Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 207

Văn bản gốc(Tây Tạng)

Trang 22 / 23 (50.000 ký tự/trang)
 །པདྨ་ཞེས་བྱའི་མཆོད་རྟེན་ཡོད། །རྟག་ཏུ་གཟི་བརྗིད་ཀྱིས་ཀྱང་འབར། །རྟག་ཏུ་ཐམས་ཅད་གསལ་བྱེད་པ། །དེ་ཡང་ཁྱེད་ལ་ནད་མེད་ཅིང་། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་
བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །དགོས་པ་ལ་ལ་གང་གི་ཕྱིར། །ནུབ་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱེད་ལ་སྐྱོང་གྱུར་ཅིག །ལྷ་མཚམས་དང་ནི་སྣྲོན་དང་ཡང་། །བརྩོན་འགྲུས་བརྟན་ལྡན་སྣྲུབས་དང་ནི། །ཆུ་སྟོད་ཆུ་སྨད་བྱི་བཞིན་དང་། །
གྲོ་བཞིན་དེ་ནི་བདུན་པ་ཡིན། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བ་གྲགས་ལྡན་པ། །ནུབ་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་དུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །མིག་མི་བཟང་ཞེས་བྱ་བར་ཤེས། །དེ་ནི་ཀླུ་རྣམས་ཀུན་གྱི་བདག །ཆུ་ལྷ་ལྷན་ཅིག་བསྲུང་

པར་ཤོག །དེ་ལ་བུ་ནི་མང་ཡོད་པ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །དགུ་བཅུ་རྩ་གཅིག་ཟད་པར་ཡང་། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་དག་ཁྱེད་ལ་ནད་མེད་ཅིང་། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་
ཡོད་དེ། །རྣ་ཆ་སྐྲ་འདྲེས་མ་དང་ནི། །པདྨ་དཀར་དང་སྐྱ་རེངས་དང་། །ཆ་མེད་གཅིག་དང་དགུ་པ་དང་། །རོལ་དང་གནག་དང་སྟབས་མྱུར་སྲིད། །དེ་དག་ཁྱེད་ལ་ནད་མེད་ཅིང་། །ཤིས་པར་ལྷག་པར་སྐྱོང་བར་ཤོག །ནུབ་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ནུབ་ཅེས་བྱ་བའི་རི་བོ་ཡོད། །ཉི་མ་ཟླ་བ་
གཉིས་ཀའང་ནུབ། །ནུབ་པའང་ཁྱེད་ལ་ནོར་སྦྱིན་འགྱུར། །དེ་ཡང་ཁྱེད་ལ་ནད་མེད་ཅིང་། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །དགོས་པ་ལ་ལ་
གང་གི་ཕྱིར། །བྱང་ཕྱོགས་སུ་ནི་འགྲོ་བ་ན། །གང་དག་ཕྱོགས་དེར་གནས་པ་ཡི། །རྒྱུ་སྐར་ཁྱོད་ལ་སྐྱོང་གྱུར་ཅིག །མོན་གྲུ་དང་ནི་མོན་གྲེ་དང་། །ཁྲུམས་སྟོད་དང་ནི་ཁྲུམས་སྨད་དང་། །ནམ་གྲུ་དང་ནི་ཐ་སྐར་དང་། །བྲ་ཉེ་སྟེ་ནི་བདུན་པོ་ཡིན། །རྒྱུ་སྐར་བདུན་པོ་དེ་དག་ནི། །འཇིག་རྟེན་སྐྱོང་བར་
གྲགས་ལྡན་པ། །བྱང་ཕྱོགས་ལོགས་ན་ཡོད་ཅེས་བསྟན། །དེ་དག་ཁྱེད་ལ་ཀུན་དུ་སྲུངས། །དེ་དག་བདག་པོ་རྒྱལ་པོ་ནི། །མི་ལ་ཞོན་པ་ལུས་ངན་པོ། །གནོད་སྦྱིན་ཀུན་གྱི་བདག་པོ་སྟེ། །ནོར་བཟང་ལྷན་ཅིག་བསྲུང་བར་ཤོག །དེ་ལ་བུ་ནི་མང་ཡོད་པ། །མཁས་ཤིང་མིང་ཡང་མཐུན་པ་སྟེ། །
དགུ་བཅུ་རྩ་གཅིག་ཟད་པར་ཡང་། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །དེ་དག་ཁྱེད་ལ་ནད་མེད་ཅིང་། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །བྱང་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །ལྷ་མོ་གཞོན་ནུ་བརྒྱད་ཡོད་དེ། །རབ་ཆགས་ལྷ་མོ་སྟོང་ལྷ་མོ། །ས་དང་དེ་བཞིན་པདྨ་ཅན། །རྒྱལ་པོ་ཆེ་ལ་ཉེར་
གནས་དང་། །རི་དང་ཁྲེལ་ཡོད་དཔལ་ལྡན་མ། །དེ་དག་ཁྱེད་ལ་ནད་མེད་ཅིང་། །ཤིས་པར་ལྷག་པར་སྐྱོང་བར་ཤོག །བྱང་ཕྱོགས་ལོགས་ཀྱི་ཕྱོགས་ཆ་ན། །སྤོས་ངད་ལྡན་པའི་རི་བོ་ཡོད། །གནོད་སྦྱིན་འབྱུང་པོ་རྣམས་ཀྱི་གནས། །ལྷ་མོ་སྣ་ཚོགས་བལྟ་ན་སྡུག །དེ་ཡང་ཁྱེད་ལ་ནད་མེད་

ཅིང་། །ཤིས་པར་ལྷག་པར་སྐྱོང་གྱུར་ཅིག །ཕྱོགས་ན་ཁྱེད་ཅག་བདེ་བར་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ལྷ་རྣམས་ཀུན་གྱིས་རབ་བསྲུངས་ནས། །ནོར་རྣམས་རྙེད་དེ་ལྡོག་པར་ཤོག །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། །ཕྱོགས་བཞི་དག་ན་བདུན་བདུན་གནས། །ལྷ་ཡི་བུ་མོ་སུམ་ཅུ་
གཉིས། །ཕྱོགས་བཞི་དག་ན་བརྒྱད་བརྒྱད་གནས། །དགེ་སྦྱོང་བརྒྱད་དང་བྲམ་ཟེ་བརྒྱད། །ཡུལ་རྣམས་ལ་ནི་གྲོང་རྡལ་བརྒྱད། །དབང་པོར་བཅས་པའི་ལྷ་བརྒྱད་རྣམས། །དེ་དག་ཁྱེད་ལ་ཀུན་དུ་སྲུངས། །ཁྱེད་ཅག་འགྲོ་ནའང་བཀྲ་ཤིས་གྱུར། །ལྡོག་པ་ནའང་བཀྲ་ཤིས་ཤོག །
གཉེན་ལ་ལྟ་བ་བཀྲ་ཤིས་ཤོག །གཉེན་གྱིས་ལྟ་བའང་བཀྲ་ཤིས་ཤོག །དབང་བཅས་གནོད་སྦྱིན་རྒྱལ་ཆེ་དང་། །དགྲ་བཅོམ་པ་དག་སྙིང་བརྩེ་བས། །ཐམས་ཅད་དུ་ནི་བཀྲ་ཤིས་དང་། །བདུད་རྩི་ཤིས་པ་ཐོབ་པར་ཤོག །ཚངས་པ་དང་ནི་དེ་བཞིན་ནོར་རྒྱས་དང་། །ཟག་པ་མེད་པ་རྣམ་
པར་གྲོལ་རྣམས་དང་། །ཀླུ་དང་གནོད་སྦྱིན་རྟག་ཏུ་སྙིང་རྗེས་བསྲུང་། །སྟོན་བརྒྱ་མཚུངས་པར་ཚེ་ནི་སྐྱོང་བར་ཤོག །འཕགས་པ་རྒྱ་ཆེར་རོལ་པའི་མདོའི་ཚོང་དཔོན་ག་གོན་དང་བཟང་པོའི་ལེའུ་ལས་འབྱུང་བ་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ་རྫོགས་སོ།། །།
༄༅༅། །ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་པ། །ཐུགས་ཞི་གནོད་པ་མི་མངའ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །
འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་བའི་ལམ་དུ་འཛིན་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གིས་བདེ་བ་མངའ་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་
འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱང་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེ། །ཁྱེད་ལ་བདེ་

ལེགས་མཛད་པར་འགྱུར། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་
འགྲུབ་ཚོགས་ཀྱང་གྲུབ་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ནས། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་རྣམས་རྣམ་
དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། །འཕགས་པའི་བདེན་པ་རྣམ་གསུངས་པས། །ཐུབ་པའི་གྲགས་པ་གང་བྱུང་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་
བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་དུས་ཀུན་སྦྱིན་གྱུར་ཅིག །སངས་རྒྱས་
བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི་བསམ་པ་ཡིས། །ཁྱོད་ཀྱི་དོན་འདོད་གང་ཡིན་པ། །དོན་དེ་དི་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །
ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཁྱེད་རྣམས་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་ནི་སྟོང་རྣམས་ཀྱིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ཅན་རྣམས་བྱེར་གྱུར་ཅིག །སྙིང་རྗེའི་བདག་
ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དགྲ་བཅོམ་སློབ་པའི་བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདི་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་

ཅིག །ཐམས་ཅད་ནད་ནི་མེད་གྱུར་ཅིག །ཀུན་གྱིས་བཟང་པོ་མཐོང་གྱུར་ཅིག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་། །སའམ་འོན་ཏེ་བར་སྣང་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག །
ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།༄། །འཕགས་པ་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ལས་གསུངས་པའི་བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ་བཞུགས། ༄༅༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདི་འམ་ཡང་ན་
འདས་པ་དང་། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་མཆོག་དེ་དང་འདིར་ནི་མཚུངས་པ་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་
པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །བདུད་རྩི་ཞི་བ་འདུས་མ་བྱས་ཡིན་པ། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་ཏུ་བསྟན། །སྟོན་པའི་བླ་མེད་རྣལ་འབྱོར་རྟག་སྒྲུབ་པ། །
རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །གང་ཟག་ཆེན་པོ་བརྒྱད་པོས་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་གང་
ཟག་མཚུངས་མེད་པ། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཞེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །གང་དག་བརྟན་པའི་ཡིད་
ཀྱིས་རབ་བརྩོན་ཞིང་། །གཽ་ཏ་མའི་བསྟན་ལ་འཇུག་བྱེད་པ། །དེ་དག་ཐོས་ནས་བདུད་རྩི་མཆོག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །མཐོང་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་

ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་པ་མཐོང་། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ལུས་སམ་ངག་གམ་འོན་ཏེ་ཡིད་ཀྱིས་ཀྱང་། །
སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ལ། །གློ་བུར་བྱས་ནའང་འཆབ་པར་མི་བྱེད་ཅིང་། །དེ་ལྟར་དེ་ལ་ལྟ་བས་འཛིན་མི་བྱེད། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཅུའི་རླུང་རྣམས་ཀྱིས་
ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱིས་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཤེས་རབ་ཟབ་མོས་ཤིན་ཏུ་བསྟན་པ་ཡིས། །འཕགས་པའི་བདེན་པ་སུ་དག་
རྣམ་བསྒོམ་ཞིང་། །ལུས་ཀྱང་སྦྱིན་པ་ཡིད་ལ་བྱས་པས་ནི། །དེ་དག་འཇིགས་པ་བརྒྱད་དང་ཕྲད་མི་འགྱུར། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །ཇི་ལྟར་མེ་ནི་རླུང་གིས་རབ་གཏོར་ལ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །
དེ་ལྟར་ཀུན་དུ་སྦྱོར་བ་རབ་བཏང་བའི། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་དགེ་བར་ཤོག །སྟོན་མཆོག་དམ་
པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དིང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དིང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་
འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེར་གྱུར་ཅིག །ཚོགས་ཀྱི་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དིང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་

ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུངས་ཤིང་བརྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །རྫོགས་སངས་རྣམ་པར་སངས་རྒྱས་ཆེ། །འཇིག་རྟེན་སྐྱོང་
བས་ཕྱོགས་བཞི་ནས། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང་། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དག་ནི། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །བདེན་པའི་ཚིག་ནི་དེ་དག་གིས། །སྨན་རྣམས་བདུད་
རྩིར་འགྱུར་བར་ཤོག །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །བདེན་པའི་ཚིག་ནི་དེ་དག་གིས། །ནད་པ་རྣམས་ཀྱིས་ནད་སེལ་ཅིང་། །ཉེས་པ་ཐམས་ཅད་འཕྲོག་བྱེད་པ། །སྨན་རྣམས་བདུད་རྩིར་འགྱུར་
བར་ཤོག །སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང་། །གཙུག་ཕུད་ཅན་གྱི་སྟོབས་རྣམས་དང་། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང་། །ལོག་དད་སེལ་གྱི་ཏིང་འཛིན་དང་། །གསེར་ཞེས་བྱ་བའི་ཡེ་ཤེས་དང་། །འོད་སྲུངས་ཀྱི་ནི་རྫུ་འཕྲུལ་དང་། །ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས། །སྨན་རྣམས་བདུད་
རྩིར་འགྱུར་བར་ཤོག། །༄། །སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ་བཞུགས། ། ༄༅༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །རང་རྒྱལ་དག་གི་གཟི་བརྗིད་དང་། །དགྲ་བཅོམ་རྣམས་ཀྱི་མཐུ་དག་དང་། །གསང་སྔགས་འཛིན་
པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མཽད་གལ་བུ་ཡི་རྫུ་འཕྲུལ་དང་། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུངས་སྦྱངས་པའི་ཡོན་ཏན་དང་། །ཀཽཎྜི་ནྱའི་སྔར་ཐོབ་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཚངས་པ་ཡི་ནི་བྱམས་པ་དང་། །རྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་
རྟེན་སྐྱོང་གི་ཡུལ་རྣམས་དང་། །དབང་ཕྱུག་ཆེན་པོའི་སྟོབས་རྣམས་དང་། །སྡེ་དཔོན་རྣམས་ཀྱི་མཐུ་དག་དང་། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག །འཕགས་པ་སྟོང་ཆེན་མོར་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་

ལམ་རྫོགས་སོ།། །༄། །རྨ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ཚིག་བཞུགས། ༄༅༅། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམ་གཟིགས་མྱ་ངན་འཚང་ལ་གནས། །རྒྱལ་བ་གཙུག་ཏོར་པདྨ་དཀར་པོའི་དྲུང་། །
ཐམས་ཅད་སྐྱོབ་པ་སཱ་ལའི་དྲུང་ན་གནས། །བྲམ་ཟེ་འཁོར་བ་འཇིག་ནི་ཤིར་ཤའི་དྲུང་། །སངས་རྒྱས་གསེར་ཐུབ་ཨུ་དུམྺཱ་རའི་དྲུང་། །འོད་སྲུངས་ནྱ་གྲོ་དྷ་ཡི་དྲུང་ན་གནས། །ཤཱཀྱ་ཐུབ་མཆོག་ཁྱད་པར་གནས་དྲུང་དུ། །ཕྱིན་ནས་བྱང་ཆུབ་ཐོབ་གྱུར་གཽ་ཏ་མ། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་
དག་ལ། །མངོན་པར་དད་པའི་ལྷ་གང་འཁོད་པ་དག །ལྷ་རྣམས་དེ་དག་ཡིད་དགའ་མགུར་གྱུར་ནས། །རྟག་ཏུ་དགེ་ཞིང་ཞི་བར་འགྱུར་བར་བྱོས།། །།སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ལམ་དུ་
ཞུགས་རྣམས་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །དེ་དག་སྡིག་པར་མ་གྱུར་ཅིག །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །
སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད། །བདེན་པའི་ཚིག་འདིས་ཀུན་དུ་བདེ་ལེགས་སུ་གྱུར་ཅིག །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་དང་བདེན་ཚིག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། །མང་ྒ་ལ་གཱ་
ཐཱ། བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་བའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་
ཞི་བྱེད་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆིས་ཀྱི་དམ་པ་སྐྱེ་དགུ་རྣམས་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་

དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བའོ། །དོན་རྣམས་ཐམས་ཅད་འགྲུབ་པར་བརྟུལ་བ་ཡོངས་ལྡན་པ། །ཚོགས་ཀྱི་
ལམ་གྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷ་ཡིས་བསྐོར་བའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་
སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམྦིའི་ཚལ། །ལྷ་མང་དག་གིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པའི་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་སེར་སྐྱེའི་གནས་ནས་རྒྱལ་པོའི་
ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩིའི་ཆུས་གཏོར་བ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་དམ་པ་སེར་སྐྱེའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པ་ཆེ་བའི་ལྷ་ཡིས་མངོན་བསྟོན་པ་
བསམ་ཡས་དགེ་སྒྲུབ་བསོད་ནམས་ཕུང་པོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་
གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང་། །བེེ་ཌཱ་རྱ་ལྟར་སྔོ་བའི་རྩྭ་བཏིང་སྟེང་བཞུགས་ཏེ། །སྐྱིད་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཆུ་བོའི་འགྲམ་ན་ཙ་
ཤའི་ཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བའི་སྲེད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཏེ་ས་སྟེང་དང་ནི་ནམ་

མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེའི་གདན་བཞུགས་ཏེ། །ནམས་ཀྱི་ཐོ་རངས་བདུད་བཞི་པོ་དག་རྣམ་གཏུལ་བ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་
ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྟན་པ་ཡི་བཀྲ་ཤིས་གང་། །ལྷ་ཡུལ་དིང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་
བྱེད་དམ་པ་དག་བྱེད་པ། །བསོད་ནམས་དག་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པའི་སེང་གེས་གང་གསུངས་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མུ་སྟེགས་བྱེད་པ་རྣམས་ཀྱིས་ང་རྒྱལ་གཞོམ་པ་དང་། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་
དག །ཉེ་བར་སྟོན་པ་རྒྱལ་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་མཐོ་རིས་ནས་ནི་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང་། །བཀྲ་
ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ། །མནྡཱ་ར་བའི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་པར་སྟོད་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལྷ་དབང་ཀླུ་དང་མི་ཡི་དབང་
པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟིའི་དབང་པོས་མཆོག་གྱུར་པ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དཀོན་མཆོག་གསུམ་དང་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སློབ་དཔོན་
འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་ཀྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། །མངྒ་ལ་གཱ་ཐཱ། །བོད་སྐད་དུ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། །དཀོན་

མཆོག་གསུམ་ལ་ཕྱག་འཚལ་ལོ། །རྨི་ངན་འཇིགས་དང་སྡིག་པ་ཐམས་ཅད་འཇིག་བྱེད་པ། །ཚེ་དང་འབྱོར་དང་སྟོབས་དང་བདེ་བ་རྣམ་འཕེལ་བྱེད། །ཁྱེད་ཀྱི་བཀྲ་ཤིས་ཐམས་ཅད་སྒྲུབ་པར་བྱེད་འདི་དག །རབ་ཏུ་བརྗོད་ཀྱིས་དེ་ཕྱིར་མི་རྣམས་བསྒྲིམས་ཏེ་ཉོན། །སངས་རྒྱས་པདྨ་རྒྱས་པའི་
འདབ་འདྲའི་སྤྱན་མངའ་བ། །གསེར་གྱི་མདོག་ཅན་འགྲོ་བའི་རྩ་ལག་གཅིག་པུ་དང་། །ཆོས་དང་དགེ་འདུན་ལྷ་དང་ལྷ་མིན་གྱིས་བསྟོད་པ། །བཀྲ་ཤིས་རྣམ་པར་འཕེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བདུད་སྟོབས་རབ་ཏུ་འཇོམས་པའི་བཀྲ་ཤིས་གང་ཡིན་པ། །རྣམ་སྣང་མཛད་དང་ཐམས་ཅད་སྐྱོབ་
དང་རྣམ་པར་གཟིགས། །ཀུན་དུ་མཆོག་སྦྱིན་རྒྱས་པར་འགྱུར་བ་གཟི་བརྗིད་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨ་སྤྱན་དང་ཤཱཀྱ་ཐུབ་ཆེན་དང་། །ཡེ་ཤེས་དབང་ཕྱུག་སྤྱན་ལེགས་པ་དང་ཟླ་ཞལ་དང་། །འབྲུག་གི་སྒྲ་དང་རྔ་སྒྲ་ལྟ་བུར་དབྱངས་སྙན་པ། །བཀྲ་
ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འོད་ཟེར་རྒྱལ་མཚན་དང་ནི་གསེར་ཐུབ་འོད་སྲུངས་དང་། །མར་མེ་མཛད་པ་ཤིན་ཏུ་བརྗིད་པར་གཤེགས་པ་དང་། །འདྲེན་པ་གཙུག་ཏོར་ཅན་དང་འོད་ཏོག་དཔག་མེད་འོད། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །པདྨ་མཛེས་དང་
ཡེ་ཤེས་སྟོབས་དང་ཟླ་འོད་དང་། །ཉི་མའི་ཞལ་དང་དགྲ་ལས་རྒྱལ་དང་རྒྱལ་བལྟམས་དང་། །ཡོན་ཏན་འབྱུང་གནས་དཔལ་གྱི་གཟི་བརྗིད་འཇིག་རྟེན་གཙོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །མི་འཁྲུགས་པ་ནི་རྡོ་རྗེའི་གདན་ལ་བཞུགས་པ་དང་། །འདྲེན་པ་མཆོག་སྦྱིན་
རིན་ཆེན་ཏོག་ཏུ་བཅས་པ་དང་། །རྣམ་པར་སྤེལ་དང་ལག་ན་རིན་ཆེན་རྒྱལ་མཚན་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཇིག་རྟེན་དབང་ཕྱུག་རྟག་ཏུ་རྒྱལ་དབང་གཙུག་ཏོར་ཅན། །སྟོན་ཟླ་དྲི་མེད་ལྟ་བུར་ཞལ་རས་མཛེས་པ་དང་། །ནམ་མཁའི་སྙིང་པོ་དང་ནི་ས་ཡི་སྙིང་པོ་དག་
བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཇམ་དཔལ་གཙུག་ཕུད་ཤིན་ཏུ་མཛེས་པས་རབ་བརྒྱན་ཅིང་། །གཞོན་ནུའི་གཟུགས་ནི་གསེར་མདོག་འོད་དང་ལྡན་པ་དང་། །རྟག་ཏུ་རྒྱལ་བར་དཀའ་བ་ལག་ན་རྡོ་རྗེ་དཔལ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བྱམས་པ་

ཤིན་ཏུ་རྨད་དུ་བྱུང་བའི་གཟུགས་མངའ་བ། ལྕང་ལོའི་འཁྲིལ་མངའ་མཆོད་རྟེན་གཙུག་ཏོར་གནས་པ་དང་། །ཀུན་དུ་བཟང་དང་ནོར་བཟང་དང་ནི་སྒྲ་གཅན་འཛིན། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །སྐུལ་བྱེད་མ་དང་སྒྲོལ་མ་ཁྲོ་གཉེར་འགྲོ་ཕན་དང་། །དེ་
བཞིན་ཤེས་རབ་ལ་སོགས་ཕ་རོལ་ཕྱིན་དྲུག་དང་། །རྨ་བྱ་དང་ནི་འཕགས་མ་གཞན་གྱིས་མི་ཐུབ་བཅས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །གཙུག་ཏོར་ལས་བྱུང་གསང་སྔགས་རྗེས་འཛིན་བཅས་པ་དང་། །ཕྱིར་ལྡོག་མ་དང་བསིལ་བའི་ཚལ་ན་རྒྱལ་ལས་འཁྲུངས། །ལྷ་མོ་རི་
ཁྲོད་ལོ་མ་ཅན་དང་བཅས་པ་རྣམས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །དོན་ཡོན་གྲུབ་དང་སྟོང་ཆེན་རབ་ཏུ་འཇོམས་པ་དང་། །གྲོང་ཁྱེར་བཱ་རཱ་ཎ་སཱི་ཞེས་བྱར་གྲགས་པ་དང་། །བད་སའི་སྙིང་པོ་གཅིག་དང་ཀུ་ཤའི་གྱད་ལྡན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །
རྡོ་རྗེ་ལྕགས་ཀྱུ་དང་ནི་གཙུག་འཕྱང་འོད་པོ་ཆེ། །དེ་བཞིན་བགེགས་འཇོམས་འཕགས་པ་བདུད་རྩི་ཐབ་སྦྱོར་དང་། །ཟླ་འོད་དེ་ཡང་གཞོན་ནུའི་གཟུགས་དང་ལྡན་པ་ནི། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །གཤིན་རྗེ་གཤེད་པོ་འཇིགས་ཀུན་རབ་ཏུ་འཇོམས་མཛད་དང་། །པདྨ་
མཐར་བྱེད་གནོད་མཛེས་དེ་བཞིན་འཁོར་ལོ་ཅན། །གཞལ་གྱིས་ཐུབ་དབྱུག་སྔོན་བསྣམས་པར་མཛད་པ་དག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕགས་པ་མི་གཡོ་བགེགས་རིགས་རབ་ཏུ་འཇོམས་པ་དང་། །ཕུན་སུམ་ཚོགས་བྱེད་རྨུགས་འཛིན་ཨུ་ཏྤལ་མདོག་ཅད་དང་། །
གླང་ཆེན་ཀོ་རློན་སྟག་ལྤགས་དག་གིས་བརྒྱན་གྱུར་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཕགས་པ་ཤཱ་རིའི་བུ་དང་མོོད་གལ་འོད་སྲུངས་དང་། །ནོར་བུ་འཛིན་དང་མ་འགགས་ཉེ་བ་འཁོར་དང་བཅས། །རབ་འབྱོར་དང་ནི་ལུས་འཕགས་རི་བོ་ཀུན་དགའ་བོ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་
རྟག་ཏུ་དྲན་པར་བྱེད། །སྟོབས་ཆེན་འགེགས་ཀྱི་རིགས་ནི་རབ་ཏུ་འཇོམས་པ་དང་། །འོད་ཟེར་ལྡན་དང་ཆ་བྱེད་རབ་ཏུ་མཛེས་པ་དང་། །དུག་སེལ་སྤེལ་གདུག་རྒྱགས་པ་རབ་ཏུ་འཇིགས་བྱེད་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད །འཕྲོག་མ་རྣ་ཆ་རྣམ་པ་སྣ་ཚོགས་གཡོ་འགུལ་བ། །

