Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 206

Văn bản gốc(Tây Tạng)

Trang 1 / 20 (50.000 ký tự/trang)
༄༅༅། །དེའི་འོག་ཏུ་མཐར་ཐུག་པ་བསྡུ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་གྲངས་ཀྱི་མཐའ་རྣམ་པ་དྲུག་ཏུ་ཐུག་པར་བསྡུ་བ་ལ་
མཁས་པར་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་ཅིའི་སླད་དུ་བསླབ་པའི་གཞི་དེ་དག་གྲངས་དྲུག་ཏུ་གདགས་པར་རིག་པར་བགྱི་ལགས་ཞེས་བྱ་བ་ཞུས་སོ། །རྣམ་པ་གཉིས་ཀྱི་ཕྱིར་ཏེ། སེམས་ཅན་ལ་ཕན་གདགས་པ་
དང་། ཉོན་མོངས་པའི་གཉེན་པོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་ཉིད་ཀྱི་ཕྱིར་ཏེ་གོ་རིམས་བཞིན་ནོ། དེ་ལ་
གསུམ་ནི་སེམས་ཅན་ལ་ཕན་གདགས་པ་ཡིན་ལ་ཞེས་བྱ་བ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་གསུམ་སྟེ། དེ་ཡང་ཕན་པ་ཉེ་བར་སྒྲུབ་པས་ཕན་འདོགས་པ་དང་། གནོད་པ་ཉེ་བར་མི་སྒྲུབ་པས་ཕན་འདོགས་
པ་དང་། ཕས་ཀྱི་གནོད་པ་དང་དུ་ལེན་པས་ཕན་འདོགས་པ་གོ་རིམས་བཞིན་ཏེ། དེ་ཙམ་གྱིས་ནི་ཕ་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ། །གསུམ་ནི་ཉོན་མོངས་པའི་གཉེན་པོ་ཡིན་པར་རིག་པར་བྱ་

སྟེ་ཞེས་བྱ་བ་ནི་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་གསུམ་སྟེ། དེ་ཡང་དགེ་བའི་ཕྱོགས་ལ་སྦྱོར་བས་ཉོན་མོངས་པའི་གཉེན་པོ་དང་། རྣམ་པར་གནོན་པས་ཉོན་མོངས་པའི་གཉེན་པོ་དང་། བག་ལ་ཉལ་
ལེགས་པར་འཇོམས་པས་ཉོན་མོངས་པའི་གཉེན་པོར་གོ་རིམས་བཞིན་ཏེ། དེ་ཙམ་གྱིས་ན་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཕན་པ་ཉེ་བར་སྒྲུབ་པས་ཕན་འདོགས་པ་ནི་ཡོ་བྱད་ཉེ་བར་སྒྲུབ་པའི་ཕན་
འདོགས་པས་ཕན་འདོགས་སོ་ཞེས་བྱ་བས་བསྟན་ཏོ། །གནོད་པ་ཉེ་བར་མི་སྒྲུབ་པས་ཕན་འདོགས་པ་ནི། ཚུལ་ཁྲིམས་ཀྱིས་ནི་ཕོངས་པ་དང་། གནོད་པ་དང་རྣམ་པར་ཐོ་འཚམས་པ་ཉེ་བར་མི་སྒྲུབ་པའི་ཕན་འདོགས་པས་ཕན་འདོགས་སོ་ཞེས་བྱ་
བས་བསྟན་ཏོ། །ཕས་ཀྱི་གནོད་པ་དང་དུ་ལེན་པས་ཕན་འདོགས་པ་ནི་ཕོངས་པ་དང་། གནོད་པ་དང་། ཐོ་འཚམས་པ་ལ་ཇི་མི་སྙམ་པས་ཕན་འདོགས་ཏེ་ཞེས་བྱ་བས་བསྟན་ཏོ། །དེ་གསུམ་གྱིས་ནི་སེམས་ཅན་ལ་ཕན་འདོགས་སོ་ཞེས་བྱ་
བས་ནི་དེ་ཙམ་གྱིས་ན་ཕྱི་རོལ་གྱི་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ། །དགེ་བའི་ཕྱོགས་ལ་སྦྱོར་བས་ཉོན་མོངས་པའི་གཉེན་པོ་ནི། བརྩོན་འགྲུས་ཀྱིས་ནི་ཉོན་མོངས་པ་རྣམ་པར་བཅིལ་བ་དང་། ཉོན་མོངས་པ་ཡང་དག་པར་བཅོམ་

པའི་ཚོགས་ལ་སྦྱོར་བར་བྱེད་དོ་ཞེས་བྱ་བས་བསྟན་ཏོ། །རྣམ་པར་གནོན་པས་ཉོན་མོངས་པའི་གཉེན་པོ་ནི། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམ་པར་གནོན་ཏོ་ཞེས་བྱ་བས་བསྟན་ཏོ། །བག་ལ་ཉལ་ལེགས་པར་འཇོམས་པས་ཉོན་མོངས་པའི་གཉེན་པོ་ནི། ཤེས་རབ་
ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ་ཞེས་བྱ་བས་བསྟན་ཏོ། །དེ་གསུམ་ནི་ཉོན་མོངས་པའི་གཉེན་པོ་ཡིན་ནོ་ཞེས་བྱ་བ་ནི་དེ་ཙམ་གྱིས་ན་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་རོ། །མཐར་ཐུག་པ་བསྡུ་བ་ལ་མཁས་པའི་ཚིག་གི་དོན་
ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་གྲོགས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་བཞི་པོ་དག་ལ་མཁས་པར་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་གཞན་དག་གྲངས་བཞིར་གདགས་པར་
བགྱི་ལགས་ཞེས་བྱ་བ་ཞུས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཉིད་ཀྱི་གྲོགས་སུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ཐབས་ལ་མཁས་པ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་གསུམ་གྱི་གྲོགས་ཡིན་ལ། སྨོན་ལམ་ནི་བརྩོན་འགྲུས་ཀྱི་གྲོགས་ཡིན། སྟོབས་ནི་
བསམ་གཏན་གྱི་གྲོགས་ཡིན། ཡེ་ཤེས་ནི་ཤེས་རབ་ཀྱི་གྲོགས་ཡིན་པས། གྲོགས་ཀྱི་གྲངས་ཀྱང་བཞིར་རིག་པར་བྱའོ་ཞེས་བསྟན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་གསུམ་གྱིས་སེམས་ཅན་རྣམས་ལ་ཕན་བཏགས་པས་ཞེས་བྱ་བ་ནི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་
གསུམ་གྱིས་ཕན་པ་ཉེ་བར་སྒྲུབ་པ་དང་། གནོད་པ་ཉེ་བར་མི་སྒྲུབ་པ་དང་། ཕས་ཀྱི་གནོད་པ་དང་དུ་ལེན་པས་ཕན་བཏགས་ནས་སོ། །བྱང་ཆུབ་སེམས་དཔའ་བསྡུ་བའི་དངོས་པོས་ཟིན་པའི་ཐབས་ལ་མཁས་པའི་དགེ་བ་ལ་འཇོག་པར་བྱེད་དེ་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་རྣམས་
ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་ཟིན་པ་ནི་ཐབས་ལ་མཁས་པ་ཡིན་པར་སྟོན་ཏོ། །འདི་ལྟར་སེམས་ཅན་རྣམས་གདུལ་བ་དང་། བསྡུ་བའི་ཐབས་ནི་རྣམས་པ་བཞི་སྟེ། ཕན་འདོགས་པ་དང་། འཛིན་དུ་འཇུག་པ་དང་། འཇུག་པར་བྱེད་པ་དང་།

མཐུན་པར་སྒྲུབ་པའོ། །དེས་བསྡུ་བའི་དངོས་པོ་སྦྱིན་པས་ཕན་འདོགས་པས་ཐབས་ཡིན་ཏེ། ཟང་ཟིང་གི་སྦྱིན་པ་སྣ་ཚོགས་ཀྱིས་ཕན་བཏགས་ན་སེམས་ཅན་རྣམས་དེའི་ཚིག་མཉན་པ་དང་། བྱ་བར་སེམས་པའི་ཕྱིར་རོ། །སྙན་པར་སྨྲ་བ་ནི་འཛིན་དུ་འཇུག་
པས་ཐབས་ཡིན་ཏེ། སྦྱིན་པས་ཕན་འདོགས་པ་རྣམས་ཀྱི་དེ་དང་དེ་ལ་ཀུན་ཏུ་རྨོངས་པ་མ་ལུས་པར་བསལ་བའི་ཕྱིར་རིག་པ་འཛིན་དུ་བཅུག་ན་ཀུན་ཏུ་རྨོངས་པ་ཐམས་ཅད་དང་བྲལ་བར་འགྱུར་བའི་ཕྱིར་རོ། །དོན་སྤྱོད་པ་ནི་འཇུག་པར་བྱེད་པས་ཐབས་ཡིན་ཏེ། རིག་པ་འཛིན་དུ་བཅུག་པ་
རྣམས་ཀྱི་དགེ་བའི་གནས་ཀྱིས་བསླང་སྟེ། དགེ་བའི་གནས་སུ་བཙུད་ན་དུལ་བར་འགྱུར་བའི་ཕྱིར་རོ། །དོན་མཐུན་པ་ནི་མཐུན་པར་སྒྲུབ་པས་ཐབས་ཡིན་ཏེ། དེ་ལྟར་བཙུད་པ་རྣམས་དེ་ལས་ཁྱོད་བདག་ཉིད་ཀྱང་ད་དུང་དད་པ་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ཤེས་རབ་དང་ལྡན་
པ་མ་ཡིན་ན་ཅིའི་ཕྱིར་ཁྱོད་གཞན་དག་དེ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་ཅེས་གདུལ་བ་དག་དེ་ལ་སྨྲ་བར་མི་འགྱུར་བས་དེས་བདག་ཉིད་ཀྱང་དོན་མཐུན་པར་སྒྲུབ་ན་གཞན་དག་གདུལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་བསྡུ་
བའི་དངོས་པོ་བཞི་པོ་ཐམས་ཅད་དམ། རེ་རེས་ཟིན་པ་དེས་ནི་ཐབས་ལ་མཁས་པ་ཡིན་པས་སྔར་ཕ་རོལ་ཏུ་ཕྱིན་པ་གསུམ་གྱིས་ཕན་བཏགས་ནས་དེའི་ཐབས་ལ་མཁས་པ་དེས་དགེ་བ་ལ་འཇོག་པར་བྱེད་པས། དེའི་ཕྱིར་ངས་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་གསུམ་པོ་དག་
གི་གྲོགས་སུ་འགྱུར་བ་ཡིན་པར་ཡོངས་སུ་སྟོན་ཏོ་ཞེས་བྱ་བ་གསུངས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་ཉོན་མོངས་པ་མང་བས་རྟག་ཏུ་བསྒོམ་མི་ནུས་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །མོས་པ་དམན་པའི་ཕྱིར་ལྷག་པའི་
བསམ་པ་སྟོབས་ཆུང་བས་སེམས་ནང་དུ་འཇོག་མི་ནུས་པ་ཞེས་བྱ་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོབ་པའི་དམིགས་པ་ལ་བསམ་གཏན་ཡོངས་སུ་མ་བསྒོམས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་མངོན་པར་

སྒྲུབ་མི་ནུས་པ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ་མི་མཐུན་པའི་ཕྱོགས་དེ་གསུམ་སྤོང་ཞིང་ཕ་རོལ་ཏུ་ཕྱིན་པ་དེ་གསུམ་གྱི་གྲོགས་སུ་ཕ་རོལ་ཏུ་ཕྱིན་པ་གཞན་གསུམ་རིམ་བཞིན་དུ་སྦྱར་རོ། །དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཇི་སྐད་སྨྲས་
པ་དེ་སྤོང་ཞིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་ནི། བསོད་ནམས་ཀྱི་ཚོགས་ཡང་དག་པར་བླངས་ཏེ། གནས་ཤིང་ཕྱི་མ་ལ་ཉོན་མོངས་པ་ཆུང་བ་ཉིད་དུ་ཡིད་ཀྱིས་སྨོན་པར་བྱེད། དེ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་ཉོན་མོངས་པ་ཆུང་བ་དང་། བརྩོན་འགྲུས་རྩོམ་ནུས་པར་
འགྱུར་བས་དེའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བས་བསྟན་ཏོ། །གོང་ནས་གོང་དུ་ཡེ་ཤེས་ཁྱད་པར་ཅན་དོན་དུ་གཉེར་བ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མི་
མཐུན་པའི་ཕྱོགས་ཇི་སྐད་བསྟན་པ་དེ་སྤོང་ཞིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་ནི། དེས་སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པ་དང་། དམ་པའི་ཆོས་མཉན་པ་ལ་བརྟེན་ནས། ཚུལ་བཞིན་ཡིད་ལ་བྱེད་པ་ཐོབ་ཅིང་ལྷག་པའི་བསམ་པ་སྟོབས་ཆུང་བ་ཉིད་རྣམ་པར་རྟོག་པ་ན་
ཁམས་གྱ་ནོམ་པ་ལས་བསམ་པའི་སྟོབས་ཐོབ་པར་འགྱུར་བ་དེ་ནི། དེའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེས་སེམས་ནང་དུ་འཇོག་ནུས་པ་ཡིན་པས་དེའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་ཞེས་བྱ་བས་བསྟན་ཏེ། །བདུད་ཐམས་ཅད་ཀྱིས་
ལམ་མི་ཆོད་པ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ཇི་སྐད་བསྟན་པ་དེ་སྤོང་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་ནི། དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོབ་པའི་དམིགས་པ་ཡོངས་སུ་བསྒོམ་པ་ལ་བསམ་གཏན་བྱེད་དེ།
དེ་ནི་དེའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེས་འཇིག་རྟེན་ལས་འདས་པའི་ཤེས་རབ་སྒྲུབ་ནུས་པར་འགྱུར་བས་དེའི་ཕྱིར་དེས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་གྲོགས་སུ་གྱུར་པ་ཡིན་པར་ཡོངས་སུ་བསྟན་ཏོ་ཞེས་བྱ་བས་བསྟན་ཏེ། དེ་ལ་ཤེས་རབ་ནི་རང་དང་སྤྱིའི་མཚན་ཉིད་རབ་

