བ་ཡིན། །ཞེས་བཤད་པ་ལྟ་
བུའོ། །ཕྲ་མ་ཡང་། ཆགས་པ་དང་། ཞེ་སྡང་དང་གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །ཆགས་པ་ལས་སྐྱེས་པ་ནི་ནོར་རྫས་ལ་ཆགས་པའམ། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་ཕྲ་མ་སྨྲ་བའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་
ཤར་གཉེར་བའི་ཕྱིར། དགྲ་དང་བཤེས་པ་རྣམས་ལ་ཕྲ་མ་སྐྱེལ་བའོ། །གཏི་མུག་ལས་སྐྱེས་པ་ནི་མུ་སྟེགས་པའི་གཞུང་ཁ་ཅིག་ལས་ཕྲ་མ་སྨྲས་ཀྱང་ཉེས་པ་མེད་དོ་ཞེས་འཆད་པ་ལྟ་བུའོ། །ཚིག་རྩུབ་པོ་ཡང་ཆགས་པ་ལས་སྐྱེས་པ་དང་། ཞེ་སྡང་ལས་སྐྱེས་པ་དང་། གཏི་
མུག་ལས་སྐྱེས་པ་སྟེ་གསུམ་མོ། །ཆགས་པ་ལས་སྐྱེས་པ་ནི་གཞན་གྱི་ནོར་འདོད་པའི་ཕྱིར་ཚིག་རྩུབ་པོས་བསྡིགས་པར་བྱེད་པ་དང་། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་ཚིག་རྩུབ་མོ་སྨྲ་བའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཚིག་རྩུབ་པོ་སྨྲ་བའོ། །
གཏི་མུག་ལས་སྐྱེས་པ་ནི་ཚིག་རྩུབ་པོ་སྨྲས་ཀྱང་ཉེས་པ་མེད་དོ་ཞེས་འཆད་པ་ལྟ་བུའོ། །ཚིག་ཀྱལ་པ་ཡང་ཆགས་པ་དང་། ཞེ་སྡང་དང་། གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །ཆགས་པ་ལས་སྐྱེས་པ་ནི་ནོར་ལ་ཆགས་པ་དང་། མཛའ་བཤེས་བསྐྱབ་
པའི་ཕྱིར་གླུ་ལེན་པ་དང་། སྔོན་གྱི་གཏམ་རྒྱུད་སྨྲ་བར་བྱེད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་ཚིག་ཀྱལ་པས་དེའི་མཛའ་བཤེས་རྣམས་བསྡུས་ནས་བདག་གི་དབང་དུ་བྱེད་པའོ། །གཏི་མུག་ལས་སྐྱེས་པ་ནི་གླུ་དང་གར་གྱི་གཙུག་ལག་
དང་གཏམ་རྒྱུད་ཀྱི་གཙུག་ལག་གཞན་ལ་བཤད་ན་བསོད་ནམས་སུ་འགྱུར་རོ་ཞེས་ཟེར་བའོ། །ཆགས་སེམས་ཀྱང་ཆགས་པ་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །ཆགས་པ་ལས་སྐྱེས་པ་ནི། གཞན་གྱི་ནོར་ལ་ཆགས་པའམ་བདག་

དང་མཛའ་བཤེས་བསྐྱབ་པའི་དོན་དུ་ཕ་རོལ་གྱི་ནོར་རྫས་བླངས་པར་སེམས་པའོ། །ཞེ་སྡང་ལས་སྐྱེས་པ་ནི་དགྲ་ལ་ཤར་གཉེར་བའི་ཕྱིར་དགྲའི་ནོར་འཕྲོག་པ་དང་བརྐུ་བར་སེམས་པའོ། །གཏི་མུག་ལས་སྐྱེས་པ་ནི་བརྐུས་ཀྱང་ཉེས་པ་མེད་པར་སེམས་པའོ། །གནོད་སེམས་ཀྱང་འདོད་པ་དང་ཞེ་
སྡང་དང་གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །དེ་ལ་འདོད་པ་ལས་སྐྱེས་པ་ནི་གཞན་གྱི་ནོར་རྫས་ལ་ཆགས་པའམ། བདག་དང་མཛའ་བཤེས་བསྐྱབ་པའི་ཕྱིར་གཞན་དག་ལ་གནོད་སེམས་སྐྱེས་པའོ། །ཞེ་སྡང་ལས་སྐྱེས་པ་ནི་ཤར་གཉེར་བའི་དོན་དུ་དགྲ་ལ་གནོད་སེམས་སྐྱེས་པའོ། །གཏི་མུག་
ལས་སྐྱེས་པ་ནི་གནོད་སེམས་སྐྱེས་ཀྱང་ཉེས་པར་མི་འགྱུར་བར་སེམས་པའོ། །ལོག་པའི་ལྟ་བ་ཡང་ཆགས་པ་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པ་སྟེ། རྣམ་པ་གསུམ་མོ། །དེ་ལ་ཆགས་པ་ལས་སྐྱེས་པ་ནི