བུ་ཕོ་ལྔ་བརྒྱ་དག་གིས་བརྒྱན་པར་གྱུར་པ་དང་། །གནོད་སྦྱིན་བདག་པོ་ལྔས་རྩེན་དང་ནི་པདྨའི་མིག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད །ཧ་ལ་ཧ་ལ་སེམས་ཅན་ཀུན་ལ་ཕན་མཛད་དང་། །རིན་ཆེན་སྒྲོན་མར་གྲགས་དང་ནོར་གྱི་རྒྱུན་མཆོག་དང་། །གནོད་སྦྱིན་བདག་པོ་རྣམ་ཐོས་
སྲས་པོ་དཔལ་ཐོབ་བ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད །ཐམས་ཅད་སྒྲོལ་བ་སྦྱིན་ཕོད་དམ་པ་གཟི་ཆེན་དང་། །བྱམས་པའི་སྟོབས་ནི་གཏོང་བའི་སྟོབས་ཆེན་ལྡན་པ་དང་། །སྤྲིན་གྱི་མདོག་དང་ལྡན་པའི་བུ་ནི་གང་ཡིན་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་
བྱེད། །རབ་ཏུ་དགའ་བ་ལ་སོགས་ས་བཅུ་དེ་དག་དང་། །དཔའ་བས་བྱིན་བ་དེ་དང་གཙུག་ན་ནོར་བུ་དང་། །རྒྱལ་པོ་དམ་པ་ཟས་གཙང་དང་ནི་ཀ་པི་ནི། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལུམྦིའི་ཚལ་ན་བུང་བ་མང་པོ་འཕུར་ལྡིང་དང་། །མེ་ཏོག་འབྲས་བུ་རྣམ་པ་སྣ་ཚོགས་
རྣམས་ཀྱིས་བརྒྱན། །རྨ་བྱ་དང་ནི་ཁུ་བྱུག་ཕོ་མོ་སྒྲ་འབྱིན་པ། །བཀྲ་ཤེས་རྣམ་པར་སྤྲེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །བཙུན་མོ་སྒྱུ་འཕྲུལ་དང་ནི་དེ་བཞིན་གོོ་ཏ་མི། །ཤཱཀྱའི་བུ་མོ་རྫུ་འཕྲུལ་ཆེན་མོ་གྲགས་འཛིན་དང་། །ནེེ་རཉྫ་ན་བསོད་ནམས་ལྡན་པའི་འབབ་ཆུར་བཅས། །བཀྲ་ཤིས་རྣམ་པར་
སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །འཇིག་རྟེན་དབང་ཕྱུག་པདྨ་བུང་བ་ཁྱུས་ལྡིང་དང་། །འཇམ་དཔལ་ཨུ་ཏྤལ་སྔོན་པོ་ཡིད་དུ་འོང་བ་དང་། །མགོན་པོ་བྱམས་པ་ཡི་ནི་ཀླུ་ཤིང་མེ་ཏོག་རྣམས། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །རྣམ་སྣང་མཛད་པ་ཟླ་འོད་ལྟ་བུའི་འཁོར་ལོ་དང་། །
དཔལ་ཐོབ་རིན་ཆེན་ནོར་བུ་འོད་དང་ལྡན་པ་དང་། །མགོན་པོ་འོད་དཔལ་མེད་པའི་པདྨ་དམ་པ་མཆོག །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །དོན་ཡོན་གྲུབ་པས་ལེགས་བསྣམས་རལ་གྲི་མཆོག་དང་ནི། །མི་བསྐྱོད་རྡོ་རྗེ་ཉིད་དང་གཞན་ཡང་ནི། །སྐྱོབ་པ་ཐམས་ཅད་ཀྱི་ནི་ཕྱག་མཚལ་མ་
ལུས་པ། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ཡིད་བཞིན་ནོར་བུ་འདོད་འཇོའི་བ་དང་བཅས་པ་དང་། །དཔག་བསམ་ཀྱི་ནི་ཤིང་དང་བུམ་པ་བཟང་པོ་དང་། །རྒྱལ་བ་ཀུན་གྱིས་ངེས་པར་བསྟེན་པའི་བྱང་ཆུབ་ཤིང་། །བཀྲ་ཤིས་རྣམ་པར་སྤེལ་ཕྱིར་རྟག་ཏུ་དྲན་པར་བྱེད། །ལམ་འཇུག་

དུས་དང་ནོར་དང་འབྲུ་རྣམས་སྡུད་པ་དང་། །ནང་པར་དུས་སམ་ཡང་ན་ཞི་བའི་ལས་ཚེའམ། །དགའ་སྟོན་ཀུན་ན་འདུག་དང་དགོས་པ་སྒྲུབ་པ་ན། །མིང་མཚན་འདི་དག་མི་ཡིས་རབ་ཏུ་བསྒྲིམས་ཏེ་གདོན། །རྒྱལ་བ་དག་དང་རྒྱལ་བའི་སྲས་ཀྱི་མཚན་ནི་མ་ལུས་པ། །ལྷ་ལ་གུས་
བཞིན་ཉིན་གཅིག་བཞིན་དུ་ནང་པར་སུས་བརྗོད་པ། །དེ་དག་སེམས་ཅན་དམྱལ་བའི་དོགས་དང་བྲལ་ཞིང་བདེ་བ་དང་། །དཔལ་དང་ལྡན་ཞིང་ནད་ཀུན་འཇོམས་ལ་ནོར་དང་ལྡན་པར་འགྱུར། །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་
གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། །ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ། །༄༅། །སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྣམ་པར་གཟིགས་ནི་
རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་
ན་སུ་ཀའི་གྲོང་ཁྱེར་དུ། །ཤིང་མཆོག་སུནྡྷའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །རྒྱལ་བ་ཐམས་ཅད་སྐྱོབ་པ་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་མེད་དུ། །ཤིང་མཆོག་སཱ་ལའི་དྲུང་དུ་མངོན་
པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཐུབ་པ་འཁོར་བ་འཇིག་ནི་བཅོམ་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་
ཚོགས་གྱུར་ཅིག །འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཨུདུམྺའི་རའི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག། །སྐྱོབ་པ་འོད་སྲུངས་རྒྱལ་རིགས་བླ་མེད་ཡོན་

ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་བཱ་རཱ་ཎ་སཱི་རུ། །ནྱ་གྲོ་དྷ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤྭཏྠའི་ཤིང་དྲུང་
མངོན་པར་སངས་རྒྱས་པ། །དེང་འདིར་བདེ་གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སངས་རྒྱས་རབས་བདུན་བཀྲ་ཤིས་ཕུན་སུམ་ཚོགས་པ་གང་། །ཕྱོགས་དུས་ཀུན་གྱི་བདེ་གཤེགས་བྱིན་རླབས་རྨད་བྱུང་བ། །ཆོས་དབྱིངས་རྣམ་དག་རྟེན་འབྲེལ་སྟོབས་ལྡན་མི་འགྱུར་བ། །དེང་འདིར་བདེ་
གཤེགས་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། རཏྣ་ཏྲི་སྭ་སྟི་གཱ་ཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་
ལ་ཕྱག་འཚལ་ལོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩིའི་བདེན་པའི་
བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམས་འཕེལ་བ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་
དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་
བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་པ་ལ་གསུངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།༄༅༅། །རྒྱ་གར་སྐད་དུ། ཏྲི་རཏྣ་མངྒ་ལ་གཱ་ཐཱ། བོད་སྐད་དུ། དཀོན་

མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱ་མཚོ་ལྟ་བུར་བརྒལ་དཀའ་འཁོར་བའི་འདམ་ལས་རྒལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་བསགས་དཀའ་མ་ལུས་རྫོགས། འགྲོ་བ་ཀུན་གྱི་གཉེན་གཅིག་གྱུར་པ་དེ་
བཞིན་གཤེགས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རང་དོན་སྤངས་ཤིང་གཞན་དོན་རྟག་ཏུ་ལྷུར་ལེན་ཅིང་། །འདོད་པའི་ཡོན་ཏན་ལྔ་ལ་ལྟ་བ་རྒྱང་བསྲིངས་ཏེ། །དད་དང་བརྩོན་འགྲུས་ལྷུར་ལེན་གྲགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་
ལེགས་ཤོག །སྐྱེ་འགག་མེད་ཅིང་རྟོག་པའི་འཆིང་བྱེད་མཐའ་དག་སྤངས། །མ་རིག་མུན་པ་འཇོམས་བྱེད་སྟོང་ཉིད་སྒྲོན་མའི་མཆོག །དམིགས་པ་སྣ་ཚོགས་སྤངས་པ་ལམ་གྱི་བདེ་སྒྲུབ་ཆོས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་
ཚིགས་སུ་བཅད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། རཏྣ་ཏྲི་སྭ་སྟི་གཱ་ཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདེ་གཤེགས་རྒྱལ་བ་གང་གི་མཐུ་ཉིད་ཀྱིས། ལེགས་པའི་འཁོར་ལོས་
སྒྱུར་རྒྱལ་ལས་བྱུང་བའི། །སྐུ་གསུམ་མངོན་པར་མཐོ་བའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་མེད་དམ་ཆོས་ནོར་བུ་འདྲ། །ལེགས་པར་བཤད་པ་ལས་བྱུང་བཀྲ་ཤིས་དང་། །བདུད་རྩི་ལྟ་བུར་གསུངས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་
འདིར་བདེ་ལེགས་ཤོག །ཐུགས་རྗེ་ཆེ་ལས་མངོན་བྱུང་བྱང་ཆུབ་སེམས། །མངོན་པར་མཐོ་བ་འཁོར་བའི་ས་རབ་ནོན། །སྟོབས་ལྡན་དགེ་འདུན་དག་གི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།།
༄༅༅། །རྒྱ་གར་སྐད་དུ། །རཏྣ་ཏྲི་སྭསྟི་གཱ་ཐཱ། བོད་སྐད་དུ། །དཀོན་མཆོག་གསུམ་གྱི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་གཙོ་ལ་ཡོན་ཏན་མཆོག་མངའ་བ། །ཆེ་དགུས་མཆོད་ཅིང་སྨོན་ལམ་སྤྲིན་ཚོགས་འདུས། །གོ་འཕང་མཆོག་

བརྙེས་བསྟོད་པའི་ཆར་འབབ་པའི། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །སྐྱོབ་པའི་ཆོས་ལ་ལེགས་པའི་ཚོགས་མངའ་བ། །ཤིན་ཏུ་ཕན་པ་བདེ་བ་ངེས་གསུངས་པ། །འཁོར་བ་རྟག་བདེ་མྱ་ངན་མེད་ཐོབ་པའི། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །དགེ་འདུན་ཆེ་ལ་མཐུ་དཔལ་རྨད་
མངའ་བ། །བསླབ་གཞི་ལེགས་བཅས་བརྩོན་པའི་སྦྱོར་བ་ཅན། །བདག་གཞན་དོན་ཆེ་སྒྲུབ་པའི་ལམ་ཞུགས་པའི། །བཀྲ་ཤིས་དམ་པ་དེང་འདྲི་བདེ་ལེགས་ཤོག། །དཀོན་མཆོག་གསུམ་གྱི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། ༄། །རིགས་གསུམ་གྱི་བཀྲ་ཤིས་བཞུགས། ༄༅༅། །དཀོན་
མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡོན་ཏན་རྒྱས་པའི་རྟགས་སུ་སྐུ་མདོག་གསེར་འདྲ་བ། །ཤེས་རབ་རྟགས་སུ་རལ་གྲི་པུ་སྟེ་སྣཕྱག་ན་བསྣམས། །འཕགས་པ་འཇམ་དཔལ་གཞོན་ནུའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐུགས་རྗེའི་རྟགས་སུ་སྐུ་མདོག་
ཟླ་བའི་འོད་ཆགས་པ། །སྐྱོན་གྱིས་རྔོམ་གོས་ཕྱག་མཚན་ཕྱག་ན་པདྨོ་བསྣམས། །འཕགས་པ་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཆོས་ཉིད་མི་འགྱུར་རྟགས་སུ་སྐུ་མདོག་མཐིང་ནག་སྔོ། །ཐབས་དང་ཤེས་རབ་གཉིས་མེད་ཕྱག་ན་རྡོ་རྗེ་
བསྣམས། །འཕགས་པ་ཕྱག་ན་རྡོ་རྗེའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རིགས་གསུམ་གྱི་བཀྲ་ཤིས་རྫོགས་སོ།། །།༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་
གསུམ་མགོན་འཇམ་དཔལ་གཞོན་ནུའི་སྐུ། །བདེ་གཤེགས་སྐུ་ཡི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཀྱི་དབང་། །བདེ་གཤེགས་གསུང་གི་བཀྲ་ཤིས་གང་ཡིན་པ། །
བཀྲ་ཤིས་དམ་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །བཅོམ་ལྡན་ལྗང་སེར་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་མགོན་ཕྱག་ན་རྡོ་རྗེ་སྟེ། །བདེ་གཤེགས་ཐུགས་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དམ་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །རིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།