ཏུ་དབྱེ་བའི་རྣམ་པ་ཡིན། ཡེ་ཤེས་ནི་རྒྱུ་དང་འབྲས་བུའི་འཇུག་པ་རབ་ཏུ་དབྱེ་བའི་རྣམ་པ་ཡིན་ནོ། །ཡང་གཅིག་ཏུ་ན་ཤེས་རབ་ནི་དོན་དམ་པའི་བདེན་པ་འཛིན་པའི་རྣམ་པ་ཡིན། ཡེ་ཤེས་ནི་ཀུན་རྫོབ་ཀྱི་བདེན་པ་འཛིན་པའི་རྣམ་པ་ཡིན་ནོ། །གྲོགས་ལ་མཁས་པའི་
ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་འབྱུང་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བའི་གོ་རིམས་ལ་མཁས་པར་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་
ཕྱིན་པ་དྲུག་པོ་དེ་དག་གི་གོ་རིམས་དེ་ལྟར་བསྟན་པར་བགྱི་ལགས་ཞེས་བྱ་བ་ཞུས་སོ། །དེ་ནས་གང་དུ་འགྲུབ་པའི་རྟེན་གྱིས་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་གོ་རིམས་ཀྱི་ཚུལ་རྣམ་པ་གསུམ་སྟེ། སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བ་དང་། སྔ་མ་དམན་པ་ཡིན་ལ། ཕྱི་མ་དམ་པ་ཡིན་པ་དང་། སྔ་
མ་རགས་པ་ཡིན་ལ། ཕྱི་མ་ཕྲ་བ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔས་ལུས་དང་། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འབྱུང་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།
དེའི་འོག་ཏུ་ཐ་དད་པ་ལ་རབ་ཏུ་དབྱེ་བ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ཡང་རྣམ་པ་གསུམ་གསུམ་དུ་ཐ་དད་པའི་རབ་ཏུ་དབྱེ་བ་ལ་མཁས་པར་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་རྣམ་པ་དུ་མར་རབ་ཏུ་དབྱེ་བ་
ལགས་ཞེས་བྱ་བ་ཞུས་སོ། །རྣམ་པ་གསུམ་ཞེས་བྱ་བ་ནི་དྲུག་པོ་རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་དུ་རབ་ཏུ་དབྱེའོ། །སྦྱིན་པ་རྣམ་པ་གསུམ་ཞེས་བྱ་བ་ལ། ཆོས་སྦྱིན་པ་ཡང་རྣམ་པ་གསུམ་སྟེ། གླེགས་བམ་སྦྱིན་པ་དང་། གཞུང་བཞིན་འཆད་པ་དང་། མཁན་པོར་སྟོན་པའོ། །ཟང་
ཟིང་སྦྱིན་པ་ཡང་རྣམ་པ་གསུམ་སྟེ། ཕྱིའི་ཟང་ཟིང་གི་སྦྱིན་པ་དང་། ནང་གི་ཟང་ཟིང་གི་སྦྱིན་པ་དང་། ཕྱི་ནང་གཉིས་ཀའི་ཟང་ཟིང་གི་སྦྱིན་པའོ། །མི་འཇིགས་པ་སྦྱིན་པ་ཡང་རྣམ་པ་གསུམ་སྟེ། རྐྱེན་གྱི་སྡུག་བསྔལ་ལས་བསྐྱབ་པ་དང་། སྲོག་གི་བར་ཆད་ལས་བསྐྱབ་པ་དང་། འཁོར་

བའི་རྒྱུད་ལས་བསྐྱབ་པའོ། །དེ་ལ་ཡོན་ཏན་གྱི་མཐུ་རྣམ་པ་གསུམ་དུ་འགྱུར་ཏེ། ཆོས་སྦྱིན་པས་ནི་འཇིག་རྟེན་ལས་འདས་པར་འགྱུར། ཟང་ཟིང་སྦྱིན་པས་ནི་ལོངས་སྤྱོད་ཆེན་པོ་འཐོབ་པར་འགྱུར། མི་འཇིགས་པ་སྦྱིན་པས་ནི་ཚེ་ལ་བར་ཆད་མེད་པར་འགྱུར་རོ། །ཚུལ་ཁྲིམས་རྣམ་
པ་གསུམ་ནི་ཞེས་བྱ་བ་ལ། མི་དགེ་བ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱང་རྣམ་པ་གསུམ་སྟེ། ལུས་མི་དགེ་བ་ལས་ལྡོག་པ་དང་། ངག་མི་དགེ་བ་ལས་ལྡོག་པ་དང་། ཡིད་མི་དགེ་བ་ལས་ལྡོག་པའོ། །དགེ་བ་ལ་འཇུག་པའི་ཚུལ་ཁྲིམས་ཀྱང་རྣམ་པ་གསུམ་སྟེ། དཀོན་མཆོག་
གསུམ་ལ་སྐྱབས་སུ་རྟོན་པར་འཇུག་པ་དང་། བསོད་ནམས་ལ་ཡིད་རྟོན་པར་འཇུག་པ་དང་། ཆོས་ཀྱི་དབྱིངས་རྟོགས་པར་འཇུག་པའོ། །སེམས་ཅན་གྱི་དོན་ལ་འཇུག་པའི་ཚུལ་ཁྲིམས་ཀྱང་རྣམ་པ་གསུམ་སྟེ། ཡོངས་སུ་མ་སྨིན་པ་སྨིན་པར་བྱ་བ་དང་། རྣམ་པར་མ་གྲོལ་བ་དགྲོལ་
བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་མྱ་ངན་ལས་བཟླ་བའོ། །དེ་ལ་ཡང་ཡོན་ཏན་གྱི་མཐུ་རྣམ་པ་གསུམ་དུ་འགྱུར་ཏེ། མི་དགེ་བ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་སུ་སྐྱེ་བར་འགྱུར། དགེ་བ་ལ་འཛུད་པའི་ཚུལ་ཁྲིམས་ཀྱིས་ནི་བྱང་ཆུབ་ཀྱི་ཚོགས་རྫོགས་པར་འགྱུར།
སེམས་ཅན་གྱི་དོན་ལ་འཇུག་པའི་ཚུལ་ཁྲིམས་ཀྱིས་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་རོ། །བཟོད་པ་རྣམ་པ་གསུམ་ནི་ཞེས་བྱ་བ་ལ། གནོད་པ་ལ་མི་མཇེད་པའི་བཟོད་པ་རྣམ་པ་གསུམ་སྟེ། གཤེ་ཡང་ཕྱིར་མི་གཤེ་བར་བྱ་བ་དང་། བརྡེག་ཀྱང་ཕྱིར་མི་བརྡེག་པར་
བྱ་བ་དང་། སྨད་ཀྱང་ཕྱིར་མི་སྨད་པར་བྱ་བའོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ཡང་རྣམ་པ་གསུམ་སྟེ། མ་འོངས་པའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བས་མི་སྐྱོ་བའི་བཟོད་པ་དང་། སྤྱོད་ལམ་དམ་པ་ལ་ལོག་པར་བསྒྲུབ་པའི་སྡུག་བསྔལ་གྱིས་སྤ་མི་བཀོང་བའི་
བཟོད་པ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཞི་ཞིང་སྤོང་བར་བཟོད་པའོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཡང་རྣམ་པ་གསུམ་སྟེ། སྟོང་པས་མི་སྐྲག་པ་དང་། མཐའ་གཉིས་ལ་མི་ཆགས་པ་དང་། དཀའ་བ་སྤྱོད་པ་ལ་བརྟན་པར་བཟོད་པའོ། །དེ་ལ་ཡང་ཡོན་ཏན་

གྱི་མཐུ་རྣམ་པ་གསུམ་དུ་འགྱུར་ཏེ། གནོད་པ་བྱེད་པ་ལ་མི་མཇེད་པའི་བཟོད་པས་ནི་འཁོར་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པས་ནི་མ་རབས་ཀྱི་སེམས་སྤོང་བར་འགྱུར། ཆོས་ལ་ངེས་པར་རྟོག་པའི་བཟོད་པས་ནི་ཟག་
པ་མེད་པའི་ཤེས་རབ་སྐྱེ་བར་འགྱུར་རོ། །བརྩོན་འགྲུས་རྣམ་པ་གསུམ་ནི་ཞེས་བྱ་བ་ལ། གོ་ཆའི་བརྩོན་འགྲུས་ཀྱང་རྣམ་པ་གསུམ་སྟེ། བྱམས་པ་ཆེན་པོའི་གོ་བགོ་བ་དང་། སྙིང་རྗེ་ཆེན་པོའི་མཐུ་བརྟན་པ་དང་། བརྩོན་འགྲུས་ཆེན་པོའི་མཐུ་བརྟན་པའོ། །དགེ་བ་ལ་སྦྱོར་བའི་བརྩོན་
འགྲུས་ཀྱང་རྣམ་པ་གསུམ་སྟེ། དད་པ་ཆེན་པོས་དོན་ལ་རྟོན་པ་དང་། སྤྱོད་པ་ཆེན་པོས་དགེ་བ་ལ་འཇུག་པ་དང་། བསྔོ་བ་ཆེན་པོས་སེམས་ཅན་ལ་ཁྱབ་པའོ། །སེམས་ཅན་གྱི་དོན་ལ་སྦྱོར་བའི་བརྩོན་འགྲུས་ཀྱང་རྣམ་པ་གསུམ་སྟེ། སྙོམས་པ་དང་ཚུལ་ཁྲིམས་ལ་ཁྱད་པར་མེད་
པར་བརྩོན་པ་དང་། བསྡུ་བ་རྣམ་པ་བཞིའི་ཐབས་ཀྱིས་ཆོས་ཀྱི་དོན་ལ་འཇོག་པར་བརྩོན་པ་དང་། གཉེན་པོ་མི་འགོང་བའི་ཤེས་རབ་ཀྱིས་ཐབས་སུ་བརྩོན་པའོ། །དེ་ལ་ཡང་ཡོན་ཏན་གྱི་མཐུ་རྣམ་པ་གསུམ་དུ་འགྱུར་ཏེ། གོ་ཆའི་བརྩོན་འགྲུས་ཀྱིས་ནི་བདུད་བཞི་ཐུལ་བར་འགྱུར། དགེ་བ་
ལ་སྦྱོར་བའི་བརྩོན་འགྲུས་ཀྱིས་ནི་ས་བཅུ་ཡོངས་སུ་རྫོགས་པར་འགྱུར། སེམས་ཅན་གྱི་དོན་ལ་སྦྱོར་བའི་བརྩོན་འགྲུས་ཀྱིས་ནི་འདྲེན་པ་ཆེན་པོའི་ཐབས་དང་ལྡན་པར་འགྱུར་རོ། །བསམ་གཏན་རྣམ་པ་གསུམ་ནི་ཞེས་བྱ་བ་ལ། རྣམ་པར་མི་རྟོག་ཅིང་ཞི་ལ་རབ་ཏུ་ཞི་བས་ཉོན་མོངས་པ་དང་
སྡུག་བསྔལ་གྱི་གཉེན་པོ་བདེ་བར་གནས་པའི་བསམ་གཏན་ཡང་རྣམ་པ་གསུམ་སྟེ། སེམས་ཆོས་ལ་མི་རྟོག་པ་དང་། ཆོས་སེམས་ལ་མི་རྟོག་པ་དང་། བཏང་སྙོམས་ཀྱི་སེམས་གཉི་གར་མི་རྟོག་པའོ། །ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ཡང་རྣམ་པ་གསུམ་སྟེ། སྐུའི་ཡོན་
ཏན་མངོན་པར་སྒྲུབ་པ་དང་། ཡེ་ཤེས་ཀྱི་ཡོན་ཏན་མངོན་པར་སྒྲུབ་པ་དང་། སྟོབས་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པའོ། །སེམས་ཅན་གྱི་དོན་མངོན་པར་སྒྲུབ་པའི་ཡོན་ཏན་ཡང་རྣམ་པ་གསུམ་སྟེ། བསྔོ་བའི་ཏིང་ངེ་འཛིན་དང་། ཁྱབ་པའི་ཏིང་ངེ་འཛིན་དང་། མི་འགྱུར་བའི་

