Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 206
Văn bản gốc(Tây Tạng)
Trang 19 / 20 (50.000 ký tự/trang)
ས་དཔག་ཏུ་མེད་པར་འཕེལ་ བའོ། །ཐབས་མཁས་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་དབང་གིས་ཐེག་པ་མཆོག་གིས་འབྱུང་བ་སྟོན་པ་ཞེས་བྱ་བ་ལ་སྙིང་རྗེ་དང་ཤེས་རབ་ལྡན་པ་ནི་ཐབས་མཁས་པ་ཞེས་བྱའོ། །ཐེག་པ་ཆུང་ངུ་དང་དུས་དང་བག་ཆགས་དང་སྐལ་བ་ཐ་དད་པ་ནི་སེམས་ཅན་གྱི་སྤྱོད་པའི་དབང་ཞེས་བྱ་སྟེ། ཤེས་རབ་ཀྱིས་སྐལ་བ་ཆེ་ཆུང་བརྟགས་ནས་ཡིད་དང་མཐུན་པར་སྔར་ཐེག་པ་གསུམ་ལ་བཀོད་དེ་མཇུག་ཏུ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པ་ནི། ཐེག་པ་མཆོག་གིས་འབྱུང་བ་སྟོན་པ་ཞེས་བྱའོ། །ཐེག་པ་ཆེན་པོ་ལས་མ་ཉམས་པ་ནི་སྙིང་རྗེ་དང་ལྡན་པས་ཉན་ཐོས་ཀྱི་ཐེག་པ་མི་སྤྱོད་དེ་འཁོར་བ་ མི་གཏོང་ལ་ཤེས་རབ་དང་ལྡན་པས་འཁོར་བ་ན་གནས་ཀྱང་འཁོར་བའི་ཉེས་པས་མི་གོས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ནི་ཐེག་པ་ཆེན་པོ་ལས་མ་ཉམས་པ་ཞེས་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་སྒོ་སྟོན་པ་ནི་དགའ་ལྡན་གྱི་ཕོ་བྲང་ནས་འཆི་འཕོ་བ་དང་། ལྷུམས་སུ་ གཤེགས་ཤིང་བལྟམས་ནས་གཞོན་ནུ་རོལ་ཅིང་ཁབ་ན་བཞུགས་པའི་བར་དག་སྟོན་པ་ནི་འཁོར་བའི་སྒོ་སྟོན་པའོ། །ཁབ་ནས་འབྱུང་བ་དང་། དཀའ་བ་སྤྱད་དེ་བདུད་བཏུལ་ཞིང་འཚང་རྒྱ་བ་དང་སྐུ་ཚེ་འདས་པ་སྟོན་པ་ནི་མྱ་ངན་ལས་འདས་པའི་སྒོ་སྟོན་པའོ། །ཟུང་དང་སྣྲེལ་ཞིའི་རྒྱུད་ལ་ མཁས་པ་ནི་ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་འཆད་པ་འམ། ཡང་ན་དོན་དམ་པའི་བདེན་པ་འབའ་ཞིག་འཆད་པ་ནི་སྣྲེལ་ཞིའི་རྒྱུད་ལ་མཁས་པའོ། །དོན་དམ་པའི་བདེན་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀ་ཕྲུགས་སུ་འཆད་པ་ནི་ཟུང་གི་རྒྱུ་ལ་མཁས་པའོ། །ཡང་ན་མེ་དང་ཆུ་གཉིས་ཀ་ འབྱིན་ནམ། གང་ཡང་རུང་བ་གཅིག་ལུས་ལས་འབྱིན་པའི་རྫུ་འཕྲུལ་ལྟ་བུ་ནུས་པ་ལ་ཡང་བྱའོ། །ཡེ་ཤེས་སྔོན་དུ་འགྲོ་བས་མངོན་པར་འདུ་མི་བྱེད་ཅིང་ཁ་ན་མ་ཐོ་བ་མེད་པར་ཚེ་རབས་ཐམས་ཅད་དུ་མངོན་པར་ཞུགས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཐམས་ ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ། ཡེ་ཤེས་ཀྱིས་ཟིན་པས་སྡིག་པ་མི་བྱེད་ཅིང་དགེ་བ་ལ་འཇུག་པ་བཙལ་མི་དགོས་པར་འབྱུང་བས་མངོན་པར་འདུ་མི་བྱེད་པ་ཞེས་བྱ་བ་ལ། དེ་ལྟར་ཁ་ན་མ་ཐོ་བའི་ཉེས་པ་མེད་བཞིན་དུ་སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེ་བ་ནི་ཚེ་རབས་ཐམས་ཅད་དུ་མངོན་པར་ཞུགས་པ་ ཞེས་བྱའོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དགེ་བ་བཅུ་དང་ལྡན་པ་ནི་སྐྱེ་བོ་གཞན་ལྟར་དུས་འགའ་ཞིག་ཏུ་དགེ་བ་བྱས་པས་ཆོག་པར་འཛིན་ཞིང་གཏོང་བ་ལྟ་བུ་མ་ཡིན་གྱི། ནམ་སངས་རྒྱས་ཀྱི་བར་དུ་ལུས་དང་ངག་དང་ཡིད་གསུམ་གྱི་དགེ་བ་རྒྱུན་མི་གཅོད་པ་ནི་ ལས་ཀྱི་མཐའ་དགེ་བ་བཅུ་དང་ལྡན་པ་ཞེས་བྱའོ། །སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་ཟོས་པའི་ལུས་ལེན་པས། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་མི་གཏོང་བ་ནི་སྡུག་བསྔལ་ཉམས་སུ་ལེན་པ་དང་། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་གཉིས་ལས་སེམས་ཅན་གྱི་དོན་བྱེད་པ་ནི་གྲང་བ་ དང་ཚ་བ་དང་། བཀྲེས་ཤིང་སྐོམ་པ་དག་གི་གནོད་པ་བྱུང་ཡང་མི་གཏོང་བ་ནི་སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པའོ། །སེམས་ཅན་རྣམས་ཀྱིས་བརྡེགས་པ་ལ་སོགས་པའི་གནོད་པ་བྱས་ཀྱང་མི་འཁྲུག་ཅིང་སེམས་ཅན་གྱི་དོན་བྱེད་པ་མི་གཏོང་བ་ནི་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་སྟེ། བཟོད་ པ་དེ་གཉིས་དང་ལྡན་པའི་ལུས་དང་འགྲོགས་པས་དུས་ཐམས་ཅད་དུ་གནོད་པ་བྱུང་ཡང་སེམས་ཅན་གྱི་དོན་མི་འདོར་བས་ན་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་བཟོད་པའི་ལུས་ལེན་པས་སེམས་ཅན་གྱི་ཁམས་ཐམས་ཅད་མི་གཏོང་བ་ཞེས་བྱའོ། །འགྲོ་བ་ཐམས་ཅད་མངོན་པར་དགའ་བར་སྟོན་པ་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ལུས་དང་ངག་གི་སྤྱོད་ལམ་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ་ཡིན་པས་ལུས་མཐོང་ཡང་རུང་། སྨྲ་བའི་ཚིག་ཐོས་ཀྱང་རུང་། གང་གི་སྒོ་ནས་ཀྱང་སེམས་ཅན་རྣམས་དད་པ་དང་དགའ་བ་སྐྱེ་ཞིང་ཡིད་དང་མི་མཐུན་པ་མི་འབྱུང་བས་འགྲོ་བ་དགའ་བར་ སྟོན་པ་ཞེས་བྱའོ། །བྱིས་པ་དང་ཉན་ཐོས་ཀྱི་མི་བཟད་པ་ཇི་སྙེད་གཅིག་གི་ནང་ན་ཡང་དགེ་བ་མང་པོ་རིན་པོ་ཆེའི་ཤིང་དཔག་བསམ་ལྟར་བརྟན་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མ་ཉམས་པ་ནི་སྐྱེ་བོ་རྣམས་ལ་ཤེས་རབ་མེད་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་བཅིངས་ ཤིང་། སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱིས་རྒྱུན་དུ་གཙེས་པ་ནི་བྱིས་པའི་མི་བཟད་པའོ། །ཉོན་མོངས་པ་སྤངས་པའི་ཤེས་རབ་ཡོད་ན་ཡང་སྙིང་རྗེ་ཆེན་པོ་མེད་པས་སེམས་ཅན་ཐམས་ཅད་ཀྱི་དོན་བཏང་སྟེ། བདག་འབའ་ཞིག་མྱ་ངན་ལས་འདའ་བ་ནི་ཉན་ཐོས་ཀྱི་མི་བཟད་པ་སྟེ། དེ་གཉིས་ཀྱི་ནང་ན་གནས་ཀྱང་ཐབས་དང་ཤེས་རབ་ཏུ་ལྡན་པས་དགེ་བ་མང་པོ་འཕེལ་བའི་རྒྱུ་བདག་དང་གཞན་གཉིས་ཀའི་དོན་རྒྱུན་མི་གཅོད་ཅིང་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཀྱང་མི་གཏོང་བ་ནི་དགེ་བ་མང་པོ་རིན་པོ་ཆེའི་དཔག་བསམ་གྱི་ཤིང་ལྟར་བརྟན་པ་ནི་ཐམས་ཅད་མཁྱེན་པའི་སེམས་མ་ཉམས་པ་ ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་ཐབས་སྦྱིན་པས་དབང་བསྐུར་བ་འཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་བཙལ་བ་བསྟན་པ་ལས་མི་ལྡོག་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། ཕྱི་ནང་གི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་གྱུར་པས་ས་ བཅུ་པའི་དུས་ན་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་མཛད་པས་ན་ས་བཅུའི་དུས་ན་ནི་ཆོས་ཐམས་ཅད་ཀྱི་ཐབས་སྦྱིན་པས་དབང་བསྐུར་བ་ཞེས་བྱའོ། །དེ་ལྟ་བུའི་གནས་འཐོབ་པར་བྱ་བའི་ཕྱིར་བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་ཉན་ པ་ལ་སོགས་པའི་སྒོ་ནས་ཚོལ་ཞིང་གཞན་ལ་བསྟན་ཞིང་བཤད་པའི་རྒྱུན་མི་གཅོད་པ་ནི་སངས་རྒྱས་ཀྱི་ཆོས་བཙལ་བ་བསྟན་པ་ལས་མི་ལྡོག་པ་ཞེས་བྱའོ། །མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་དགུ་ལ་ཞེས་བྱ་བ་ལ། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་མཆོག་ཏུ་ དགའ་བ་ཞེས་བྱའོ། །དེའི་སྔོན་དུ་འགྲོ་བ་ནི་དེ་ཐོབ་པའི་རྒྱུ་ལྟ་བུ་སྟེ། ལྷག་པའི་བསླབ་པ་གསུམ་བདེ་བླག་ཏུ་སྲུང་བ་ལ་བྱའོ། །དེ་ཡང་དགུ་སྟེ། རབ་ཏུ་དགའ་བ་ལས་དགའ་བ་སྐྱེ་བ་ཞེས་བྱ་བ་ལ། འདོད་ཆགས་དང་ཞེ་སྡང་གིས་སེམས་མ་དཀྲུགས་ཏེ་ལུས་ཀྱི་དགེ་བ་གསུམ་བདེ་བླག་ཏུ་ སྲུང་བ་ནི་རབ་ཏུ་དགའ་བ་ཞེས་བྱ་སྟེ། དགའ་བ་དེས་རྒྱུ་བྱས་ནས་ཡིད་ཀྱི་དགེ་བ་གསུམ་བདེ་བླག་ཏུ་སྲུང་ནུས་པ་ནི་དགའ་བ་སྐྱེ་བ་ཞེས་བྱའོ། །ཡིད་དགའ་བས་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་བྱ་བ་ནི་ཡིད་དགའ་སྟེ། ཡིད་ཀྱི་དགེ་བ་གསུམ་བདེ་བླག་ཏུ་སྲུང་ནུས་ན་དེའི་རྒྱུ་ལས་ལུས་ ལས་སུ་རུང་སྟེ། ལྕི་ཞིང་མི་བདེ་བ་མེད་པར་འགྱུར་བས་ཡིད་དགའ་བས་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ་ཞེས་བྱའོ། །ལུས་ཤིན་ཏུ་སྦྱངས་པས་བདེ་བ་མྱོང་བར་འགྱུར་རོ་ཞེས་བྱའོ། །འདི་ཡན་ཆད་བཞིས་ནི་ལྷག་པའི་ཚུལ་ཁྲིམས་ལ་གནས་པ་བསྟན་ཏོ། །བདེ་བར་གྱུར་བའི་སེམས་ མཉམ་པར་འཇོག་གོ་ཞེས་བྱ་བ་ནི་སེམས་ལས་སུ་རུང་སྟེ་བདེ་བར་གྱུར་ན་དེའི་རྒྱུ་ལས་སྒོམ་པ་པོའི་རྒྱུད་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ནི་ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ཏོ། །སེམས་མཉམ་པར་གཞག་ ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་ཞེས་བྱ་བ་ནི་དཔེར་ན་ཆུ་ཀླུང་ལ་སོགས་པ་མ་བསྙོགས་མ་བསྐྱོད་ན་བཞིན་གྱི་གཟུགས་བརྙན་ལ་སོགས་པ་གསལ་བར་སྣང་བ་དང་འདྲ་བར་སེམས་མཉམ་པར་གཞག་སྟེ། རྣམ་པར་རྟོག་པའི་རླུང་གིས་མ་བསྐྱོད་ན་ ལྷག་མཐོང་དང་། ཞི་གནས་ཟུང་དུ་འབྲེལ་ཏེ། བདེན་པ་བཞི་ལ་སོགས་པ་ཆོས་ཀྱི་མཚན་ཉིད་ལྷག་མཐོང་གིས་ཤེས་ཤིང་། ཞི་གནས་ཀྱིས་མཐོང་བ་ཕྱིན་ཅི་མ་ལོག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ཞེས་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་ དུ་མཐོང་ན་སྐྱོ་བར་འགྱུར་རོ་ཞེས་བྱ་བ་ནི་བདེན་པ་བཞི་ལ་སོགས་པའི་མཚན་ཉིད་མ་ནོར་བར་མཐོང་ཞིང་ཤེས་པའི་སྒོ་ནས་སྡུག་བསྔལ་གྱི་བདེན་པར་གཏོགས་པ་འཁོར་བའི་ཉེས་དམིགས་མཐོང་ནས་འཁོར་བས་ཡིད་བྱུང་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་སྐྱོ་བར་འགྱུར་བའོ། །ཚིག་གོང་མ་འདི་ གཉིས་ཀྱིས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་བསྟན་ཏོ། །སྐྱོན་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ལ་སྐྱོ་བར་གྱུར་ན་སྡུག་བསྔལ་དེ་སྐྱེད་པར་བྱེད་པའི་རྒྱུ་ཀུན་འབྱུང་གི་བདེན་པར་གཏོགས་པ། ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྤོང་བར་བྱེད་པས་ན་སྐྱོན་ འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེས་བྱའོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ཁམས་གསུམ་གྱི་མཐོང་བསྒོམ་གྱི་ཉོན་མོངས་པ་སྤངས་ན་མྱ་ངན་ལས་འདས་པ་འགོག་པ་བདེན་པ་མངོན་སུམ་དུ་འགྱུར་བས་ན་འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་ རོ་ཞེས་བྱའོ། །གོང་མ་འདི་གཉིས་ཀྱིས་ནི་རྣམ་པར་གྲོལ་བའི་ཕུང་པོ་ཐོབ་པར་བསྟན་ཏོ། །རྣམ་པར་གྲོལ་བ་དག་བདག་རྣམ་པར་གྲོལ་བའོ་སྙམ་པའི་ཡེ་ཤེས་མཐོང་བ་འབྱུང་ངོ་ཞེས་བྱ་བ་ནི་དེ་ལྟར་མྱ་ངན་ལས་འདས་པ་ཐོབ་པའི་འོག་ཏུ་ཡེ་ཤེས་འདི་ལྟ་བུ་སྐྱེ་སྟེ། སྡུག་བསྔལ་ཤེས་པར་བྱ་བ་ ཤེས་པར་བྱས་ཟིན་པས་ད་ཤེས་པར་བྱ་མི་དགོས། ཀུན་འབྱུང་བ་སྤང་བར་བྱ་བ་སྤངས་ཟིན་པས་དེ་སྤང་མི་དགོས། འགོག་པ་མངོན་དུ་བྱ་བ་མངོན་དུ་བྱས་ཟིན་པས་ད་མངོན་དུ་བྱ་མི་དགོས། ལམ་བསྒོམ་པར་བྱ་བ་བསྒོམས་ཟིན་པས་ད་བསྒོམ་མི་དགོས་སོ་ཞེས་བྱ་བའི་ཡེ་ཤེས་བཞི་སྐྱེས་པ་ནི་ རྣམ་པར་གྲོལ་བ་ལ་བདག་རྣམ་པར་གྲོལ་བའོ་སྙམ་པའི་ཡེ་ཤེས་མཐོང་བ་འབྱུང་སྟེ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཐོབ་པ་ཞེས་བྱའོ། །སྤྱིར་ཚིག་དེ་དག་གིས་ཟག་པ་མེད་པའི་ཕུང་པོ་ལྔ་ཐོབ་པར་བསྟན་ཏོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ལ། ཟད་པར་སྔོན་པོའི་སྐྱེ་མཆེད་ དང་། ཟད་པར་སེར་པོའི་སྐྱེ་མཆེད་དང་། ཟད་པར་དམར་པོའི་སྐྱེ་མཆེད་དང་། ཟད་པར་དཀར་པོའི་སྐྱེ་མཆེད་དང་། ཟད་པར་སའི་སྐྱེ་མཆེད་དང་། ཟད་པར་ཆུའི་སྐྱེ་མཆེད་དང་། ཟད་པར་མེའི་སྐྱེ་མཆེད་དང་། ཟད་པར་རླུང་གི་སྐྱེ་མཆེད་དང་། ཟད་པར་ནམ་མཁའི་སྐྱེ་མཆེད་དང་། ཟད་པར་རྣམ་པར་ཤེས་པའི་སྐྱེ་མཆེད་དང་། ལ་ལ་ཟད་པར་སའོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད། ལ་ལ་ཟད་པར་ཆུ་དང་། མེ་དང་རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་དཀར་པོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་ སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད་པའོ་ཞེས་བྱ་བ་ནི་བསམ་གཏན་གྱི་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་བས་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ཆེན་པོ་བཞི་དང་ཁ་དོག་བཞི་སྟེ་བརྒྱད། ནམ་མཁའ་དང་དགུ། རྣམ་པར་ཤེས་པ་དང་བཅུ་པོ་དེ་དག་གང་ཡང་རུང་བ་གཅིག་ལ་བསམས་ཏེ། ཕྱོགས་མཚམས་བླ་འོག་ཐམས་ཅད་མེ་ཕུང་དུ་བསྒྱུར་བ་དེ་བཞིན་དུ་མེའི་ཕུང་པོ་ཁོ་ནར་འགྱུར་རོ། །དེ་བཞིན་དུ་ཁ་དོག་ལ་སོགས་པ་བཅུ་ཆར་ལ་ཡང་ཇི་ལྟར་བསྒྱུར་བ་བཞིན་དུ་འགྱུར་བའི་རང་དབང་ཐོབ་པ་ནི། ཟད་པར་གྱི་སྐྱེ་མཆེད་བཅུ་ཞེས་བྱ་སྟེ། རེ་རེ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཟད་པར་ སའོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད་ཅེས་བྱ་བ་ནི་ས་འམ་ཆུ་ལ་སོགས་པ་གང་ཡང་རུང་བ་གཅིག་བསྒྱུར་བའི་དུས་ན་དེ་ལས་གཞན་པའི་བྱེ་བྲག་ཐ་དད་པ་མེད་པས་གཉིས་སུ་མེད་ཅེས་བྱའོ། །ས་ཁྱོན་འདི་ཕན་ཆད་དང་ཚུན་ཆད་ཅེས་བྱེ་བྲག་དབྱེར་མེད་ པས་ཚད་མེད་ཅེས་བྱའོ། །ཐམས་ཅད་ཀྱང་ས་སྣ་དག་གིས་གང་ངོ་སྙམ་པ་ལ་སོགས་པར་གང་ཡང་རུང་བ་གཅིག་ཁོ་ན་ལ་དམིགས་པ་ནི་འདུ་ཤེས་སུ་བྱེད་པ་ཞེས་བྱ་སྟེ། གཞན་ལ་ཡང་རེ་རེ་ཞིང་དེ་བཞིན་དུ་སྦྱར་རོ། །མི་སྡུག་པ་བསྒོམ་པ་དགུ་ལ་རྣམ་པར་བསྔོས་པའི་འདུ་ ཤེས་ནི་མི་རོ་ལྟ་བུ་པགས་པའི་ཕྱི་རོལ་མདོག་སྔོན་པོར་གྱུར་པའོ། །རྣམ་པར་རྣགས་པའི་འདུ་ཤེས་ནི་པགས་པའི་ནང་ཅི་འདྲ་བ་བརྟགས་ན་རྣག་དང་ཁྲག་དང་། ཆུ་སེར་དང་། བད་ཀན་དང་ཀླད་རྒྱས་ལྟ་བུས་གང་བར་གྱུར་པའོ། །རྣམ་པར་འབུས་བཤིག་པའི་འདུ་ཤེས་ནི་ནང་དུ་སྦྲང་མ་སོང་ནས་ འབུ་ཞུགས་པའོ། །རྣམ་པར་བམ་པའི་འདུ་ཤེས་ནི་ཕྱི་ནང་ཐམས་ཅད་རུལ་པའོ། །རྣམ་པར་དམར་བའི་འདུ་ཤེས་ནི་བྱ་ཁྱི་དང་ཝ་སྤྱང་གིས་རྨ་བཏོད་ཅིང་ནང་གི་ཤ་ཁྲག་ལ་སོགས་པ་ཕྱི་རོལ་དུ་སྣང་བའོ། །རྣམ་པར་ཟོས་པའི་འདུ་ཤེས་ནི་བྱ་ཁྱི་ཝ་སྤྱང་ལ་སོགས་པས་ཟོས་པའོ། །རྣམ་ པར་འཐོར་བའི་འདུ་ཤེས་ནི་གཟུགས་བཞི་དང་རུས་ཚིགས་སོ་སོར་གྱེས་པའོ། །རྣམ་པར་ཚིག་པའི་འདུ་ཤེས་ནི་རུས་པ་ལ་ཤ་དང་ཆུ་བ་ར་རི་དང་བཅས་པ་ཉི་མ་དང་ལྷགས་པས་བསྐམས་ཤིང་གདུངས་པའོ། །རུས་གོང་གི་འདུ་ཤེས་ནི་རུས་པ་དུང་གི་མདོག་ལྟར་དཀར་པོར་གྱུར་པའོ། །དེ་ དག་གི་ལུས་ལ་འདོད་ཆགས་པའི་གཉེན་པོར་བསྟན་པའོ། །དབང་པོ་ཉི་ཤུ་རྩ་གཉིས་ལ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། ཕོའི་དབང་པོ་དང་། མོའི་དབང་པོ་དང་། སྡུག་ བསྔལ་གྱི་དབང་པོ་དང་། བདེ་བའི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་ དབང་པོ་དང་། མི་ཤེས་པ་ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་། སྲོག་གི་དབང་པོའོ། །ཉི་ཤུ་རྩ་གཉིས་པོ་དེ་དག་ཀྱང་རྣམ་པ་ལྔར་བསྡུ་སྟེ། སེམས་ཀྱི་རྟེན་དང་། དེར་རྣམ་པར་རྟོག་པ་དང་། ཀུན་ནས་ཉོན་མོངས་ པ་དང་། རྣམ་པར་བྱང་བའི་ཚོགས་དང་། རྣམ་པར་བྱང་བའོ། །དེ་ལ་མིག་ནས་ཡིད་ཀྱི་བར་དྲུག་དང་། སྲོག་གི་དབང་པོ་ནི་སེམས་ཀྱི་རྟེན་ཏོ། །སྐྱེས་པ་དང་བུད་མེད་ཀྱི་དབང་པོ་ནི་དེར་རྣམ་པར་རྟོག་པ་སྟེ། སྐྱེས་པའོ་བུད་མེད་དོ་ཞེས་གཞན་གྱིས་དེ་ལ་རྟོག་གོ། །བདེ་བ་དང་ཡིད་བདེ་བ་ནི་འདོད་ ཆགས་བསྐྱེད། སྡུག་བསྔལ་དང་ཡིད་མི་བདེ་བ་ནི་ཞེ་སྡང་བསྐྱེད། བཏང་སྙོམས་ནི་གཏི་མུག་བསྐྱེད་པས་ཀུན་ནས་ཉོན་མོངས་པའོ། །དད་པ་ལ་སོགས་པའི་དབང་པོ་ལྔ་ནི་མྱ་ངན་ལས་འདས་པའི་རྒྱུ་བྱེད་པས་རྣམ་པར་བྱང་བའི་ཚོགས་སོ། །མི་ཤེས་པ་ཀུན་ཤེས་པ་ལ་སོགས་པ་གསུམ་ནི་རྣམ་པར་ བྱང་བའོ། །དེ་ལ་མིག་གི་དབང་པོ་ནི་ཟར་མ་ཁ་བྱེ་བ་འདྲའོ། །རྣ་བ་ནི་གྲོ་བ་གཅུས་པ་འདྲའོ། །སྣ་ནི་མོ་ཁབ་གཤིགས་པ་འདྲའོ། །ལྕེ་ནི་ཟླ་བ་བཀས་པ་འདྲའོ། །ལུས་ནི་སེན་མོ་ཁྲབ་གྱོན་པ་འདྲའོ། །ཡིད་ཀྱི་དབང་པོ་ནི་རྣམ་པར་ཤེས་པ་དྲུག་འདས་མ་ཐག་པའོ། །ཕོའི་ནི་མཐེ་བོང་ འདྲའོ། །མོའི་ནི་རྔའི་ཁོག་པ་འདྲའོ། །སྡུག་བསྔལ་གྱི་ནི་རྣམ་པར་ཤེས་པ་དང་དབང་པོར་བཅས་པའི་ལུས་མི་བདེ་བ་མྱོང་བའོ། །བདེ་བ་ནི་རྣམ་པར་ཤེས་པ་དང་དབང་པོར་བཅས་པའི་ལུས་ལ་སིམ་པ་མྱོང་བའོ། །ཡིད་བདེ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་དགའ་བ་མྱོང་བའོ། །ཡིད་ མི་བདེ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གདུང་བ་སྐྱེས་པའོ། །བཏང་སྙོམས་ཀྱི་དབང་པོ་ནི་ལུས་དང་སེམས་གཉིས་ཀ་ལ་ལྷག་པར་བདེ་བ་ཡང་མ་བྱུང་སྡུག་བསྔལ་ཡང་མ་སྐྱེས་པའོ། །དད་པའི་དབང་པོ་ནི་ལས་དང་འབྲས་བུ་དང་བདེ་བ་དང་དཀོན་མཆོག་ལ་ཡོད་པ་དང་ཡོན་ཏན་ཅན་ཡིན་པར་ཡིད་ ཆེས་ཤིང་སེམས་དང་བའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་ཉན་པ་དང་སེམས་པ་དང་བསྒོམ་པ་ལ་སོགས་པ་དེ་དགེ་བའི་ཕྱོགས་རྒྱུན་མི་གཅོད་པའོ། །དྲན་པའི་དབང་པོ་ནི་ཆོས་ཀྱི་མཚན་ཉིད་མཉན་ཞིང་ཐོས་པའི་ཚིག་དང་དོན་བསྐལ་པར་ཡང་མི་བརྗེད་པའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་བསྒོམ་ པའི་ཡུལ་ལ་སེམས་རྩེ་གཅིག་ཏུ་གནས་པ་ལས་མི་ཉམས་པའོ། །ཤེས་རབ་ཀྱི་དབང་པོ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་ཤེས་པའོ། །མི་ཤེས་པ་ཀུན་ཤེས་པའི་དབང་པོ་ནི་མཐོང་བས་སྤང་བའི་ཉོན་མོངས་པ་སྤོང་བ་ན་དད་པའི་དབང་པོ་ནས། ཤེས་རབ་ཀྱི་དབང་པོའི་བར་ དུ་དབང་པོ་ལྔ་དང་བདེ་བའི་དབང་པོ་དང་ཡིད་བདེ་བ་དང་། བཏང་སྙོམས་དང་། ཡིད་ཀྱི་དབང་པོ་བཞི་སྟེ། དབང་པོ་དགུ་པོ་དེ་དག་གིས་མཐོང་བས་སྤང་བའི་ཉོན་མོངས་པ་སྤངས་ནས་སྔོན་མི་ཤེས་པ་ཀུན་ཤེས་པར་གྱུར་བའོ། །ཀུན་ཤེས་པའི་དབང་པོ་ནི་བསྒོམ་པས་སྤོང་ བའི་ཉོན་མོངས་པ་སྤོང་བའི་དུས་ན་དབང་པོ་དགུ་པོ་དེ་དག་ཉིད་ཀྱིས་མི་མཐུན་པ་དང་གཉེན་པོའི་ཕྱོགས་གསལ་བར་བྱེ་བྲག་ཕྱེད་པའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་དགྲ་བཅོམ་པ་ཐོབ་པའི་དུས་ན་དབང་པོ་དགུ་པོ་དེ་དག་ཉིད་མཐོང་བསྒོམ་གྱི་ཉོན་མོངས་པ་མ་ལུས་པར་སྤངས་ཏེ་ཟད་ལ་མི་སྐྱེ་ བའི་ཡེ་ཤེས་དང་ལྡན་པ་ལ་བྱའོ། །སྲོག་གི་དབང་པོ་ནི་ཇི་སྲིད་མ་ཤིའི་བར་དུ་ཚེ་དང་སྲོག་འཛིན་པའོ། །བསོད་ནམས་བྱ་བའི་དངོས་པོ་ལ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་ བའི་བསོད་ནམས་བྱ་བའི་དངོས་པོ་དང་། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ་ཞེས་བྱ་བ་ནི་དོན་དུ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་དང་། བདེ་འགྲོར་སྐྱེ་བའི་རྒྱུ་དང་། ངན་འགྲོ་དང་བདེ་འགྲོ་ཟློག་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་སྦྱིན་པ་དང་རྫས་ལས་ བྱུང་བ་གཉིས་ནི་ལོངས་སྤྱོད་ཀྱི་རྒྱུའོ། །ཚུལ་ཁྲིམས་ནི་བདེ་འགྲོའི་རྒྱུའོ། །བསྒོམ་པ་ནི་ངན་འགྲོ་དང་བདེ་འགྲོ་གཉིས་ལས་ཟློག་པའི་རྒྱུའོ། །དེ་ལ་སྦྱིན་པ་གང་གིས་ཤེ་ན། སྦྱིན་པའི་བདག་པོ་དེས་སོ། །གང་ལ་ཞེ་ན་ཕོངས་པའི་སེམས་ཅན་རྣམས་ལའོ། །གང་སྦྱིན་ཞེ་ན། བཟའ་ བ་དང་བགོ་བ་ལ་སོགས་པའི་ཡོ་བྱད་སྣ་སྣ་ནས་ཅི་མཁོ་བ་རྣམས་སྦྱིན་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །ཚུལ་ཁྲིམས་ནི་གང་གིས་གང་གི་ཕྱིར་གང་སྲུང་ཞེ་ན། དད་པ་དང་ལྡན་པའི་གང་ཟག་གིས། ཚེ་འདིར་བདག་དང་གཞན་ལ་མི་གནོད་པར་བྱ་བའི་ཕྱིར་བསླབ་པ་ ལྔ་དང་བཅུ་དང་། ཉིས་བརྒྱ་ལྔ་བཅུ་ལ་སོགས་པ་སྲུང་བ་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །བསྒོམ་པ་ནི་གང་གིས་གང་གི་ཕྱིར་གང་བསྒོམ་ཞེ་ན། རྣལ་འབྱོར་ལ་དགའ་བའི་གང་ཟག་གིས། ཉོན་མོངས་པའི་དྲི་མ་དག་པར་བྱ་བའི་ཕྱིར་ཚད་མེད་པ་བཞི་དང་ རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པ་བསྒོམ་པ་ནི། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །རྫས་ལས་བྱུང་བ་ནི་གང་གིས་གང་ལ་གང་ཕུལ་ཞེ་ན། དད་པའི་ཁྱིམ་བདག་དང་། བྲམ་ཟེ་ལ་སོགས་པས་དཀོན་མཆོག་གསུམ་ལ། གཙུག་ལག་ཁང་དང་། གནས་ ཁང་དང་། སྐྱེད་མོས་ཚལ་དང་། ཞལ་ཟས་དང་། ན་བཟའ་དང་། སྨན་ལ་སོགས་པའི་ཡོ་བྱད་སྣ་ཚོགས་ཕུལ་བ་ནི། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །བྱིན་གྱི་རླབས་བཞི་ལ། བདེན་པའི་བྱིན་གྱི་རླབས་དང་། གཏོང་བའི་བྱིན་གྱི་རླབས་དང་། ཉེ་བར་ཞི་བའི་བྱིན་ གྱི་རླབས་དང་། ཤེས་རབ་ཀྱི་བྱིན་གྱི་རླབས་སོ་ཞེས་བྱ་བ་ནི་འཕགས་པའི་ལམ་ཆོས་ཀྱི་དོན་གང་ཡིན་པ་ལ་གནས་པའི་དབང་ཐོབ་ཅིང་མཐུ་ཡོད་པ་ནི་བྱིན་གྱི་རླབས་ཞེས་བྱའོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ཤེས་པར་བྱ་བ་ཤེས་པར་བྱས་ཟིན་པ་ནི་བདེན་པའི་བྱིན་གྱི་རླབས་སོ། །ཀུན་འབྱུང་གི་བདེན་ པ་སྤང་བར་བྱ་བར་སྤངས་ཟིན་པ་ནི་གཏོང་བའི་བྱིན་གྱི་རླབས་སོ། །འགོག་པའི་བདེན་པ་དག་མངོན་དུ་བྱ་བ་མངོན་དུ་བྱས་ཟིན་པ་ནི་ཉེ་བར་ཞི་བའི་བྱིན་གྱི་རླབས་སོ། །ལམ་གྱི་བདེན་པ་བསྒོམ་པར་བྱ་བ་བསྒོམས་ཟིན་པ་ནི་ཤེས་རབ་ཀྱི་བྱིན་གྱི་རླབས་སོ། །རྒྱུ་དྲུག་ལ། བྱེད་རྒྱུ་དང་། ལྷན་ཅིག་ འབྱུང་བའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། ཀུན་དུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུའོ་ཞེས་བྱ་བ་ནི། ས་ཆུ་མེ་རླུང་ལྟ་བུ་གཅིག་གི་ནང་ན་ཡང་བཞི་ཆར་ཚང་བར་ཡོད་དེ་གཅིག་གི་རྒྱུ་གཅིག་གིས་བྱས་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཏེ་མགོ་མཉམ་ དུ་འབྱུང་བ་ནི་དཔེར་ན་མི་གཅིག་པུས་འཇིག་པར་འགྲོ་མི་ནུས་ཀྱི། མི་དུ་མ་བསྡོངས་ཏེ་དོང་ན་འཇིགས་པ་ལས་གཅིག་གིས་གཅིག་གྲོགས་བྱས་ནས་ཐར་པ་ལྟ་བུ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཡུལ་ལ་འཇུག་ཅིང་གཅོད་པ་ན་གཅིག་པུས་འཇུག་ཅིང་གཅོད་ མི་ནུས་ཀྱི། སེམས་དང་སེམས་ལས་བྱུང་བ་དུ་མ་གཅིག་གི་རྒྱུ་གཅིག་གིས་ཕན་ཚུན་དུ་གྲོགས་བྱས་ནས་མགོ་མཉམ་དུ་འབྱུང་བ་སྟེ། དཔེར་ན་གོང་མ་ནི་འཇིག་གྲོགས་ཉི་ཚེ་ཙམ་བྱས་པར་ཟད་ཀྱི། འདི་ནི་གྲོགས་ཀྱང་བྱས་ལ། འགྲོ་མ་ནུས་ན་ཡང་འདུག་མི་གནང་བར་རྒྱགས་མཐུད་ཀྱང་བྱས་ཏེ་ ཁྲིད་པ་དང་འདྲ་བར་འབྱུང་བ་ནི་མཚུངས་པར་ལྡན་པའི་རྒྱུ་ཞེས་བྱའོ། །སེམས་དགེ་བ་ཞིག་སྐྱེས་ན་སེམས་ལས་བྱུང་བ་ཡང་དགེ་བར་སྐྱེ། སེམས་མི་དགེ་བ་ཞིག་བྱུང་ན་སེམས་ལས་བྱུང་བ་ཡང་མི་དགེ་བར་འབྱུང་སྟེ། སེམས་ཇི་ལྟར་སྐྱེས་པ་དང་མཐུན་པར་སེམས་ ལས་བྱུང་བ་ཡང་དེ་ལྟར་འབྱུང་བ་ནི་སྐལ་བ་མཉམ་པའི་རྒྱུ་ཞེས་བྱའོ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། གནས་དེ་དགུར་སྔར་སྐྱེས་པ་ནི་ཕྱིས་ཉོན་མོངས་པ་ཅན་གྱི་ཆོས་སྐྱེ་བར་འགྱུར་བས་ན་ཀུན་དུ་ འགྲོ་བའི་རྒྱུ་ཞེས་བྱའོ། །ལས་དགེ་བའི་རྒྱུས་མཐོ་རིས་སུ་སྐྱེ་ལ། ལས་མི་དགེ་བའི་རྒྱུས་ངན་སོང་དུ་སྐྱེ་ཞིང་ལུས་བཟང་ངན་དུ་སྐྱེ་བ་ནི་རྣམ་པར་སྨིན་པའི་རྒྱུ་ཞེས་བྱའོ། །ཆོས་གང་ཅི་ཡང་རུང་སྟེ་སྐྱེ་བ་ལ་མི་སྒྲིབ་ཅིང་གེགས་མི་བྱེད་པ་སྟེ། དཔེར་ན་མྱུ་གུ་སྐྱེ་བ་ལ་གཞན་གྱིས་གེགས་མ་བྱས་ན་དེ་ ཉིད་གེགས་མི་བྱེད་པའི་ཕྱིར་བྱེད་པའི་རྒྱུ་ཞེས་བཏགས་སོ། །རྐྱེན་བཞི་ལ། རྒྱུའི་རྐྱེན་དང་། བདག་པོའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་ནོ་ཞེས་བྱ་བ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་རྒྱུ་ཡང་བྱེད་རྐྱེན་དུ་ཡང་བྱེད་པས་རྒྱུ་རྐྱེན་ནོ། །མིག་ལ་སོགས་པའི་དབང་པོ་ ལྔ་ནི་རང་རང་གི་རྣམ་པར་ཤེས་པ་སྐྱེད་པའི་བདག་པོ་བྱེད་པས་བདག་པོའི་རྐྱེན་ནོ། །ཡིད་ཀྱི་དབང་པོ་འགགས་མ་ཐག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་བསྐྱོད་པས་དེ་མ་ཐག་པའི་རྐྱེན་ནོ། །གཟུགས་དང་སྒྲ་ལ་སོགས་པ་ཕྱིའི་ཡུལ་དྲུག་ནི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ནོ། །འབྲས་ བུ་ལྔ་ལ། རྒྱུ་མཐུན་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུའོ་ཞེས་བྱ་བ་ལ། ཚེ་སྔ་མ་ལ་དགེ་བ་བྱེད་བྱེད་ན། ཚེ་འདིར་ཡང་དགེ་བ་བྱེད་འདོད་ལ། ཚེ་སྔ་མ་ལ་སྡིག་པ་བྱེད་བྱེད་ན། ཚེ་འདིར་ཡང་ སྡིག་པའི་ལས་བྱེད་འདོད་པ་ནི་རྒྱུ་མཐུན་པའི་འབྲས་བུའོ། །ཚེ་རབས་སྔ་མ་ལ་སྡིག་པ་མི་དགེ་བ་བྱས་པས་ཚེ་འདིར་ཡང་ཡུལ་ཁམས་ངན་པར་སྐྱེས་པ་དང་། དགེ་བ་བྱས་པས་ཡུལ་བཟང་པོར་སྐྱེས་ཏེ། ཡུལ་བཟང་ངན་གྱི་བདག་པོར་སྐྱེ་བ་ནི་བདག་པོའི་འབྲས་བུའོ། །ཞིང་ལ་སོ་ནམ་བྱས་པས་ནས་མང་དུ་ རྙེད། ཚོང་བྱས་པས་ཟོང་མང་དུ་རྙེད། རྫིའུ་བྱས་པས་ཕྱུགས་མང་དུ་རྙེད་པ་ལྟ་བུ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །སྦྱིན་པ་བྱས་པས་ཕྱུག་པོར་འགྱུར་བ་དང་། རྐུ་འཕྲོག་བྱས་པས་དབུལ་པོར་འགྱུར་བ་དང་། གསོད་རྐྱེན་དང་བརྡེག་བཙོག་བྱས་པས་ཚེ་ཐུང་ཞིང་ནད་མང་བར་འགྱུར་བ་ལ་སོགས་པ་ནི་ རྣམ་པར་སྨིན་པའི་འབྲས་བུའོ། །འཕགས་པའི་ལམ་བསྒོམས་ནས་ཉོན་མོངས་པ་སྤངས་པ་ནི་བྲལ་བའི་འབྲས་བུའོ། །ཆོས་ཡང་དག་པར་ལེན་པ་བཞི་ལ་ད་ལྟར་བྱུང་བ་ལ་བདེ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་སྡུག་བསྔལ་བ་ནི་ཚེ་སྔ་མ་ལ་གོམས་པའི་ཤུགས་ཀྱིས་རི་དགས་འཆོར་དུ་བཅུག་ན་དཀའ་བ་ མེད་དེ་སྐྱིད་ཅིང་དགའ་བ་བཞིན་དུ་འཆོར་ནུས་ལ། རྒྱུ་དེས་ཚེ་ཕྱི་མ་ལ་ངན་སོང་གསུམ་དུ་སྐྱེ་བ་ལ་བྱའོ། །ད་ལྟར་བྱུང་བ་ལ་སྡུག་བསྔལ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་བདེ་བ་ནི་ཚེ་སྔ་མ་ལ་གོམས་པ་མེད་པས་དགེ་བའི་ཕྱོགས་ལ་དཀའ་ཐུབ་སྣ་ཚོགས་མི་ནུས་ཤིང་དཀའ་བཞིན་དུ་བྱེད་དེ། སྡུག་བསྔལ་ཆེ་ཡང་ ཚེ་ཕྱི་མར་མཐོ་རིས་དང་ཐར་པའི་གནས་སུ་སྐྱེ་བ་ལ་བྱའོ། །ད་ལྟར་བྱུང་བ་ལ་ཡང་སྡུག་བསྔལ་ལ་ཕྱི་མ་ལ་རྣམ་པར་སྨིན་པ་ཡང་སྡུག་བསྔལ་བ་ནི་ཚེ་སྔ་མ་ལ་གོམས་པ་མེད་པར་རི་དགས་འཆོར་དུ་བཅུག་པ་ལྟ་བུ་ཉམས་ཀྱིས་མི་ལྕོགས་ཏེ། འཕྲལ་དུ་ཡང་མི་ནུས་ཤིང་མི་བདེ་ལ་ཚེ་ཕྱི་མར་ཡང་ངན་སོང་གསུམ་དུ་ སྐྱེ་བ་ལ་བྱའོ། །ད་ལྟར་བྱུང་བ་ལ་ཡང་བདེ་ལ་ཕྱི་མ་ལ་ཡང་རྣམ་པར་སྨིན་པ་བདེ་བ་ནི་བསམ་གཏན་ལ་གནས་པ་དག་ད་ལྟར་ཡང་ལུས་དང་སེམས་བདེ་ལ། དེའི་འབྲས་བུ་ཡང་མཐོ་རིས་དང་མྱ་ངན་ལས་འདས་པ་ཐོབ་པ་ལ་བྱའོ། །སྡུག་བསྔལ་བརྒྱད་ལ། སྐྱེ་བའི་སྡུག་བསྔལ་ནི་ཁམས་གསུམ་དུ་སྐྱེ་ བའི་ཕུང་པོ་གྲུབ་ན་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་གཞི་ལྟ་བུར་གྱུར་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པའི་ཕྱིར་སྐྱེ་བའི་སྡུག་བསྔལ་ཞེས་བྱའོ། །ལང་ཚོ་གཞོན་ནུ་མཐུ་རྩལ་དང་སྟོབས་དང་བྱད་བཞིན་གྱི་ཁ་དོག་དང་དབྱིབས་རྣམས་ གཞོན་ནུ་ལས་ཉམས་ཏེ་སྐྲ་དཀར་དང་གཉེར་མས་གང་ཞིང་བརྩོན་འགྲུས་དང་བློ་གྲོས་ལ་སོགས་པ་མེད་པར་གྱུར་བ་ནི། རྒས་པའི་སྡུག་བསྔལ་ཞེས་བྱའོ། །ལུས་ལ་བད་ཀན་དང་ཆུ་སེར་རམ་མཛེ་དང་ཤུ་བ་དང་རིམས་ཀྱིས་བཏབ་པ་དང་བདག་གི་འཁོར་གཉེན་བཤེས་དང་ནོར་རྫས་ལ་སོགས་པ་ལ་དམིགས་ ཏེ་སེམས་ཀྱི་ནང་དུ་གདུང་ཞིང་མྱ་ངན་སྐྱེས་པ་དག་ནི་ན་བའི་སྡུག་བསྔལ་ལོ། །ལས་དང་ཚེ་ཟད་དེ་དྲོད་དང་རྣམ་པར་ཤེས་པས་ལུས་གཏོང་བ་ན་ཉེ་དུ་གཉེན་བཤེས་སྡུག་པ་དང་། ནོར་རྫས་བཟང་པོ་རྣམས་ནི་བོར། གཤིན་རྗེ་ཐག་འབྲེང་དང་དབྱུག་ལྕག་ཐོགས་པ་རྣམས་ཀྱིས་ རང་དབང་མེད་པར་ཁྲིད་པ་ནི་འཆི་བའི་སྡུག་བསྔལ་ལོ། །སེམས་ཅན་ཡང་རུང་སེམས་ཅན་མ་ཡིན་པ་ནོར་རྫས་ཀྱང་རུང་བདག་ལ་མཁོ་ཞིང་གཅེས་པ་ལས་མེ་དང་ཆུ་ལ་སོགས་པའི་དགྲ་དག་གིས་ཕྲོགས་སམ། ཤི་བརླག་པར་གྱུར་པའི་སྒོ་ནས་མྱ་ངན་སྐྱེ་ཞིང་སེམས་གདུངས་པ་ནི་སྡུག་པ་དང་བྲལ་ བའི་སྡུག་བསྔལ་ལོ། །གནས་མི་བདེ་བ་དང་། གྲོགས་མི་སྲུན་པ་དང་། ལས་མི་དགེ་བའི་འབྲས་བུ་ལ་སོགས་པ་ཡིད་དུ་མི་འོང་བ་དང་ཕྲད་ནས་རྟག་ཏུ་ལུས་དང་སེམས་ལ་གནོད་ཅིང་ཞེ་སྡང་སྐྱེ་བར་བྱེད་པ་ནི། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཞེས་བྱའོ། །གོང་མ་ལྟ་བུའི་ སྡུག་པ་རྣམས་དང་འགྲོགས་པར་འདོད་ན་ནི་འགྲོགས་སུ་མེད། མི་སྡུག་པ་དང་ཕྲད་པར་མི་འདོད་ན་ནི་ཕྲད་པར་གྱུར་པ་ནི་འདོད་པ་བཙལ་གྱིས་མི་རྙེད་པའི་སྡུག་བསྔལ་ཞེས་བྱའོ། །ཡང་ན་དགེ་བ་བྱེད་བྱེད་པ་རྣམས་དགེ་བ་འཕེལ་བ་དང་། མི་དགེ་བ་འགྲིབ་པར་འདོད་ན་དེ་ལྟར་མི་ནུས་པ་ལ་ཡང་ བྱའོ། །མདོར་ན་ཞེས་བྱ་བའི་དོན་ནི་སྡུག་བསྔལ་བརྒྱད་པོ་རྣམ་གསུམ་དུ་སྡུད་དེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མི་སྡུག་པ་དང་ཕྲད་པ་ལྔ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །སྡུག་པ་དང་བྲལ་བ་དང་འདོད་པ་བཙལ་གྱིས་མི་རྙེད་པ་ནི་འགྱུར་བའི་སྡུག་བསྔལ་ལོ། །ཉེ་བར་ ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། དེ་ལྟར་སྡུག་བསྔལ་གསུམ་གྱིས་ཚོར་བ་གསུམ་ལ་ཁྱབ་ལ། ཚོར་བ་གསུམ་གྱིས་ཁམས་གསུམ་ལ་ཁྱབ་སྟེ། ཁམས་གསུམ་དུ་སྐྱེས་པའི་ཉེ་བར་ལེན་པའི་ཕུང་པོ་ནི་སྡུག་བསྔལ་གྱི་གཞི་ཡིན་པར་བསྟན་ཏོ། །ཇི་ ལྟར་ཞེ་ན། སྡུག་བསྔལ་རྣམ་པ་གསུམ་སྟེ། དང་པོའི་སྡུག་བསྔལ་དང་། བར་གྱི་སྡུག་བསྔལ་དང་། ཐ་མའི་སྡུག་བསྔལ་ཏེ་གསུམ་མོ། །དེ་ལ་སྐྱེ་བའི་སྡུག་བསྔལ་ནི་དང་པོའི་འོ། །རྒས་པ་ལ་སོགས་པ་ཕྱི་མ་དྲུག་ནི་བར་གྱི་སྡུག་བསྔལ་ལོ། །འཆི་བའི་སྡུག་བསྔལ་ནི་ཐ་མ་སྟེ། སྡུག་བསྔལ་ཐམས་ཅད་ཕུང་པོ་ལྔས་ལེན་པའི་ཕྱིར་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་བྱ་བ་དང་སྦྱར་རོ། །མི་ཁོམ་པ་བརྒྱད་ལ་སེམས་ཅན་དམྱལ་བ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་ཞིང་དམྱལ་བའི་སྲུང་མས་བསྡམས་པས་དགེ་བ་བྱ་བའི་དབང་མེད་དེ་མི་ཁོམ་པའོ། །དུད་འགྲོ་ ནི་རང་བཞིན་གྱིས་བླུན་ཞིང་བརྡ་མི་ཕྲད་པས་དགེ་བ་བྱ་བའི་མཐུ་མེད་དེ་མི་ཁོམ་པའོ། །ཡི་དགས་ནི་བཀྲེས་སྐོམ་གྱི་དབང་གིས་འདོད་པས་གཡེན་སྤྱོས་ཤིང་མི་དང་བསྟེན་པའི་སྐལ་བ་མེད་པས་དགེ་བ་བྱ་བའི་སྐབས་མེད་པས་མི་ཁོམ་པའོ། །ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པའི་ཏིང་ངེ་འཛིན་བསྒོམས་པས་ འབྲས་བུ་ཆེ་བ་གནམ་གྱི་ཕྱོགས་གཅིག་ན་སྡོང་དུམ་བཞིན་གནས་ཏེ། འདུ་ཤེས་གཏན་འགགས་པའི་ཕྱིར་དགེ་བ་བྱ་བའི་སྐལ་བ་མེད་པས་མི་ཁོམ་པའོ། །མཐའ་འཁོབ་ཀྱི་མི་ནི་བླུན་ཞིང་བརྡ་སྐད་མི་ཕྲད་པས་ཆོས་ཀྱི་དོན་གོ་ཞིང་བསྒྲུབ་པའི་མཐུ་མེད་པས་མི་ཁོམ་པའོ། །དབང་པོ་མ་ཚང་བ་ནི་མིག་དང་ རྣ་བ་ལ་སོགས་པ་མེད་ན་དགེ་བའི་བཤེས་གཉེན་གྱི་གན་དུ་འགྲོ་ཞིང་དམ་པའི་ཆོས་མཉན་དུ་མེད་པས་མི་ཁོམ་པའོ། །ལོག་པར་ལྟ་བ་ནི་ལས་དགེ་སྡིག་དང་། ཚེ་སྔ་ཕྱི་ལ་སོགས་པ་མེད་པར་འདོད་དེ། དགེ་བའི་བཤེས་གཉེན་སུས་ཀྱང་མི་བཟློག་པས་དགེ་བ་བྱ་བའི་སྐལ་བ་མེད་དེ་མི་ཁོམ་པའོ། ། དེ་བཞིན་གཤེགས་པ་རྣམས་མ་བྱུང་བར་སྐྱེས་པ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་བསྟན་པ་སྔ་མ་ནི་ནུབ། སངས་རྒྱས་ཕྱི་མ་ནི་མ་བྱུང་སྐབས་སུ་སྐྱེས་ན་དགེ་བའི་བཤེས་གཉེན་མེད་པས། དགེ་བ་བྱ་བའི་དམིགས་མེད་པས་མི་ཁོམ་པའོ། །དབང་བཅུ་ཞེས་བྱ་བ་ནི། སེམས་ཅན་གྱི་དུས་ན་རང་ དབང་མེད་པར་གནོད་པ་བཅུ་དང་རྒྱུན་དུ་ལྡན་ལ། བྱང་ཆུབ་སེམས་དཔའ་ནི་དེའི་གཉེན་པོ་དབང་བཅུ་དང་ལྡན་པས་གནོད་པ་བཅུ་མི་འབྱུང་ངོ་། །དེ་ཡང་ཚེ་ལ་དབང་བ་ནི་བསྐལ་བ་བརྗོད་དུ་མེད་པར་གཡུང་དྲུང་དུ་བཞུགས་ཤིང་སྐྱེ་ཤི་དང་གཏན་བྲལ་བས་འཆི་བའི་གནོད་པ་མེད་པའོ། །ཡོ་བྱད་ལ་ དབང་བ་ནི་འཇིག་རྟེན་གྱི་ཁམས་ནམ་མཁའི་དབྱིངས་ཐམས་ཅད་རྒྱན་གྱིས་བརྒྱན་པར་བྱིན་གྱིས་བརླབས་པས་དབུལ་བའི་གནོད་པ་མི་འབྱུང་བའོ། །སེམས་ལ་དབང་བ་ནི་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྲངས་མེད་པ་ལ་ཡེ་ཤེས་ཀྱིས་འཇུག་པའི་ཕྱིར། འདོད་ཆགས་ལ་སོགས་པ་བྱིང་རྒོད་ཀྱི་ ཉོན་མོངས་པའི་གནོད་པས་མི་ཚུགས་པའོ། །ལས་ལ་དབང་བ་ནི་ལས་མི་དགེ་བ་བྱས་ཀྱང་མཐོ་རིས་སུ་སྐྱེ་ལ། དགེ་བ་བྱས་ཀྱང་ངན་སོང་དུ་སྐྱེ་བ་ལྟ་བུར་དབང་སྒྱུར་བས་ན་ཉེས་པར་སྤྱད་པའི་གནོད་པ་མི་འབྱུང་བའོ། །སྐྱེ་བ་ལ་དབང་བ་ནི་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་ལུས་སྣ་ཚོགས་ ཀྱིས་སྐྱེ་བ་ཀུན་དུ་སྟོན་ཅིང་རང་དགར་སྐྱེ་བའི་ཕྱིར་ངན་སོང་དུ་སྐྱེས་ཀྱང་ངན་འགྲོའི་གནོད་པ་མི་འབྱུང་ངོ་། །མོས་པ་ལ་དབང་བ་ནི་དཀོན་མཆོག་གསུམ་ལ་ངན་དུ་སྨོད་ཅིང་རིང་དུ་སྤོང་ལ། ཆོས་འཇིག་པ་ལྟ་བུ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱེད་པ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ ཀྱིས་གང་བར་སྟོན་ཏེ། ཆོས་སྟོན་པའི་དགེ་བའི་བཤེས་གཉེན་མང་པོ་དང་ཕྲད་པར་སྟོན་པས་ན་མོས་པ་ལ་དབང་བ་སྟེ། ཆོས་ཀྱིས་ཕོངས་པའི་གནོད་པ་མི་འབྱུང་ངོ་། །ཁ་ཅིག་ན་རེ་ཟད་པར་གྱི་སྐྱེ་མཆེད་ཐོབ་པའི་ཕྱིར་མོས་པ་ལ་དབང་བའོ་ཞེས་ཀྱང་བཤད་དོ། །སྨོན་ལམ་ལ་དབང་བ་ནི་དུས་ནམ་གྱི་ ཚེ་གང་ཡང་རུང་བ་ན་སངས་རྒྱས་ཀྱི་ཞིང་གར་དགའ་བར་མངོན་པར་བྱང་ཆུབ་པར་ཀུན་དུ་སྟོན་པར་སྨོན་ལམ་བཏབ་སྟེ། དེ་ལྟར་སྨོན་ལམ་བཞིན་དུ་སྟོན་པའི་དབང་ཐོབ་པས་འདོད་པ་མི་འགྲུབ་པའི་གནོད་པ་མི་འབྱུང་ངོ་། །རྫུ་འཕྲུལ་ལ་དབང་བ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འབར་བ་དང་འཕུར་བ་ལ་ སོགས་པ་ཀུན་དུ་སྟོན་པས་རྫུ་འཕྲུལ་ཐོགས་པ་མེད་དེ། སྐད་ཅིག་གིས་ཀྱང་གར་ཡང་འགྲོ་བའི་ཕྱིར་ཆོས་ཀུན་དུ་ཚོལ་བ་ལ་དབང་མེད་པའི་གནོད་པ་མི་འབྱུང་ངོ་། །ཆོས་ལ་དབང་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་མ་ལུས་པར་ཐུགས་སུ་ཆུད་དེ། ཇི་ལྟར་བཞེད་པ་བཞིན་དུ་དབང་བསྒྱུར་བས་ཆོས་མི་ལ་སོགས་པ་གཞན་གྱིས་ཁྲེལ་དུ་དོགས་པའི་གནོད་པ་མི་འབྱུང་ངོ་། །ཡེ་ཤེས་ལ་དབང་བ་ནི་སྟོབས་དང་མི་འཇིགས་པ་དང་། མ་འདྲེས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པས་གཞན་རྒོལ་བར་དགས་པའི་གནོད་པ་མི་འབྱུང་ངོ་། ། དབྱིབས་བརྒྱད་ལ། ཐུང་ངུ་ལ་ལྟོས་ནས་མདུང་ཁྱིམ་ལྟ་བུ་ནི་རིང་པོའོ། །རིང་པོ་ལ་ལྟོས་ནས་མདའ་ལྟ་བུ་ནི་ཐུང་ངུའོ། །གྲུ་བཞི་ལྟ་བུ་ནི་ལྷམ་པའོ། །ཟླུམ་པོ་ལྟ་བུ་ནི་དཀྱིལ་འཁོར་རོ། །ས་གཞི་ཐག་ཐུག་མེད་པ་ལྟ་བུ་ནི་མཉམ་པའོ། །ས་གཞི་ཐག་ཐུག་ཅན་ལྟ་བུ་ནི་མི་མཉམ་པའོ། །དེའུ་ དང་བོག་རི་ལྟ་བུ་ནི་སྒང་ངོ་། རྫིང་གི་ནང་ལྟ་བུ་ནི་གཤོང་ངོ་། །མཚུངས་པ་བཞི་གང་ཞེ་ན། དུས་གསུམ་དུ་གཤེགས་པའི་སངས་རྒྱས་རྣམས་ཀྱི་ཡོན་ཏན་མཉམ་པ་ལྟ་བུ་སྟེ། སངས་རྒྱས་ཞེས་བྱ་བའི་ཡིག་འབྲུ་མང་ཉུང་མེད་པ་ནི་ཡི་གེ་མཚུངས་པའོ། །གསུང་གི་ཡན་ལག་དྲུག་ཅུ་དང་ལྡན་ཞིང་ ཚངས་པའི་སྒྲ་སྐད་ལྟ་བུ་དང་ལྡན་པར་འདྲ་བ་ནི་གསུང་མཚུངས་པའོ། །ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་ཅིང་བདག་མེད་པ་རྣམ་གཉིས་སུ་ཐུགས་སུ་ཆུད་པར་འདྲ་བ་ནི་ཆོས་མཚུངས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུར་མཉམ་སྟེ་བྱེ་བྲག་ཆེ་ཆུང་མེད་པ་ནི་སྐུ་མཚུངས་པའོ། །བདེན་ པ་བཞི་གཅིག་ཅིང་ཡང་བཞི་བཞིར་བརྟགས་པ་ལ། འགོག་པ་ལ་ནི་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའོ། །ལམ་ལ་ནི་ལམ་དང་། རིགས་པ་དང་། བསྒྲུབ་པ་དང་། ངེས་པར་འབྱིན་པའོ། །སྡུག་བསྔལ་ལ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའོ། ། ཀུན་འབྱུང་ལ་ནི་རྒྱུ་དང་། ཀུན་འབྱུང་བ་དང་། རྐྱེན་དང་། འབྱུང་བའོ། །དེ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་། སྲོག་གཅོད་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ལས་རྣམས་སྤངས་ཏེ་མི་འབྱུང་བ་ནི་འགོག་པའོ། །ལས་དང་ཉོན་མོངས་པས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་ ཅི་ཡང་མི་འབྱུང་བ་ནི་ཞི་བའོ། །ཕྱིས་ཀྱང་ཁམས་གསུམ་དུ་སྐྱེ་ཞིང་སྡུག་བསྔལ་མྱོང་བར་མི་འགྱུར་བས་ན་གྱ་ནོམ་པའོ། །ཁམས་གསུམ་བཙོན་ར་དང་འདྲ་བ་ནས་ཐར་ཅིང་མྱ་ངན་ལས་འདས་པའི་གནས་བདེ་བར་ཕྱིན་པས་ན་འབྱུང་བའོ། །ལམ་ནི་སོ་སོའི་སྐྱེ་བོའི་ས་ནས་འཕགས་པའི་གནས་སུ་འགྲོ་ བས་ན་ལམ་མོ། །མི་རིགས་པ་ཉོན་མོངས་པ་སྤངས་པའི་གཉེན་པོར་གྱུར་པས་ན་རིགས་པའོ། །སེམས་ཕྱིན་ཅི་ལོག་སྤངས་ཏེ་ཕྱིན་ཅི་མ་ལོག་པར་སྦྱོར་བས་ན་སྒྲུབ་པའོ། །འཁོར་བའི་ཉེས་པ་དང་གཏན་བྲལ་ཞིང་མྱ་ངན་ལས་འདས་པའི་གནས་སུ་ཕྱིན་པར་བྱེད་པས་ན་ངེས་པར་འབྱུང་བའོ། ། སྡུག་བསྔལ་ནི་སྐད་ཅིག་མ་རེ་རེ་ལས་སྐྱེས་ཤིང་འཆི་བའི་ཆོས་ཅན་ཡིན་པས་ན་མི་རྟག་པའོ། །སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་རྒྱུན་མི་འཆད་པར་འཚེ་བས་ན་སྡུག་བསྔལ་བའོ། །ཕུང་པོ་ལྔའི་ནང་ན་མུ་སྟེགས་ཀྱིས་བརྟགས་པའི་བདག་རྟག་པ་མེད་པས་ན་སྟོང་པའོ། །ཕུང་པོ་ལྔ་པོ་ཉིད་ཀྱང་ མུ་སྟེགས་ཀྱིས་བརྟགས་པའི་བདག་རྟག་པ་མ་ཡིན་པས་ན་བདག་མེད་པའོ། །ཀུན་འབྱུང་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་དང་། དེ་ལས་འཕྲོས་པ་འཇིག་རྟེན་པའི་ལས་དགེ་སྡིག་རྣམས་ནི་རྒྱུའོ། །ཉོན་མོངས་པ་དང་ལས་དེ་དག་གིས་བག་ ཆགས་སེམས་ཀྱི་རྒྱུད་ལ་སོགས་ཏེ། ཁམས་གསུམ་རྒྱུད་ལྔའི་སྐྱེ་བའི་ས་བོན་དུ་གནས་པ་ནི་ཀུན་འབྱུང་བའོ། །ཕྱི་མའི་ལས་དགེ་བས་ནི་དགེ་བའི་བག་ཆགས་བརྟས། ལས་མི་དགེ་བས་ནི་མི་དགེ་བའི་བག་ཆགས་བརྟས་ཤིང་འབྲས་བུ་སྨིན་པར་བྱེད་པའི་རྐྱེན་ཞེས་བྱའོ། །དེ་ལྟར་རྒྱུ་དང་རྐྱེན་གཉིས་ ཚོགས་ཏེ། དགེ་བ་དང་མི་དགེ་བའི་བག་ཆགས་སོ་སོར་བརྟས་ནས་ཁམས་གསུམ་གྱི་གནས་མཐོན་དམན་དུ་སྡུག་བསྔལ་གྱི་ཕུང་པོ་མངོན་པར་བསྒྲུབ་པ་ནི་འབྱུང་བ་ཞེས་བྱའོ། །དགེ་སློང་རྣམ་པ་ལྔ་ལ་ལོང་སྤྲང་ལྟ་བུ་ནི་སློང་བའི་དགེ་སློང་ངོ་། །ཁྱིམ་པའི་མིང་དགེ་སློང་ཞེས་བཏགས་པ་ལྟ་བུ་ནི་མིང་གི་དགེ་སློང་ ངོ་། །ཁྲིམས་མ་མནོས་སམ། ཡང་ན་མནོས་ཀྱང་ཁྲིམས་རལ་ཏེ་མེད་པར་གནས་པ་ནི་ང་ཡང་དགེ་སློང་ཡིན་ནོ་ཞེས་ཟེར་བས། ཁས་འཆེས་པའི་དགེ་སློང་ངོ་། །མཁན་པོ་དང་སློབ་དཔོན་ལས་ཚུལ་ཁྲིམས་གཙང་མར་མནོས་པ་ནི་གསོལ་བ་དང་། བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་ དགེ་སློང་ངོ་། །རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་གང་ཟག་ཟུང་བཞི་ཡ་བརྒྱད་པོ་རྣམས་ནི་ཉོན་མོངས་པ་དང་བྲལ་བའི་དགེ་སློང་ངོ་། །སྒྲིབ་པ་ལྔ་ནི་འདོད་ཆགས་དང་གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། འགྱོད་པ་དང་། གཡེང་བ་དང་། ཐེ་ཚོམ་མོ། །དེ་དག་ཅི་ལ་ སྒྲིབ་ཅེ་ན། ལྷག་པའི་བསླབ་པ་གསུམ་ལ་སྒྲིབ་སྟེ། འདོད་པའི་འདོད་ཆགས་ནི་འདོད་པའི་ཡོན་ཏན་གཏོང་མི་ཕོད་ད། འཕྱོ་གཡེམ་དང་། རྐུ་འཕྲོག་ལ་སོགས་པ་བྱེད་པ་ཡིན་ལ། གནོད་སེམས་ནི་ཁྲོ་ཞིང་ཞེ་སྡང་གཏོང་མི་ཕོད་ནས་སྲོག་གཅོད་ཅིང་གཞན་ལ་འཆིང་བརྡེག་ལ་སོགས་པའི་ཉེས་པ་ མང་པོ་བྱེད་པས་ལྷག་པའི་ཚུལ་ཁྲིམས་ལ་སྒྲིབ་པར་བྱེད་དོ། །རྨུགས་པ་ནི་སེམས་བློང་སྟེ་མི་གསལ་བ་ཡིན་ལ། གཉིད་ནི་སེམས་ནང་དུ་འདུས་ནས་ཡུལ་ལ་འཇུག་པའི་རང་དབང་མེད་པ་ཡིན་ཞིང་། འགྱོད་པ་ནི་ལེགས་ཉེས་ཀྱི་ལས་ཅི་བྱས་སོ་ཅོག་ལ་ཉེས་སོ་བར་ཁུ་འཕྲིག་ཟ་སྟེ། ཆམ་ལ་མི་ ཕེབས་པ་ཡིན་ལ། གཡེང་བ་ནི་འདོད་པའི་ཡོན་ཏན་ལྔའམ། སྔོན་གྱི་སྤྱོད་ལམ་དྲན་པའི་རྗེས་སུ་ཡན་པར་སོང་སྟེ་བཏང་སྙོམས་སམ་རྩེ་གཅིག་ཏུ་འཇོག་མི་ནུས་པས་ལྷག་པའི་སེམས་ལ་སྒྲིབ་པར་བྱེད་དོ། །ཐེ་ཚོམ་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཐ་དད་པ་ཇི་ལྟ་བ་བཞིན་མི་ རྟོགས་ཏེ། ལམ་ཁ་བྲག་ཏུ་བྱུང་ན་གར་འགྲོ་མི་ཤེས་པ་དང་འདྲ་བས་ལྷག་པའི་ཤེས་རབ་ལ་སྒྲིབ་པར་བྱེད་དེ། དེ་ལྟར་བསླབ་པ་གསུམ་ལ་སྒྲིབ་པའོ། །ཟས་བཞི་གང་ཞེ་ན། ཁམ་གྱི་ཟས་དང་། རེག་པའི་ཟས་དང་། ཡིད་ཀྱི་ཟས་དང་། རྣམ་པར་ཤེས་པའི་ཟས་སོ་ཞེས་བྱ་བ་ལ། འདོད་པའི་ཁམས་ ཀྱི་ལྷ་དང་མི་རྣམས་དང་། བྱོལ་སོང་གི་རྒྱུད་ཕྱུགས་ལ་སོགས་པ་རྣམས་ལས་ཕལ་ཆེར་ཁམ་གྱི་ཟས་ཀྱིས་འཚོ་ཞིང་དེས་སྲོག་འཛིན་པས་ཁམ་གྱི་ཟས་སོ། །བྱ་ལ་སོགས་པ་སྒོ་ངའོ་ཅོག་ནི་མའི་དྲོད་ཀྱིས་རེག་པས་འཚོ་སྟེ། དེས་སྲོག་འཛིན་པས་རེག་པའི་ཟས་ཞེས་བྱའོ། །རུས་སྦལ་རྒྱ་མཚོ་ན་ འདུག་པའི་བུ་སྐམ་ལ་གཞག་པ་དེ་མའི་སེམས་ཇི་སྲིད་དུ་བུ་ལ་དྲན་པ་དེ་སྲིད་དུ་བུའི་སྲོག་འཛིན་པ་ནི་ཡིད་ཀྱི་ཟས་ཞེས་བྱའོ། །ལོ་ཉེས་བྱུང་སྟེ་བཟར་མེད་ནས་མས་བུ་རྣམས་ལ་ང་དོན་གཉེར་དུ་འགྲོ་སྟེ་སླར་འོངས་དང་ཕྱེ་འདིའི་ཟན་སྦྲུས་ཏེ་སྦྱིན་ནོ་ཞེས་བྲིད་ནས་ཐལ་བའི་ཐུམ་བུ་གཅིག་གདུང་མ་ལ་བཏགས་ཏེ་བཞག་ ནས་མ་ནི་ཐལ་བྱུང་ཤིར་སོང་། བུ་རྣམས་ནི་ཐལ་བའི་ཐུམ་པོ་ལ་བལྟ་ཞིང་མ་འོངས་ན་ཟན་སྦྲུས་ཏེ་བཟའ་བའི་བསམ་པ་དང་མ་བྲལ་བའི་རྒྱུས་ཡུན་རིང་མོ་ཞིག་ཏུ་མ་ཤི་རབ་སྲོག་འཛིན་ནུས་པ་ལྟ་བུ་ནི་རྣམ་པར་ཤེས་པའི་ཟས་ཞེས་བྱའོ། །ཐེག་པ་ཆེན་པོའི་བསམ་གཏན་བཞི་ལ། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། ། དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་ཉིད་དམིགས་བསམ་གཏན་དང་། །དེ་བཞིན་གཤེགས་པའི་དགེ་བ་བསམ་གཏན་དང་། ཞེས་བྱ་བ་ལ་ཐེག་པ་ནི་གང་ཟག་སོ་སོ་རང་རང་གི་ཤེས་རབ་ལ་བྱ་སྟེ། ཤེས་རྒྱ་ཆུང་ཞིང་གང་ཟག་ལ་བདག་མེད་པ་ཉི་ཚེ་ཙམ་འཆད་པ་ནི་ཐེག་པ་ཆུང་ངུ་ཞེས་བྱ་ལ། འདིར་ནི་ ཆོས་དང་གང་ཟག་རྣམ་གཉིས་ལ་སྟོང་པ་ཉིད་དུ་ཆུང་བའི་ཤེས་རབ་རྒྱ་ཆེན་པོ་ལ་ཐེག་པ་ཆེན་པོ་ཞེས་བྱའོ། །བསམ་གཏན་ཞེས་བྱ་བ་ནི། སེམས་མ་གཡེང་ཞིང་ཉོན་མོངས་པའི་དྲི་མ་དང་མ་འདྲེས་པར་རྩེ་གཅིག་ཏུ་གནས་པ་ནི་ངེས་པའམ་གཏན་ལ་དབབ་པ་སྟེ། དེ་ལྟ་བུའི་རྒྱུ་ལས་ཐེག་པ་ཆེ་ཆུང་གི་ཤེས་རབ་ ཚད་མ་ཐམས་ཅད་འབྲས་བུར་འབྱུང་བས་ན་བསམ་གཏན་ལ་དབབ་པའི་ཕྱིར་བསམ་གཏན་ཞེས་བྱ་སྟེ། བཞི་ནི་མིང་གིས་སྨོས་པ་རྣམས་སོ། །དེ་ཡང་རྟག་པ་དང་། བདེ་བ་དང་། ང་ཡོད་པ་དང་། གཙང་སྦྲར་ལྟ་བའི་སྐྱེ་བོ་རྣམས་ནི་བྱིས་པ་ཞེས་བྱ་སྟེ། ཕྱིན་ཅི་ལོག་དེ་དག་ སྤངས་པའི་དོན་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་མི་གཙང་བ་དག་བསྒོམ་པ་ནི་བྱིས་པ་ཉེར་སྤྱོད་བསམ་གཏན་ཞེས་བྱའོ། །མོས་པས་སྤྱོད་པའི་སར་ཕུང་པོ་ལྔ་ལ། གཟུགས་ཀྱི་ཕུང་པོ་ལ་དབུ་བ་ལྟ་བུ་དང་། ཚོར་བ་ལ་ཆུ་བུར་ལྟ་བུ་དང་། འདུ་ཤེས་ལ་སྨིག་རྒྱུ་ལྟ་བུ་དང་། འདུ་བྱེད་ལ་ཆུ་ཤིང་ ལྟ་བུ་དང་། རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུར་འཛིན་ཞིང་བསྒོམ་པ་ནི་དོན་རབ་འབྱེད་པའི་བསམ་གཏན་ཞེས་བྱའོ། །ས་དང་པོ་ཡན་ཆད་ས་བཅུ་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་དབྱིངས་སྟོང་པའི་དོན་ས་རེ་རེ་ཞིང་ཡེ་ཤེས་ཀྱི་ཁྱད་པར་གྱིས་རིམ་པར་བསྒོམ་པ་ནི་དེ་བཞིན་ཉིད་དམིགས་ བསམ་གཏན་ཞེས་བྱའོ། །ཤེས་བྱ་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་ཅིང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པས་ཅི་ལ་ཡང་རྣམ་པར་མི་རྟོག་པར་ལྷུན་གྱིས་གྲུབ་ནས་བདག་དང་གཞན་གྱི་དོན་མ་ལུས་པར་འཛིན་པ་ནི་དེ་བཞིན་གཤེགས་པའི་དགེ་བ་བསམ་གཏན་ཞེས་བྱའོ། །ཆོས་ཀྱི་ རྣམ་གྲངས་ཀྱི་བརྗེད་བྱང་ཞེས་བྱ་བ་ལོ་ཙཱ་བ་ཆེན་པོ་དཔལ་བརྩེགས་རཀྵི་ཏ་ལ་སོགས་པ་རྣམས་ཀྱིས་མཛད་པ་རྫོགས་སོ།། །།༄། །ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་བ་བཞུགས།། ༄༅། །ཆོས་ཀྱི་རྣམ་གྲངས། དཔལ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཕུང་པོ་ལྔ་ནི། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི་བཅོ་ལྔ་སྟེ། འབྱུང་བ་ཆེན་པོ་བཞི་དང་། དེས་རྒྱུར་བྱས་པའི་གཟུགས་བཅུ་གཅིག་གོ། །འབྱུང་བ་ཆེན་པོ་བཞི་ནི། སའི་ ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ། །རྒྱུར་བྱས་པའི་གཟུགས་ནི། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམ་པར་རིག་བྱེད་མ་ཡིན་པའོ། ། ཚོར་བའི་ཕུང་པོ་ནི་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། གཉི་ག་མ་ཡིན་པ་རྣམས་སོ། །འདུ་ཤེས་ཀྱི་ཕུང་པོ་ཡང་གསུམ་སྟེ། ཆུང་ངུ་དང་། རྒྱ་ཆེན་པོར་གྱུར་པ་དང་། ཚད་མེད་པའོ། །འདུ་བྱེད་ཀྱི་ཕུང་པོ་ནི་སེམས་ལས་བྱུང་བའི་འདུ་བྱེད་ལྔ་བཅུ་རྩ་གཅིག་དང་། སེམས་དང་མི་ལྡན་པ་བཅུ་ བཞིའོ། །སེམས་ལས་བྱུང་བའི་འདུ་བྱེད་ནི་རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་ལྔ་ནི་ཀུན་དུ་འགྲོ་བའོ། །འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ནི་ཡུལ་སོ་སོར་ངེས་པའོ། །དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་ པ་དང་། མ་ཆགས་པའི་དགེ་བའི་རྩ་བ་དང་། ཞེ་སྡང་མེད་པའི་དགེ་བའི་རྩ་བ་དང་། གཏི་མུག་མེད་པའི་དགེ་བའི་རྩ་བ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་དང་བཅུ་གཅིག་པོ་འདི་ནི་དགེ་བའོ། །འདོད་ཆགས་དང་། ཁོང་ཁྲོ་བ་ དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དང་དྲུག་ནི་ཉོན་མོངས་པའོ། །ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། གཡོ་དང་། སྒྱུ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་ པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པའོ། །འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པ་སྟེ། བཞི་པོ་འདི་གཞན་དུ་འགྱུར་བའོ། །དེ་ལ་ལྔ་ནི་ཀུན་དུ་འགྲོ་བའོ། ། ལྔ་ནི་ཡུལ་སོ་སོར་ངེས་པའོ། །བཅུ་གཅིག་ནི་དགེ་བའོ། །དྲུག་ནི་ཉོན་མོངས་པའོ། །ཉི་ཤུ་ནི་ཉེ་བའི་ཉོན་མོངས་པའོ། །བཞི་ནི་གཞན་དུའང་འགྲོ་བའོ། །དེ་ལ་ང་རྒྱལ་ནི་རྣམ་པ་བདུན་ཏེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་ པའི་ང་རྒྱལ་དང་། ཆུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །ལྟ་བའི་རྣམ་པ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །སེམས་དང་ལྡན་པ་ མ་ཡིན་པའི་འདུ་བྱེད་ནི་གཟུགས་དང་། སེམས་དང་སེམས་ལས་འབྱུང་བའི་གནས་སྐབས་ལ་གདགས་ཏེ། ཐོབ་པ་དང་། འདུ་ཤེས་མེད་པའི་འགོག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། རིགས་མཐུན་པ་དང་། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། སོ་སོའི་སྐྱེ་བོ་ཉིད་དང་། དེ་ལྟ་བུའི་ཆ་དང་མཐུན་པ་རྣམས་སོ། །རྣམ་པར་ཤེས་པའི་ཕུང་པོ་རྣམས་སོ། །རྣམ་པར་ཤེས་པ་བརྒྱད་དེ། མིག་གི་ རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཀུན་གཞི་རྣམ་པར་ཤེས་པའོ། །ཡིད་ཀྱི་རྣམ་པར་ཤེས་པའི་དབང་པོ་ནི་རྣམ་པར་ཤེས་ པ་དྲུག་པོ་འགགས་མ་ཐག་པའོ། །ཡུལ་ནི་བརྒྱད་དེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། འདུས་མ་བྱས་ནམ་མཁའ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། སོ་སོར་བརྟགས་པའི་འགོག་པ་དང་། དེ་བཞིན་ཉིད་དོ། །ཉོན་མོངས་པ་ ཅན་གྱི་ཡིད་ཀྱི་འཁོར་བཞི་ནི། བདག་ཏུ་རྨོངས་པ་དང་། བདག་ཏུ་ལྟ་བ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་ཆགས་པའོ། །ཀུན་གཞི་རྣམ་པར་ཤེས་པ་ནི། ས་བོན་ཐམས་ཅད་ཀྱི་གཞི་ཉིད་དང་། ལུས་ཀྱི་ཀུན་གཞི་དང་། རྒྱུ་ཉིད་དང་། ལུས་ལ་གནས་པ་ཉིད་དང་། དམིགས་པ་དང་རྣམ་པ་ཡོངས་ སུ་མ་ཆད་པ་དང་། རིས་གཅིག་པ་དང་། རྒྱུན་ཆགས་པར་འཇུག་པའོ། །སྐྱེ་མཆེད་བཅུ་གཉིས་ནི། མིག་གི་སྐྱེ་མཆེད་དང་། རྣ་བའི། སྣའི། ལྕེའི། ལུས་ཀྱི། ཡིད་ཀྱི། གཟུགས་ཀྱི། སྒྲའི། དྲིའི། རོའི། རེག་བྱའི། ཆོས་ཀྱི་སྐྱེ་མཆེད་དོ། །ཁམས་བཅོ་བརྒྱད་ནི། མིག་གི་ཁམས་ དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བ། སྣ། ལྕེ། ལུས། ཡིད། རྣམ་པར་ཤེས་པའི་ཁམས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་ ནི་ས་བོན་ལས་ནི་མྱུ་གུ། མྱུ་གུ་ལས་འདབ་མ། འདབ་མ་ལས་སྡོང་བུ། སྡོང་བུ་ལས་སྦུ་གུ། སྦུ་གུ་ལས་སྙིང་པོ། །སྙིང་པོ་ལས་མེ་ཏོག། མེ་ཏོག་ལས་འབྲས་བུའོ། །རྐྱེན་དྲུག་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་ཀྱི་ཁམས་རྣམས་སོ། །ནང་གི་རྟེན་ཅིང་ འབྲེལ་བར་འབྱུང་བ་ནི་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་དག་འབྱུང་བར་འགྱུར་རོ། ། དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ། རེག་པ་འགགས་པས་ཚོར་བ། ཚོར་བ་འགགས་ པས་སྲེད་པ། སྲེད་པ་འགགས་ལས་ལེན་པ། ལེན་པ་འགགས་པས་སྲིད་པ། སྲིད་པ་འགགས་པས་སྐྱེ་བ། སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ ཞིག་པོ་འདི་དག་འགག་པར་འགྱུར་རོ། །རྐྱེན་ནི་ཁམས་དྲུག་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་སོ། །དེ་དག་ཀྱང་རྣམ་པ་ལྔར་ལྟ་སྟེ། རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་ བུ་ཆེན་པོར་འབྱུང་བ་དང་། དེ་དང་འདྲ་བའི་རྒྱུད་དོ། །རྒྱུ་དྲུག་ནི། བྱེད་པའི་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། མཚུངས་པར་ལྡན་པའི་རྒྱུ་དང་། ཀུན་དུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུའོ། །རྐྱེན་བཞི་ནི། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། རྒྱུའི་རྐྱེན་ནོ། །འབྲས་བུ་ལྔ་ནི། རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། བདག་པོའི་འབྲས་བུའོ། །བདེན་པ་གཉིས་ནི། ཀུན་རྫོབ་ཀྱི་བདེན་པ་དང་། དོན་ དམ་པའི་བདེན་པའོ། །ཀུན་རྫོབ་ཀྱི་བདེན་པ་ལ་ཡང་གཉིས་ཏེ། ཡང་དག་པའི་ཀུན་རྫོབ་དང་། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་པོ། །མཚན་ཉིད་གསུམ་ནི། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའོ། །ཆོས་ལྔ་ནི། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ ཉིད་དང་། ཡང་དག་པའི་ཡེ་ཤེས་ཀྱི་དེ་བཞིན་ཉིད་དོ། །བདག་མེད་པ་གཉིས་ནི། ཆོས་ལ་བདག་མེད་པ་དང་། གང་ཟག་ལ་བདག་མེད་པའོ། །ཐེག་པ་གསུམ་ནི། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ། །དཀོན་མཆོག་གསུམ་པོ་ནི། སངས་རྒྱས་དཀོན་མཆོག་ དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ ལམ་ཡན་ལག་བརྒྱད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་བཞིའོ། །ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་ བསྐྱེད་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་འདུན་པ་སྐྱེད་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བ་དང་ཕྱིར་ཞིང་འབྱུང་བ་དང་ཉམས་པར་མི་འགྱུར་བ་དང་ ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་པ་དང་བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་ བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོ་ལྔ་ནི། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །སྟོབས་ལྔ་ནི། དད་ པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པེ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་ནི། ཡང་དག་ པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ལམ་ལྔ་ནི། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་ བའི་ལམ་དང་། བསྒོམ་པའི་ལམ་དང་། མཐར་ཕྱིན་པའི་ལམ་མོ། །ཚོགས་ཀྱི་ལམ་ལྔ་སྟེ། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང་། དབང་པོའི་སྒོ་བསྡམས་པ་དང་། ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། ཤེས་བཞིན་དུ་གནས་པ་ལ་མངོན་པར་ དགའ་བའོ། །སྦྱོར་བའི་ལམ་ནི་མོས་པས་སྤྱོད་པའི་ས་བཞི་སྟེ། སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་། སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་། དེ་ཁོ་ནའི་དོན་ཚིག་གི་ཕྱོགས་གཅིག་ཏུ་ཞུགས་པའི་ཏིང་ངེ་འཛིན་དང་། དེ་མ་ཐག་པ་སེམས་ཀྱི་ཏིང་ངེ་འཛིན་ཏོ། །མཐོང་བའི་ལམ་ནི་བྱང་ཆུབ་སེམས་དཔའི་ས་ དང་པོའོ། །བསྒོམ་པའི་ལམ་ནི་ས་གཉིས་པ་ནས་ས་བཅུ་པའི་བར་དུའོ། །མཐར་ཕྱིན་པའི་ལམ་ནི་སངས་རྒྱས་ཀྱི་སའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའི་ས་བཅུ་ནི། རབ་ཏུ་དགའ་བ་ དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། ཤིན་ཏུ་སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེག་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ནོ། །སངས་རྒྱས་ཀྱི་ས་ནི་ཀུན་དུ་འོད་དོ། །སངས་རྒྱས་ཀྱི་ཡེ་ཤེས་བཞི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །སངས་རྒྱས་ཀྱི་སྐུ་གསུམ་ནི། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་ནི། ཆོས་སོ་སོ་ཡང་དག་པར་རིག་ པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་ནི། ཆོས་ཐམས་ཅད་མངོན་པར་རྫོགས་པས་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཐམས་ཅད་ཟད་པར་ མཁྱེན་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པར་ལུང་བསྟན་པ་ལ་མི་འཇིགས་པ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་བ་ལ་ངེས་པར་འབྱུང་བའི་ལམ་དེ་བཞིན་ཉིད་དུ་གྱུར་པ་ལ་མི་འཇིགས་པའོ། །དེ་བཞིན་གཤེགས་པའི་མངོན་པར་ ཤེས་པ་དྲུག་ནི། ལྷའི་མིག་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་ཤེས་པ་དང་། ལུས་ཀྱི་རྫུ་འཕྲུལ་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པ་ཤེས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་ འཛིན་དང་སྙོམས་པར་འཇུག་པ་བཞི་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡན་པ་ཐམས་ཅད་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་། སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཐམས་ཅད་ཟད་པར་མཁྱེན་པའི་སྟོབས་སོ། ། དབང་བཅུ་ནི། ཚེ་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། སེམས་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། ཆོས་ལ་དབང་བ་དང་། ཡེ་ཤེས་ལ་དབང་བའོ། །སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅོ་བརྒྱད་ནི། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་དང་། ཅ་ཅོ་མི་མངའ་བ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་ ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་ འཇུག་པ་དང་། ད་ལྟར་བཞུགས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པའོ། །སྡེ་སྣོད་གསུམ་ནི། འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད་དང་། ཆོས་མངོན་པའི་སྡེ་སྣོད་དོ། །གསུང་རབ་ཡན་ལག་བཅུ་གཉིས་ནི། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་ སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུར་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་ སྡེའོ། །དགོངས་པ་བཞི་ནི། མཉམ་པ་ཉིད་ལ་དགོངས་པ་དང་། དུས་གཞན་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ལ་དགོངས་པའོ། །ལྡེམ་པོར་དགོངས་པ་བཞི་ནི། གཞུག་པ་ལ་ལྡམ་པོར་དགོངས་པ་དང་། མཚན་ཉིད་ལ་ ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ། །བདེན་པ་བཞི་ནི། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མོ། །སྡུག་བསྔལ་གྱི་བདེན་པ་ལ་བཞི་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའོ། །ཀུན་འབྱུང་གི་བདེན་པ་ལ་ཡང་རྣམ་པ་བཞི་སྟེ། ཀུན་འབྱུང་དང་། རྒྱུ་དང་། རྐྱེན་དང་། རབ་ཏུ་འབྱེད་པའོ། །འགོག་པའི་བདེན་པ་ལ་ཡང་རྣམ་པ་བཞི་སྟེ། འགོག་པ་དང་། བཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བའོ། །ལམ་ལ་ཡང་བཞི་སྟེ། ལམ་དང་། རིགས་ པ་དང་། བསྒྲུབ་པ་དང་། ངེས་པར་འབྱིན་པའོ། །ཉན་ཐོས་ཀྱི་ཚོགས་ལམ་ལ་ལྔ་སྟེ། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང་། དབང་པོའི་སྒོ་བསྡམས་པ་དང་། ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། ཤེས་བཞིན་དུ་གནས་པར་མངོན་པར་དགའ་བའོ། ། སྦྱོར་བའི་ལམ་ནི་ངེས་པར་འབྱེད་པའི་ཆ་བཞི་སྟེ། དྲོད་དང་། རྩེ་མོ་དང་། བཟོད་པ་དང་། འཇིག་རྟེན་ཆོས་ཀྱི་མཆོག་གོ། །མཐོང་བའི་ལམ་ནི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གོ། །བསྒོམ་པའི་ལམ་ནི། ལམ་ཆུང་ངུ་དང་། ལམ་འབྲིང་པོ་དང་། ལམ་ཆེན་པོ་དང་། སྦྱོར་བའི་ལམ་དང་། བར་ ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་མོ། །ལམ་ཆུང་ངུ་ལ་ཡང་རྣམ་པ་གསུམ་སྟེ། ཆུང་ངུའི་ཆུང་ངུ་དང་། ཆུང་ངུའི་འབྲིང་པོ་དང་། ཆུང་ངུའི་ཆེན་པོའོ། །ལམ་འབྲིང་པོ་ལ་ཡང་གསུམ་སྟེ། ཆེ་འབྲིང་ཆུང་གསུམ་མོ། །ལམ་ཆེན་པོ་ལ་ཡང་གསུམ་སྟེ། ཆེ་ འབྲིང་ཆུང་གསུམ་མོ། །མཐར་ཕྱིན་པའི་ལམ་ནི། མི་སློབ་པའོ། །ཉན་ཐོས་ཀྱི་ཤེས་པ་བཅུ་དྲུག་ནི། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་ པའོ། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་ཆོས་ཤེས་པ་དང་། ཀུན་འབྱུང་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང་། ཀུན་འབྱུང་ལ་རྗེས་སུ་རྟོགས་པར་ཤེས་པའོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། འགོག་པ་ལ་ཆོས་ཤེས་པ་དང་། འགོག་པ་ ལ་ཆོས་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང་། འགོག་པ་ལ་རྗེས་སུ་རྟོགས་པར་ཤེས་པའོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ལམ་ལ་ཆོས་ཤེས་པ་དང་། ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང་། ལམ་ལ་རྗེས་སུ་རྟོགས་པར་ཤེས་པའོ། །ཉན་ཐོས་ཀྱི་རྣམ་པར་ བྲལ་བའི་ལམ་ནི་བརྒྱད། འཇུག་པ་བཞི་དང་། འབྲས་བུ་ལ་གནས་པ་བཞིའོ། །འཇུག་པ་བཞི་ནི། རྒྱུན་དུ་ཞུགས་པ་ལ་འཇུག་པ་དང་། ལན་ཅིག་ཕྱིར་འོང་བ་ལ་འཇུག་པ་དང་། ཕྱིར་མི་འོང་བ་ལ་འཇུག་པ་དང་། དགྲ་བཅོམ་པ་ལ་འཇུག་པའོ། །འབྲས་བུ་ལ་གནས་པ་བཞི་ནི། རྒྱུན་དུ་ཞུགས་ པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའོ། །རྒྱུན་དུ་ཞུགས་པ་ནི་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཅར་ངེས་པར་འབྱུང་བའོ། །རིམ་གྱིས་པ་ནི། ཇི་སྐད་བསྟན་པ་ཡིན་ནོ། །ཅིག་ཅར་ངེས་པར་འབྱུང་བ་ནི། གང་བདེན་པ་རྣམས་མངོན་པར་རྟོགས་ པར་བྱས་ནས། མི་ལྕོགས་པ་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་ཉིད་ལ་གནས་སོ། །རང་སངས་རྒྱས་ནི་གཉིས་ཏེ། བསེ་རུ་ལྟར་གཅིག་ ཏུ་གནས་པ་དང་། ཚོགས་དང་སྤྱོད་པའོ། །དེ་ནི་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་གྲུབ་པས་སངས་རྒྱས་འབྱུང་བ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྡུག་བསྔལ་མཐར་ཕྱིན་པའོ། །འཇིག་རྟེན་གྱི་ལམ་ནི་བརྒྱད་དེ། བསམ་གཏན་བཞི་དང་། སྙོམས་པར་ འཇུག་པ་བཞིའོ། །བསམ་གཏན་བཞི་ནི་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའོ། །སྙོམས་པར་འཇུག་པ་བཞི་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་ གྱི་སྐྱེ་མཆེད་དོ། །བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །ཡང་གཉེན་པོའི་ཡན་ལག་དང་། ཕན་ཡོན་གྱི་ཡན་ལག་དང་། དེ་གཉི་ཀའི་གནས་ཀྱི་རང་བཞིན་གྱི་ཡན་ལག་གོ། །རྣམ་པར་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་དང་། སྡུག་པའི་རྣམ་པ་མངོན་དུ་བྱས་ནས་གནས་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ སྐྱེ་མཆེད་དང་། འདུ་ཤེས་དང་ཚོར་བ་དང་འགོག་པ་མངོན་དུ་བྱས་ནས་གནས་གནས་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ནི། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། སྔོན་པོ་དང་། སྡུག་པ་དང་། མི་སྡུག་པ་དང་། བཟང་པོ་དང་། ངན་པའོ། །མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་ནི། མི་རྟོག་པ་དང་། དགའ་བ་དང་། བདེ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་། འགོག་པའི་སྙོམས་པར་འཇུག་པའོ། །ཟད་ པར་གྱི་སྐྱེ་མཆེད་བཅུ་ནི། ཟད་པར་དཀར་པོའི་སྐྱེ་མཆེད་དང་། ཟད་པར་དམར་པོའི་སྐྱེ་མཆེད་དང་། ཟད་པར་སེར་པོའི་སྐྱེ་མཆེད་དང་། ཟད་པར་སྔོན་པོའི་སྐྱེ་མཆེད་དང་། ཟད་པར་སའི་སྐྱེ་མཆེད་དང་། ཟད་པར་ཆུའི་སྐྱེ་མཆེད་དང་། ཟད་པར་མེའི་སྐྱེ་མཆེད་དང་། ཟད་པར་རླུང་གི་སྐྱེ་མཆེད་དང་། ཟད་པར་ནམ་མཁའི་སྐྱེ་མཆེད་དང་། ཟད་པར་རྣམ་པར་ཤེས་པའི་སྐྱེ་མཆེད་དོ། །སེམས་ཅན་གྱི་ཁམས་གསུམ་ནི། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའོ། །འདོད་པའི་ཁམས་ན་སེམས་ཅན་གྱི་རིས་ཉི་ཤུ་གནས་ཏེ། ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད་ དོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་ནི། གཅིག་གམ་གཉིས་སམ་དང་པོར་རང་རང་གི་རྒྱུ་ལས་འགྲུབ་པའོ། །དུད་འགྲོ་ན་ཆུ་དང་ཐ་དད་ནམ་མཁའི་སྤྱོད་ཡུལ་ལོ། །ཡི་དགས་རྣམས་ནི་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཕོ་བྲང་ནའོ། །མིའི་གླིང་བཞི་ནི། བ་ལང་སྤྱོད། སྒྲ་མི་སྙན། ལུས་འཕགས་ པོ། །འཛམ་བུ་གླིང་ངོ་། །ལྷའི་རིས་དྲུག་ནི། རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དོ། །གཟུགས་ཁམས་བཅུ་བདུན་ནི། ཚངས་པ་དང་། ཚངས་ཆེན་དང་། ཚངས་པ་མདུན་ན་འདོན་ནོ། ། བསམ་གཏན་གཉིས་པ་ལ། འོད་ཆུང་། འོད་གསལ། ཚད་མེད་འོད་དོ། །བསམ་གཏན་གསུམ་པ་ལ་ནི། དགེ་ཆུང་དང་། དགེ་རྒྱས་དང་། ཚད་མེད་དགེའོ། །བཞི་པ་ལ། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེའོ། །གནས་གཙང་མའི་ལྷ་ལྔ་ནི། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་རྣམས་སོ། །གཟུགས་མེད་པའི་ལྷའི་རིས་བཞི་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའོ། །ཆོས་ཀྱི་རྣམ་གྲངས་ཆུང་ངུ་ཨཱ་ཙཱརྱ་དཔལ་བརྩེགས་ཀྱིས་མཛད་པ་རྫོགས་སོ།། །།༄། །ཕོ་བྲང་སྟོང་ཐང་ལྷན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་བཞུགས། ༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་ཏེ། བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་ནས། འབྲུག་གི་ལོ་ལ་ཕོ་བྲང་ལྷན་དཀར་ན་བཞུགས་པའི་སྟོན། སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་ དང་། བནྡེ་ཀླུའི་དབང་པོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་། མཚན་བརྒྱ་རྩ་བརྒྱད་དང་། བསྟོད་པ་དང་། སྨོན་ལམ་དང་། བཀྲ་ཤིས་དང་། འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་ཊཱི་ཀཱ་དང་། དབུ་མའི་བསྟན་བཅོས་དང་། བསམ་གཏན་གྱི་ཡི་གེ་དང་། རྣམ་པར་ཤེས་པའི་བསྟན་བཅོས་དང་། ཏར་ཀའི་གཞུང་ལ་སོགས་པ་བོད་ཁམས་སུ་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤློ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ། ཐེག་པ་ཆེན་པོའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་ གཏོགས་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། ཤློ་ཀ་འབུམ། བམ་པོ་སུམ་བརྒྱ། འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པ། ཤློ་ཀ་ཉི་ཁྲི་ལྔ་སྟོང་། བམ་པོ་བརྒྱད་ཅུ་རྩ་གསུམ་དང་། ཤློ་ཀ་བརྒྱ། འཕགས་པ་ཁྲི་བརྒྱད་སྟོང་པ་ཤློ་ཀ་ཁྲི་བརྒྱད་སྟོང་། བམ་པོ་དྲུག་ཅུ། འཕགས་པ་ཁྲི་པ། ཤློ་ཀ་ཁྲི། བམ་པོ་སུམ་ཅུ་རྩ་གསུམ་དང་། ཤློ་ཀ་བརྒྱ། འཕགས་པ་བརྒྱད་སྟོང་པ། ཤློ་ཀ་བརྒྱད་སྟོང་། བམ་པོ་ཉི་ཤུ་རྩ་དྲུག་དང་། ཤློ་ཀ་བརྒྱ། འཕགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། ཤློ་ཀ་ཉིས་སྟོང་ཆིག་བརྒྱ་དྲུག་ཅུ་སྟེ། བམ་པོ་བདུན་དང་། ཤློ་ཀ་ དྲུག་ཅུ། འཕགས་པ་བདུན་བརྒྱ་པ། ཤློ་ཀ་བདུན་བརྒྱ་སྟེ། བམ་པོ་གཉིས་དང་། ཤློ་ཀ་བརྒྱ། འཕགས་པ་ལྔ་བརྒྱ་པ། ཤློ་ཀ་ལྔ་བརྒྱ་སྟེ། བམ་པོ་གཅིག་དང་ཤློ་ཀ་ཉིས་བརྒྱ། འཕགས་པ་རྡོ་རྗེ་གཅོད་པ། ཤློ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག །འཕགས་པ་སྡུད་པ་ཚིགས་སུ་བཅད་པ། ཤློ་ཀ་སུམ་བརྒྱ་སྟེ། བམ་པོ་གཅིག །འཕགས་པ་ཚུལ་བརྒྱ་ལྔ་བཅུ་པ། ཤློ་ཀ་བརྒྱ་ལྔ་བཅུ། འཕགས་པ་ལྔ་བཅུ་པ། ཤློ་ཀ་ལྔ་བཅུ། འཕགས་པ་ཀཽ་ཤི་ཀ །ཤློ་ཀ་སུམ་ཅུ་རྩ་གཅིག །འཕགས་པ་ཤེས་རབ་སྙིང་པོ་ཤློ་ཀ་ཉི་ཤུ་རྩ་བརྒྱད། འཕགས་པ་སྒོ་ཉི་ཤུ་རྩ་ལྔ་པ། ཤློ་ཀ་ཉི་ཤུ་ རྩ་ལྔ། འཕགས་པ་ཡི་གེ་ཉུང་ངུ་། །ཤློ་ཀ་སུམ་ཅུ་ཐམ་པའོ།། །།ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པའི་ཕྱོགས་སུ་གཏོགས་པ་ལ། འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སངས་རྒྱས་ཕལ་པོ་ཆེ། ལེའུ་བཞི་བཅུ་རྩ་ལྔ་ཡན་ཆད་ལ། ཤློ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ་སྟེ། བམ་པོ་བརྒྱ་སུམ་ཅུ་དང་། ཤློ་ཀ་སུམ་ཅུ་ཡོད་པ་ལས། དེ་བཞིན་གཤེགས་པ་ཕལ་པོ་ཆེའི་ལེའུར་གཏོགས་པ་ལ། ཤློ་ཀ་བཞི་སྟོང་ཉིས་བརྒྱ་སྟེ། བམ་པོ་བཅུ་བཞི། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས་ཡ