༄༅༅། །རྒྱ་གར་སྐད་དུ། སཙྪ་ཀ་རི་ཡི་མཾ་ག་ལ་གཱ་ཐཱ། བོད་སྐད་དུ། བདེན་པ་བརྗོད་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ཐུབ་པ་ཆེན་པོ་ཐུགས་རྗེ་ཅན། །ཐམས་ཅད་སྐྱོང་བའི་མགོན་པོ་དེ། །ཕ་རོལ་ཕྱིན་པ་ཀུན་རྫོགས་
པ། །རྫོགས་པའི་བྱང་ཆུབ་མཆོག་བརྙེས་པ། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཞི་བ་མྱང་འདས་འབྲས་བུ་ནི། །བསྟེན་པ་ལས་བྱུང་རོ་མཆོག་བརྙེས། །རྣམ་འདྲེན་བྱང་ཆུབ་ཤིང་དྲུང་དུ། །ཉིན་ཞག་བདུན་དུ་བཞུགས་གྱུར་པ། །
བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །སངས་རྒྱས་ཞག་བདུན་འགྲེངས་ཏེ་བཞུགས། །བསོད་སྙོམས་འབུལ་བ་ཀུན་ལ་དགྱེས། །བྱང་ཆུབ་ཤིང་ལ་མི་འཛུམ་གཟིགས། །ཡང་དག་མཆོད་པས་མཆོད་གྱུར་པ། །བདེན་པའི་ཚིག་ནི་འདི་དག་
གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རྣམ་པར་གྲོལ་བའི་བདེན་པ་བརྙེས། །ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས། །རིན་ཆེན་ལས་བྱས་སྤྲུལ་པའི་སར། །རྒྱལ་བཞག་བདུན་འཆག་པར་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་
བའི་བཀྲ་ཤིས་ཤོག །རིན་ཆེན་འོད་འབར་གཞལ་མེད་ཁང་། །ཉམས་དགར་བཅོམ་ལྡན་བཞུགས་གྱུར་ཏེ། །ཉིན་ཞག་བདུན་དུ་ཆོས་ཀྱི་དབྱིངས། །བླ་ན་མེད་ལ་མཉམ་པར་གཞག །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །བཞིན་
མཛེས་ཁ་དོག་རྒྱན་ལྡན་པའི། །བདུད་ཀྱི་བུ་མོ་འགྲོགས་པ་སྤངས། །ནྱ་གྲོ་དྷ་ཡི་ཤིང་དྲུང་དུ། །སངས་རྒྱས་ཞག་བདུན་བཞུགས་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །བཏང་བཟུང་གནས་སུ་ཀླུ་དབང་གིས། །སྐུ་དཀྲིས་
གདེངས་ཀས་བསྐྱབ་བྱས་པར། །དཔའ་བོ་ཆེན་པོ་ཞག་བདུན་བཞུགས། །ཀླུ་དེ་རྗེས་སུ་བཟུང་བར་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རིང་ནས་བསྐྲུན་པའི་རྣམ་གྲོལ་བརྙེས། །བདེ་བ་མཆོག་ལ་སྤྱོད་པར་མཛད། །ཤིང་གི་རྒྱལ་

པོ་སྒྲོལ་རྒྱུའི་དྲུང་། །བཅོམ་ལྡན་ཞག་བདུན་བཞུགས་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རྡོ་ལས་བྱས་པའི་ལྷུང་བཟེད་བཞི། །རྒྱལ་པོ་ཆེན་པོ་བཞིས་ཕུལ་བ། །རི་མོ་བཞི་མཚན་སྣོད་གཅིག་མཛད། །སྦྲང་རྩི་ལྡན་པའི་བསོད་
སྙོམས་བཞེས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཚངས་པས་གསོལ་བཏབ་སངས་རྒྱས་ཀྱིས། །ཉམས་དགའ་འཁོར་མོ་འཇིག་གྲོང་དུ། །འཇིགས་པ་མེད་པར་འཁོར་བཞི་ལ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །བདེན་
པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རྒྱལ་བ་ཐུགས་རྗེ་ལྡན་པ་ཡིས། །ཆོས་ཀྱི་གྲུ་ནི་སྤྲུལ་མཛད་དེ། །འགྲོ་མང་བསོད་ནམས་ལ་སྦྱར་ནས། །མཚོ་ཆེན་ཕ་རོལ་སྒྲོལ་བར་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་
ལ་རྒྱལ་བའི་བཀྲ་ཤིས་ཤོག །ཀུན་ཤེས་ཀཽཎྜིནྱ་སོགས། །དགེ་སློང་རྒྱལ་བ་ཟག་ཟད་པ། །རྒྱ་ཆེན་ཆོས་མཆོག་བསྟན་མཛད་དེ། །དེ་དང་དེ་དག་རྣམ་སྤྲོ་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རྒྱལ་བ་ལྟེང་
རྒྱས་གཤེགས་པ་མཛད། །ངོ་མཚར་ཆོ་འཕྲུལ་བསྟན་མཛད་ནས། །འོད་སྲུངས་ལ་སོགས་དེར་དུལ་ཏེ། །ཐེ་ཚོམ་བྲལ་ནས་དགེ་སློང་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །རྒྱལ་བ་ཉན་ཐོས་དང་བཅས་པ། །
ཡིད་འོང་རྒྱལ་པོའི་ཁབ་གྲོང་གཤེགས། །མི་དབང་གཟུགས་ཅན་སྙིང་པོ་ནི། །འཁོར་དང་བཅས་པ་ལམ་ལ་བཀོད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །དེ་བཞིན་གཤེགས་པ་རྒྱལ་པོའི་ཁྱབ། །ཡིད་འོང་གྲོང་
དུ་བཞུགས་པ་ལས། །ཉེ་དུ་ཆོས་ཀྱིས་བསྡུ་བའི་ཕྱིར། །སེར་སྐྱའི་གྲོང་དུ་གཤེགས་པར་གྱུར། །ཉེ་དུའི་ཚོགས་དང་མཇལ་བ་ལས། །དེ་དག་མངོན་པའི་ང་རྒྱལ་གྱུར། །མཁྱེན་ནས་དཔའ་བོ་ཆེན་པོ་དེས། །ཉི་མ་བཞིན་དུ་མཁར་འཕགས་ཏེ། །སངས་རྒྱས་

རིགས་སད་ཆོས་བསྟན་པས། །སྔོན་མེད་དགའ་བས་བ་སྤུ་ལངས། །མི་དབང་ཤཱཀྱའི་རིགས་རྣམས་ཀྱིས། །ང་རྒྱལ་དེར་ནི་ཉམས་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ལྷར་བཅས་འཇིག་རྟེན་འཁོར་བ་
ཡི། །རྒྱ་མཚོ་ལས་ནི་སྒྲོལ་བའི་ཕྱིར། །རྒྱལ་བ་མཉན་ཡོད་གྲོང་ཁྱེར་ནི། །ཉམས་དགའ་བར་ནི་ཡུན་རིང་བཞུགས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཨ་མྲ་ཤིང་གི་དྲུང་དུ་ནི། །ཡ་མ་ཟུང་གི་ཆོ་འཕྲུལ་དག །རྒྱལ་
བས་མུ་སྟེགས་རྣམས་ལ་བསྟན། །དེ་དང་དེ་དག་ཕྱོགས་སུ་བྱེར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །འཇིག་རྟེན་དབང་པོ་ཞབས་ཀྱིས་ནི། །གོམ་པ་གཉིས་ཀྱིས་ལྷ་ཡུལ་གཤེགས། །ཆོ་འཕྲུལ་མཐར་ཐུག་
སྟོན་མཛད་ཕྱིར། །མི་མཆོག་ལྷ་གནས་གཤེགས་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ལྷ་དབང་གནས་སུ་གཤེགས་ནས་ནི། །ལ་བ་དཀར་འདྲའི་རྡོ་ཆེན་ཡང་། །རྒྱལ་བས་ཁྱེའུ་ཆུང་དུ་མཛད་དེ། །རྡོ་
བ་མཆོག་གི་སྟན་ལ་བཞུགས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །སུམ་ཅུ་རྩ་གསུམ་གྲོང་ཁྱེར་དུ། །རྒྱལ་བ་ཟླ་བ་གསུམ་བཞུགས་ནས། །ཡུམ་ལ་སོགས་པའི་ལྷ་རྣམས་ལ། །ཆོས་ནི་མངོན་པར་བསྟན་པ་
མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ལྷ་ཡུལ་ཟླ་བ་གསུམ་བཞུགས་ནས། །ནོར་བུའི་ཐེམ་སྐས་སྤྲུལ་པ་ལས། །ལྷས་མཆོད་བཀུར་སྟི་དང་བཅས་པས། །མི་ཡི་ཡུལ་དུ་བྱོན་པར་གྱུར། །བདེན་པའི་
ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཚངས་སོགས་དཀར་ཞིང་ཆས་དཀར་བས། །ཡོངས་སུ་བསྐོར་བའི་དེ་བཞིན་གཤེགས། །ལྷ་ལས་བབ་པ་ཆེན་པོ་ཡི། །ངོ་མཚར་བ་དག་བསྟན་པ་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་

རྒྱལ་བའི་བཀྲ་ཤིས་ཤོག །ལྷ་ལས་བབས་པའི་དུས་སུ་ནི། །མཐུ་དང་ཡོན་ཏན་ཆེན་པོ་དག །མཐོང་བས་སེམས་ཅན་ཐམས་ཅད་རྣམས། །སངས་རྒྱས་ཉིད་ལ་བཀོད་སྙམ་སེམས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །གྲོང་ཁྱེར་
གསལ་ལྡན་སྒོ་རུ་ནི། །སངས་རྒྱས་ཀྱིས་ནི་ཆོས་བསྟན་པས། །སྐྱེ་བོའི་ཚོགས་ནི་མང་པོ་རྣམས། །ཆོས་ནི་མངོན་པར་རྟོགས་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །གླང་པོའི་དབང་པོ་
འདམ་བུའི་རི། །མྱོས་པའི་ཤུགས་ཀྱིས་མགྱོགས་འགྲོ་བ། །རྫོགས་སངས་ཡིད་གཞུངས་སྨན་གྱིས་ནི། །དྲི་མ་དག་དང་བྲལ་བར་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །འཇིག་རྟེན་
བཀྲ་ཤིས་མི་བྱེད་པའི། །ཆོམ་རྐུན་སོར་མོའི་ཕྲེང་བ་ཅན། །གནས་དང་ཐག་རིང་སྤྲུལ་མཛད་དེ། །ཆུ་ལ་བྱིང་བར་མཛད་ནས་ནི། །ཆོས་བསྟན་ཀུན་སྦྱོར་བྲལ་བར་མཛད། །ཐུབ་དབང་མི་ཡི་ཁ་ལོ་སྒྱུར། །བདེན་པའི་ཚིག་ནི་འདི་དག་གིས། །
བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །གདེངས་ཅན་དབང་པོ་གཟི་བརྗིད་ཅན། །དགའ་བོ་དང་ནི་ཉེ་དགའ་བོ། །གདུལ་ཕྱིར་ཉན་ཐོས་རྫུ་འཕྲུལ་ཅན། །གནས་བརྟན་མཽད་གལ་གྱི་བུ། །ཐུབ་པའི་དབང་པོས་མངག་པར་གྱུར། །བརྩེ་ལྡན་མཁས་པའི་
རྫུ་འཕྲུལ་གྱིས། །ང་རྒྱལ་སྐྱེས་པ་བཅོམ་གྱུར་ཏེ། །ལེགས་པར་སྐྱབས་སུ་སོང་བར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །གནོད་སྦྱིན་འབྲོག་གནས་རྩུབ་པོ་ནི། །ཤིན་ཏུ་འདུལ་དཀའ་སངས་རྒྱས་ཀྱིས། །
འདུལ་བར་མཁྱེན་ནས་རྒྱུན་ཞུགས་པའི། །འབྲས་བུ་མཆོག་ལ་བཀོད་པར་གྱུར། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཕྱོགས་རྣམས་ཀུན་གྱི་རླུང་གིས་ནི། །རི་ཡི་རྒྱལ་པོ་མི་གཡོ་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ཀྱང་།