ཏིང་ངེ་འཛིན་ཏོ། །དེ་ལ་ཡང་ཡོན་ཏན་གྱི་མཐུ་རྣམ་པ་གསུམ་དུ་འགྱུར་ཏེ། རྣམ་པར་མི་རྟོག་ཅིང་ཞི་བ་རབ་ཏུ་ཞི་བས་ཉོན་མོངས་པ་དང་སྡུག་བསྔལ་གྱི་གཉེན་པོ་བདེ་བར་གནས་པའི་བསམ་གཏན་གྱིས་ནི་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པར་འགྱུར། ཡོན་ཏན་མངོན་པར་སྒྲུབ་པའི་བསམ་
གཏན་གྱིས་ནི་རྒྱུ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར། སེམས་ཅན་གྱི་དོན་སྒྲུབ་པའི་བསམ་གཏན་གྱིས་ནི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་སྦྱོར་བར་འགྱུར་རོ། །ཤེས་རབ་རྣམ་པ་གསུམ་ནི་ཞེས་བྱ་བ་ལ། ཀུན་རྫོབ་ཀྱི་བདེན་པས་དམིགས་པ་ཡང་རྣམ་པ་གསུམ་སྟེ། འདུས་
བྱས་ཀྱི་མཚན་ཉིད་ལ་མཁས་པ་དང་། འཁོར་བའི་རྒྱུད་ལ་མཁས་པ་དང་། འཁོར་བའི་རྒྱུད་ལས་ལྡོག་པ་ལ་མཁས་པའོ། །དོན་དམ་པའི་བདེན་པ་ལ་དམིགས་པ་ལ་ཡང་རྣམ་པ་གསུམ་སྟེ། སྟོང་པ་ཉིད་པས་མི་གནས་པ་དང་། མཚན་མ་མེད་པས་མི་རྟོག་པ་དང་། སྨོན་པ་
མེད་པས་མི་ཆགས་པའོ། །སེམས་ཅན་གྱི་དོན་ལ་དམིགས་པ་ལ་རྣམ་པ་གསུམ་སྟེ། །རང་བཞིན་གྱི་སྡུག་བསྔལ་ལ་ཏིང་ངེ་འཛིན་གྱིས་སྦྱོར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལ་གཉེན་པོས་གཅོད་པ་དང་། ཐེ་ཚོམ་གྱི་སྡུག་བསྔལ་ལ་རྒྱས་པར་འགྲེལ་པའི་ཤེས་རབ་འོ། །དེ་ལ་
ཡང་ཡོན་ཏན་གྱི་མཐུ་རྣམ་པ་གསུམ་དུ་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་དམིགས་པའི་ཤེས་རབ་ཀྱིས་ནི་འཁོར་བ་ལ་མི་ཆགས་པར་འགྱུར། དོན་དམ་པའི་བདེན་པ་ལ་དམིགས་པའི་ཤེས་རབ་ཀྱིས་ནི་འཕགས་པའི་ཤེས་རབ་མངོན་པར་འཐོབ་པར་འགྱུར། སེམས་ཅན་གྱི་དོན་ལ་
དམིགས་པའི་ཤེས་རབ་ཀྱིས་ནི་སྤྲུལ་པ་མངོན་པར་སྟོན་པར་འགྱུར་རོ། །ཐ་དད་པའི་རབ་ཏུ་དབྱེ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་རྫོགས་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་རྒྱུ་
རྣམ་པ་ལྔ་དང་། རྣམ་པར་དག་པ་བསྡུས་པ་དང་། སོ་སོ་བས་རྫོགས་པར་འགྱུར་བ་ལ་མཁས་པར་བྱའོ། །དེའི་ཕྱིར། བཅོམ་ལྡན་འདས་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ཞེས་བགྱི་ལགས་ཞེས་བྱ་བ་ཞུས་སོ། །ལྔའི་ཕྱིར་ཏེ་ཞེས་བྱ་བས་ནི་རྒྱུ་དེ་ལྔས་ཕ་རོལ་

ཏུ་ཕྱིན་པ་རྫོགས་པར་སྟོན་ཏོ། །ཆགས་པ་མེད་པ་ཉིད་ཅེས་བྱ་བ་ལ། རྫོགས་པ་ལྔའི་གནས་སུ་གྱུར་པ་ཆོས་རྣམས་ཐམས་ཅད་ལ་ཆགས་པ་མེད་པ་ཉིད་དང་། དེའི་འབྲས་བུ་དང་ཟང་ཟིང་ལ་སེམས་འབྲེལ་པ་མེད་པ་ཉིད་དང་། ཉེ་བའི་ཉོན་མོངས་པ་རྣམ་པ་
ཐམས་ཅད་རྣམ་པར་སྤངས་པ་ཉིད་དང་། ཀུན་བརྟགས་པའི་ངོ་བོ་ཉིད་དུ་ཇི་ལྟ་བ་ཉིད་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་སྨོན་ལམ་འདེབས་པ་ཉིད་དང་། གོ་རིམས་བཞིན་དུ་སྦྱར་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོན་ཏན་
ལྔས་ཡོངས་སུ་ཟིན་པ་དེ་དག་ནི་སྦྱིན་པའི་ངོ་བོ་ཉིད་ཅེས་བྱ་བ་ནས་རྣམ་པར་དག་པའི་སྦྱིན་པ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ནས་རྣམ་པར་དག་པའི་ཤེས་རབ་དག་ཡིན་པར་རིག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་ཕྱོགས་དངོས་པོ་གང་ལགས་ཞེས་ཞུས་པས་ནི།
ཆགས་པ་མེད་པ་ཉིད་རྒྱ་ཆེར་སྟོན་ཏེ་ཚིག་གི་དོན་ནི་གོ་སླའོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་གང་ལགས་ཞེས་ཞུས་པས་ནི་མི་ཉིད་རྒྱ་ཆེར་སྟོན་ཏེ། དེ་དག་གི་ཚིག་གི་དོན་ཀྱང་གོ་སླའོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་དང་འདྲེས་པ་
གང་ལགས་ཞེས་ཞུས་པས་ནི། ཁ་ན་མ་ཐོ་བ་ཉིད་རྒྱ་ཆེར་སྟོན་ཏེ་དེ་དག་གི་ཚིག་གི་དོན་ཀྱང་གོ་སླའོ། །དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་དག་ལ་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ཉམས་པ་ཞེས་བྱ་བ་ནི་དཔེར་ན་སྦྱིན་པ་ནི་སྦྱིན་ལ། ཚུལ་ཁྲིམས་ནི་ཉམས་པ་ལྟ་བུའོ། །
ཐབས་མ་ལགས་པ་བྱུང་བ་ཞེས་ཞུས་པས་ཁ་ན་མ་ཐོ་བ་ཉིད་རྒྱུ་ཆེན་པོར་སྟོན་ཏེ། དེ་དག་གི་ཚིག་གི་དོན་ཀྱང་གོ་སླའོ། །བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དེ་དག་གི་རྣམ་པར་དག་པ་དུ་མཆིས་ལགས་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་དག་པ་བསྡུས་པ་དང་། སོ་སོ་བས་ཕ་རོལ་ཏུ་ཕྱིན་པ་
རྫོགས་པར་འགྱུར་བ་ལ་མཁས་པར་བྱ་བའི་དོན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རྣམ་པར་དག་པ་བསྡུ་བ་ནི། རྣམ་པ་བདུན་གྱིས་རིག་པར་བྱ་སྟེ་ཞེས་བྱ་བ་ནི་ཡོན་ཏན་གྱི་དྲི་མ་བདུན་པོ་འདོད་པ་དང་། ལྟ་བ་དང་། ཡིད་ཀྱིས་དང་། ང་རྒྱལ་དང་། རྒྱགས་པ་དང་། བག་ལ་ཉལ་

དང་། སེར་སྣ་དང་བྲལ་བས་རྣམ་པར་དག་པ་སྟེ། དཀྱུས་ཀྱི་ཚིག་བདུན་དང་གོ་རིམས་བཞིན་དུ་སྦྱར་རོ། །རྣམ་པར་དག་པ་སོ་སོ་ཐ་དད་པ་དེ་ཡང་རྣམ་པ་བདུན་ཁོ་ནར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་དྲུག་པོ་རེ་རེ་ལ་ཡང་རྣམ་པ་བདུན་བདུན་དུ་འགྱུར་རོ། །སྦྱིན་པ་རྣམ་པར་དག་པ་རྣམ་པ་བདུན་པ་
ཞེས་བྱ་བ་ནི་རྣམ་པ་བདུན་འོག་ནས་བྱུང་བ་རེ་རེ་ལ་ཡང་རྣམ་པ་བཅུ་བཅུར་རིག་པར་བྱའོ། །དེ་ལས་སྦྱིན་པར་བྱ་བའི་དངོས་པོ་རྣམ་པར་དག་པ་རྣམ་པ་བཅུ་ནི། མང་པོ་དང་སྣ་ཚོགས་ཉིད་ཀྱིས་རྒྱ་ཆེན་པོ་སྦྱིན་པར་བྱེད་པ་དང་། མི་མང་མི་ཉུང་བ་ཉིད་ཀྱིས་མཚུངས་པར་སྦྱིན་པར་བྱེད་པ་དང་། འདོད་
པའི་དུས་ཉིད་ཀྱིས་དུས་སུ་སྦྱིན་པར་བྱེད་པ་དང་། ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཉིད་ཀྱིས་གྱ་ནོམ་པར་སྦྱིན་པར་བྱེད་པ་དང་། མི་གཙང་བའི་དངོས་པོ་དང་མ་འདྲེས་པ་ཉིད་ཀྱིས་གཙང་བར་སྦྱིན་པར་བྱེད་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་ལྡན་པ་ཉིད་ཀྱིས་རུང་བ་སྦྱིན་པར་བྱེད་པ་དང་།
སློང་མོ་པའི་བསམ་པ་ཉིད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་པ་དང་། བརྩོན་པ་ཉིད་ཀྱིས་ཕན་པ་སྦྱིན་པར་བྱེད་པ་དང་། སློང་མོ་པ་ལ་ལྟོས་པ་ཉིད་ཀྱིས་ཅིག་ཅར་རམ་རིམ་གྱིས་སྦྱིན་པར་བྱེད་པ་དང་། རྒྱུན་མི་འཆད་པ་ཉིད་ཀྱིས་རྟག་ཏུ་སྦྱིན་པར་བྱེད་པའོ། །ཚུལ་ཁྲིམས་རྣམ་པར་དག་པ་རྣམ་
པ་བཅུ་ནི། བསྒྲུབ་པའི་བརྩོན་འགྲུས་ཀྱིས་ཐོབ་པའི་ལོངས་སྤྱོད་རྣམས་སྦྱིན་པར་བྱེད་པ་དང་། རང་གི་ཞོ་ཤས་བསྒྲུབ་པ་དག་སྦྱིན་པར་བྱེད་པ་དང་། རྡུལ་ཞིང་དྲི་མ་ཆགས་ཆགས་སུ་བསྒྲུབ་པ་དག་སྦྱིན་པར་བྱེད་པ་དང་། ཆོས་རྣམས་ཀྱིས་ཆོས་བཞིན་ཐོབ་པ་དག་སྦྱིན་པར་བྱེད་པ་དང་། སྡིག་པ་
ལས་ལོག་པ་དག་སྦྱིན་པར་བྱེད་པ་དང་། དབང་པོ་ཐུལ་བས་སྦྱིན་པར་བྱེད་པ་དང་། གུས་པར་བྱས་ཏེ་སྦྱིན་པར་བྱེད་པ་དང་། རབ་ཏུ་བཏུད་དེ་སྦྱིན་པར་བྱེད་པ་དང་། རང་གི་ལག་ནས་སྦྱིན་པར་བྱེད་པ་དང་། དང་པོ་རང་གི་ཚལ་ཟའི་འཁོར་རྣམས་ལ་ལེགས་པར་རི་མོ་བྱས་ལེགས་པར་མཆོད་པ་
བྱས་ནས། དེའི་འོག་ཏུ་སློང་མོ་པ་གཞན་དག་ལ་སྦྱིན་པར་བྱེད་དོ། །ལྟ་བ་རྣམ་པར་དག་པ་རྣམ་པ་བཅུ་ནི། བདག་ནི་སྦྱིན་པར་བྱེད་པའོ་བདག་གི་སྦྱིན་པའོ་སྙམ་དུ་རློམ་སེམས་མེད་པས་སྦྱིན་པར་བྱེད་པ་དང་། བདག་ཉིད་གཞན་དང་མི་སྒྲུབ་པར་སྦྱིན་པར་བྱེད་པ་དང་། བདག་ཉིད་གཞན་དག་

པས་ཆེ་བའམ་མཉམ་པ་འམ་ཆུང་ངུ་སྙམ་དུ་མི་སེམས་པར་སྦྱིན་པར་བྱེད་པ་དང་། གཞན་ལས་ལན་མང་དུ་ཕན་འདོགས་པ་ལ་མི་ལྟ་བར་སྦྱིན་པར་བྱེད་པ་དང་། ཕྱི་མ་ལ་སྲིད་པ་ཁྱད་པར་ཅན་ནམ་ལོངས་སྤྱོད་ཁྱད་པར་ཅན་ལ་མི་ལྟ་བར་སྦྱིན་པར་བྱེད་པ་དང་། སྦྱིན་པའི་
འབྲས་བུ་མེད་དོ་སྙམ་དུ་མི་ལྟ་བར་སྦྱིན་པར་བྱེད་པ་དང་། འབྲས་བུ་ཚུལ་དང་མི་མཐུན་པ་དང་། འབྲས་བུ་ཕྱིན་ཅི་ལོག་ཡིན་ནོ་སྙམ་དུ་མི་ལྟ་བར་སྦྱིན་པར་བྱེད་པ་དང་། འཚོ་བ་དང་བཅས་པ་ནི་དགེ་བའོ་སྙམ་དུ་མི་ལྟ་བར་སྦྱིན་པར་བྱེད་པ་དང་། ངོ་མཚར་དང་བཀྲ་ཤིས་སུ་མི་ལྟ་བར་སྦྱིན་པར་བྱེད་
པ་དང་། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པའི་ཕྱིར་མ་ཡིན་པར་སྦྱིན་པར་བྱེད་པའོ། །སེམས་རྣམ་པར་དག་པ་རྣམ་པ་བཅུ་ནི། རང་བཞིན་གྱིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་སྦྱིན་པར་བྱེད་པ་དང་། སྦྱིན་པ་ལ་རིན་པོ་ཆེའི་སེམས་ཀྱིས་སྦྱིན་པར་བྱེད་པ་དང་།
མཛའ་བཤེས་དང་དགྲ་བོ་དང་ཐ་མལ་པ་དག་ལ་སྙོམས་པའི་སེམས་ཀྱིས་སྦྱིན་པར་བྱེད་པ་དང་། སེར་སྣའི་དྲི་མ་དང་གསོག་འཇོག་གི་དྲི་མ་བསལ་བའི་སེམས་ཀྱིས་སྦྱིན་པར་བྱེད་པ་དང་། སློང་མོ་པའི་དུས་ལ་བཟོད་ཅིང་སྐྱོ་བ་མེད་པའི་སེམས་ཀྱིས་སྦྱིན་པར་བྱེད་པ་དང་། རྣམ་པར་འཚེ་བ་
རྣམས་ལ་བྱམས་པའི་སེམས་ཀྱིས་སྦྱིན་པར་བྱེད་པ་དང་། སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་སེམས་ཀྱིས་སྦྱིན་པར་བྱེད་པ་དང་། ཡོན་ཏན་དང་ལྡན་པ་རྣམས་ལ་དགའ་བའི་སེམས་ཀྱིས་སྦྱིན་པར་བྱེད་པ་དང་། མཛའ་བཤེས་རྣམས་ལ་བཏང་སྙོམས་ཀྱི་སེམས་ཀྱིས་སྦྱིན་པར་བྱེད་པའོ། །ངག་
རྣམ་པར་དག་པ་རྣམ་པ་བཅུ་ནི། སྦྱིན་པའི་སྔ་རོལ་ཉིད་ཀྱིས་སྦྱིན་ནོ་ཞེས་སྐབས་འབྱེད་པ་དང་། འོངས་པ་ན་ཚུར་ཤོག་ལེགས་པར་འོངས་སོ་ཞེས་སྨྲ་བ་དང་། ཁྲོ་གཉེར་མེད་ཅིང་བཞིན་གྱི་མདོག་གསལ་ལ་འཛུམ་པ་སྔར་གཏོང་ཞིང་ཚིག་གི་ལམ་འཇམ་པོ་དག་གིས་གཏམ་འདྲེ་བར་བྱེད་
ཕེབས་པར་སྨྲ་བར་བྱེད་ཀུན་དགའ་བར་བྱེད་པ་དང་། སློང་མོ་པ་རྣམས་ཀྱི་མཇུག་ཐོགས་སུ་སྦྱིན་པར་བྱ་བའི་ཞེས་སྦྱིན་པར་བྱ་བའི་དངོས་པོས་ཀུན་དགའ་བར་བྱེད་པ་དང་། ང་ནི་ཁྱོད་ལ་སྦྱིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཚིག་ཀུན་རྗོད་པར་བྱེད་པ་དང་། ད་ནི་དུས་བྱེད་པ་ན་ཁྲོ་བས་ཀུན་ནས་

བསླང་བའི་ཚིག་རྩུབ་མོ་རྗོད་པར་མི་བྱེད་པ་དང་། སློང་མོ་པ་ལ་མངོན་སུམ་དང་ལྐོག་ནས་མི་སྨོད་མི་སྒྲོགས་པ་དང་། སྦྱིན་པར་བྱ་བའི་ཆོས་མི་བདོག་ན་ཡང་ལེགས་པར་ཤད་ཀྱིས་སྦྱངས་ཏེ་གཏོང་བར་བྱེད་པ་དང་། སློང་མོ་པ་ལ་མངོན་སུམ་དུ་སྨོན་པར་མི་བྱེད་ཁྱད་དུ་གསོད་པར་མི་བྱེད་བསྟིང་
བར་མི་བྱེད་ཅོ་འདྲི་བར་མི་བྱེད་པ་དང་། སྨ་དབབ་པ་ཉེ་བར་སྒྲུབ་པར་མི་བྱེད་པའོ། །ཤེས་པ་རྣམ་པར་དག་པ་རྣམ་པ་བཅུ་ནི། སྦྱིན་པ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སློང་མོ་པ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སྦྱིན་པར་བྱ་བའི་ཆོས་ལ་བརྟེན་པའི་ཤེས་པ་རྣམ་པར་
དག་པ་དང་། སྦྱིན་པའི་སྦྱོར་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སྦྱིན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། ཐབས་ལ་མཁས་པ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། འདོད་པ་རྣམས་ཀྱི་ཉེས་དམིགས་ལ་བརྟེན་པའི་ཤེས་
པ་རྣམ་པར་དག་པ་དང་། དྲི་མ་བསལ་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་དང་དགེ་བའི་བཤེས་གཉེན་ཡོངས་སུ་བཟུང་བ་ལ་བརྟེན་པའི་ཤེས་པ་རྣམ་པར་དག་པ་དང་། ཕྱོགས་དྲུག་གི་དགབ་པ་ཉིད་ལ་བརྟེན་པའི་ཤེས་པ་རྣམ་པར་དག་
པའོ། །དྲི་མ་རྣམ་པར་དག་པ་རྣམ་པ་བཅུ་ནི། ལེ་ལོའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། ཆགས་པའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། ཞེ་སྡང་གི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། གཏི་མུག་གི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། གེགས་
ཀྱི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། མི་རིགས་པའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། མ་རྫོགས་པའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། རྣམ་པར་མ་དག་པའི་དྲི་མ་དང་བྲལ་བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། འཆལ་བའི་ཤེས་རབ་ཀྱི་དྲི་མ་དང་བྲལ་
བའི་སྦྱིན་པ་སྦྱིན་པར་བྱེད་པ་དང་། ཐབས་མ་ཡིན་པའི་དྲི་མ་དང་བྲལ་བའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་པའོ། །དེའི་འོག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པ་བདུན་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་བཅས་པ་ལ་བསླབ་པའི་གཞི་རྣམ་པ་ཐམས་ཅད་ལ་མཁས་པ་ཞེས་བྱ་བས་ནི་བྱང་

ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་ཅེས་བྱ་བ་ཡིན་ཏེ། དེ་ནི་རྣམ་པ་གཉིས་ཏེ། ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང་། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པའོ། །དེ་ཡང་ཅི་རིགས་པར་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་
བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཀྱང་བྱ་བ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་སེམས་གནས་པར་བྱེད་ལ། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ནི་བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་
ཡོངས་སུ་སྨིན་པར་བྱེད། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་སེམས་གནས་པ་དང་། ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་
ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དེ་ཙམ་དུ་ཟད་དེ། ཚུལ་ཁྲིམས་ཀྱང་དེ་དག་ཏུ་ཟད་ལ། ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དེ་དག་ཏུ་ཟད་དེ། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་འདོད་པ་ཐམས་ཅད་ཀྱང་འདི་ལ་བསླབས་ཤིང་བླ་ན་མེད་
པའི་བྱང་ཆུབ་མངོན་པར་སངས་རྒྱས་ན་ཚུལ་ཁྲིམས་ཐམས་ཅད་ཅེས་ཀྱང་བྱ། བསླབ་པའི་གཞི་རྣམ་པ་ཐམས་ཅད་ཅེས་ཀྱང་བྱ་སྟེ། དེ་ལ་མཁས་པ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །ལྟུང་བ་ལས་བསླང་བ་ལ་མཁས་པ་ཞེས་བྱ་བ་ནི། རྒྱུ་གསུམ་གྱིས་ལྟུང་བ་ལས་བསླང་བ་ལ་
མཁས་པ་སྟེ་གསུམ་གང་ཞེ་ན། འགྱོད་པ་ལྔ་བསྐྱེད་པ་དང་། ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་དང་། རྣམ་པ་ལྔས་འགྱོད་པ་བསལ་བའོ། །དེ་ལ་འགྱོད་པ་ལྔ་བསྐྱེད་པ་གང་ཞེ་ན། ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་ན། བདག་ཉིད་ལ་གཞི་དེས་ཚུལ་ཁྲིམས་དག་གིས་སྨད་
པར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། གཞན་དང་ལྷ་དག་གིས་སྨད་པར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། སྟོན་པ་ཚངས་པར་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་སྨད་པར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། ཕྱོགས་དང་ཕྱོགས་

མཚམས་རྣམས་སུ་སྡིག་པ་ཅན་གྱི་བསྔགས་པའི་གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པ་མངོན་པར་འཕེལ་བར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། བདག་ལུས་ཞིག་ནས་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་གྱུར་ན་མི་རུང་ངོ་སྙམ་ནས་འགྱོད་པ་སྐྱེད་པར་
བྱེད་པའོ། །ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་གང་ཞེ་ན། འདས་པའི་དུས་ལ་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིས་བྱེད་པས་སྔོན་གྱི་མཐའ་དང་ལྡན་པའི་བག་ཡོད་པ་དང་། མ་འོངས་པའི་དུས་ལ་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིས་
བྱེད་པས་ཕྱི་མའི་མཐའ་དང་ལྡན་པའི་བག་ཡོད་པ་དང་། ད་ལྟར་བྱུང་བའི་དུས་ལ་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་བྱེད་པས་དབུས་ཀྱི་མཐའ་དང་ལྡན་པའི་བག་ཡོད་པ་དང་། ལྟུང་བ་མ་བྱུང་བའི་སྔ་རོལ་ནས་ཕྱིས་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར་ཇི་ལྟ་ཇི་ལྟར་སྤྱོད་ཅིང་
གནས་ན་ཕྱིས་ལྟུང་བ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་སྤྱོད་ཅིང་གནས་པས་དུས་སྔ་ནས་བྱ་བའི་བག་ཡོད་པ་དང་། འཕྲལ་དུ་ཡང་ཕྱི་ནས་ཀྱང་ལྟུང་བ་མི་འབྱུང་བ་དེ་ལྟར་སྤྱོད་ཅིང་གནས་པས་ལྷན་ཅིག་སྤྱོད་པའི་བག་ཡོད་པ་དང་ལྡན་པའོ། །རྣམ་པ་ལྔས་འགྱོད་པ་བསལ་བ་གང་ཞེ་ན།
བཅོམ་ལྡན་འདས་ཀྱིས་གཞི་དང་བཅས་ངེས་པར་འབྱུང་བ་དང་བཅས་པའི་ཆོས་བསྟན་པ་དང་ལྟུང་བ་ལས་ལྡང་བའི་སྐབས་ཡོད་དོ་སྙམ་ནས་འགྱོད་པ་སེལ་བར་བྱེད་པ་དང་། མི་ཤེས་པ་དང་བག་མེད་པ་དང་ཉོན་མོངས་པ་མང་བ་དང་མ་གུས་པའི་དབང་གིས་ལྟུང་བ་འབྱུང་བའི་ཤེས་པ་ནས་མ་
གུས་པའི་བར་ནི་སྤངས་ཤིང་ཤེས་པ་ནས་གུས་པའི་བར་དེ་ནི་ཡང་དག་པར་སྐྱེས་སོ་སྙམ་ནས་འགྱོད་པ་སེལ་བར་བྱེད་པ་དང་། ཡང་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར་བསམ་པ་ཐག་པ་ནས་སེམས་སྐྱེས་སོ་སྙམ་ནས་འགྱོད་པ་སེལ་བར་བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་
རྣམས་ཀྱི་མདུན་དུ་སོ་སོར་བཤགས་ཟིན་ཏོ་སྙམ་ནས་འགྱོད་པ་སེལ་བར་བྱེད་པ་དང་། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་བསླབ་པ་དང་མི་འགལ་ཞིང་འགྱོད་པ་མེད་པ་གང་ཡིན་པ་དེ་ནི་བདག་ལ་དགེ་བ་དང་ལེགས་པ་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་འགྱོད་པའི་

རྒྱུན་སྒྲིབ་པའི་གནས་ལྟ་བུ་རྣམ་གྲངས་དུ་མར་སྨད་པ་བར་དུ་གཅོད་པར་བྱེད་པ་གང་ཡིན་པ་དེས་མང་དུ་གནས་ཤིང་དང་དུ་ལེན་པར་བྱེད་ལ། སེལ་བར་མི་བྱེད་པ་གང་ཡིན་པ་དེ་ནི་བདག་ལ་དགེ་བ་དང་ལེགས་པ་མ་ཡིན་ནོ་སྙམ་ནས་འགྱོད་པ་སེལ་བར་བྱེད་པ་སྟེ། རྣམ་པ་དེ་དག་
གིས་ལྟུང་བ་ལས་བསླངས་པ་མཁས་པ་ཡང་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །དེ་ལ་ངེས་པའི་ཚུལ་ཁྲིམས་ཅན་ཞེས་བྱ་བ་ནི་བསླབ་པའི་གཞི་མི་འབུལ་བའོ། །ཡང་ངེས་པའི་དོན་ནི་ཆགས་པ་མེད་པའི་དོན་ཏེ། ཚུལ་ཁྲིམས་འཆལ་བ་དང་མ་འདྲེས་པའི་ཕྱིར་ཏེ། དེས་ཀྱང་ཚུལ་
ཁྲིམས་རྣམ་པར་དག་པ་ཡིན་ནོ། །བསྟན་པའི་ཚུལ་ཁྲིམས་ཅན་ཞེས་བྱ་བ་ནི་བསླབ་པའི་གཞི་ཉམས་པར་མི་བྱེད་པའོ། །ཡང་སྲོག་གི་ཕྱིར་ཡང་བསླབ་པའི་གཞི་མི་གཏོང་བ་སྟེ། དེས་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །རྟག་ཏུ་བྱེད་པ་ཞེས་བྱ་བ་ནི་བསླབ་པའི་གཞི་འབུལ་བར་
མི་བྱེད་པའོ། །ཡང་རྟག་ཏུ་བྱེད་པ་ནི་ལུས་ཀྱིས་ཏེ། དེས་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །རྟག་ཏུ་འཇུག་པ་ཞེས་བྱ་བ་ནི། བསླབ་པའི་གཞི་རལ་ནས་ཡང་ཕྱིས་ཆོས་བཞིན་བྱེད་པའོ། །ཡང་རྟག་ཏུ་འཇུག་པ་ནི་ངག་གིས་ཏེ་དེས་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །
བསླབ་པའི་གཞི་རྣམས་པར་དག་པར་བླངས་ཏེ། སློབ་པར་བྱེད་པ་ཞེས་བྱ་བ་ནི། བསླབ་པའི་གཞི་མཐའ་དག་རྗེས་སུ་བསྲུང་བའོ། །ཡང་དོན་དང་ཚིག་འབྲུ་དང་ཕྱིན་ཅི་མ་ལོག་པར་ཡོངས་སུ་འཛིན་ཅིང་ལྷག་ཆད་མེད་པར་སློབ་པ་སྟེ། དེས་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །དེའི་འོག་
ཏུ་བཟོད་པ་རྣམ་པར་དག་པ་རྣམ་པ་བདུན་ལ་འདི་ལྟ་སྟེ། ཐམས་ཅད་ལ་གནོད་པ་ཉེ་བར་གནས་པ་ན་བདག་ཉིད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་རྟོན་པས་མི་འཁྲུགས་པ་ཞེས་བྱ་བ་ནི་དང་པོ་སྦྱོར་བའི་གནས་སྐབས་ན་མི་འཁྲུགས་པའོ། །ལན་བྱ་བའི་ཕྱིར་སླར་སྤྱོ་བ་དང་། གཤེ་བ་དང་། བརྡེག་པ་དང་།
བསྡིགས་པ་དང་། མཚང་འདྲུ་བའི་གནོད་པ་དག་གིས་སྦྱོར་བར་མི་བྱེད་པ་ཞེས་བྱ་བ་ནི། བར་དུ་དངོས་ཀྱི་གནས་སྐབས་ཕྱིར་གནོད་པ་མི་བྱེད་པའོ། །ཁོན་གྱི་བསམ་པ་མི་འཛིན་པ་ཞེས་བྱ་བ་ནི། ཐ་མར་མཇུག་གི་གནས་སྐབས་ན་སེམས་ལ་མི་འཛིན་པ་སྟེ། དེ་ལྟར་སྦྱོར་བ་དང་དངོས་གཞི་དང་། མཇུག་