།འཇིག་རྟེན་ཆོས་བརྒྱད་ཀྱིས་མི་གཡོ། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །བསམ་གྱིས་མི་ཁྱབ་འོད་འཕྲོ་བ། །དབུ་ཡི་གཙུག་ཏོར་ཕ་མཐའ་ནི། །ཚངས་པའི་འཇིག་རྟེན་གནས་པས་ཀྱང་། །བལྟ་བར་ཡང་ནི་ནུས་
མ་ལགས། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །དམ་པའི་ཆོས་ནི་སྟོན་པའི་ཚེ། །སྐུ་རྒྱབ་ཕྱོགས་སུ་གནས་པས་ཀྱང་། །ནམ་མཁའ་ཟླ་བ་ཉ་བ་བཞིན། །རྒྱལ་བའི་ཞལ་ནི་མངོན་སུམ་མཐོང་། །བདེན་པའི་ཚིག་ནི་འདི་
དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །ཚངས་པའི་འཇིག་རྟེན་བར་གྱི་ཡང་། །འཁོར་རྣམས་ལ་ནི་འཇིགས་མེད་པར། །དེ་རྣམས་བསམ་པ་ཐུགས་ཆུད་ནས། །དེ་རྣམས་སོ་སོར་ཆོས་སྟོན་མཛད། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་
རྒྱལ་བའི་བཀྲ་ཤིས་ཤོག །སྐྱེ་སོགས་སྡུག་བསྔལ་གྱིས་གདུངས་ལ། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །རྣམ་པ་ཀུན་དུ་སྲོག་དང་ནི། །སྐྱབས་དང་གནས་དང་དཔུང་གཉེན་ནོ། །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །
བདག་ལ་སྐྱབས་གཞན་ཡོད་མ་ཡིན། །སངས་རྒྱས་བདག་གི་སྐྱབས་ཀྱི་མཆོག །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཆོས་ནི་བདག་གི་སྐྱབས་ཀྱི་མཆོག །བདེན་པའི་ཚིག་ནི་འདི་དག་གིས། །བདག་
ལ་རྒྱལ་བའི་བཀྲ་ཤིས་ཤོག །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །དགེ་འདུན་བདག་གི་སྐྱབས་ཀྱི་མཆོག །བདེན་པའི་ཚིག་ནི་འདི་དག་གིས། །བདག་ལ་རྒྱལ་བའི་བཀྲ་ཤིས་ཤོག །དེ་ལྟར་འདི་སྐད་བདེན་པའི་ཚིག །རྗོད་པར་བྱེད་པ་གང་ཡིན་པ། །ཉེ་བར་འཚེ་བ་སྤངས་པ་
དང་། །ཐར་པའི་བདེ་བ་མངོན་འདོད་པའི། །མི་ཡིས་ཀུན་མཁྱེན་འཐོབ་པར་འགྱུར། །བདེན་པ་བརྗོད་པ་རྒྱལ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།འདི་ནི་རྒྱ་གར་ཀྱི་དཔེ་ལས་འགོས་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་བས་བསྒྱུར་བའོ།། །།

༄༅།། སཾགྷཿཤུ བྷཱམིཏཧེཏུ ནོདྷཱདཱཤཡསརྦཔཱུརྞཾཀལྤདྲུམོ། །ཛྙཱནཤྩཀཱརུཎཔལླཧིཏསོོཁྱབེེཔཱཀྱམྨཉྫརཱི།
དགེ་ཚོགས་དཔག་ཏུ་མེད་པའི་རྒྱུས་བསྐྱེད་བསམས་ཀུན་རྫོགས་པའི་དཔག་བསམ་ཤིང་། །མཁྱེན་དང་བརྩེ་བའི་ཡལ་འདབ་རབ་རྒྱས་ཕན་བདེའི་སྙེ་མ་གཡུར་དུ་ཟ། །

སརྔསྱལོཀརཐཱདྷམུཀྟཱནཱཾཔརིཔཱརཎོནྣཾསཾབུདྦྷཏཱ། །མནྡཱརབརྵཔྲཝེཤཡཱདྱཱཏྲཾཀུསུམཱཿཤུབྷཾཤྲེཡཱམྨདྒལཾ། །
འཇིག་རྟེན་ཀུན་ཀྱི་པོས་བའི་ཤིང་རྟ་ཕྱུར་བུར་འགེངས་པའི་རྫོགས་སངས་རྒྱས། །དེང་འདིར་དགེ་ལེགས་ཤིས་པའི་མེ་ཏོག་མནྡཱ་ར་བ་ཆར་དུ་བསྙིལ།།

མིང་ཚིག་ཡི་གེ་ཚོགས་པའི་རྗོད་བྱེད་ལུང་གི་ཁྲུང་ཁྲུང་སྒྲ་སྙན་འབྱེན། །བརྗོད་པར་བྱ་བ་དོན་བཟང་གསེར་གྱི་བྱེ་མ་འདྲེན་ཅིང་ཁམས་གསུམ་གྱི། །འགྲོ་བའི་ཉོན་མོངས་དྲི་མ་སྦྱོང་བྱེད་བསིལ་བ་དམ་པའི་ཟླ་གཟུགས་ཀྱང་། །
གསལ་བར་སྣང་བའི་ཆོས་ཀྱི་རྒྱུན་གསུམ་བྱང་ཆུབ་ལང་ཚོ་བརྟས་པའི་བཅུད། །ཐུབ་པའི་མགྲིན་ལས་བབ་པའི་བདུད་རྩིས་རྟོགས་པའི་ལུས་སྟོབས་མཆོག་ཏུ་རྒྱས། །བསླབ་གསུམ་གསེར་གྱི་དྲ་བས་གདོང་མཛེས་ཆོས་ཀུན་རྣམ་
འབྱེད་མཆེ་བ་རྣོ། །མཐའ་མེད་འགྲོ་བ་སྲིད་ལས་གདོན་པའི་གཡར་དམ་ཁུར་ནི་ཁྱེར་བ་པོ། །རིག་དང་ཞབས་ལྡན་འཕགས་པའི་དགེ་འདུན་ས་སྲུང་ཕྲེང་བ་བྱང་ཆུབ་གྲོགས། །སྣ་ཚོགས་ལས་ཀྱི་ལག་པས་མ་བདར་མཁྱེན་པའི་
དཀྱིལ་འཁོར་རྣམ་པར་གསལ། །གཞན་གྱི་འབངས་སུ་བསྐོས་པ་མིན་པར་ཐུགས་རྗེའི་གཟིགས་པ་འགྲོ་ལ་འཇུག །བཅུ་དྲུག་ལང་ཚོ་དར་ལ་བབ་ཀྱང་རྒྱལ་བ་མ་ལུས་སྐྱེད་པའི་ཡབ། །འཇམ་པའི་དབྱངས་ཉིད་སྐྱེ་བར་
དགེ་བའི་བཤེས་སུ་གསོལ་བའི་ཐལ་མོ་སྦྱར། །བཻ་ཌཱུརྱ་ཡི་རྒྱུད་མངས་སྙན་པར་འཁྲོལ་བའི་སྒྲ་དང་བསྲེས་པའི་གསུང་། །ཡན་ལག་དྲུག་ཅུ་རྫོགས་པའི་གདངས་ལས་ཤེས་བྱ་ཐམས་ཅད་སྙན་པའི་གླུར། །འདྲེན་པ་དེ་ཡིས་སྐྱེ་

འཕགས་སྙིང་གི་བརྟན་པ་འཕྲོག་པའི་མཚོ་བྱུང་མ། །མགྲིན་པ་པདྨའི་རྫིང་དུ་འཇུག་ཕྱིར་སྙན་པའི་ཚིག་གི་མཆོད་སྤྲིན་སྤྲོ། །རིང་ནས་ཐུབ་པའི་བསྟན་ལ་ཕན་པའི་སྨོན་ལམ་ཕོ་ཉས་བོས་
པའི་མགྲོན། །མི་བདག་ཆེན་པོ་རིགས་མཆོག་སཱ་ལའི་རྐང་འཐུང་ཕྲེང་བར་བཅས་པ་ཡིས། །སྙིང་སྟོབས་བླ་ནས་བླ་མར་འཕགས་པས་བདེ་གཤེགས་བཀའ་ཡི་དགོངས་འགྲེལ་ཆེ། །གངས་ཅན་བརྡ་རུ་འགྱུར་རོ་
འཚལ་རྣམས་མི་ཟད་མ་མོ་ཉིད་དུ་བསྐྲུན། །ཨེ་མ་སྙིང་སྟོབས་ལྡན་པའི་སྙིང་སྟོབས་མཆོག་གི་རྩོམ་པ་འདི་འདྲ་སྔོན། །མིག་གི་དབང་པོས་ལོངས་སུ་མ་སྤྱད་དེ་བཞིན་རྣ་ལུང་ཡངས་པོ་ན། །ལྷུང་བ་མེད་
པ་དེ་ནི་ཅི་ཞེས་ཕྱོགས་ཀྱི་དགའ་མ་ཁེངས་ལྡན་དག །ཕན་ཚུན་འདྲི་དང་ལན་ལྡོན་མཆིད་ཀྱི་རྔ་ནི་ལྷང་ལྷང་བརྡུང་བ་བཞིན། །ཚུལ་འདི་བསྒྲུབ་ལ་ཞིང་དང་དམིགས་པ་སྦྱོར་བ་རྣམ་པར་དག་པ་ལས། །བྱུང་བའི་
རྣམ་དཀར་དགེ་བ་གང་དེ་གལ་ཏེ་གཟུགས་སུ་འགྱུར་སྲིད་ན། །ལམ་གསུམ་ཁོངས་སུ་མི་ཆུད་དོགས་པས་འཇིག་རྟེན་ཀུན་གྱི་བྱེད་པ་པོས། །མི་མཇེད་ཅེས་སུ་གྲགས་པའི་སྣོད་འདི་ཆེད་དུ་ཡངས་པར་སྤྲུལ་

ལམ་སྙམ། །དེ་ལྟ་ན་ཡང་བྱང་ཆུབ་མཆོག་གི་ས་བོན་བསྒྱུར་མིན་དེ་སྲིད་དུ། །གནས་སྐབས་མཐོ་རིས་འབྲས་བུ་ཞིག་གམ་སྡིག་པས་ཀྱང་ནི་མཐར་གཏུགས་བྱེད། །དེས་ན་འཁོར་གསུམ་དམིགས་པའི་དུག་མེད་རབ་ཏུ་ཞི་བའི་དབྱིངས་
ཉིད་དུ། །རྨི་ལམ་སྒྱུ་མའི་རྩེ་འཇོ་ལ་རོལ་མཉམ་པར་འཇོག་པའི་བསྔོ་བ་བགྱི། ༧།ནམ་མཁའི་མཐས་གཏུགས་ཕྱོགས་དང་ཕྱོགས་བྲལ་དང་། །སྟེང་འོག་དག་ན་རྒྱ་མཚོའི་རྡུལ་སྙེད་ཀྱི། །ཞིང་ཁམས་རྣམས་སུ་བྱོན་དང་
འབྱོན་འགྱུར་དང་། །ད་ལྟར་འཚོ་ཞིང་གཞེས་པའི་ཆོས་རྔ་ཆེ།༡༠ །དེ་དག་རེ་རེ་ལ་ཡང་གདུང་འཚོབ་ཀྱི། །རྒྱལ་བའི་སྲས་དང་སློབ་མ་བྱེ་བ་ཕྲག །བགྲང་ལས་འདས་པའི་འཁོར་གྱིས་བསྐོར་བ་དག །སྨོན་ལམ་དོན་ཡོད་བྱེད་
པའི་དཔང་པོར་བལྟ།༡༡ །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །བརྙེས་པ་གང་གི་ཡོན་ཏན་ཕྱོགས་རེའི་འཕྲིན། །ཡིད་ཀྱི་ངོས་སུ་གསལ་བར་བྲིས་ནས་ནི། །གྲངས་མེད་ལུས་རབ་བཏུད་པའི་ཕྱག་བགྱིའོ། ༡༢།
བློ་ཡི་བང་མཛོད་ཕྱེ་བ་ལས་བླངས་པའི། །ཉེ་བར་སྤྱོད་པ་རྣམས་དང་རིན་ཆེན་བདུན། །འདོད་ཡོན་མ་ཚང་མེད་པའི་སྟོང་གཟུགས་སྤྲིན། །མཆོད་འོས་ཀུན་གྱི་སྤྱན་ལམ་འབྱུང་གྱུར་ཅིག །༡༣ །ཆགས་སྡང་རྨོངས་པའི་དགྲ་ཡིས་