གི་གནས་སྐབས་སུ་བཟོད་པ་རྣམ་པ་དེ་གསུམ་ནི་རྣམ་པར་དག་པའི་བཟོད་པ་རྣམ་པ་བཅུ་སྔར་བསྟན་པའི་དང་པོ་དང་སྦྱར་རོ། །ཤད་ཀྱིས་འཆགས་པ་ན་ཡོངས་སུ་ཉོན་མོངས་པར་མི་བྱེད་པ་ཞེས་བྱ་བ་ནི། སེམས་ཅན་ཉམ་ཆུང་བ་རྣམས་ཀྱིས་གནོད་པ་བྱས་པ་བཟོད་པའོ། །ཤད་ཀྱིས་འཆགས་པ་ལ་
མི་སྡོད་པ་ཞེས་བྱ་བ་ནི་བདག་ཉིད་རྗེ་དཔོན་དུ་གྱུར་པ་བྲན་གཡོག་གིས་གནོད་པ་བྱས་པ་བཟོད་པའོ། །འཇིགས་པ་དང་ཟང་ཟིང་གི་སེམས་ཀྱིས་འཇིགས་པར་བྱེད་པ་མ་ཡིན་པ་ཞེས་བྱ་བ་ནི། སེམས་ཅན་གདགས་པས་རིགས་དང་། རུས་ཆེས་དམན་པ་དག་གིས་གནོད་པ་མཆོག་ཏུ་ཆེན་པོ་བྱས་པ་བཟོད་
པ་སྟེ། དེ་གསུམ་ནི་དཀའ་བའི་བཟོད་པ་རྣམ་པ་གསུམ་སྔར་བསྟན་པ་དང་སྦྱར་རོ། །ཕན་གདགས་པར་བྱ་བ་ལ་ཡལ་བར་མི་འདོར་བ་ཞེས་བྱ་བ་ནི་བཟོད་པ་ལ་ཕན་ཡོན་དུ་ལྟ་བ་དང་། བདག་ཉིད་ཀྱིས་ཀྱང་བཟོད་པ་དང་། གཞན་ལ་ཡང་བཟོད་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། བཟོད་
པའི་བསྔགས་པ་ཡང་བརྗོད་པ་དང་། གང་ཟག་བཟོད་པ་ཅན་མཐོང་ན་ཡིད་དགའ་བ་སྟེ། སྐྱེས་བུ་དམ་པའི་བཟོད་པ་རྣམ་པ་ལྔ་སྔར་བསྟན་པ་དང་སྦྱར་རོ། །དེའི་འོག་ཏུ་བརྩོན་འགྲུས་རྣམ་པར་དག་པ་རྣམ་པ་བདུན་ལ་འདི་ལྟ་སྟེ། བརྩོན་འགྲུས་ཀྱི་མཉམ་པ་ཉིད་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་
སྙོམས་པའི་བརྩོན་འགྲུས་ཧ་ཅང་ཡང་མི་ཞུམ་ཧ་ཅང་ཡང་སྙུན་མི་ངས་པར་བརྩོན་འགྲུས་རྩོམ་ཞིང་སྦྱོར་བ་སྙོམས་པར་བྱེད་དེ། བརྩམ་པར་བྱ་བ་ཐམས་ཅད་ལ་སྙོམས་ཤིང་གུས་པར་བྱེད་པ་སྟེ། རྣམ་པར་དག་པའི་བརྩོན་འགྲུས་ཀྱི་སྐབས་སུ་སྙོམས་པ་ཞེས་སྔར་བསྟན་པ་དང་སྦྱར་རོ། །བརྩོན་
འགྲུས་བརྩམས་པ་དེས་བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་པ་ཞེས་བྱ་བ་ནི། རྒྱུན་དུ་བྱེད་པའི་ཕྱིར་རྟག་པའི་བརྩོན་འགྲུས་རྩོམ་ཞིང་སྦྱོར་བ་སྙོམས་པར་བྱེད་དེ། མཐུ་དང་ལྡན་པ་ཞེས་བྱ་བ་ནི་ལྷུན་སྦྱོར་བའི་ཕྱིར་གུས་པའི་བརྩོན་འགྲུས་སོ། །བརྩོན་འགྲུས་དང་ལྡན་པ་ཞེས་བྱ་བ་ནི་སྔོན་གྱི་རྒྱུའི་
སྟོབས་ཀྱིས་བསྐྱེད་པའི་ཕྱིར་རྒྱུ་མཐུན་པའི་བརྩོན་འགྲུས་སོ། །སྤྲོ་བ་དང་ལྡན་པ་ཞེས་བྱ་བ་ནི་སོ་སོར་བརྟགས་ནས་དགེ་བའི་ཕྱོགས་ལ་སྦྱོར་བའི་ཕྱིར་སྦྱོར་བ་ལས་བྱུང་བའི་བརྩོན་འགྲུས་སོ། །བརྟུལ་བ་བརྟན་པ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་གནོད་པ་ཐམས་ཅད་ཀྱིས་མི་འཁྲུགས་ཤིང་གཞན་དུ་སྒྱུར་

དུ་མེད་པའི་ཕྱིར་མི་འཁྲུགས་པའི་བརྩོན་འགྲུས་སོ། །དགེ་བའི་ཆོས་རྣམས་ལ་བརྩོན་པ་ཞེས་བྱ་བ་ནི་སྦྱོར་བ་དག་པས་དག་པ་སྟེ། བསམ་གཏན་དང་པོའི་དངོས་གཞི་ལ་སྦྱོར་བའི་ཐབས་སམ་རྒྱུའམ་མཚན་མར་གྱུར་པ་མི་ལྕོགས་པ་མེད་པ་ནི་མཚན་མ་ཞེས་བྱ་སྟེ། དེ་
ལེགས་པར་རྟོགས་པ་ལ་བརྟེན་ནས་དངོས་གཞིའི་ཐབས་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་དང་བཏང་སྙོམས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བསམ་གཏན་བྱེད་པའོ། །ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་ཞེས་བྱ་བ་ནི་དངོས་གཞི་
ཐོབ་པས་དག་པ་སྟེ། བསམ་གཏན་དང་པོའི་དངོས་གཞི་ཐོབ་པ་ན་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་བསྒྲུབས་ཏེ་གནས་པ་ནི་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ལ་བརྟེན་ནས་དངོས་གཞི་ཐོབ་པ་རྣམ་པར་
དག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་དང་བཏང་སྙོམས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བསམ་གཏན་བྱེད་པའོ། །གཉི་གའི་ཆའི་ཏིང་ངེ་འཛིན་ལ་བསམ་གཏན་པ་ཞེས་བྱ་བ་ནི། དངོས་གཞི་ལ་ཁྱད་པར་གོང་མ་རྣམ་པར་དག་པས་རྣམ་པར་དག་པ་སྟེ། བསམ་
གཏན་དང་པོའི་དངོས་གཞི་དང་། བསམ་གཏན་གཉིས་པའི་ཉེར་བསྡོགས་གཉི་ག་ཐོབ་པ་ནས་བཟུང་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དངོས་གཞི་དང་། སྲིད་པའི་རྩེ་མོ་དེ་ཉེར་བསྡོགས་གཉི་ག་ཐོབ་པའི་བར་གྱི་དངོས་གཞི་གཅིག་དང་། གཉིས་ཐོབ་སྟེ། རྟོག་པ་ཡང་མེད་དཔྱོད་པ་ཡང་
མེད་པའི་ཏིང་ངེ་འཛིན་བསྒྲུབས་ཏེ་གནས་པས་ན་སྣང་བ་ཡང་ཡང་དག་པར་ཤེས་ལ། གཟུགས་རྣམས་ཀྱང་མཐོང་བ་ནི་གཉི་གའི་ཆའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་ལ་བརྟེན་ནས་དབང་གི་ཐབས་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་། ལྷག་མཐོང་དང་བཏང་སྙོམས་
ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བསམ་གཏན་བྱེད་པའོ། །ཤུགས་ཀྱིས་འབྱུང་བའི་ཏིང་ངེ་འཛིན་ལ་བསམ་གཏན་པ་ཞེས་བྱ་བ་ནི་འཇུག་པ་དང་། གནས་པ་དང་། ལྡང་བ་དང་དབང་བ་རྣམ་པར་དག་པས་རྣམ་པར་དག་པ་སྟེ། སྲིད་པའི་རྩེ་མོ་མན་ཆད་ཀྱི་ཉེར་བསྡོགས་དང་། དངོས་གཞི་ཐམས་

ཅད་ཐོབ་པ་ན་སྙོམས་པར་འཇུག་པ་དང་། གནས་པ་དང་། ལྡང་བ་ལ་བཙལ་མི་དགོས་པར་རང་གི་ངང་གིས་འགྲུབ་པ་ནི་ཤུགས་ཀྱིས་འབྱུང་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ལ་བརྟེན་ནས་གནས་པ་ལ་དབང་བ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་བཏང་སྙོམས་
ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བསམ་གཏན་བྱེད་པའོ། །མི་གནས་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་ཞེས་བྱ་བ་ནི། བསམ་གཏན་བཟློག་ནས་ཡང་སྙོམས་པར་འཇུག་པ་ལ་དབང་བ་རྣམ་པར་དག་པས་རྣམ་པར་དག་པ་སྟེ། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་། སྙོམས་
པར་འཇུག་པ་ཐམས་ཅད་ཐོབ་པ་ན་དེ་དག་ལ་རོ་མྱོང་བ་མེད་ཅིང་ལུགས་དང་ལུགས་མ་ཡིན་པ་དང་། ཐོད་རྒལ་དང་། ཡན་ལག་བསྡུ་བ་དང་། དམིགས་པ་བསྡུ་བ་དང་། ཡན་ལག་ཟུང་དུ་བྱ་བ་དང་། དམིགས་པ་ཟུང་དུ་བྱ་བ་དང་། ཡན་ལག་དང་དམིགས་པ་ཟུང་དུ་བྱ་བའི་དབང་པོ་ཐོབ་པ་ནི་མི་གནས་
པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་ལ་བརྟེན་ནས་མངོན་པར་ཤེས་པ་སྒྲུབ་པ་ལ་དབང་བ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་དང་བཏང་སྙོམས་ཡོངས་སུ་དག་པ་ལ་བསམ་གཏན་བྱེད་པའོ། །ཤིན་ཏུ་སྦྱང་བ་བྱས་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་ཞེས་བྱ་
བ་ནི། མངོན་པར་ཤེས་པས་རྣམ་པར་འཕྲུལ་པ་ལ་དབང་རྣམ་པར་དག་པས་རྣམ་པར་དག་པ་སྟེ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དེ་དག་ཐམས་ཅད་ཐོབ་པ་ན་མངོན་པར་ཤེས་པ་དང་། རྣམ་པར་ཐར་པའི་སྒོ་ཤེས་པ་དང་། སོ་སོ་ཡང་དག་
པར་རིག་པའི་ཤེས་པ་དང་། ཉོན་མོངས་པ་མེད་པའི་ཤེས་པ་དང་། སྨོན་ནས་ཤེས་པ་ལ་སོགས་པ་དབང་ཐོབ་པ་ནི་ཤིན་ཏུ་སྦྱང་བ་བྱས་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་ལ་བརྟེན་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་དབང་བ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་།
ལྷག་མཐོང་དང་། བཏང་སྙོམས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བསམ་གཏན་བྱེད་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དམིགས་པ་ཡོངས་སུ་བསྒོམས་པ་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་བསམ་གཏན་པ་ཞེས་བྱ་བ་ནི། ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པ་དང་། ཉོན་

མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་རྣམ་པར་དག་པས་རྣམ་པར་དག་པ་སྟེ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དེ་དག་ཐོབ་པ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོབ་པ་དང་། བསམ་པ་སྔོན་དུ་འགྲོ་བའི་
དམིགས་པ་ལ་བརྟེན་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཡོན་ཏན་སྒྲུབ་པའི་བསམ་གཏན་སྟོབས་བཅུའི་རིགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་ཅིང་། ཚད་མེད་པ་སྒྲུབ་པར་བྱེད་པ་དང་། ཏིང་ངེ་འཛིན་གང་དག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མིང་ཡང་
མི་ཤེས་ན། སྙོམས་པར་འཇུག་པར་ལྟ་ག་ལ་འགྱུར་བ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་ནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། སོ་སོ་ཡང་དག་པར་རིག་པ་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་ལ་སོགས་པའི་ཡོན་ཏན་ཉན་ཐོས་དང་། ཐུན་མོང་བ་
རྣམས་མངོན་པར་སྒྲུབ་པར་བྱེད་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་དབང་ཐོབ་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དམིགས་པ་ཡོངས་སུ་བསྒོམས་པ་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་ལ་བརྟེན་ནས་མུ་སྟེགས་ཅན་ཚར་གཅད་པ་ལ་དབང་བ་རྣམ་པར་དག་པ་དང་། འབྲེལ་པ་བླ་ན་
མེད་པ་རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་དང་བཏང་སྙོམས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་བསམ་གཏན་བྱེད་པ་སྟེ། དེ་དག་ནི་རྣམ་པར་དག་པའི་བསམ་གཏན་སྔར་བསྟན་པ་དང་ཅི་རིགས་པར་སྦྱར་རོ། །དེའི་འོག་ཏུ་ཤེས་རབ་རྣམ་པར་དག་པ་རྣམ་
པ་བདུན་ལ་འདི་ལྟ་སྟེ། དེའི་ཤེས་རབ་དེ་སྒྲོ་འདོགས་པའི་མཐའ་དང་སྐུར་པ་འདེབས་པའི་མཐའ་རྣམ་པར་སྤངས་ཏེ་དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་ཞེས་བྱ་བ་ནི་རང་གི་དོན་ཐོབ་པར་བྱ་བའི་ཐབས་ཀྱིས་ལམ་ཡང་དག་པར་སྟོན་པའི་ཤེས་རབ་སྟེ། ལེགས་པར་ཟིན་པ་མ་ཡིན་པའི་མཐའ་རྣམ་
པར་སྤངས་པས་རྣམ་པར་དག་པ་ཡིན་ནོ། །ཤེས་རབ་དེས་སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ལ་རྣམ་པར་ཐར་པའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་དོན་ཡང་དག་པར་སྟོན་པའི་ཤེས་རབ་སྟེ། རྣམ་

པར་གྲོལ་བས་རྣམ་པར་དག་པ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་གསུམ་གྱི་ཚིག་གི་དོན་ནི་སྔར་གླེང་གཞིའི་སྐབས་སུ་བསྟན་པ་བཞིན་ནོ། །ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་
དོན་ཡང་དག་པར་སྟོན་པའི་ཤེས་རབ་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་ཤེས་ན་རྣམ་པར་བྱང་བའི་ངོ་བོ་ཉིད་ཀྱི་ཆོས་ཐོབ་པས་རྣམ་པར་དག་པ་ཡིན་ནོ། །ངོ་བོ་ཉིད་གསུམ་གྱི་ཚིག་གི་དོན་ནི་སྔར་འཕགས་པ་ཡོན་ཏན་འབྱུང་གནས་ཀྱི་ལེའུར་བསྟན་པ་བཞིན་ནོ། །མཚན་ཉིད་དང་སྐྱེ་བ་དང་དོན་དམ་པ་
ངོ་བོ་ཉིད་མེད་པ་གསུམ་པོ་དག་ལ་ངོ་བོ་ཉིད་མེད་པའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི། ངོ་བོ་ཉིད་མེད་པའི་དོན་ཡང་དག་པར་སྟོན་པའི་ཤེས་རབ་སྟེ། ངོ་བོ་ཉིད་མེད་པའི་དོན་རབ་ཏུ་ཤེས་ན་རབ་ཏུ་ཉམས་པར་མི་འགྱུར་བས་རྣམ་པར་དག་པ་ཡིན་ནོ། །ངོ་བོ་ཉིད་མེད་པ་ཉིད་
རྣམ་པ་གསུམ་གྱི་ཚིག་གི་དོན་ནི་སྔར་འཕགས་པ་དོན་དམ་ཡང་དག་འཕགས་ཀྱི་ལེའུར་བསྟན་པ་ཡིན་ནོ། །རིག་པའི་གནས་ལྔ་པོ་དག་ལ་ཀུན་རྫོབ་ཀྱི་བདེན་པའི་དོན་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་བདེན་པ་ཡང་དག་པར་སྟོན་པའི་ཤེས་རབ་སྟེ། ཀུན་
རྫོབ་ཀྱི་བདེན་པ་ཤེས་ན་དོན་དམ་པའི་བདེན་པ་ལ་འཇུག་པར་འགྱུར་བས་རྣམ་པར་དག་པ་ཡིན་ནོ། །རིག་པའི་གནས་ལྔའི་ཚིག་གི་དོན་ནི་སྔར་ལེགས་པར་ཤིན་ཏུ་བསླབ་པ་ལ་མཁས་པའི་སྐབས་སུ་བསྟན་པ་ཡིན་ནོ། །དེ་བཞིན་ཉིད་རྣམ་པ་བདུན་གྱིས་དོན་དམ་པའི་བདེན་པའི་དོན་ཀྱང་ཡང་དག་
པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི། དོན་དམ་པའི་བདེན་པ་ཡང་དག་པར་སྟོན་པའི་ཤེས་རབ་སྟེ། དོན་དམ་པའི་བདེན་པ་ཤེས་ན་ཡོངས་སུ་གྲུབ་པའི་མངོན་པར་རྟོགས་པས་རྣམ་པར་དག་པ་ཡིན་ནོ། །དེ་བཞིན་ཉིད་རྣམ་པ་བདུན་གྱི་ཚིག་གི་དོན་ནི་སྔར་འཕགས་པ་བྱམས་པའི་ལེའུར་བསྟན་
པ་བཞིན་ནོ། །རྣམ་པར་མི་རྟོག་ཅིང་སྤྲོས་པ་མེད་པ་ལ་ཚུལ་གཅིག་ཏུ་དེ་ལ་མང་དུ་གནས་པ་དང་འདྲེས་པ་ཚད་མེད་པའི་ཆོས་ལ་དམིགས་པའི་ལྷག་མཐོང་གི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཡང་དག་པར་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་ཡང་དག་པར་སྟོན་པའི་ཤེས་རབ་

སྟེ། ཚིགས་སུ་བཅད་པ་དང་པོ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དེ་ཁོ་ན་ལ་དམིགས་པའི་ཞི་གནས་ཡང་དག་པར་སྟོན་པའི་ཤེས་རབ་བོ། །འོག་མ་ཤོས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་ཚད་མེད་པ་རྣམས་དང་། ཆོས་
ཀྱི་ཚིག་དང་། ཡི་གེ་ཚད་མེད་པ་རྣམས་དང་། གོང་ནས་གོང་དུ་ཤེས་རབ་དང་སྤོབས་པ་ཚད་མེད་པ་རྣམས་གཅིག་ཏུ་བཟླུམས་ཏེ་ཡིད་ལ་བྱེད་པའི་ལྷག་མཐོང་གི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པའི་ཤེས་རབ་ཡིན་ཏེ་དེ་གཉིས་ཀྱི་གནས་གྱུར་པ་འཐོབ་པར་བྱེད་པས་རྣམ་པར་དག་
པ་ཡིན་ནོ། །རྫོགས་པ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་གདགས་པ་བསྡུ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། གདགས་པ་བསྡུ་བ་ལ་མཁས་པ་ཞེས་བྱ་བ་ནི་ཆགས་པ་མེད་པ་ཉིད་ལ་སོགས་པ་ཡོན་ཏན་ལྔས་ཕ་རོལ་
ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གདགས་པ་དེ་དག་སོ་སོའི་ལས་གང་ཡིན་པ་བསྡུ་བ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་རྣམ་པ་ལྔ་པོ་དེ་དག་གིས་སོ་སོའི་ལས་གང་ལགས་ཞེས་བྱ་བ་ཞུས་སོ། །དེ་དག་གི་ལས་ཀྱང་རྣམ་
པ་ལྔར་རིག་པར་བྱ་སྟེ་ཞེས་བྱ་བ་ནི། ལྔ་པོ་རེ་རེའི་ལས་ཀྱང་རེ་རེར་བསྡུ་བའོ། །ཆགས་པ་མེད་པ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་ཏུ་ཕྱིན་པའི་གགས་སུ་གྱུར་པའི་ཆོས་རྣམ་པ་ཐམས་ཅད་ལ་ཆགས་པ་མེད་པ་ཉིད་ཀྱིས་ཚེ་འདི་ལ་ཕ་རོལ་ཏུ་ཕྱིན་པ་ལ་བག་ཡོད་དོ་ཞེས་བསྟན་ཏོ། །
མི་ལྟ་བ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་ནི་དེའི་འབྲས་བུ་དང་ཟང་ཟིང་ལ་སེམས་འབྲེལ་པ་མེད་པ་ཉིད་ཀྱིས་ཕྱི་མ་ལ་ཕ་རོལ་ཏུ་ཕྱིན་པ་ལ་བག་ཡོད་པའི་རྒྱུ་ཡོངས་སུ་འཛིན་པར་བྱེད་དོ་ཞེས་བསྟན་ཏོ། །ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བའི་ཉོན་མོངས་པ་རྣམ་པ་ཐམས་ཅད་
རྣམ་པར་སྤངས་པ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཕུན་སུམ་ཚོགས་པ་སྒོམ་པར་བྱེད་དོ་ཞེས་བསྟན་ཏོ། །རྣམ་པར་མི་རྟོག་པ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པས་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མི་ལྟ་བ་ཉིད་ཀྱིས་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བསྟན་ཏོ། །ཡོངས་སུ་བསྔོ་བ་

ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་སྨོན་ལམ་འདེབས་པ་ཉིད་ཀྱིས་རྣམ་པར་སྨིན་པའི་འབྲས་བུ་ཡང་ཞར་ལ་འགྲུབ་ལ་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ཉིད་ཀྱང་ཐོབ་པར་བྱེད་དོ་ཞེས་བསྟན་ཏོ། །གདགས་པ་བསྡུ་བ་ལ་མཁས་པའི་ཚིག་
གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་ཡོན་ཏན་གྱི་ཁྱད་པར་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཡོན་ཏན་གྱི་ཁྱད་པར་ལ་མཁས་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྣམ་པ་གཉིས་ཏེ། ཕུལ་དུ་བྱུང་བ་དང་། རྣམ་པར་དག་པའོ། །
དེ་ལ་ཕུལ་དུ་བྱུང་བ་ནི་རྒྱུ་རྣམ་པ་གཉིས་ཀྱིས་ཏེ། རྒྱ་ཆེ་བ་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་སོ། །རྣམ་པར་དག་པ་ནི་རྒྱུ་གསུམ་གྱིས་ཏེ། སྦྱངས་པ་ཉིད་དང་། མི་གཡོ་བ་ཉིད་དང་། ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱིས་ཏེ། དེ་ལ་མཁས་པར་བྱ་བའི་ཕྱིར་འདིར་བསྟན་པའོ། །
དེ་ལ་རྒྱ་ཆེ་བས་ཕུལ་དུ་བྱུང་བ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་གི་རྒྱ་ཆེ་བ་ཉིད་གང་ལགས་ཞེས་བྱ་བ་ཞུས་སོ། །དེ་ལ་རྒྱ་ཆེ་བ་ནི་སེམས་ཅན་ལ་དབྱེ་བ་མེད་པ་དང་། དངོས་པོ་ལ་དབྱེ་བ་མེད་པ་དང་། དུས་ལ་དབྱེ་བ་མེད་པ་སྟེ། སེམས་ཅན་
ལ་དབྱེ་བ་མེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བརྟེན་ཅིང་བརྩམས་ནས་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཀུན་དུ་སྤྱོད་པར་བྱེད་ཀྱི་བདག་འབའ་ཞིག་ཁོ་ནའི་ཕྱིར་མ་ཡིན་ནོ། །དངོས་པོ་ལ་དབྱེ་བ་མེད་པ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བ་དེ་དག་ཐམས་ཅད་
དང་། རྣམ་པ་ཐམས་ཅད་ཡང་དག་པར་བླངས་ཏེ་ཀུན་དུ་སྤྱོད་པའོ། །དུས་ལ་དབྱེ་བ་མེད་པ་ནི་ཚེ་འདི་ལ་མཚན་མོ་དང་ཉིན་མོ་རྒྱུན་མི་འཆད་པར་སྦྱོར་བ་མི་གཏོང་ཞིང་བརྩོན་པ་མི་འདོར་བ་དང་། རྒྱུ་དེ་ཉིད་ཀྱིས་ཚེ་རབས་ཐམས་ཅད་དུ་དགེ་བའི་རྩ་བ་དེ་དག་ཀུན་དུ་སྤྱོད་པར་བྱེད་པའོ། །དེའི་ཕྱིར་
ཆགས་པ་མེད་པ་ཉིད་དང་། མི་ལྟ་བ་ཉིད་དང་། ཡོངས་སུ་བསྔོ་བ་ཉིད་གང་ཡིན་པའོ་ཞེས་བྱ་བ་གསུངས་ཏེ། ཆགས་པ་མེད་པ་ལ་སོགས་པ་གསུམ་པོ་རེ་རེ་ཡང་སེམས་ཅན་ལ་དབྱེ་བ་མེད་པ་ལ་སོགས་པ་གསུམ་གསུམ་གྱིས་རྒྱ་ཆེ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་

པས་ཕུལ་དུ་བྱུང་བ་བསྟན་པའི་དབང་དུ་མཛད་ནས། ཀུན་ནས་ཉོན་མོངས་པ་མ་མཆིས་པ་ཉིད་གང་ལགས་ཞེས་བྱ་བ་ཞུས་སོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ནི་མཆོག་ཏུ་དགའ་བ་དང་། མི་མཐུན་པ་མེད་པ་དང་། གུས་པ་དང་། མི་བརྟེན་པ་དང་།
མཆོག་ཏུ་དགའ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དགའ་བ་དང་། སྡུག་བསྔལ་བ་མེད་པ་དང་། ཡིད་མི་བདེ་བ་མེད་པས་དགེ་བའི་རྩ་བ་དེ་དག་ལ་རྟེན་པར་བྱེད་ཅིང་གཞི་དེས་འགྱོད་པར་ཡང་མི་བྱེད་པའོ། །མི་མཐུན་པ་མེད་པ་ནི་གཞན་ལ་གནོད་པ་མེད་པ་དང་། ལྟ་བར་གྱུར་པ་རྣམས་
ལ་མངོན་པར་ཞེན་པ་མེད་པར་དགེ་བའི་རྩ་བ་དེ་དག་ཀུན་དུ་སྤྱོད་པའོ། །གུས་པ་ནི་གུས་པ་དང་སྙིང་ཐག་པ་ནས་དེ་དག་ཉིད་ལ་ཡོན་ཏན་དང་སྙིང་པོར་ལྟ་བ་ཤིན་ཏུ་ངེས་པ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བར་དགེ་བའི་རྩ་བ་དེ་དག་ཡང་དག་པར་བླངས་ཏེ་ཀུན་དུ་སྤྱོད་
པའོ། །མི་བརྟེན་པ་ནི་དགེ་བའི་རྩ་བ་དེ་དག་གི་རྣམ་པར་སྨིན་པ་འཁོར་ལོས་སྒྱུར་བ་ཉིད་དམ། བརྒྱ་བྱིན་ཉིད་དམ། བདུད་ཉིད་དམ། ཚངས་པ་ཉིད་དུ་རེ་བ་མེད་པ་དང་། གཞན་ལས་ལན་དུ་ཕན་འདོགས་པ་དང་། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་བརྟེན་པ་མེད་པའོ། །
དེའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཉིད་དང་། རྣམ་པར་མི་རྟོག་པ་གང་ཡིན་པའོ་ཞེས་གསུངས་ཏེ། ཁ་ན་མ་ཐོ་བ་མེད་པ་ཉིད་ལ་སོགས་པ་གཉིས་པོ་རེ་རེ་ཡང་མཆོག་ཏུ་དགའ་བ་ལ་སོགས་པ་བཞི་བཞིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །དེ་ལྟར་རྒྱ་ཆེ་བ་དང་། ཀུན་ནས་ཉོན་མོངས་པ་
ཅན་མ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་དང་། བླ་ན་མེད་པ་དང་། ཐུན་མོང་མ་ཡིན་པར་རིག་པར་བྱའོ། །སྦྱངས་པ་ཉིད་ཀྱིས་རྣམ་པར་དག་པ་བསྟན་པའི་དབང་དུ་མཛད་ནས། སྦྱངས་པ་ཉིད་གང་ལགས་ཞེས་བྱ་བ་ཞུས་སོ། །སྦྱངས་པ་ཉིད་ཅེས་བྱ་བ་ནི་བསམ་པ་དག་པའི་ས་ལ་ཞུགས་
པའི་དགེ་བའི་རྩ་བ་སོ་སོར་བརྟག་ཅིང་བྱེད་པ་རང་བཞིན་གྱིས་བརླིང་པ་དང་། གསལ་བ་དང་། འབྲས་བུ་ཆེ་བ་དང་། ཕན་ཡོན་ཆེ་བ་སྟེ། དེའི་ཕྱིར་སོ་སོར་བརྟག་ཅིང་བྱ་བ་ཉིད་གང་ཡིན་པའོ་ཞེས་བྱ་བ་གསུངས་སོ། །མི་གཡོ་བ་ཉིད་ཀྱི་རྣམ་པར་དག་པ་བསྟན་པའི་དབང་དུ་མཛད་ནས། མི་གཡོ་

བ་ཉིད་གང་ལགས་ཞེས་བྱ་བ་ཞུས་སོ། །མི་གཡོ་བ་ཞེས་བྱ་བ་ནི་བསམ་པའི་ས་ལ་ཞུགས་པའི་དགེ་བའི་རྩ་བ་ཇི་ལྟར་ཐོབ་པ་རྣམས་དང་། ཇི་ལྟར་བསགས་པ་དེ་དག་ལས་ཕྱིར་མི་ལྡོག་པ་དང་། ཡོངས་སུ་མི་ཉམས་པ་དང་། ཁྱད་པར་དུ་འགྲོ་བ་སྟེ། དེའི་ཕྱིར་སར་ཆུད་པ་རྣམས་ཀྱི་
ཡོངས་སུ་མི་ཉམས་པའི་ཆོས་ཉིད་གང་ཡིན་པའོ་ཞེས་བྱ་བ་གསུངས་སོ། །ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱིས་རྣམ་པར་དག་པ་བསྟན་པའི་དབང་དུ་མཛད་ནས། ཤིན་ཏུ་རྣམ་པར་དག་པ་ཉིད་གང་ལགས་ཞེས་བྱ་བ་ཞུས་སོ། །ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བ་ནི་ངེས་པ་དང་མཐར་ཐུག་པར་
གྱུར་པའི་དགེ་བའི་རྩ་བ་བྱང་ཆུབ་སེམས་དཔའི་ས་ལ་དེ་དག་ལས་ཆེས་ཡོངས་སུ་དག་པ་གང་ན་མེད་པ་དང་། སངས་རྒྱས་ཀྱི་སར་གཏོགས་པའི་དགེ་བའི་རྩ་བ་སྟེ། དེའི་ཕྱིར་ས་བཅུ་པར་གཏོགས་པ་ཉིད་དང་། སངས་རྒྱས་ཀྱི་སར་གཏོགས་པ་ཉིད་གང་ཡིན་པའོ་ཞེས་བྱ་བ་གསུངས་ཏེ།
དེ་ལྟར་སྦྱངས་པ་ཉིད་དང་། མི་གཡོ་བ་ཉིད་དང་། ཤིན་ཏུ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་རིག་པར་བྱའོ། །ཡོན་ཏན་གྱི་ཁྱད་པར་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་རྒྱུན་མི་འཆད་པ་ལ་མཁས་པའི་ཚིག་
གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རྒྱུན་རྒྱུན་མི་འཆད་པ་ལ་མཁས་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ཟད་མི་ཤེས་པ་ཡང་རྟག་ཏུ་ལྡན་ལ་ཕ་རོལ་ཏུ་ཕྱིན་པ་ཟད་མི་ཤེས་པ་དང་ཡང་རྟག་ཏུ་ལྡན་ཏེ། རྣམ་པར་སྨིན་པ་དང་སྦྱོར་བའི་རྒྱུན་རྒྱུན་མི་འཆད་པ་ལ་
མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པས་མ་འཚལ་བ་དང་། ཕ་རོལ་ཏུ་ཕྱིན་པས་མ་འཚལ་བ་དང་ལྡན་པ་ལགས་ཞེས་ཞུས་
པས་སོ། །གཅིག་ལ་གཅིག་བརྟེན་ནས་འགྲུབ་པ་བསྒོམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི། སྔོན་ཕ་རོལ་ཏུ་ཕྱིན་པ་སྤྱད་པ་ལ་བརྟེན་ནས། རྣམ་པར་སྨིན་པའི་འབྲས་བུ་ཟད་མི་ཤེས་པ་དང་ལྡན་པས་དེ་ལ་བརྟེན་ནས་ཀྱང་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་རྒྱུན་མི་གཅོད་པས་དེ་ལྟ་བུའི་བརྒྱུད་པའི་ཚུལ་གྱིས་

རྣམ་པར་སྨིན་པ་དང་། སྦྱོར་བའི་རྒྱུན་རྒྱུན་མི་འཆད་པར་འགྱུར་བ་ཡིན་ནོ། །རྒྱུན་རྒྱུན་མི་འཆད་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་རྒྱུ་ཉིད་ལ་མཁས་པའི་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ།
རྒྱུ་ཉིད་ལ་གནས་པའི་ཐབས་ལ་མཁས་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུའི་རྒྱུའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་དད་པས་གནས་པར་བྱ་བ་ལྟར་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ལ་དད་པས་གནས་པར་བྱ་བ་མ་ཡིན་པ་ལ་མཁས་པར་བྱ་བའི་དོན་འདིར་
བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཇི་ལྟ་བ་དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ལ་དད་པས་གནས་པ་མ་ལགས་ཞེས་བྱ་བ་ཞུས་སོ། །རྒྱུ་ལྔའི་ཕྱིར་ཏེ་ཞེས་
བྱ་བ་ནི་རྒྱུའོ། །གནས་འབྱུང་བ་ལྔའི་ཕྱིར་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་དད་པས་གནས་པ་ལྟར་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ལ་དད་པས་གནས་པར་བྱ་བ་མ་ཡིན་ཏེ། དེ་ཉིད་རྒྱུ་ཉིད་ལ་གནས་པར་བྱ་བའི་ཐབས་ལ་མཁས་པ་ཡིན་པར་སྟོན་ཏོ། །ཕ་རོལ་ཏུ་ཕྱིན་པ་རྣམས་
ནི་ཆེས་ལྷག་པར་བདེ་བ་དང་། ཡིད་བདེ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། རྣམ་པར་སྨིན་པའི་འབྲས་བུ་ལ་གནས་པ་ནི། གལ་ཏེ་ན་སྐྱོ་བ་དང་ཡིད་འབྱུང་བའི་རྒྱུ་ཡང་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་ལ་དད་པས་གནས་པ་ནི་དེ་ལྟར་མ་ཡིན་པའི་ཕྱིར་རོ། །བདག་དང་གཞན་ལ་ཕན་འདོགས་
པའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། རྣམ་པར་སྨིན་པའི་འབྲས་བུ་ལ་གནས་པ་ནི་བདག་ལ་ཕན་པ་ཙམ་དུ་ཟད་ཀྱི། ཕ་རོལ་ཏུ་ཕྱིན་པ་ལ་དད་པས་གནས་པ་ནི་བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཕྱི་མ་ལ་དེའི་རྣམ་པར་
སྨིན་པའི་འབྲས་བུ་འདོད་པའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། རྣམ་པར་སྨིན་པའི་འབྲས་བུ་ལ་གནས་པ་ནི་གཞན་ལ་ཕན་པ་ཡང་མ་ཡིན། ཚེ་ཕྱི་མ་ལ་ཕན་པ་ཡང་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་ལ་དད་པས་གནས་པ་ནི་གཞན་ལ་ཕན་པ་དང་། ཚེ་ཕྱི་མ་ལ་ཕན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཀུན་

ནས་ཉོན་མོངས་པ་མེད་པའི་གཞི་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་ལ་གནས་པ་ནི་གལ་ཏེ་ཁ་ན་མ་ཐོ་བ་དང་བཅས་པས་ཀུན་ནས་ཉོན་མོངས་པའི་གཞིར་ཡང་འགྱུར་གྱི། ཕ་རོལ་ཏུ་ཕྱིན་པ་ལ་དད་པས་ནི་དེ་ལྟར་མ་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཆོས་ཉིད་ཡིན་པའི་
ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་ལ་གནས་པ་ནི་ཟད་པའི་ཆོས་ཅན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དད་པས་གནས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པས་ཟད་མི་ཤེས་པའི་ཕྱིར་རོ། །རྒྱུ་ཉིད་ལ་གནས་པའི་ཕྱིར་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།
དེའི་འོག་ཏུ་བྱ་བ་སྒྲུབ་པ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། བྱ་བ་སྒྲུབ་པ་ལ་མཁས་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སོ་སོའི་ཆོས་ཀྱི་མཐུ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་
ཕ་རོལ་ཏུ་ཕྱིན་པ་དེ་དག་གི་སོ་སོའི་མཐུ་གང་ལགས་ཞེས་བྱ་བ་ཞུས་སོ། །དེ་དག་གི་སོ་སོའི་མཐུ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་སྤོང་བ་དང་། ཚོགས་ཡོངས་སུ་སྨིན་པར་བྱེད་པ་དང་། བདག་དང་གཞན་ལ་ཕན་འདོགས་པར་བྱེད་པ་དང་། ཕྱི་མ་ལ་འབྲས་བུ་
འབྱིན་པར་བྱེད་པའོ། །དེ་ལ་མི་མཐུན་པའི་ཕྱོགས་སྤོང་བ་ནི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ན་མི་མཐུན་པའི་ཕྱོགས་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། སེམས་འཁྲུགས་པ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། ལྟ་བའི་རྣམ་པ་རབ་ཏུ་སྤོང་བ་ཞེས་བྱ་བ་བསྟན་ཏོ། །ཚོགས་
ཡོངས་སུ་སྨིན་པར་བྱེད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་སུ་འགྱུར་བ་ཞེས་བྱ་བས་བསྟན་ཏོ། །བདག་དང་གཞན་ལ་ཕན་འདོགས་པ་ནི། ཚེ་འདི་ལ་བདག་དང་སེམས་ཅན་རྣམས་ལ་ཕན་འདོགས་པར་འགྱུར་བ་ཞེས་བྱ་བས་བསྟན་ཏོ། །ཕྱི་མ་ལ་འབྲས་བུ་
འབྱིན་པར་བྱེད་པ་ནི་ཕྱི་མ་ལ་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་རྒྱ་ཆེན་པོ་ཟད་མི་ཤེས་པ་འཐོབ་པར་འགྱུར་བའོ་ཞེས་བྱ་བས་བསྟན་ཏེ། རྣམ་པ་བཞི་པོ་དེ་དག་སོ་སོའི་རབ་ཏུ་དབྱེ་བ་ནི་སྔར་འཕགས་པ་བྱམས་པའི་ལེའུ་ཆོས་ཀྱི་མཐུ་བསྟན་པའི་སྐབས་སུ་རྒྱ་ཆེར་བསྟན་པ་བཞིན་ནོ། །བྱ་བ་སྒྲུབ་

པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་ཡོངས་སུ་བསྡུས་པའི་ཡང་དག་པར་འགྲུབ་པའི་ཕན་ཡོན་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཡོངས་སུ་བསྡུས་པའི་ཡང་དག་པར་འགྲུབ་པའི་ཕན་ཡོན་ལ་མཁས་
པས་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དེ་དག་རྒྱུ་གང་དང་འབྲས་བུ་གང་དང་དོན་ཆེན་པོ་གང་གིས་ཡོངས་སུ་བསྡུས་པའི་དེའི་དོན་ཡང་དག་པར་འགྲུབ་པའི་ཕན་ཡོན་ཏེ། རྒྱུ་དེ་དང་འབྲས་བུ་དེ་དང་དོན་དེ་དག་ཉིད་དེའི་ཡང་དག་པར་འགྲུབ་པའི་ཕན་ཡོན་ཡིན་པས་དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་
པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དེ་དག་རྒྱུ་གང་ལས་བྱུང་བ་དང་། འབྲས་བུ་གང་དང་ལྡན་པ་དང་། དོན་གང་དང་ལྡན་པ་ལགས་ཞེས་བྱ་བ་ཞུས་སོ། །སྙིང་རྗེའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི། སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ཡིན་
པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་འདོད་པ་དང་། སེམས་ཅན་ལ་ཕན་འདོགས་པའི་འབྲས་བུ་དང་ལྡན་པ་ཞེས་བྱ་བས་ནི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པའི་དོན་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་
ནི་དེའི་དབང་དུ་བྱས་པའི་ཕྱིར་རོ། །ཡོངས་སུ་བསྡུས་པའི་ཡང་དག་པར་འགྲུབ་པའི་ཕན་ཡོན་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་སེམས་ཅན་ལ་ཕན་འདོགས་པའི་གེགས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སེམས་ཅན་
ལ་ཕན་གདགས་པའི་གེགས་ལ་མཁས་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པས་སྦྱིན་པར་བྱ་བའི་ཆོས་ཀྱང་བདོག་ལ། སྙིང་རྗེ་ཅན་ཡིན་པས་སེམས་ཅན་སྡུད་པ་ཡིན་ཡང་། སེམས་ཅན་དབུལ་པོ་དག་ཏུ་སྣང་བ་ནི་བྱང་ཆུབ་སེམས་དཔའ་སེམས་
ཅན་ལ་ཕན་གདགས་པའི་གེགས་སུ་སེམས་ཅན་དེ་དག་གི་རང་གི་ལས་ཀྱི་ཉེས་པ་ཡོད་པ་སྟེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ལོངས་སྤྱོད་པས་མ་འཚལ་བ་དང་