རབ་བདས་པས། །བསླབ་གསུམ་བཅས་པའི་དབང་གི་རྒྱལ་པོ་དག །ཉེས་ལྷུང་འདམ་གྱི་ནང་དུ་བསྐྱུར་བའི་དྲི། །གཉེན་པོ་སྟོབས་བཞིས་བཤགས་པའི་ཆབ་ཀྱིས་འཁྲུད། ༡༤།
འཕགས་བཞི་སོ་སྐྱེས་བསགས་པ་དགེ་བའི་མཚོ། །ཕན་དང་བདེ་བའི་རླབས་ཕྲེང་གཡོ་བ་དེར། །ཕྲག་དོག་རྡུལ་གྱི་འཚུབ་མ་མི་འཐོར་བར །ཡི་རང་འཛུམ་པའི་ཟླ་འོད་དཀར་པོས་བྲན།༡༥ །འགྲོ་
འདུལ་ཁ་ལོ་སྒྱུར་བ་ཁྱེད་རྣམས་ལ། །སྐྱོ་ཞིང་དུབ་པའི་ནོངས་པ་མི་མངའ་ཡང་། །འཇིག་རྟེན་མཐུན་པར་བཏང་སྙོམས་མི་བཞུགས་པར། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ།༡༦ །སྣ་
ཚོགས་སྤྲོས་པའི་གཞའ་རིས་མྱ་ངན་ལས། །བརྒལ་བའི་དགོན་པར་གཞོལ་བར་མི་མཛད་པར། །སྔོན་གྱི་སྨོན་ལམ་ལ་དགོངས་བསྐལ་པ་ནི། །གྲངས་མེད་སྲིད་དུ་བཞུགས་པར་གསོལ་བ་འདེབས། ༡༧།
དེ་ལྟར་བགྱིས་པའི་ལེགས་བྱས་དེ་ཡིས་བདག །སེམས་ཅན་མོས་པའི་མཁའ་ལ་བགྲོད་མཁས་པའི། །ཀུན་མཁྱེན་ཆོས་ཀྱི་ཉི་མ་མངོན་གྱུར་ནས། །འཇིག་རྟེན་དགེ་བའི་སྣང་བས་འགེངས་པར་ཤོག །༡༨།

དེ་འདྲའི་བྱང་ཆུབ་འདོད་པའི་ཀོ་ཀི་ལས། །གཞི་ལམ་འབྲས་བུའི་དགེ་ལེགས་ཡིད་གཅུགས་གྲོགས། །འགུགས་པའི་ཆེད་དུ་སྙན་པའི་མིང་བཟུང་ནས། །བསྔོ་སྨོན་ཚིག་གི་རྒྱང་གླུས་འབོད་ལ་དགོངས།༡༧ །དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས། །རྐྱེན་གཅིག་
རྟོགས་དང་ཉན་ཐོས་སོ་སྐྱེ་ཡིས། །དུས་གསུམ་རྗེས་སུ་འབྲེལ་པར་སྒོ་གསུམ་གྱིས། །ལེགས་པར་སྤྱད་པའི་དགེ་ཚོགས་གང་ཡིན་དང་། ༢༠།ཆོས་ཚུལ་འདི་ཡི་ཆེད་དུ་གཏོང་བའི་ཕྱག །འདོད་ལྡན་ཡོངས་ཀྱི་དཔག་བསམ་བརྐྱང་བ་ལས། །མཁོ་དགུ་མ་ཚང་མེད་པའི་མཆོད་སྦྱིན་དང་། །
སྒོ་གསུམ་ཐང་རེར་འབད་པའི་དགེ་བར་བཅས། ༢༡།དེང་འདིར་གཅིག་ཏུ་བསྡམས་པའི་གངས་ཀྱི་རི། །འཁོར་གསུམ་དམིགས་པ་མེད་པའི་འོད་པོ་ཆེས། །ཞི་བསིལ་དམ་པའི་རྒྱུན་དུ་བསྒྱུར་བའི་ཀླུང་།།བྱང་ཆུབ་མཆོག་གི་རྒྱ་མཚོར་རོ་གཅིག་ཤོག །༢༢།དེ་ཡི་རྟེན་འབྲེལ་སྣང་བ་མ་
འགགས་གདངས། །ངོ་མཚར་སྒྱུ་མའི་མཆོད་སྤྲིན་བདག་ཅག་གི །སྨོན་ལམ་འགྲུབ་པའི་བདེན་དཔང་མཆོད་པའི་འོས། །བཞུགས་སོ་འཚལ་གྱི་སྤྱན་ལམ་འབྱུང་གྱུར་ཅིག །༢༣།གང་ཞིག་ཐོས་ན་སྡུག་བསྔལ་རྒྱུར་བཅས་ལས། །སྐྱོབ་ཅིང་མཆོག་གི་གོ་འཕང་སྦྱིན་པའི་ཆོས། །ཕན་
བདེའི་གཟི་བྱིན་འཇིག་རྟེན་གསུམ་གྱི་བླར། །རབ་ཏུ་འབར་ཞིང་ཡུན་དུ་བརྟན་གྱུར་ཅིག །༢༩།ཡོངས་རྫོགས་བསྟན་པའི་དགོངས་དོན་མ་ནོར་གཏམ། །ཚོ་བའི་བློ་དང་ངག་གི་བང་མཛོད་དེ། །འཇམ་དཔལ་གཞོན་ནུས་བྱིན་པ་ས་སྐྱ་པའི། །བསྟན་པ་ཐུབ་པས་བསྔགས་པ་རྒྱལ་གྱུར་ཅིག །༢༥ །
ཐམས་ཅད་མཁྱེན་པའི་གསུང་གི་ཏསྲུ་རས། །བསྟན་ལ་མཁས་པའི་བྱ་བ་བགྱིས་མཐའ་རུ། །འཚང་རྒྱ་འགྱུར་བའི་ལུང་བསྟན་ཀུན་དགའ་བཟང་། །དེ་ཡི་ལུགས་མཆོག་ཀུན་དུ་དར་གྱུར་ཅིག །༢༦།དཔལ་ལྡན་རྒྱལ་བའི་ཕྲིན་ལས་རྒྱ་མཚོ་ལས། །རྣམ་པར་འཕྲུལ་པའི་སྨྲ་མཆོག་ཉིན་མོའི་
མགོན། །ཡོངས་རྫོགས་ཆོས་ཀྱི་རྒྱལ་སྲིད་སྐྱོང་བའི་སླད། །ཞབས་པད་རྡོ་རྗེའི་ཁྲི་ལ་བརྟན་གྱུར་ཅིག །༡༧ །སོ་སོ་ཐར་པ་འདུལ་བའི་གཞུང་བཞིན་བཅའ། །བྱང་སེམས་བསླབ་པ་མདོ་སྡེའི་ལུགས་སུ་བཤད། །གསང་སྔགས་རྒྱུད་སྡེ་ཟབ་མོའི་དོན་བཞིན་གདམས། །འཆད་མཁས་

མང་པོས་བསྟན་པ་སྐྱོང་གྱུར་ཅིག །སྒྲ་ཚད་རིག་པའི་མདའ་གཞུའི་འཁྲུལ་འཁོར་གྱིས། །སྨྲ་ངན་བདེན་པ་བྲལ་བའི་ཕྱོགས་ཀུན་ལས། །རྣམ་རྒྱལ་གྲགས་པའི་སཱི་ཏ་འཕྲོག་བྱེད་པའི། །རྩོད་མཁས་མང་པོའི་ལོག་རྟོགས་ཆོམ་གྱུར་ཅིག །༢༧ །སྡེ་སྣོད་གསུམ་གྱིས་
བརྗོད་པར་བྱ་བའི་དོན། །བཅད་ལྷུག་སྤེལ་མའི་རྗོད་བྱེད་མེ་ན་ཀས། །སྒྲ་དོན་རྒྱན་གྱི་གླིང་བུ་འབུམ་བསྒྱུར་བའི། །རྩོམ་མཁས་མང་པོའི་བསྟན་པ་གསལ་གྱུར་ཅིག །༣༠ །བསྟན་པའི་རྩ་ལག་དགེ་འདུན་འདུས་པའི་སྡེས། །བཤད་དང་སྒྲུབ་པས་ས་སྟེང་ཡོམ་ཡོམ་དུ། །བགྱིད་པ་དེ་ལ་སྐྲག་
ནས་མེ་ཏོག་གཞུ། །སྟོང་པའི་བརྫུ་ལ་ཞུགས་སྙམ་བྱེད་གྱུར་ཅིག །༣༡ །ཐུབ་ཆེན་རང་གི་ལུང་རྟོགས་དམ་པའི་ཆོས། །དར་ཞིང་རྒྱས་པའི་གནས་སུ་རབ་བསྔགས་པ། །བོད་ཆེན་སྡེ་བཞི་དགེ་བཅུའི་འབྱོར་པ་ཅན། །ས་ཕྱོགས་འདིས་མཚོན་ཡངས་པའི་རྒྱལ་ཁམས་སུ། །བསྟན་ལ་དགའ་
བའི་ལྷ་རྣམས་ནམ་མཁའ་ལ། །དུས་སུ་ལྷགས་ནས་སྤྲིན་གྱི་འཐོར་ཡབ་བཟུང་། །སྭ་སྟེ་དབྱངས་སུ་ལེན་ཅིང་ཆུ་གཙང་གི། །ཨནྡྷ་རྙིལ་གྱི་སིལ་མ་འབེབས་གྱུར་ཅིག །༣༣ །དེ་ཚེ་གསེར་ལྡན་དགའ་མ་རང་གི་ལུས། །སྔོ་བསངས་མཛེས་པའི་མེ་ཏོག་རྒྱན་དང་བཅས། །རྩ་ལྡུམ་ལོ་འདབ་མྱུ་གུ་
འབྲས་བུའི་ཚོགས། །སྨིན་པའི་དགའ་སྟོན་ཅི་ཡང་ངོམ་གྱུར་ཅིག །ཡངས་པའི་འཇིག་རྟེན་ཁམས་ཀྱི་ལུས་ཅན་རྣམས། །ཀུན་འབྱུང་ལས་ཀྱི་སྤྲུལ་པ་སྒྱུ་མའི་ལུས། །ཉམས་དང་དུས་མིན་འཇིག་བྱེད་ནད་ཀྱི་རིགས། །མུན་ནང་སྒྲོན་མེ་བཏེག་བཞིན་ཡལ་གྱུར་ཅིག །༣༥ །ཟག་བཅས་
སྡུག་བསྔལ་ཉིད་དུ་བསྟན་པའི་འཕྲིན། །ལོ་ཟླ་ཞག་དུས་རུང་བ་མིན་པའི་སྐེག །སྲི་དང་གཞན་གྱི་བྱད་ཁ་སྦོད་གཏོད་དག །འབྲས་བུ་འབྱིན་པའི་ནུས་པ་བྲལ་གྱུར་ཅིག །༣༤ །ལས་དང་སྨོན་ལམ་ལོག་པའི་ཆུ་ཀླུང་གིས། །དབང་མེད་བདས་ཏེ་ལེགས་པའི་གེགས་བྱེད་ཅིང་། །ཉེས་པར་སྦྱོར་
བའི་གདོན་བགེགས་འབྱུང་པོ་རྣམས། །བྱམས་པ་ཆེན་པོས་འཁྱུད་བཞིན་གནས་གྱུར་ཅིག །༣༧ །ཁྲོས་པས་གཙུབས་པའི་མིག་བསྒྱུར་སྨིན་མ་འཁྱོག །ཁྲག་གིས་བསྒོས་པའི་མཚོན་ཆར་འབེབས་པ་ཡིས། །ཕན་ཚུན་གཅོད་དང་འབིགས་པའི་མི་སྲུན་ཚོགས། །སེམས་རྒྱུད་སྙིང་རྗེ་བས་