ལྡན་པ་དང་། སྙིང་རྗེ་ཅན་ལགས་ན་ཅིའི་སླད་དུ་འཇིག་རྟེན་ན་དབུལ་པོ་གདའ་ལགས་ཞེས་བྱ་བ་ཞུས་སོ། །དེ་ནི་སེམས་ཅན་རྣམས་ཀྱིས་རང་གི་ལས་ཀྱི་ཉེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་སེམས་ཅན་ལ་ཕན་གདགས་པའི་གེགས་ནི་སེམས་ཅན་རང་གི་ལས་ཀྱི་ཉེས་
པ་ཡིན་པར་སྟོན་ཏོ། །དེ་ལ་རྟག་ཏུ་བྱ་བ་ཉིད་ལ་ཞུགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་དག་ལ་སྙིང་རྗེས་སེམས་ཅན་གྱི་དོན་བྱ་བ་ཉིད་ལ་ཞུགས་པ་རྟག་ཏུ་ཡོད་པའོ། །འབྲས་བུ་མེད་པར་གྱུར་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལ་ལོངས་སྤྱོད་དང་སྙིང་རྗེ་ཡོད་ཀྱང་སེམས་ཅན་
དབུལ་པོ་སྣང་བའོ། །སེམས་ཅན་ལ་ཕན་གདགས་པའི་གེགས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་ཐབས་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཐབས་ལ་འཇུག་པ་ཆུད་མི་ཟ་བ་ལ་མཁས་པ་ཞེས་བྱ་བ་ནི་ཆོས་
ཉིད་རྟོགས་པར་བྱ་བའི་ཐབས་ལ་འཇུག་པ་ཆུད་མི་ཟ་བར་བྱ་བ་སྟེ། དེ་ཡང་དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཡིན་པས་ངོ་བོ་ཉིད་མེད་པའི་ཆོས་ཀྱི་ངོ་བོ་ཉིད་མེད་པའི་ཆོས་འཛིན་པ་ཡང་མེད་མོད་ཀྱི། འོན་ཀྱང་ཐ་སྙད་ཀྱི་སྒོ་ནས་མ་བསྟན་ན་ཆོས་ཉིད་རྟོགས་པར་བྱ་བའི་ཐབས་མེད་པ་
ན། ཐ་སྙད་ཀྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ་ཞེས་བསྟན་པ་ནི་ཆོས་ཉིད་རྟོགས་པར་བྱ་བའི་ཐབས་ལ་འཇུག་པ་ཆུད་མི་ཟ་བ་ཞེས་བྱ་བ་སྟེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གིས་འཛིན་པ་ལགས་ཞེས་བྱ་བ་ཞུས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་དེ་ནི་དེའི་གནས་སྐབས་ན་གཟུང་བ་དང་འཛིན་པའི་རྣམ་པ་ཉིད་
མེད་མོད་ཀྱི། འོན་ཀྱང་ཐ་སྙད་ཀྱི་སྒོ་ནས་དེའི་དོན་རྟོགས་པར་བྱ་བའི་ཐབས་མེད་པས་འདིར་ཐ་སྙད་ཀྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཏོ་ཞེས་བྱ་བ་གསུངས་པ་ནི་ཆོས་ཉིད་རྟོགས་པར་བྱ་བའི་ཐབས་ལ་འཇུག་པ་ཆུད་མི་ཟ་བ་ཡིན་པར་སྟོན་ཏོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པས་ངོ་བོ་ཉིད་མ་མཆིས་པ་ཉིད་འཛིན་ན། ངོ་བོ་ཉིད་དང་བཅས་པ་ཉིད་ཀྱང་ཅིའི་སླད་དུ་མི་འཛིན་ལགས་ཞེས་བྱ་བས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་བ་ནི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་ཡིན་པས་དེ་ནི་ཐ་སྙད་ཐམས་
ཅད་ཡང་དག་པར་ཆད་པའི་མཚན་ཉིད་དེ། དེ་ལ་ནི་གང་གཟུང་བ་དང་གང་འཛིན་པའི་ཐ་སྙད་མེད་པ་ཡིན་ན། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་འཛིན་ན་ནི་ངོ་བོ་ཉིད་མེད་པའི་ཆོས་ཞེས་བྱ་བ་གཟུང་བའི་དངོས་པོར་རྟག་ཏུ་རུང་བ་ཅིག་ཡོད་པར་གྱུར་པས་དེ་ལྟ་ན་དངོས་པོ་མེད་པའི་ཟླ་
དངོས་པོ་ཡོད་པ་ཅིག་ཀྱང་ཡོད་པའི་རིགས་པས་དེ་ཡང་ཅིའི་ཕྱིར་མི་འཛིན་ཞེས་གལ་གཟུང་སྟེ་ཞུས་པ་ཡིན་ནོ། །ད་ནི་ངོ་བོ་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་འཛིན་པར་མི་སྨྲ་མོད་ཀྱི་ཞེས་བྱ་བ་ནི། དོན་དམ་པར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཀྱི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་གཟུང་བ་དང་
འཛིན་པའི་རྣམ་པ་གཉིས་མེད་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ་བོ་ཉིད་མེད་པ་ཡིན་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱང་ངོ་བོ་ཉིད་མེད་པ་ཡིན་པར་རོ་གཅིག་པས་དེས་དེ་འཛིན་ཏོ་ཞེས་མི་སྨྲ་སྟེ། དེ་ཙམ་དུ་གཞག་ན་ཆོས་ཉིད་རྣམ་པར་འཁྲུགས་པ་མེད་པས་ཆོས་ཉིད་དང་མི་འགལ་མོད་ཀྱི། ཐ་
སྙད་ལ་མ་བརྟེན་པར་དོན་དམ་པར་འདོགས་པར་མི་འགྱུར་བས་ཆོས་ཉིད་རྟོགས་པར་བྱ་བའི་ཐབས་ལ་འཇུག་པ་ཆུད་ཟ་བར་མི་འགྱུར་རོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་ཏོ་ཞེས་བྱ་
བའི་ཡི་གེས་བསྟན་པ་མེད་པར་དོན་དམ་པ་ཡི་གེ་མེད་པར་སོ་སོར་རིག་པ་དེ་བསྟན་པར་ནུས་པས་དེ་སྐད་མ་བསྟན་ན་ཆོས་ཉིད་རྟོགས་པར་བྱ་བའི་ཐབས་ལ་འཇུག་པ་ཆུད་ཟ་བར་བསྟན་ཏོ། །དེའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་འཛིན་ཏོ་ཞེས་དེ་སྐད་བརྗོད་དོ་ཞེས་བྱ་བས་ནི་ཆོས་ཉིད་རྟོགས་པར་བྱ་བའི་ཐབས་
ལ་འཇུག་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་དེ་སྐད་བརྗོད་དོ་ཞེས་བསྟན་ཏོ། །ཐབས་ལ་འཇུག་པ་ཆུད་མི་ཟ་བ་ལ་མཁས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་འགྲིབ་པ་དང་འཕེལ་བའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། འགྲིབ་པ་དང་འཕེལ་བ་ལ་

མཁས་པ་ཞེས་བྱ་བ་ནི། འདིར་ཕ་རོལ་ཏུ་ཕྱིན་པ་དང་། ཉེ་བའི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱ་བ་གསུམ་སྨོས་པ་ལ་སྔ་མ་སྔ་མ་ནི་ཆུང་བའི་ཕྱིར་འགྲིབ་པ་ཞེས་བྱ། ཕྱི་མ་ཕྱི་མ་ནི་ཆེ་བའི་ཕྱིར་འཕེལ་བ་ཞེས་བྱ་སྟེ། དེ་ལ་མཁས་པར་བྱ་བའི་དོན་འདིར་བསྟན་པའོ། །
དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བགྱི་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །དུས་དཔག་ཏུ་མེད་པ་ནས་ཡོངས་སུ་བསྒོམས་པའི་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་པ་ཡོངས་སུ་སྨིན་པ་ཆུང་ངུ་ལ་གནས་པ་སྟེ། བསྐལ་པ་
གྲངས་མེད་པ་དང་པོར་གཏོགས་པ་ཡིན་ནོ། །སྦྱིན་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་དང་ལྡན་པ་ཡང་ཡིན་ལ་ཞེས་བྱ་བ་ནི། སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྦྱངས་པ་ཉིད་དང་། མི་གཡོ་བ་ཉིད་དང་། ཤིན་ཏུ་རྣམ་པར་དག་པ་ཉིད་མ་ཡིན་པ་དེ་
གསུམ་ལས་གཞན་པ་དག་དང་ལྡན་པའོ། །དེ་ལ་ཉོན་མོངས་པ་ཡང་ཀུན་ཏུ་འབྱུང་ཞིང་ཞེས་བྱ་བ་ནི་དེ་འདུན་པ་ཆུང་བ་དང་། སྦྱོར་བ་ཆུང་བས་ཉོན་མོངས་པ་ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བ་དང་ལྡན་པའོ། །དེ་ཟིལ་གྱིས་མནན་པར་མི་ནུས་ཀྱི་དེས་ཟིལ་གྱིས་ནོན་པར་འགྱུར་བ་ཞེས་བྱ་བ་ནི་
ཉོན་མོངས་པ་དེ་དང་དེས་ཏེ། ངན་སོང་རྣམས་སུ་ཡང་ལན་འགའ་འགྲོ་བའོ། །འདི་ལྟ་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པ་ཆུང་ངུ་དང་། འབྲིང་ལ་ཞུགས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་མ་གཏོགས་པ་མན་ཆད་དོ། །ཡང་དུས་དཔག་ཏུ་མེད་པ་ནས་ཆེས་ཡོངས་
སུ་བསྒོམས་པའི་ཞེས་བྱ་བ་ནི་ལྷག་པའི་བསམ་པ་དག་པའི་ས་ལ་ཞུགས་པ་ཡོངས་སུ་སྨིན་པ་འབྲིང་ལ་ཞུགས་པ་སྟེ། བསྐལ་པ་གྲངས་མེད་པ་གཉིས་པར་གཏོགས་པ་ཡིན་ནོ། །དགེ་བའི་ཆོས་དེ་དག་ཉིད་དང་ལྡན་ཞིང་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་
ཕྱོགས་དང་མཐུན་པ་སྦྱངས་པ་ཉིད་དང་མི་གཡོ་བ་ཉིད་དང་ནི་ལྡན་ལ། ཤིན་ཏུ་རྣམ་པར་དག་པ་ཉིད་དང་མི་ལྡན་པའོ། །དེ་ལ་ཉོན་མོངས་པ་ཡང་ཀུན་འབྱུང་ལ་ཞེས་བྱ་བ་ནི་དེ་འདུན་པ་འབྲིང་དང་སྦྱོར་བ་འབྲིང་དང་ལྡན་པས་ཉོན་མོངས་པ་ངན་སོང་མ་ཡིན་པ་ཀུན་དུ་འབྱུང་བའོ། །དེ་ཟིལ་

གྱིས་གནོན་ཅིང་དེ་ཟིལ་གྱིས་གནོན་པར་མི་འགྱུར་བ་ཞེས་བྱ་བ་ཡང་ཉོན་མོངས་པ་དེ་དང་དེས་ཏེ་ངན་སོང་རྣམས་སུ་མི་འགྲོ་བའོ། །འདི་ལྟ་སྟེ། ས་དང་པོ་ནས་བཟུང་བ་ཞེས་བྱ་བ་ནི་ས་དང་པོ་ཡན་ཆད་ནས་ས་བདུན་པ་མན་ཆད་དོ། །ཡང་དུས་དཔག་ཏུ་མེད་པ་ནས་ཆོས་
ཤིན་ཏུ་ཡོངས་སུ་བསྒོམས་པའི་ཞེས་བྱ་བ་ནི། ངེས་པ་དང་མཐར་ཐུག་པར་གྱུར་པའི་ས་ལ་ཞུགས་པ་ཡོངས་སུ་སྨིན་པ་ཆེན་པོ་ལ་གནས་པ་སྟེ། བསྐལ་པ་གྲངས་མེད་པ་གསུམ་པར་གཏོགས་པ་ཡིན་ནོ། །དགེ་བའི་ཆོས་དེ་དག་ཉིད་དང་ལྡན་ཞིང་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་
ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྦྱངས་པ་ཉིད་མི་གཡོ་བ་ཉིད་དང་། ཤིན་ཏུ་རྣམ་པར་དག་པ་རྣམས་དང་ལྡན་པའོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཉོན་མོངས་པ་ཀུན་ཏུ་མི་འབྱུང་བའི་ཆོས་ཅན་དུ་གྱུར་པ་ཞེས་བྱ་བ་ནི། དེ་འདུན་པ་ཆེ་བ་དང་སྦྱོར་བ་ཆེ་བས་ཉོན་མོངས་པ་ཀུན་ནས་
དཀྲིས་པ་ཀུན་ཏུ་མི་འབྱུང་ཞིང་ངན་སོང་རྣམས་སུ་མི་འགྲོ་བའོ། །འདི་ལྟ་སྟེ། ས་བརྒྱད་པ་ནས་བཟུང་བ་ཞེས་བྱ་བ་ནི་ས་བརྒྱད་པ་ཡན་ཆད། ས་བཅུ་པ་མན་ཆད་དོ། །འགྲིབ་པ་དང་འཕེལ་བ་ལ་མཁས་