ཀྱང་མཉེན་གྱུར་ཅིག །༣༨ །བཀྲེས་པའི་ཉེན་པས་ལུས་སྟོབས་ཆེས་དམན་ཞིང་། །བཟའ་བཏུང་མིང་ནས་འཛེར་བའི་སྐད་ཀྱིས་སྨོན། །རྡུལ་གྱིས་གཡོགས་པའི་སྐྲ་སྤུ་གཟིངས་བྱེད་པའི། །བཀྲེས་ཕོངས་བསྐལ་པ་མིང་ཡང་མི་གནས་ཤོག །༣༧ །ཕན་ཚུན་བརྐུ་དང་འཕྲོག་སོགས་ལུས་མེད་
ནི། །ལག་པའི་བརྫུ་ལ་ཞུགས་འདྲའི་ལོག་འཚོ་དག །ཡོངས་སུ་སྤངས་ནས་རང་རང་ལོངས་སྤྱོད་ཀྱིས། །ཆོག་ཤེས་མི་ཟད་གཏེར་ལ་སྤྱོད་གྱུར་ཅིག །༤༠ །མཛའ་བར་གྱུར་པའི་འགྲོ་བ་ཕན་ཚུན་དག །མཐོང་ན་བྱམས་པ་ཆེན་པོས་ཛྲེལ་བའི་འཛུམ། །སོ་ཕྲེང་དཀར་བའི་འོད་ཟེར་སྔོན་འགྲོ་
མས། །མདུན་ནས་བསུ་བ་བྱེད་བཞིན་གནས་གྱུར་ཅིག །༤༡ །འཆི་བ་མེད་པའི་ཚེ་དང་བསོད་ནམས་སྟོབས། །ཆོས་མཐུན་འབྱོར་པ་རྣམས་ནི་གངྒཱའི་རྒྱུན། །དཀར་ཕྱོགས་ཟླ་བ་ཉིན་མོར་བྱེད་པའི་འོད། །དབྱར་གྱི་ཆུ་གཏེར་རྣམས་སུ་འགྲན་པར་ཤོག །༤༢ །རྒྱལ་བ་གཉིས་པའི་ཆོས་ཀྱི་རྒྱལ་སྲིད་
ལ། །མགྲིན་པའི་བཀྲ་ཤིས་ཆོས་དུང་འཁྱེལ་པ་ལས། །འཆད་རྩོད་རྩོམ་པའི་སྒྲ་དབྱངས་ལྡིར་དེ་ཡི། །བཞེད་པའི་དོན་ཀུན་ལྷུན་གྱིས་གྲུབ་གྱུར་ཅིག ༤༣ །བསྟན་པ་དམ་པའི་ལྷ་གནས་སྙིང་གི་སྟོབས། །རྨད་བྱུང་ཕྲག་པར་འདེགས་པའི་ས་འཛིན་དེས། །ཚེ་རབས་དུ་མའི་རིང་ནས་
སྨོན་པའི་གནས། །ཐམས་ཅད་མཁྱེན་པའི་ས་ལ་རེག་གྱུར་ཅིག ༤༤ །ལས་དབང་གསེར་གྱི་འཁོར་ལོ་སྔོན་འགྲོ་མས། །ཡངས་པའི་ཆབ་སྲིད་རི་གླིང་རྒྱ་མཚོར་བཅས། །རང་དབང་བྱེད་པའི་ཕོ་ཉ་དང་པོའི་འཕྲིན། །བླ་མ་ཆེ་ཞེས་ཕྱོགས་ཀྱི་བུ་མོས་སྨྲ། ༤༥ །ཀུན་དགའི་དཔལ་སྟེར་ལུང་དང་
རྟོགས་པའི་བསྟན། །བླ་ན་འདེགས་པའི་ཕྲིན་ལས་རྒྱ་མཚོའི་གོས། །ཡོངས་སུ་ཁྱབ་པའི་སྡེ་བཞི་ལྡན་པ་གང་། །འགྲོ་བའི་བསོད་ནམས་ཁྲི་འཕང་བརྟན་གྱུར་ཅིག ༤༦ །གང་གི་བགྲོད་བྱེད་ཟུང་གི་ཆུ་ལས་སྐྱེས། །རབ་དམར་དབང་གི་རྡུལ་ཕྲེང་སྒྱུགས་པ་དེ། །ཁེངས་ལྡན་ཕྱོགས་ཀྱི་
ས་འཛིན་བྱེ་བའི་གཙུག །ཀུན་ལས་རྣམ་པར་རྒྱལ་བར་བརྟན་གྱུར་ཅིག ༤༧ །འཕེལ་ཞིང་རྒྱས་པར་གྱུར་ཅིག་འཆི་མེད་ཚེ། །རྒུད་པ་མེད་པའི་ཆབ་སྲིད་མངའ་ཐང་དཔལ། །རྣམ་པར་གནོན་དུ་མེད་པའི་འཁོར་དང་སྟོབས། །ནུབ་པ་མེད་པར་གྲགས་པའི་ཡི་གེ་རྣམས། ༤༨ །རིགས་དང་སྟོབས་

དང་དཔུང་ཚོགས་འབྱོར་པ་ཡིས། །ཁེངས་པས་དྲེགས་པ་རྣམས་ཀྱང་རང་དབང་དུ། །རྩེ་གཅིག་འདུན་པའི་དམར་མདངས་མཁུར་ཚོས་པ། །འཕོས་པའི་མཛེས་པ་ཅི་ཡང་འབྱུང་གྱུར་ཅིག །༤༩ །ཆོས་དང་སྲིད་ཀྱི་ཕྲིན་ལས་ནམ་མཁའི་མཐའ། །རྟོགས་ཕྱིར་རིང་དུ་སོ་
སྙམ་བགྱིད་པ་དེར། །གེགས་བྱེད་མི་དང་མི་མིན་གནོད་པ་རྣམས། །ནམ་ཡང་འཇུག་པའི་གོ་སྐབས་མ་གྱུར་ཅིག ། ༥༠ །ཚུལ་གནས་ཐོས་བསམ་བསྒོམ་པའི་འཁོར་ལོ་ཡིས། །ལུང་དང་རྟོགས་པའི་རྒྱལ་སྲིད་ཆེན་པོ་ལ། །དབང་མཛད་ཆོས་ཀྱི་རྒྱལ་པོ་མངོན་གྱུར་ནས། །ས་གསུམ་བསྟན་
པའི་རྒྱལ་རྔ་བརྡུང་བར་ཤོག ༥༡ །དེ་ལྟའི་བྱང་ཆུབ་སྒྲུབ་པ་ལ་སྡང་བའི། །སྡིག་པས་སྙིང་ནས་བཟུང་འདྲའི་གདུག་ཅན་རྣམས། །སྐད་ཅིག་གསོན་དུ་རུང་ན་སྲུང་མའི་ཚོགས། །དཀར་ཕྱོགས་དགའ་བའི་རུ་མཚོན་ཅི་སྟེ་སྒྲེང་། ༥༢།ལུགས་བརྒྱ་དཔྱོད་པའི་བློ་གྲོས་བ་ཀུ་ལ། །འཇམ་དཔལ་བྱིན་
རླབས་སྒེག་མོའི་འགྲམ་ཆང་གིས། །ཕྱེ་བ་གང་དེའི་སྐུ་ཚེ་ལས་དབང་དང་། །ཡོན་ཏན་རྒྱ་མཚོའི་དཔལ་ལ་སྤྱོད་གྱུར་ཅིག། །ལུས་ཅན་ཡོངས་ཀྱི་བསོད་ནམས་ཁང་པ་རུ། །བདེ་སྐྱིད་མགྲོན་དུ་ཁུགས་པའི་འཆི་མེད་མགོན། །བསྟན་སྲིད་ལྷ་ཡི་གཞལ་མེད་ཡངས་པོ་ན། །མཁྱེན་པའི་མིག་
སྟོང་འཛུམ་པར་མ་གྱུར་ཅིག །༥༩ །ས་སྤྱོད་མཆོག་གི་བསོད་ནམས་གཡབ་མོ་ཡིས། །བོས་བཞིན་བྱོན་པའི་ཆོས་བློན་ཆེན་པོ་རྣམས། །དགེ་བ་བཅུ་དང་མཐུན་པའི་བཀའ་ཁྲིམས་ཀྱིས། །ཁམས་གསུམ་འགྲོ་བ་བདེ་ལ་དགོད་གྱུར་ཅིག །༥༥།ཆོས་སྦྱིན་འདི་ཡི་ལས་བྱེད་མགོ་འདྲེན་དུ། །འོས་པའི་
ཡི་གེ་དམ་པ་གང་གི་གཙུག །བབ་པ་དེ་ཡང་སྐྱེ་ནས་སྐྱེ་བ་རུ། །རྒྱལ་བའི་གསུང་རབ་ཀུན་ལ་དབང་འབྱོར་ཤོག །༥༦ །རྟགས་གསུམ་སྔོན་རྗེས་འཇུག་དང་བྱ་བྱེད་ལས། །དུས་གསུམ་རྣམ་དབྱེ་འབྱེད་པའི་བློ་གྲོས་ཀྱིས། །བརྡ་དག་བྱེད་པ་རྣམས་ནི་བྱང་ཆུབ་བར། །མཆོག་གི་བསྟན་ལ་བྱ་བ་བྱེད་
གྱུར་ཅིག །༥༧ །བཟོ་གནས་སྦྱངས་པའི་མཐར་སོན་སྐུ་གཟུགས་དང་། །ཡི་གེའི་རིག་བྱེད་འདྲི་འདོན་རྐོ་བ་སོགས། །སྒོ་གསུམ་ལས་ཀྱི་འབྲེལ་ཐོགས་ཐམས་ཅད་ཀྱང་། །ཚོགས་གཉིས་རྫོགས་པའི་འབྲས་བུ་མངོན་གྱུར་ཅིག །བདག་ཀྱང་བྱང་ཆུབ་བར་གྱི་སྐྱེ་བའི་ཕྲེང་། །རྣམ་གསུམ་

ཚུལ་ཁྲིམས་དག་ཅིང་ལུང་རིགས་དང་། །གདམས་པ་མི་ཟད་རིན་ཆེན་མཛོད་བཟུང་ནས། །བསྟན་དང་འགྲོ་བའི་དོན་ཆེན་བྱེད་གྱུར་ཅིག །༥༧ །ཡོངས་རྫོགས་བསྟན་པའི་གླེགས་བམ་ཕྲེང་བ་དག །གང་དུ་བཞུགས་དང་གང་གིས་སྤྱན་འདྲེན་མཛད། །ཉན་དང་ཀློག་དང་མཆོད་སྦྱིན་བྱེད་པ་དེར། །ཐོག་
མཐའ་བར་དུ་དགེ་བའི་བདེན་པས་སྐྱོང་། །མདོར་ན་སྤྱི་དང་བྱེ་བྲག་འགྲོ་བ་ཡི། །མཚན་ནས་སྨོས་དགུ་ཐམས་ཅད་མཐོང་བའི་ཆོས། །ཕྱི་མར་བཅས་ལ་མི་བསླུ་ངེས་པའི་སྐྱབས། །དཀོན་མཆོག་གསུམ་དང་བྲལ་བར་མ་གྱུར་ཅིག །༦༡ །མངོན་པར་མཐོ་དང་ངེས་ལེགས་བསྒྲུབ་པའི་རྟེན། །
དལ་བརྒྱད་འབྱོར་པ་བཅུ་དང་མི་འབྲལ་ཞིང་། །གང་དེ་འཇིག་པའི་ཆོས་སུ་ཤེས་ནས་ནི། །དགེ་བའི་སྙེང་པོ་ཅན་དུ་བྱེད་གྱུར་ཅིག༦༢ །སྲིད་པར་འཆིང་བའི་འཁྱུད་པོ་ཁྱོད་ཉིད་ཅེས། །བདག་དོན་ཞེན་ལ་རྣམ་པ་བརྒྱས་སྨད་ཅིང་། །གཞན་དོན་བྱང་ཆུབ་མཆོག་ཏུ་སྨོན་པ་དང་། །འཇུག་པའི་
བསམ་པ་རྣམ་པར་དག་གྱུར་ཅིག །༦༣ །ཉམ་ཐག་དབུལ་བའི་ཚོར་བ་དབུགས་འབྱིན་སླད། །གཏོང་ཕོད་ཕྱག་གི་དཔག་བསམ་བརྐྱང་བ་ལས། །ལན་དང་རྣམ་སྨིན་རེ་བའི་འདོགས་ཐག་གིས། །བཅིང་བ་མེད་པའི་སྦྱིན་པ་མཐར་ཕྱིན་ཤོག །༦༩ །སྲིད་པའི་འདུན་པས་དབེན་པ་གཞན་དོན་དུ། །
བྱང་ཆུབ་འདོད་པའི་མཁུར་ཚོས་འཛུམ་བསུ་བའི། །བག་ཡོད་སྡོམ་པའི་ཀཱ་ཤི་མཛེས་དགའ་མར། །རྣམ་གསུམ་ཚུལ་ཁྲིམས་རྒྱན་གྱིས་བཀླུབ་པར་ཤོག །ཐོས་བསམ་བསྒོམ་པའི་དཀའ་ཐུབ་གདུང་བ་དང་། །གཤེ་དང་བརྡེག་སོགས་གཞན་གྱིས་གཙེས་པ་རྣམས། །ཆུ་ལ་བྲིས་པའི་
རི་མོ་ཇི་བཞིན་དུ། །མ་རྨས་བཟོད་པའི་གཡར་དམ་བརྟན་པར་ཤོག །༦༦།བསྲེག་ཟ་རབ་ཏུ་འབར་བ་བུད་ཤིང་གིས། །ཚིམ་པ་མེད་ལྟར་རྒྱལ་སྲས་སྤྱོད་པའི་ཁུར། །ཇི་ཙམ་ལྕི་ལ་ཕྱིར་ཞིང་སྤྲོ་བ་ཡིས། །དེ་ལ་འཇུག་པའི་བརྩོན་འགྲུས་རྩོམ་པར་ཤོག །༦༧ །འགྲོ་ལ་སྙིང་རྗེ་ཤིན་ཏུ་མཉེན་ལྡན་
གྱིས། །ལན་བརྒྱར་དཀྲིས་ནས་བདག་གི་བདེ་དགེ་དང་། །གཞན་གྱི་སྡུག་བསྔལ་མཉམ་དང་བརྗེ་སེམས་ཀྱིས། །རང་ཉིད་གཅེས་པའི་མགོ་བོ་གནོན་པར་ཤོག །༦༨ །མཚན་རྟོག་ཚེར་མ་མེད་པའི་ཞི་གནས་དང་། །གནས་ལུགས་བརྗོད་བྲལ་རྟོགས་པའི་ལྷག་མཐོང་དག །ཡ་བྲལ་མེད་པའི་

རྩེ་གཅིག་རྣལ་འབྱོར་གྱིས། །བདག་ཏུ་འཛིན་པ་དྲུང་ནས་འབྱིན་པར་ཤོག །སྣ་ཚོགས་ཐབས་ལ་མཁས་པའི་དཔུང་ཚོགས་ཀྱིས། །ཆོས་ཀུན་བདག་མེད་རྣམ་པར་འབྱེད་པའི་མཚོན། །གདེངས་པ་ཙམ་གྱིས་ཉོན་མོངས་དགྲ་བོ་ཆེ། །གཞོམ་པའི་ཤེས་རབ་ཕ་རོལ་ཕྱིན་
པར་ཤོག །༧༠ །ཕོངས་ཕོངས་དབུགས་རབ་འབྱེན་པ་ལག་པའི་མཐིལ། །དམར་དམར་བརྩེ་བའི་ཚོན་ཀྱིས་བྱུགས་འདྲ་ལས། །ལྷུག་ལྷུག་སྩལ་བའི་ཟང་ཟིང་སྦྱིན་པ་ཡིས། །མང་མང་སྐྱེ་བོ་འཁོར་དུ་སྡུད་པར་ཤོག །༧༡ །དེ་མཐོང་དགའ་བའི་འཛུམ་དཀར་ཡིད་འོང་མས། །བལྟས་ཏེ་ཆོས་དང་
ཐར་པའི་ཕན་ཡོན་དག །མཆིད་དུ་སྙན་པར་སྨྲ་བས་ཐམས་ཅད་ཀྱང་། །དགེ་བའི་ཕྱོགས་སུ་སྤྲོ་བ་བསྐྱེད་པར་ཤོག །༧༢ །ཞུམ་ལ་གཟེངས་བསྟོད་རྒོད་ལ་སྐྱོ་བ་བསྐྱེད། །རྨུགས་པ་ངོ་མཚར་གཏམ་གྱིས་བྲིད་བྱས་ནས། །དོན་སྤྱོད་པ་ཡིས་རང་རང་མོས་པ་དང་། །འཚམ་པའི་ཆོས་ལ་ལེགས་
པར་སྦྱར་བར་ཤོག༧༣ །ལམ་ལ་ཞུགས་པའི་གང་ཟག་དགེ་བའི་བློ། །བརྟན་ལྡན་བྱ་བའི་ཆེད་དུ་རང་ཉིད་ཀྱང་། སྦྱིན་སོགས་བརྩོན་པའི་དོན་མཐུན་བྱ་བ་ཡིས། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་ཤོག །༧༤ །བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་ཟུང་གི། །རྒྱ་མཚོ་བསྲུབས་པའི་སྙིང་
པོ་ས་ལམ་དང་། །འབྲས་བུའི་ཡོན་ཏན་ཆ་རྫོགས་རྒྱུ་སྐར་བདག །མདའ་ལྔའི་མུན་པ་ཀུན་ལས་རྒྱལ་བར་ཤོག །༧༥ །སྒྲིབ་གཉིས་ཟད་པའི་འཁོར་ཚོགས་གྲངས་མེད་དབུས། །སྐུ་གཉིས་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་དཔལ། །བདེན་གཉིས་ཟུང་འཇུག་འདོམས་པའི་ཆོས་རྔ་ཆེ། །
དོན་གཉིས་མཐའ་རུ་ཕྱིན་པ་མངོན་གྱུར་ཅིག །༧༦ །ཟླ་བ་གཅིག་ལས་ཇི་སྙེད་ཆུ་ཡི་སྣོད། །དེ་སྙེད་གཟུགས་སུ་འགོག་མེད་སྟོན་བཞིན་དུ། །གང་དེ་ཉིད་ལས་མཆོག་གི་སྤྲུལ་པའི་སྐུ། །འབད་མེད་འཇིག་རྟེན་ཀུན་དུ་སྣང་བྱེད་ཤོག །༧༧།གསང་གསུམ་ཡོན་ཏན་མི་ཟད་ཡིད་བཞིན་གྱི། །
ནོར་བུ་བུམ་པ་བཟང་དང་དཔག་བསམ་ལྟར། །མཆོག་དམན་བར་མའི་གདུལ་བྱ་ཇི་སྙེད་ཀྱི། །རེ་བའི་ཤིང་རྟ་ཀུན་ནས་འགེངས་པར་ཤོག །༧༨ །འཇིག་རྟེན་གསུམ་ན་མི་བསླུ་ངེས་པའི་སྐྱབས། །དཀོན་མཆོག་གསུམ་འདྲ་མི་སྲིད་གཏམ་གྱི་རྔ། །བདེན་མཐའ་གསལ་བས་ལྷང་ལྷང་བརྡུང་དེ་

ཡིས། །བདག་གི་སྨོན་ལམ་སྙིང་པོས་ལྕི་གྱུར་ཅིག །༧༦།བདག་ཅག་མོས་པའི་ཁང་བཟངས་ཡངས་པར་དད་པའི་སྤོས་ཆུས་ཀུན་ནས་བྲན་པའི་གནས་འདི་རུ། །དཀར་ཕྱོགས་ལྷ་རྣམས་རིན་ཆེན་གདུགས་དང་རྒྱལ་མཚན་ཐོགས་ནས་མེ་ཏོག་སིལ་མས་མཆོད་པའི་དབུས། །རྒྱལ་བ་སྲས་
དང་བཅས་པ་མགྲིན་བསྒྲིགས་སྭ་སྟེ་ཛ་ཡ་སྙན་པའི་གླིང་བུ་འབུམ་བསྒྱུར་ནས། །བསྟན་པ་དྲི་མེད་ཡུན་དུ་གནས་ཤིང་འཇིག་རྟེན་བདེ་བའི་ཤིས་པ་ཀུན་གྱིས་སྐྱོང་གྱུར་ཅིག །༨༠།དགའ་ལྡན་ལྷ་ཡི་གཞལ་མེད་ནས་འཕོས་འཛམ་བུའི་གླིང་འདི་དམ་པའི་སྙིང་པོས་ཕྱི་བའི་བེེད། །ལྷུམས་སུ་ཞུགས་
དང་པདྨ་ལྟར་འཁྲུངས་གཞོན་ནུ་རོལ་རྩེད་མཛད་དང་བཙུན་མོའི་འཁོར་གྱིས་བསྐོར། །ངེས་པར་འབྱུང་དང་དཀའ་བ་རབ་སྤྱད་བྱང་ཆུབ་མཆོག་བརྙེས་བདུད་ལས་རྣམ་རྒྱལ་ཆོས་རབ་སྟོན། །ས་གསུམ་ཆོས་ཀྱི་སྣང་བས་ཁྱབ་པའི་བཀྲ་ཤིས་དམ་པས་འདི་ན་ཤིས་པའི་འབབ་སྟེགས་མཛོད། ༨༡།
ཕྱོགས་བཅུ་རབ་འབྱམ་མུ་དང་མཐའ་ཡིས་ཐུག་པ་མེད་པའི་ཞིང་ན་རབ་གཤེགས་སྟོབས་བཅུ་པའི། །མཆུ་སྒྲོས་མཚོ་སྐྱེས་དམར་པོའི་འདབ་མ་འཛུམ་ལས་འཕོས་པའི་ཚངས་དབྱངས་རྐང་དྲུག་གླུ་དང་བཅས། །འགྲོ་ཁམས་མོས་པར་མི་འཚམ་མེད་པའི་ཟབ་དང་རྒྱ་ཆེ་ལེགས་གསུངས་
སྦྲང་རྩིའི་དགའ་སྟོན་གྱིས། །རྣམ་གྲོལ་སྲོག་གི་ཀ་བ་ཚུགས་པའི་བཀྲ་ཤིས་དམ་པས་སྐྱེ་དགུ་ཐམས་ཅད་བདེ་གྱུར་ཅིག ༨༢།དེ་སྐད་བདག་གིས་སྨྲས་པའི་འབྲས་བུ་མི་བསླུ་ངེས་པར་གསུང་གི་རྡོ་རྗེ་གྲུབ་པ་མིན། །འཆི་མེད་དྲང་སྲོང་བདེན་ཚིག་གྲུབ་པའི་ངག་གི་མཚོན་ཆ་སྟོར་བ་རྙེད་པ་ཉིད་ཀྱང་
མིན། །འོན་ཏེ་སྔོན་གྱི་འཇམ་དཔལ་ལ་སོགས་རྒྱལ་སྲས་སྤྱོད་པའི་སྨོན་ལམ་རྒྱ་མཚོའི་རྗེས་ཞུགས་ནས། །དགེ་རྩ་བྱང་ཆུབ་ཆེན་པོར་སྨིན་བྱས་ཇི་ལྟར་སྨོན་པ་ནམ་ཡང་དོན་མེད་མ་གྱུར་ཅིག ༨༣།དེ་ལྟར་ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་མ་
ལུས་པ་རྣམ་པར་འགྲེལ་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་འཆད་པའི་ངོ་མཚར་འཕྲུལ་གྱེ་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པ་ཞེས་བྱ་བའི་གླེགས་བམ་གྱི་ཕྲེང་བ་བརྒྱ་ཕྲག་གཉིས་ལ་བཀྲ་ཤིས་པའི་རྟགས་ཀྱིས་ཉེ་བར་ལྷག་པ་འདི་

ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོའི་མགུར་གྱི་བུམ་པ་བཟང་པོ་ལས། ལུང་བསྟན་གྱི་བདུད་རྩི་ནོད་པའི་རྒྱལ་ཚབ་ཀྱི་སྐྱེས་བུ་ཆེན་པོ། མཁྱེན་རབ་རྒྱལ་བ་ཉིད་ལས་དམིགས་སུ་མེད་པའི་བདག་ཉིད་ཆེན་པོ་དཔལ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་ཕྱོགས་
ཐམས་ཅད་དུ་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞབས་སྟེགས་མི་འཇིགས་གདོང་ལྔའི་དབང་པོ་རྣམ་པར་བསྒྱིངས་པའི་ཁྲི་འཕང་མཐོན་པོ་ག་ལ་བ་དེར། འཁོར་ལོས་མཚན་པའི་ཞབས་ཟུང་ཉེ་བར་བཀོད་ནས། རྣམ་པར་དཀར་བའི་ཕྲིན་ལས་ཀྱི་འཁོར་ལོས་འཆི་མེད་ལམ་གྱི་མུ་མཐའ་གཞལ་བ་
སྙམ་བྱེད་པ་གང་གི་མཚན་ནས་སྨོས་ན་མཁན་ཆེན་འཇམ་པའི་དབྱངས་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པའི་ཞལ་སྔ་ནས་ཀྱིས། ཡོངས་རྫོགས་བསྟན་པའི་དགོངས་འགྲེལ་ཆེན་པོ་འདི་དག་པར་དུ་བརྐོ་བ་ཅིག་བྱུང་ན། རྒྱལ་བའི་བསྟན་པ་རིན་པོ་ཆེ་
འཇིག་རྟེན་གྱི་ཁམས་སུ་ཡུན་རིང་པོར་གནས་པའི་རྒྱུར་འགྱུར་བ་སོགས་ཕན་ཡོན་དཔག་ཏུ་མེད་པས་སྔོན་དྲངས་པའི་བཀའ་བྱེད་ཕེབས་པར་བརྟེན། ཀུན་མཁྱེན་བུ་རམ་ཤིང་པའི་རིང་ལུགས་དྲི་མ་མེད་པ་ཡོངས་སུ་དར་བའི་ཡུལ་གྲུ་ཆེན་པོ་ཉིད་དུ་ཆེས་ཆེར་བསྔགས་པ་རྣམས་ཀྱི་ནང་གསེས་
བོད་ཆེན་པོར་གྲགས་པའི་སའི་སྟེང་གི་དཀྱིལ་འཁོར་ཕལ་ཆེ་བ་དག །ཆོས་ཚུལ་དགེ་བ་བཅུ་དང་མཐུན་པའི་ཕྲིན་ལས་དང་སྟོབས་ཀྱི་འཁོར་ལོས་མངའ་སྒྱུར་ཞིང་ཁྱད་པར་གནམ་གྱིས་བསྐོས་པ་ཤར་ཕྱོགས་གོང་མ་ཆེན་པོའི་ལས་ལུང་གིས་བོད་ཆེན་ལྗོངས་ཀྱི་སྐྱེ་འགྲོ་སྤྱིའི་རྗེ་བོར་མངའ་
གསོལ་བའི་སྡེ་དགེ་ས་སྤྱོད་ཆེན་པོ་བསྟན་པ་ཚེ་རིང་ཞེས་གྲགས་པའི་རྔ་གསང་ཕྱོགས་ཀྱི་ཁོ་