Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 205
Văn bản gốc(Tây Tạng)
Trang 9 / 20 (50.000 ký tự/trang)
པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། མོས་པ་དང་ལྡན་པའི་ཕྱིར་ནི་ཆོས་དེ་ལ་མོས་པར་འགྱུར་ལ། མོས་པ་ཕུན་སུམ་ཚོགས་པའི་ཕྱིར་ནི་ཆོས་དེ་རྟོགས་པར་སྦྱར་རོ། །དོན་དེ་ཡང་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་ཞིང་ཞེས་བྱ་བ་ནི་ཤེས་རབ་ཕུན་སུམ་ ཚོགས་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏོ། །དེ་རྟོགས་པ་གོམས་པས་ཀྱང་ཞེས་བྱ་བ་ནི་མོས་པའི་བྱེ་བྲག་རྣམ་པ་གསུམ་པོ་ཇི་སྐད་བསྟན་པ་དེ་རྟོགས་པ་གོམས་པར་བྱས་པ་སྟེ། དེ་གསུམ་གྱིས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ། །མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་མཐར་ཐུག་པ་ཉིད་རྗེས་སུ་འཐོབ་ པར་འགྱུར་ཏེ་ཞེས་བྱ་བ་ནི་རིགས་ཕུན་སུམ་ཚོགས་པའི་གཞི་ལ་བརྟེན་ཏེ། དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་རྒྱུ་ཕུན་སུམ་ཚོགས་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་འགྱུར་ཞིང་མཐུ་ཡོད་པར་འགྱུར་བས། དེ་ ནི་མྱུར་བ་མྱུར་བ་ཁོ་ནར་སྐལ་བ་དང་ལྡན་པའི་ཤིན་ཏུ་མཐར་ཐུག་པ་ཉིད་རྗེས་སུ་འཐོབ་པར་འགྱུར་རོ། །མོས་པ་ཕུན་སུམ་ཚོགས་པའི་གཞི་ལ་བརྟེན་ཏེ་ཆོས་དེ་ལ་མོས་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་སྦྱོར་བར་འགྱུར་བས་དེས་ནི་མྱུར་བ་མྱུར་བ་ཁོ་ནར་བྱང་ ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱར་བའི་མཐར་ཐུག་པ་ཉིད་རྗེས་སུ་འཐོབ་པར་འགྱུར་རོ། །ཤེས་རབ་ཕུན་སུམ་ཚོགས་པའི་གཞི་ལ་བརྟེན་ཏེ། དོན་དེ་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་རྒྱུ་ཕུན་སུམ་ཚོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་ འགྱུར་བས་དེས་ནི་མྱུར་བ་མྱུར་བ་ཁོ་ནར་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པའི་མཐར་ཐུག་པ་ཉིད་རྗེས་སུ་ཐོབ་པར་འགྱུར་ཏེ། དེ་གསུམ་གྱིས་ནི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ། །ང་ལ་ཡང་ཨ་ལ་ལ་བཅོམ་ལྡན་འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་དད་པ་ འཐོབ་པར་འགྱུར་རོ་ཞེས་བྱ་བས་ནི་དེ་དག་གིས་དེ་ལྟར་གཞི་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ལ་བརྟེན་ཏེ། རྒྱུ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་གྱིས་འབྲས་བུ་ཕུན་སུམ་ཚོགས་པ་རྣམ་པ་གསུམ་ཐོབ་པར་འགྱུར་བར་རྗེས་སུ་རྟོགས་པའི་སྒོ་ནས་དེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆེ་བ་ཉིད་ཡང་ དག་པར་རྗེས་སུ་མཐོང་བས་སྟོན་པ་ལ་ཡང་དད་པ་འཐོབ་པའི་མོས་པའི་བྱེ་བྲག་བསྟན་པ་ཡིན་ཏེ། དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་དང་པོ་ཡིན་ནོ། །དེའི་འོག་ཏུ་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་གཉིས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རིགས་དང་མོས་པ་དང་ལྡན་པ་ཞེས་ བྱ་བ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་ཉིད་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་དང་ལྡན་ལ་བརྟས་པ་ཉིད་མ་ཡིན་པ་སྟེ། དེ་ནི་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་བསྐྱེད་ པ་དང་། སྒྲིབ་པ་ཡོངས་སུ་དག་པ་དང་། རྒྱུད་ཡོངས་སུ་སྨིན་པ་དང་། མོས་པ་ཆེན་པོ་མ་ཡིན་པ་ཞེས་བྱ་བས་བསྟན་ཏེ། ཆེན་པོ་མ་ཡིན་ཞེས་བྱ་བའི་སྒྲ་ནི་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་མ་ཡིན་པ། སྒྲིབ་པ་ཡོངས་སུ་དག་པ་ཆེན་པོ་མ་ཡིན་པ། རྒྱུད་ཡོངས་སུ་སྨིན་པ་ཆེན་པོ་མ་ཡིན་པ། མོས་པ་ མང་བ་ཆེན་པོ་མ་ཡིན་པ་ཞེས་བྱ་བར་ཐམས་ཅད་དང་སྦྱར་ཏེ། དེས་ན་རིགས་དང་མོས་པ་དང་ལྡན་ལ། ཕུན་སུམ་ཚོགས་པ་ཉིད་མ་ཡིན་པར་བསྟན་པ་ཡིན་ནོ། །དེ་ལ་དགེ་བའི་རྩ་བ་ཆེན་པོ་བསྐྱེད་པ་མ་ཡིན་ཞེས་བྱ་བ་ནི་རིགས་ལ་གནས་པར་བྱང་ཆུབ་སེམས་དཔའ་ལ་རྟགས་གང་གིས་ནི་འདི་ནི་བྱང་ཆུབ་ སེམས་དཔའ་ཡིན་ནོ་ཞེས་གཞན་དག་གིས་དེ་ལྟར་ཤེས་པར་འགྱུར་བ་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རིགས་ཀྱི་རྟགས་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པའོ། །སྒྲིབ་པ་ཡོངས་སུ་དག་པ་ཆེན་པོ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་བསྒྲུབས་པ་དེ་ཉིད་ཀྱི་ གནས་སྐབས་ན། དཀར་པོའི་ཆོས་དང་མི་མཐུན་པའི་ཉེ་བའི་ཉོན་མོངས་པ་བཞི་པོ་སྔར་བསྟན་པ་དེ་དག་དང་ཤས་ཆེར་བྲལ་ལ་གཏན་བྲལ་བ་ནི་མ་ཡིན་ནོ། །རྒྱུད་ཡོངས་སུ་སྨིན་པ་ཆེན་པོ་མ་ཡིན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིགས་ཡང་དག་པར་བསྒྲུབས་པ་དེ་ཉིད་ཀྱི་གནས་སྐབས་ན་ རིགས་ལ་གནས་ཤིང་སྒྲིབ་པ་ཡོངས་སུ་ཟད་དུ་ཟིན་ཀྱང་བྱང་ཆུབ་ཐོབ་པར་མི་ནུས་པའི་རྒྱུ་བཞི་པོ་སྔར་བསྟན་པ་དེ་དག་དང་ཤས་ཆེར་བྲལ་ལ་གཏན་བྲལ་བ་མ་ཡིན་པ་སྟེ། དེ་དག་གིས་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་ཉིད་མ་ཡིན་པ་བསྟན་ཏོ། །མོས་པ་མང་བ་ཆེན་པོ་མ་ཡིན་པ་ཞེས་བྱ་བ་ནི་བྱང་ ཆུབ་སེམས་དཔའི་རིགས་ལ་གནས་པའི་གོང་དུ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གནས་སྐབས་ན། མོས་པའི་གནས་བརྒྱད་པོ་སྔར་བསྟན་པ་དག་ལ་འཐོབ་པར་ནུས་པར་ཡིད་ཆེས་པས་རབ་ཏུ་ཕྱེ་བའི་མོས་པའི་ཁམས་དང་ལྡན་ལ་རྒྱུ་གཉིས་པོ་སྔར་བསྟན་པ་མེད་པས་མོས་པའི་ཁམས་བརྟས་པ་ཉིད་མ་ ཡིན་པ་སྟེ། དེས་ནི་མོས་པ་དང་ལྡན་ལ་ཕུན་སུམ་ཚོགས་པ་ཉིད་མ་ཡིན་པ་བསྟན་ཏོ། །ཤེས་རབ་དང་བྲལ་བ་ཞེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། དོན་དམ་པའི་བདེན་པ་འཛིན་པའི་ཤེས་རབ་ཡོངས་སུ་མ་སྨིན་པ་སྟེ། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་དག་པར་མ་གྲུབ་ པ་ཞེས་བྱ་བས་བསྟན་ཏེ། ཆེན་པོ་ཞེས་བྱ་བའི་སྒྲས་དང་པོ་སེམས་བསྐྱེད་པའི་གོང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་དེའི་རྒྱུ་དང་འབྲས་བུ་ཤས་ཀྱིས་ཡོད་ཀྱང་ཡོངས་སུ་མ་སྨིན་པ་ཡིན་ལ། འབྲས་བུ་ཡང་མོང་རྟུལ་ལས་ཤེས་ རབ་དང་བྲལ་བ་ཞེས་བྱ་སྟེ། དེའི་ཕྱིར་དྲང་པོ་དང་དྲང་པོའི་རང་བཞིན་ཅན། རྟོག་པ་དང་སེལ་མི་ནུས་པ་ཞེས་བྱ་བ་གསུངས་སོ་ཞེས་བྱ་བ་ནི་རང་བཞིན་གྱི་རྣམ་པའོ། །དྲང་པོའི་རང་བཞིན་ཅན་ཞེས་བྱ་བ་ནི་གཡེར་བག་གི་སྦྱོར་བ་མི་རྩོམ་པའོ། རྟོག་པ་ཞེས་བྱ་བ་ནི་གཉེན་པོ་དང་མི་མཐུན་པའི་ ཕྱོགས་ལ་རྟོག་པ་དེ་མི་ནུས་པའོ། །སེལ་བ་ཞེས་བྱ་བ་ནི་གཉེན་པོས་མི་མཐུན་པའི་ཕྱོགས་སེལ་བ་དེ་མི་ནུས་པའོ། །དེ་ལྟར་ཇི་ལྟར་བསྟན་པའི་རྣམ་པ་དེ་དག་གིས་ནི་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། མོས་པ་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང་ཤེས་རབ་དང་ བྲལ་བ་བསྟན་ཏེ། དེས་ན་སྐལ་བ་དང་ལྡན་པའི་གཞི་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གཞི་དང་ལྡན་ལ་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའི་གཞི་དང་བྲལ་བར་བསྟན་པ་ཡིན་ནོ། །རིགས་ དང་མོས་པ་དང་ལྡན་པ་ལས་གྱུར་པ་ཞེས་བྱ་བ་ལ། གྱུར་ལ་ཞེས་བྱ་བའི་སྒྲ་ཡང་གཞི་དེ་གཉིས་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ཆོས་དང་དོན་ལ་དད་པས་མོས་པ་ཞེས་བྱ་བའི་དོན་དུ་གཟུང་སྟེ། དེའི་ཕྱིར་རང་གི་ལྟ་བ་ མཆོག་ཏུ་འཛིན་པར་མི་གནས་པ་ཞེས་བྱ་བ་གསུངས་ཏེ། ལྟ་བ་ཉིད་དད་པས་མོས་པའི་རྣམ་པ་ཡིན་པར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་མོད་ཀྱི་ཞེས་བྱ་བ་ནི་རིགས་དང་ལྡན་པ་ལས་གྱུར་པ་ནི་མོས་ པའི་བྱེ་བྲག་བསྟན་ཏེ། རིགས་དང་ལྡན་པས་སྐལ་བ་དང་ལྡན་པའི་གཞི་ཡོད་པའི་ཕྱིར་ནི་སྔ་མ་ལྟར་ཆོས་དེ་ཐོས་པར་འགྱུར་ལ་རིགས་ཕུན་སུམ་ཚོགས་པ་མ་ཡིན་པས་སྐལ་བ་དང་ལྡན་པའི་གཞི་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ་མ་ལྟར་དགོངས་ཏེ་བཤད་པ་ཡང་དག་ པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པར་སྦྱར་རོ། །འོན་ཀྱང་ཆོས་དེ་ལ་མོས་པ་བྱེད་ཅིང་དད་པ་ཡང་ཐོབ་སྟེ་ཞེས་བྱ་བས་ནི་བསྒོམ་པའི་རྣམ་པས་སྦྱོར་བར་ནི་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་མོས་པ་དང་ལྡན་པ་ལས་གྱུར་པའི་བྱེ་བྲག་བསྟན་ཏེ། མོས་པ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ ལ་སྦྱོར་བའི་གཞི་ཡོད་པའི་ཕྱིར་ནི་སྔ་མ་ལྟར་ཆོས་དེ་ལ་མོས་པར་འགྱུར་བ་མོས་པ་ཕུན་སུམ་ཚོགས་པ་མ་ཡིན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ་མ་ལྟར་རྟོགས་པའི་མོས་པ་མི་ཐོབ་པར་སྦྱར་རོ། །མདོ་སྡེ་འདི་དག་ནི་ཞེས་བྱ་བ་ནི་དྲང་བའི་ དོན་གྱི་མདོ་བརྗོད་པའི་རྣམ་པ་ཞེས་སྔར་སྨོས་པ་ཉིད་ཡིན་པར་སྦྱར་རོ། །ཟབ་པ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སོ། །ཟབ་པར་སྣང་བ་ཞེས་བྱ་བ་ནི་རྣལ་འབྱོར་པས་ཟབ་པར་རྟོགས་ཤིང་བློ་ལ་སྣང་བར་བྱར་རུང་བའོ། །སྟོང་པ་ཉིད་དང་ལྡན་པ་ཞེས་བྱ་བ་ནི་ཆོས་བདག་མེད་པས་རབ་ཏུ་ཕྱེ་བའོ། །མཐོང་ བར་དཀའ་བ་ཞེས་བྱ་བ་ནི་མཐོང་བའི་ལམ་དང་བར་ཆད་མེད་པའི་ལམ་མ་སྐྱེས་ཀྱི་བར་དུ་ཐབས་གཞན་གྱིས་མི་མཐོང་བའོ། །རྟོགས་པར་དཀའ་བ་ཞེས་བྱ་བ་ནི་བསྒོམ་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་མ་སྐྱེས་ཀྱི་བར་དུ་ཐབས་གཞན་གྱིས་མི་རྟོགས་པའོ། །བརྟག་མི་ནུས་པ་ཞེས་བྱ་བ་ནི་ཚད་ མས་གཞལ་བར་མི་ནུས་པའོ། །རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་འཕགས་པ་སོ་སོ་རང་རིག་པའི་ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞིབ་མོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་པའི་ཤེས་རབ་པོ། །བརྟགས་པ་ཞེས་བྱ་བ་ནི་ཚར་བྱུང་གི་དོན་ལ་འཇུག་པའི་ཤེས་རབ་པོ། །མཁས་ པ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ཤེས་རབ་བོ། །མཛངས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཤེས་རབ་བོ། །ཤེས་རབ་རྣོན་པོ་དེ་བཞི་དང་ལྡན་པའི་གང་ཟག་ནི་ཞིབ་མོ་བརྟགས་པ་མཁས་པ་མཛངས་པ་ཞེས་བྱ་སྟེ། གང་ཟག་དེ་ལྟ་བུས་རིག་པ་ཡིན་ནོ་ཞེས་མོས་པར་བྱེད་དོ་ཞེས་བྱ་བར་སྦྱར་ཏེ། དེ་ དག་གིས་ནི་སྔར་ཆོས་དེ་ལ་མོས་པར་བྱེད་ཅིང་ཞེས་སྨོས་པའི་མཚན་ཉིད་གཙོ་ཆེར་བསྟན་པར་རིག་པར་བྱའོ། །མདོ་སྡེ་དེ་དག་གིས་བསྟན་པ་དག་ལ་བདག་མི་ཤེས་སོ་སྙམ་ནས་འདུག་སྟེ་ཞེས་བྱ་བ་ལ་སོགས་པས་ནི་སྔར་རང་གི་ལྟ་བ་མཆོག་ཏུ་འཛིན་པར་མི་གནས་པ་ཞེས་སྨོས་པའི་མཚན་ཉིད་གཙོ་ཆེར་ སྟོན་ཏེ། དེའི་སྒོ་ནས་ཀྱང་དད་པས་མོས་པའི་མཚན་ཉིད་སྟོན་པར་སྦྱར་རོ། །སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་བ་ནི་རྟོགས་པར་ཐུགས་སུ་ཆུད་པའོ། །ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་སྒྲོ་བཏགས་པ་མེད་པ་དང་། སྐུར་པ་མེད་པའི་ཆོས་ཉིད་དོ། །མོས་པ་སྣ་ཚོགས་ཀྱིས་འཇུག་པ་ཡིན་ཏེ་ཞེས་བྱ་བ་ནི་ གདུལ་བ་རྣམས་ཀྱི་མོས་པ་ཇི་ལྟ་བ་བཞིན་དུ་སྒོ་སྣ་ཚོགས་ནས་སྟོན་པའོ། །དེ་དག་མདོ་སྡེ་དེ་རྣམས་གོམས་པར་བྱས་ཏེ་ཡི་གེར་བྲི་བར་ཡང་བྱེད་ཅེས་བྱ་བ་ལ་སོགས་པས་ནི་སྔར་དང་བྱ་ཡང་འཐོབ་སྟེ་ཞེས་སྨོས་པའི་མཚན་ཉིད་གཙོ་ཆེར་སྟོན་ཏེ། སྒོ་དེ་ནས་ཀྱང་དད་པས་མོས་པའི་བྱེ་བྲག་སྟོན་པར་སྦྱར་རོ། ། བསྒོམ་པའི་རྣམ་པས་སྦྱོར་བར་ནི་མི་ནུས་སོ་ཞེས་བྱ་བས་ནི་ཤེས་རབ་དང་བྲལ་བའི་རྒྱུ་བསྟན་ཏེ། བསྒོམ་པའི་རྣམ་པ་ལ་བརྟེན་ནས་ཤེས་རབ་སྐྱེ་བའི་ཕྱིར་རོ། །དེ་དག་གཞི་དེས་ན་ཞེས་བྱ་བ་ལ་སོགས་པས་ནི་བསོད་ནམས་དང་ཡེ་ཤེས་དང་དེའི་རྒྱུ་དང་འབྲས་བུ་སྔར་བསྟན་པ་དག་རིམ་གྱིས་འཕེལ་བའི་ སྒོ་ནས་ཤེས་རབ་དང་ལྡན་པར་འགྱུར་རོ་ཞེས་སྟོན་ཏོ། །གོང་དུ་ཡང་རྒྱུད་ཡོངས་སུ་མ་སྨིན་པ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བས་ནི་ཤེས་རབ་དང་ལྡན་པར་གྱུར་པའི་གོང་དུ་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའི་གཞི་དང་ལྡན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་མོས་པའི་བྱེ་ བྲག་རྒྱས་པར་བཤད་པ་གཉིས་པ་ཡིན་ནོ།། །།དེའི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་གསུམ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། རིགས་དང་མོས་པ་དང་ལྡན་པའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་ལྡན་ལ་ཕུན་སུམ་ཚོགས་པ་ཉིད་ མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་ཁམས་དང་ལྡན་ལ་བརྟས་པ་ཉིད་མ་ཡིན་པ་སྟེ། སྔར་གཉིས་པའི་སྐབས་སུ་ཇི་སྐད་བསྟན་པ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །ཤེས་རབ་ཆུང་ངུ་ཞེས་བྱ་བས་སྔ་མ་ལས་བྱེ་བྲག་ཏུ་བསྟན་པ་ཡིན་ཏེ། དེའི་ཕྱིར་ཇི་སྟེ་སེམས་ཅན་དེ་དག་ལས་ སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་ཡང་དག་པར་འགྲུབ་པ་མ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བར་དུ་ཞེས་བྱ་བའི་སྒྲ་ནི་སྔར་གཉིས་པའི་སྐབས་སུ་དགེ་བའི་རྩ་བ་བསྐྱེད་པ་དང་། སྒྲིབ་པ་ཡོངས་སུ་དག་པ་དང་། རྒྱུད་ ཡོངས་སུ་སྨིན་པ་དང་། མོས་པ་ཆེན་པོ་མ་ཡིན་པ་ཞེས་གསུངས་པ་དག་ཀྱང་འདིར་བསྡུ་བའི་ཚིག་ཡིན་ནོ། །ཆེན་པོ་ཞེས་བྱ་བའི་སྒྲས་དང་པོ་སེམས་བསྐྱེད་པའི་གོང་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གནས་སྐབས་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། དེའི་རྒྱུ་དང་འབྲས་ བུ་ཤས་ཀྱིས་ཡོད་ཀྱང་ཡོངས་སུ་མ་ཡིན་པར་ནི་སྔ་མ་དང་འདྲ་ལ། འཕྲལ་དུ་མོང་རྟུལ་བ་མ་ཡིན་པའི་ཕྱིར་ནི་ཤེས་རབ་ཆུང་ངུ་དང་ལྡན་པ་ཞེས་བྱ་སྟེ། དེའི་ཕྱིར་དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ་རྟོག་པ་དང་སེལ་ནུས་ཤིང་ཞེས་བྱ་བས་སྔ་མ་ལས་བྱེ་བྲག་ཏུ་བསྟན་ཏེ། དེས་ན་ཤེས་རབ་ ཆུང་ངུ་དང་ལྡན་པས་རེ་ཞིག་ཆུད་ཟ་བར་འགྱུར་བར་སྟོན་ཏོ། །གྱུར་པ་ཞེས་བྱ་བའི་སྒྲ་ཡང་གཞི་དེ་གསུམ་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ཆོས་ལ་དད་པས་མོས་ལ། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པ་ཞེས་བྱ་བའི་དོན་དུ་ གཟུང་སྟེ། དེའི་ཕྱིར་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་ཞེས་བྱ་བ་གསུངས་ཏེ། ལྟ་བ་ཉིད་དད་པས་མོས་པ་དང་། སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་རྣམ་པ་ཡིན་པར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ནས་ངའི་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ ཏེ་ཞེས་བྱ་བས་ནི་རིགས་དང་ལྡན་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། རིགས་དང་ལྡན་པས་སྐལ་བ་དང་ལྡན་པའི་གཞི་ཡོད་པའི་ཕྱིར་ནི་སྔ་མ་བཞིན་དུ་ཆོས་དེ་ཐོས་པར་འགྱུར་ལ། རིགས་ཕུན་སུམ་ཚོགས་པ་མ་ཡིན་པས་སྐལ་བ་དང་ལྡན་པའི་གཞི་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ་མ་ བཞིན་དུ་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པར་སྦྱར་རོ། །ཆོས་དེ་ལ་མོས་ཀྱང་ཞེས་བྱ་བ་ནི་མོས་པ་ལྡན་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། མོས་པ་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གཞི་ཡོད་པའི་ཕྱིར་ནི་སྔ་མ་བཞིན་དུ་ཆོས་དེ་ལ་ མོས་པར་འགྱུར་ལ། མོས་པ་ཕུན་སུམ་ཚོགས་པ་མ་ཡིན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བའི་གཞི་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་ནི་སྔ་མ་བཞིན་དུ་རྟོགས་པར་མི་འགྱུར་ཞིང་། ཆོས་དེ་ལ་དད་པས་མོས་པའི་བྱེ་བྲག་ཐོབ་པར་སྦྱར་རོ། །ཆོས་འདི་དག་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ ཁོ་ན་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏེ། ཤེས་རབ་ཆུང་ངུ་དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་དེའི་རྒྱུ་དང་འབྲས་བུ་ཡང་དག་པར་འགྲུབ་པའི་རིམ་གྱིས་ཐོབ་པ་ནི་མ་ཡིན་གྱི། དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ་རྟོག་པ་དང་སེལ་ ནུས་པ་ཙམ་གྱིས་ཤེས་རབ་ཡིན་པས་ཤེས་རབ་ཆུང་ངུ་དེ་ལས་གྱུར་པའི་མོས་པའི་བྱེ་བྲག་དེ་ཡང་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པས་བྱེད་པའི་མཚན་ཉིད་ཐམས་ཅད་ལ་སྐུར་པ་འདེབས་པར་བྱེད་པ། ཤེས་རབ་དང་དགེ་བའི་ཆོས་རྣམས་ལས་མ་ཐོབ་པའི་མཉམ་པས་ཡོངས་སུ་མཉམ་པར་ བྱེད་པ་ཡིན་ཏེ། སྔར་ཤེས་རབ་དང་བྲལ་བ་ཞེས་བྱ་བ་ནི་ཤེས་རབ་ཡོངས་སུ་མ་སྨིན་པས་ཆུད་ཟ་བར་འགྱུར་བ་ཡང་མེད་ཀྱི། ཤེས་རབ་ཆུང་ངུ་འདི་ནི་རེ་ཞིག་ཆུད་ཟ་བར་འགྱུར་བར་རིག་པར་བྱའོ། །དེ་ལ་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ ནར་མངོན་པར་ཞེན་པར་བྱེད་དེ་ཞེས་བྱ་བས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས་གསུངས་པ་ནི་མཚན་ཉིད་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་མ་ཡིན་གྱི། སྔར་དྲང་བའི་དོན་གྱི་མདོ་སྡེ་བརྗོད་པའི་རྣམ་པས་བསྟན་པ་ལྟ་བུ་ཡིན་ན། དེ་ལྟར་མི་ཤེས་ཤིང་མཚན་ཉིད་ཐམས་ཅད་ངོ་བོ་ ཉིད་མེད་པ་ཡིན་ནོ་ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་པ་ཁོ་ནའོ། །ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་པ་མ་ཡིན་ནོ། །ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང་ཞེས་བྱ་བ་ནི་ མཚན་ཉིད་མེད་པའི་ཆོས་དང་། ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང་། རྣམ་པར་བྱང་བའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མགོ་མཉམ་དུ་མེད་པར་བལྟ་བར་བྱའོ། །མཚན་ཉིད་མེད་པ་ལ་ལྟ་བ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་ དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ཐམས་ཅད་མགོ་མཉམ་དུ་མེད་པར་བལྟ་བའོ། །འདི་ལྟར་གཞན་གྱི་དབང་གི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི་ཀུན་བརྟགས་པའི་མཚན་ཉིད་ཀྱང་རབ་ཏུ་ཤེས་པར་འགྱུར་ན་ཞེས་བྱ་བ་ནི་མཚན་ཉིད་དེ་གཉིས་ལ་ངོ་བོ་ཉིད་ དམ་བྱེ་བྲག་ཏུ་མིང་དང་བརྡར་འདོགས་པ་ཉིད་ཀུན་བརྟགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པ་ཞེས་བྱའོ་ཞེས་བྱ་བས་ནི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་ཉིད་བསྟན་པ་ཡིན་ནོ། །དེ་དག་ནི་ངའི་ཆོས་ལ་ ཆོས་སུ་འདུ་ཤེས་པ་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་ཡིན་པར་འཛིན་པ་སྟེ། དེས་ནི་རིགས་དང་ལྡན་པ་དང་མོས་པ་དང་ལྡན་པ་ལས་གྱུར་པའི་མོས་པའི་བྱེ་བྲག་ཉིད་བསྟན་པ་ཡིན་ནོ། །དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པ་ཡིན་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་ཞེས་པ་སྟེ། དེས་ ནི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པ་ཉིད་བསྟན་ཏོ། །དེ་དག་ཆོས་ལ་མོས་པས་དགེ་བའི་ཆོས་རྣམས་ཀྱིས་འཕེལ་མོད་ཀྱི་ཞེས་བྱ་བས་ནི་རིགས་དང་ལྡན་པ་དང་མོས་པ་དང་ལྡན་པ་ལས་གྱུར་པ་མོས་པའི་བྱེ་བྲག་གི་ཕན་ ཡོན་སྟོན་ཏེ། དེ་དག་དེ་བཞིན་གཤེགས་པའི་ཐེག་པ་མངོན་པར་རྟོགས་པའི་རིགས་ཡང་དག་པར་བསྒྲུབས་པ་དང་ལྡན་ཞིང་། དེའི་གོང་དུ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གནས་སྐབས་ན་མོས་པའི་གནས་བརྒྱད་པོ་དག་ལ་མོས་ཤིང་སངས་རྒྱས་ཀྱི་ཆོས་རྣམས་ལ་ཐོབ་པར་ནུས་པར་ ཡིད་ཆེས་པས་རབ་ཏུ་ཕྱེ་བའི་མོས་པའི་ཁམས་དང་ལྡན་པས། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ཟིན་པའི་ཕྱིར་རིང་པོ་མི་ཐོགས་པར་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེ་ཞིང་མཐོང་བའི་ལམ་དང་བསྒོམ་པའི་ལམ་དང་། མཐར་ཐུག་པའི་འབྲས་བུ་ཡང་ རིམ་གྱིས་ཐོབ་པར་འགྱུར་བས་ན། དེའི་ཕྱིར་དགེ་བའི་ཆོས་རྣམས་ཀྱི་འཕེལ་བ་ཞེས་བྱ་སྟེ། ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་པར་བསྟན་པ་ཡིན་ནོ། །འོན་ཀྱང་དོན་མ་ཡིན་པ་ལ་མངོན་པར་ཞེན་པས་ཤེས་རབ་ལ་ཡོངས་སུ་ཉམས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཆུང་ངུ་ ལས་གྱུར་པའི་མོས་པའི་བྱེ་བྲག་གི་ཉེས་དམིགས་སྟོན་ཏེ། དེ་དག་ཤེས་རབ་ཆུང་ངུ་དང་ལྡན་པས་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་ཅིང་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པར་བྱེད་པས། རེ་ཞིག་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་མཐོང་བའི་ ལམ་ལ་སོགས་པས་བསྡུས་པའི་ཤེས་རབ་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བའི་ཉེས་དམིགས་ཆེན་པོ་དང་ལྡན་པར་སྟོན་ཏོ། །ཤེས་རབ་ལས་ཡོངས་སུ་ཉམས་ན་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང་། ཤིན་ཏུ་དཔག་ཏུ་མེད་པ་རྣམས་ལས་ཀྱང་ཡོངས་སུ་ཉམས་པར་ འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་དེ་དག་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་ན་ཤེས་རབ་དེ་དག་གིས་བསྡུས་པའི་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང་ཤིན་ཏུ་དཔག་ཏུ་མེད་པ་རྣམས་ལས་ཀྱང་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བ་སྟེ། དེ་ཙམ་དུ་འགྱུར་བར་ཟད་ཀྱི་ཁ་ན་མ་ཐོ་བ་ འཕེལ་བར་ནི་མི་འགྱུར་བའི་དོན་ཏོ། །དེ་དག་ལས་གཞན་དག་གི་ཆོས་ལ་ཆོས་སུ་དང་། དོན་མ་ཡིན་པ་ལ་དོན་དུ་ཐོས་ནས་ཞེས་བྱ་བའི་སྨྲ་བ་པོ་ཤེས་རབ་ཆུང་ངུ་དེ་དག་ལས་ཉན་པ་པོ་ལས་དང་པོ་པ་གཞན་དག་གིས་ཐོས་ནས་སོ། །དེ་ལ་ཉན་པ་པོ་ནི་རྣམ་པ་གཉིས་ཏེ། དེ་དག་གི་ལྟ་བ་ལ་ དགའ་བར་བྱེད་པ་དང་། དེ་དག་གི་ལྟ་བ་ལ་དགའ་བར་མི་བྱེད་པའོ། །ལྟ་བ་ལ་དགའ་བར་བྱེད་པ་དག་ནི་སྨྲ་བ་པོ་དེ་དག་ཉིད་དང་འདྲ་བར་ཆོས་ལ་མོས་པའི་དགེ་བའི་ཆོས་རྣམས་ཀྱིས་ཀྱང་འཕེལ་བར་འགྱུར། །དོན་མ་ཡིན་པ་ལ་མངོན་པར་ཞེན་པས་ཤེས་རབ་དང་། དགེ་བའི་ཆོས་རྣམས་ ལས་ཡོངས་སུ་ཉམས་པར་འགྱུར་ཞིང་ཁ་ན་མ་ཐོ་བ་འཕེལ་བར་ནི་མི་འགྱུར་ཏེ། དེ་ནི་གང་དག་ལྟ་བ་ལ་དགའ་བར་བྱེད་པ་དག་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ལྟ་བ་ལ་དགའ་བར་མི་བྱེད་པ་དག་ནི་དེ་དག་གི་ལྟ་བ་ལ་མ་ཕྱོགས་པའི་ཡོན་ཏན་ཡོད་ཀྱང་། ཆོས་ལ་ཡང་མི་མོས་ཤིང་སྐུར་ པ་འདེབས་པ་ལ་སོགས་པའི་རིམ་གྱིས་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བར་ལྟ་ག་ལ་འགྱུར་གྱི། ཤེས་རབ་དང་དགེ་བའི་ཆོས་རྣམས་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བའི་སྟེང་དུ། ཁ་ན་མ་ཐོ་བ་ཆེན་པོ་ཡང་འཕེལ་བར་འགྱུར་ཏེ། དེ་ནི་གང་དག་ལྟ་བ་ལ་དགའ་ བར་མི་བྱེད་པ་དེ་དག་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་དག་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཐོས་ཤིང་ཞེས་བྱ་བ་ལ་སོགས་པ་ནི་སྨྲ་བ་པོ་དེ་དག་ལ་སྒྲ་ཇི་བཞིན་དུ་ཐོས་པའོ། །སྐྲག་ཅིང་ཞེས་བྱ་བ་ལ་སོགས་པ་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་སྐུར་པ་འདེབས་ པའི་ལྟ་བ་ལ་མ་མོས་པའི་ཕྱིར་རོ། །མདོ་སྡེ་དག་ལ་སྐུར་པ་འདེབས་པར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་སྨྲ་བ་པོ་དེ་དག་གི་ལྟ་བ་ལ་མོས་པར་ལྟ་ག་ལ་འགྱུར་གྱི། དེ་དག་གང་ལ་མོས་པའི་ཆོས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དེ་དང་དེ་དག་ལ་ཡང་སྐུར་པ་འདེབས་ཤིང་གཏན་སྤང་བ་ལ་ སོགས་པར་བྱེད་པ་ཡིན་ནོ། །གཞི་དེས་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དེ་དག་ལ་སྐུར་པ་བཏབ་པ་ལ་སོགས་པའི་གཞི་དེས་སོ། །ཕོངས་པ་ཆེན་པོ་ཐོབ་པར་འགྱུར་ཞིང་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་སྒྲིབ་པ་ཆེན་པོ་ཐོབ་པར་འགྱུར་བའམ། ཡང་ན་གཞི་དེས་འབྲས་བུ་སྡུག་བསྔལ་ཆེན་པོ་ཐོབ་པར་འགྱུར་བའོ། །ལས་ཀྱི་སྒྲིབ་པ་ཆེན་པོས་ཀྱང་རེག་པར་འགྱུར་རོ་ཞེས་བྱ་བ་ནི་དམ་པའི་ཆོས་ཀྱིས་ཀྱང་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཆེན་པོའི་འབྲས་བུ་སེམས་ཅན་དམྱལ་བ་ཆེན་པོ་གཅིག་ནས་གཅིག་ཏུ་བརྒྱུད་པ་འཕེན་པ་དང་ལྡན་ པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་དེས་ཀྱང་ཞེས་བྱ་བ་ནི་ཉན་པ་པོ་རྣམ་པ་གཉིས་ཏེ། དེ་ལྟར་རབ་ཏུ་ཉམས་པར་བྱེད་པའི་གཞི་དེས་ཀྱང་ངོ་གང་དག་ཅེས་བྱ་བ་ནི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་དང་ལྡན་པའི་སྨྲ་བ་པོ་དག་གོ། །དེ་དག་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་དང་ལྡན་པར་ ང་སྨྲའོ་ཞེས་བྱ་བ་ནི་སྨྲ་བ་པོ་དེ་དག་རང་གི་ཤེས་རབ་ཆུང་ངུ་ལས་གྱུར་པའི་མོས་པའི་བྱེ་བྲག་གིས་ནི་ཤེས་རབ་དང་། དགེ་བའི་ཆོས་རྣམས་ལས་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་ལ་ཁ་ན་མ་ཐོ་བ་འཕེལ་བར་ནི་མི་འགྱུར་མོད་ཀྱི། ཉན་པ་པོ་རྣམ་གཉིས་རབ་ཏུ་ཉམས་པར་བྱས་ པའི་གཞི་དེས་ཁ་ན་མ་ཐོ་བ་གཞན་འཕེལ་ཞིང་རེ་ཞིག་ཆུད་ཟ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་གསུམ་པ་ཡིན་ནོ། །དེའི་འོག་ཏུ་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་བཞི་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཐམས་ཅད་དང་བྲལ་ཞིང་བཀྲི་བ་ དགོས་པ་ཞེས་བྱ་བ་ནི་རིགས་ཡང་དག་པར་མ་བསྒྲུབས་པ་དང་། མོས་པ་མེད་པ་དང་ཤེས་རབ་འཆལ་པ་མཁས་པ་རྣམས་ཀྱིས་སྙིང་རྗེའི་ཞགས་པས་གཟུང་ཞིང་བཀྲི་དགོས་པ་སྟེ། དེ་ལ་དོན་དམ་ཡང་དག་འཕགས་དེ་ལ་སེམས་ཅན་གང་དག་དགེ་བའི་རྩ་བ་མ་བསྐྱེད་སྒྲིབ་པ་ཡོངས་སུ་མ་དག་རྒྱུད་ ཡོངས་སུ་མ་སྨིན་ཞེས་བྱ་བ་ནི་རིགས་ཡང་དག་པར་མ་བསྒྲུབས་པ་བསྟན་ཏོ། །མོས་པ་མི་མང་ཞེས་བྱ་བས་ནི་མོས་པ་མེད་པ་བསྟན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་མ་གྲུབ་ཅིང་། དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ་རྟོག་པ་དང་སེལ་མི་ནུས་ཤིང་ཞེས་བྱ་བས་ནི་ ཤེས་རབ་འཆལ་པ་བསྟན་ཏོ། །གྱུར་པ་ཞེས་བྱ་བ་ཡང་ཐམས་ཅད་དང་བྲལ་ཞིང་བཀྲི་དགོས་པ་ལས་བྱུང་བའི་མོས་པའི་བྱེ་བྲག་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ཆོས་དང་དོན་ལ་ཆོས་མ་ཡིན་པ་དང་། དོན་མ་ཡིན་པར་འདུ་ཤེས་པ་ཞེས་བྱ་བའི་དོན་དུ་གཟུང་ངོ་། ། དེའི་ཕྱིར་རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་ཞེས་བྱ་བ་གསུངས་ཏེ། ལྟ་བ་ཉིད་འདུ་ཤེས་ཀྱི་རྣམ་པ་ཡིན་པར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ཤིང་ཞེས་བྱ་བས་ནི་རིགས་ཡང་དག་པར་མ་བསྒྲུབས་པ་ལས་གྱུར་ པའི་མོས་པའི་བྱེ་བྲག་བསྟན་ཏེ་རང་བཞིན་གྱིས་གནས་པའི་རིགས་ཡོད་པས་ནི་ཆོས་དེ་ཐོས་པར་འགྱུར་ལ། ཡང་དག་པར་བསྒྲུབས་པའི་རིགས་མེད་པས་ནི། དགོངས་ཏེ་བཤད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པར་སྦྱར་རོ། །ཆོས་དེ་ལ་ཡང་མོས་པར་ཡང་མི་འགྱུར་ལ་ཞེས་བྱ་བས་ནི་ མོས་པ་མེད་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏོ། །དེ་དག་ཆོས་དེ་ལ་ཆོས་མ་ཡིན་པར་འདུ་ཤེས་ཤིང་དོན་ལ་དོན་མ་ཡིན་པར་འདུ་ཤེས་ལ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་འཆལ་པ་ལས་གྱུར་པའི་མོས་པའི་བྱེ་བྲག་བསྟན་ཏོ། །སླད་ཀྱང་འཇུད་པར་བྱེད་དེ་ཞེས་བྱ་བ་ནི་དོན་དང་ཚིག་ལ་རང་ དགའ་དང་འདོད་ཕྱོགས་ལ་སོགས་པ་བྱེད་ཅིང་དམ་པའི་ཆོས་ལྟར་བཅོས་པ་སྟོན་པར་བྱེད་པའོ། །དེ་དག་ནི་དང་པོ་ཉིད་ནས་ཀྱང་ལས་ཀྱི་སྒྲིབ་པས་བསྒྲིབས་པ་ཡིན་ལ་ཞེས་བྱ་བ་ནི་ད་ལྟར་འདི་ལྟ་བུའི་གནས་སྐབས་སུ་གྱུར་པའི་རྒྱུ་སྔོན་བསགས་པ་གང་ཡིན་པས་སོ། །ལས་ཀྱི་སྒྲིབ་པ་དེའི་དང་པོ་ནི་ གདགས་པ་སླའི་ཞེས་བྱ་བས་ནི་སྔོན་གྱི་དུས་འདི་ཙམ་ཞིག་ནས་གཞི་འདི་ལྟ་བུ་ལས་གྱུར་ཏེ་ཞེས་དང་པོའི་གཞི་བརྟགས་པའོ། །འབྱུང་བར་འགྱུར་རོ་ཞེས་གདགས་པ་ནི་དཀའོ་ཞེས་བྱ་བ་ནི་སྒྲིབ་པ་དེ་འདི་ཙམ་ན་སྤོང་བར་འགྱུར་རོ་ཞེས་དེ་ལས་ཐར་པར་འགྱུར་བའི་ཕྱི་མའི་མཐའ་ བརྟག་པར་ནི་དཀའོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་རྣམས་ཀྱི་མོས་པའི་རིམ་པ་དེ་ལྟ་བུ་དག་ཀྱང་སྣང་ངོ་ཞེས་བྱ་བས་ནི་དེ་ཡན་ཆད་དུ་མོས་པའི་བྱེ་བྲག་མདོར་བསྟན་པ་དང་། རྒྱས་པར་རྣམ་པ་བཞི་བསྟན་པ་དེ་དག་གི་མཇུག་བསྡུ་བ་བསྟན་ཏོ། །དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་བཞི་ པའོ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔས་ནི་བཅོམ་ལྡན་འདས་ཀྱིས་དེ་ཡན་ཆད་དུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཇི་སྐད་བསྟན་པ་དེ་དག་གི་དངོས་པོ་བསྡུ་བ་བསྟན་ཏེ། དེ་ལ་ཚིགས་སུ་ བཅད་པ་དང་པོ་དང་གཉིས་པས་ནི་དོན་ལ་ལོག་པར་རྟོགས་པ་རྣམ་པ་བཞིས་ཆུད་ཟ་བར་འགྱུར་བའི་གཉེན་པོར་ངོ་བོ་ཉིད་མེད་པ་ཉིད་ཀྱི་ལྡེམ་པོར་དགོངས་པ་སྔར་བསྡུ་བའི་དངོས་པོ་བསྡུ་བ་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་པས་ནི་དེ་ལ་སྤྱོད་པའི་གང་ཟག་གི་བསྒྲུབ་པའི་བྱེ་བྲག་རྒྱས་པར་ བཤད་པ་གསུམ་སྔར་བསྟན་པའི་དང་པོ་བསྟན་པའི་གཞི་དང་ལྡན་པའི་སྐབས་སུ་རྣམ་པར་དག་པའི་ལམ་གཅིག་དང་། རྣམ་པར་དག་པ་གཅིག་དང་། ཐེག་པ་གཅིག་པ་དང་། སེམས་ཅན་གྱི་དབང་པོའི་རིམ་པ་ལ་རིགས་སྣ་ཚོགས་དག་ཀྱང་མེད་པ་ནི་མ་ཡིན་ནོ་ཞེས་བཤད་པའི་དངོས་པོ་བསྡུ་ བ་བསྟན་ཏོ། །ཚིགས་སུ་བཅད་པ་བཞི་པའི་རྩ་བ་དང་པོ་གཉིས་ཀྱིས་ནི་རིགས་ཀྱི་གཞི་དང་ལྡན་པའི་སྐབས་སུ་གང་ཟག་ཉན་ཐོས་ཀྱི་རིགས་ཅན་ཞི་བ་བགྲོད་པ་གཅིག་པུ་པ་ཞེས་བཤད་པ་དེ་ལྟ་བུའི་སེམས་ཅན་མང་པོའི་དངོས་པོ་བསྡུ་བ་བསྟན་ཏོ། །རྩ་བ་འོག་མ་གཉིས་ཀྱིས་ནི་རྐྱེན་གྱི་གཞི་དང་ ལྡན་པའི་སྐབས་སུ་ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་བཤད་པ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་ལམ་སྒྲུབ་པ་དེ་ལྟ་བུའི་སེམས་ཅན་ཤིན་ཏུ་དཀོན་པའི་དངོས་པོ་བསྡུ་བ་བསྟན་ཏོ། །ཚིགས་སུ་བཅད་པ་ཐ་མས་ནི་བཅོམ་ལྡན་འདས་ཀྱིས་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་གདགས་ པ་མཛད་པ་དེ་ལ་སྤྱོད་པའི་གང་ཟག་གི་བསྒྲུབ་པའི་བྱེ་བྲག་དང་། མོས་པའི་བྱེ་བྲག་ཐ་དད་དུ་ཟིན་ཀྱང་སྒོ་དེ་ནས་ཞུགས་ཏེ་རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པ་རྣམས་ཀྱི་མྱ་ངན་ལས་འདས་པའི་དབྱིངས་ལ་བྱེ་བྲག་མེད་པ་དང་། དེའི་ཚེ་བརྒྱ་ཆེར་བསྟན་པ་ཡིན་ནོ། །དེའི་འོག་ཏུ་མོས་པའི་བྱེ་བྲག་ རྒྱས་པར་བཤད་པ་ལྔ་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བ་ཞེས་བྱ་བ་ནི་འཕགས་པ་དོན་དམ་ཡང་དག་འཕགས་ཉིད་འདིར་རིགས་དང་། མོས་པ་དང་། ཤེས་རབ་ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་ བའི་ཚད་མར་བྱས་པ་ཡིན་ཏེ། དེ་དང་འདྲ་བར་བྱང་ཆུབ་སེམས་དཔའི་གནས་པ་མཆོག་ལ་ཡང་དག་པར་ཞུགས་པ་ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བ་གཞན་དག་ཀྱང་གཟུང་བར་བྱའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་བྱང་ ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐབས་འདིར་འཕགས་པ་དོན་དམ་ཡང་དག་འཕགས་ཉིད་ཚད་མར་བྱས་པ་ཡིན་པས་དེའི་རིགས་དང་། མོས་པ་དང་ཤེས་རབ་ཕུན་སུམ་ཚོགས་པ་ནི་ཡོད་པར་མངོན་པར་ཞར་ ལ་གླེངས་པར་ཟད་ཀྱི་དམིགས་ཀྱིས་བསྟན་པ་མེད་དོ། །དེ་ཇི་ལྟར་མགོ་གླེངས་པས་གོ་བ་ཡིན་ཞེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་སྐབས་དེ་ ཡན་ཆད་དུ་མགོ་གླེངས་ཏེ་བཀའ་སྩལ་པའི་རྗེས་ལ། འདིར་འཕགས་པ་དོན་དམ་ཡང་དག་འཕགས་ཉིད་ཀྱིས་དེ་བཞིན་དུ་གོ་ཞིང་རྒྱ་ཆེར་སྟོན་པ་ཉིད་མགོ་གླེངས་པས་གོ་བ་ཡིན་པར་སྦྱར་རོ། །གྱུར་པ་ཞེས་བྱ་བ་ཡང་དེ་ལྟ་བུར་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བ་ལས་བྱུང་བའི་མོས་པའི་ བྱེ་བྲག་ཅེས་བྱ་བར་སྦྱར་རོ། །མོས་པའི་བྱེ་བྲག་ཅེས་བྱ་བའི་སྒྲ་སྐབས་འདིར་ནི་ངོ་བོ་ཉིད་གསུམ་ངོ་བོ་ཉིད་ཀྱིས་ཐ་དད་པའི་མཐོང་བའི་རྟོགས་པ་བསྒོམ་པའི་རྣམ་པ་ཡོངས་སུ་ཤེས་པ་དང་། དེའི་འབྲས་བུ་བྱ་བ་མེད་པ་ཉིད་ཡིན་པར་སྦྱར་རོ། །མོས་པའི་བྱེ་བྲག་དེ་དག་ཀྱང་གང་ཞེ་ན། གཞུང་ འོག་མ་རྣམས་ཀྱིས་ཇི་སྐད་སྟོན་པ་དག་ཡིན་པར་རིག་པར་བྱའོ། །དེ་ལ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་ཞེས་བྱ་བ་ནི་ཚིག་གི་གཞི་གཅིག་ཏུ་བསྡུས་ཏེ། གཞན་གྱི་དབང་གི་མཚན་ཉིད་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ རྣམ་པར་རྟོག་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་སྟེ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །དེའི་སྤྱོད་ཡུལ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཉིད་ཡིན་ནོ། །ཀུན་བརྟགས་པའི་མཚན་ཉིད་ཅེས་བྱ་བ་ནི་ཇི་ཙམ་དུ་ རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་བཏགས་པ་སྟེ། དེ་ཡང་གནས་མེད་པ་ལ་གདགས་སུ་མི་རུང་བས་དེའི་གནས་ཀྱང་འདུ་བྱེད་ཀྱི་མཚན་ཉིད་ཡིན་ནོ། །དེ་ལྟར་ན་རྣམ་པར་རྟོག་པའི་སྤྱོད་ཡུལ་ཡང་འདུ་བྱེད་ཀྱི་མཚན་ཉིད་ལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་ གནས་ཀྱང་འདུ་བྱེད་ཀྱི་མཚན་མ་ཡིན་ནོ། །འདུ་བྱེད་ཀྱི་མཚན་མ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་རྣམ་པ་སྟེ། རྣམ་པར་རྟོག་པ་ཉིད་འདུ་བྱེད་ཀྱི་རྣམ་པར་སྣང་བ་ལ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ཞེས་བྱའི། རྣམ་པར་རྟོག་པ་ལས་ གཞན་པ་ཕྱི་རོལ་ན་དེའི་སྤྱོད་ཡུལ་དུ་གྱུར་པའི་དངོས་པོ་གཞན་ནི་མེད་དོ། །དེ་ཉིད་དངོས་པོའི་ངོ་བོ་ཉིད་རྐྱེན་གཞན་གྱི་དབང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་གཞན་གྱི་དབང་གི་མཚན་ཉིད་ཡིན་པར་རིག་པར་བྱའོ། །གཞན་གྱི་དབང་གི་མཚན་ཉིད་དེ་ལ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་ པར་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ལ་ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མིང་དང་བརྡར་བཏགས་ པ་དང་། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་བཏགས་པ་གང་ཡིན་པ་དེ་ནི་དངོས་པོའི་ངོ་བོ་ཉིད་མ་ཡིན་པ་སྒྲོ་བཏགས་པ་ཡིན་པས་ཀུན་བརྟགས་པའི་མཚན་ཉིད་ཡིན་པར་བསྟན་ཏོ། །དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ ལགས་སོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་མཚན་ཉིད་དེ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་གང་དག་གིས་དེ་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་ཐ་དད་པར་མཐོང་བ་དེ་དག་ལ་ནི་བཅོམ་ལྡན་འདས་མཚན་ཉིད་ངོ་བོ་ཉིད་མེད་ པ་ཉིད་འདོགས་པར་མི་མཛད་ཀྱི། གང་དག་གིས་དེ་ལྟར་མི་མཐོང་བ་དེ་དག་ལ་ཀུན་བརྟགས་པའི་མཚན་ཉིད་དེ་ལ་བརྟེན་ནས། བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་ མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ་ཞེས་བྱ་བའི་ཐ་ཚིག་གི་དོན་ནི་གོང་དུ་བསྟན་ཟིན་ཏོ།། །།དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་དེ་ལས་ གཅིག་ཀྱང་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ཡང་གཞན་གྱི་དབང་གི་མཚན་ཉིད་དེ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་པས་གང་དག་གིས་དེ་ལྟར་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་ མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པར་ཐ་དད་པར་མཐོང་བ་དེ་དག་ལ་ནི་བཅོམ་ལྡན་འདས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མི་མཛད་ཀྱི་གང་དག་གིས་དེ་ལྟར་མ་མཐོང་བ་དེ་དག་ལ་གཞན་གྱི་དབང་གི་མཚན་ཉིད་དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་ཉིད་དེ་ལས་གཅིག་ཀྱང་ཞེས་བྱ་བ་ནི། གཞན་གྱི་མཚན་ཉིད་རྣམ་པར་དག་པའི་དམིགས་པ་མ་ཡིན་པའི་དོན་དམ་པའི་ངོ་བོ་ཉིད་མེད་པ་ཞེས་སྔར་ བསྟན་པ་དེ་གཟུང་བར་བྱའོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ཞེས་བྱ་བ་ནི་གཞན་གྱི་དབང་གི་མཚན་ཉིད་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་ཀྱི་མིང་དང་བརྡར་སྒྲོ་བཏགས་ པ་དེར་ཡོངས་སུ་མ་གྲུབ་པའོ། །ངོ་བོ་ཉིད་མེད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཅེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དེ་ཁོ་ནས་སོ། །ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་ལྟར་ཀུན་བརྟགས་པའི་མཚན་ཉིད་དེར་མ་གྲུབ་ཅིང་ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མེད་པ་གཞན་གྱི་དབང་གི་ངོ་བོ་ཉིད་ དེའི་དེ་བཞིན་ཉིད་དེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །རྣམ་པར་དག་པའི་དམིགས་པ་གང་ལགས་ཞེས་བྱ་བ་ལ་རྣམ་པར་དག་པ་ཞེས་བྱ་བ་ནི། གནས་གྱུར་པས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་འཇིག་རྟེན་ལས་འདས་པ་ཡང་དག་པའོ། །དེའི་ དམིགས་པ་ནི་ཆོས་བདག་མེད་པ་དེ་བཞིན་ཉིད་ཅེས་གོང་དུ་བསྟན་པ་ཉིད་ཡིན་ནོ། །དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ་ཞེས་བྱ་བ་ནི་དེ་ལྟར་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དེ་བཞིན་ཉིད་དེ་དང་། གནས་གྱུར་པས་རབ་ཏུ་ཕྱེ་བ་ཡང་དག་པའི་ཤེས་པ་འཇིག་རྟེན་ལས་འདས་པ་རྣམ་པར་ དག་པ་དེ་ནི་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་དང་། ཡང་དག་པའི་ཤེས་པ་ཡོངས་སུ་གྲུབ་པ་ཡིན་པས་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་སྟེ། དེ་ཡང་ཡུལ་དང་ཡུལ་ཅན་གྱི་དངོས་པོར་གཉིས་སུ་གནས་པ་མ་ཡིན་གྱི། ཡང་དག་པའི་ཤེས་པའི་ངོ་བོ་ཉིད་དེ་བཞིན་ཉིད་ཡིན་པས་འཕགས་ པ་སོ་སོར་རིག་པའི་ངོ་བོ་ཉིད་ཡིན་པར་བལྟ་བར་བྱའོ། །དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་དེ་ལས་གཅིག་འདོགས་པར་མཛད་ལགས་སོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་ མེད་པ་ཡིན་པས་གང་དག་གིས་དེ་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཐ་དད་པར་མཐོང་བ་དེ་དག་ལ་ནི་བཅོམ་ལྡན་འདས་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མི་མཛད་ཀྱི་གང་དག་གིས་དེ་དག་མ་མཐོང་བ་དེ་དག་ལས་ཡོངས་སུ་གྲུབ་པའི་ མཚན་ཉིད་དེ་ལ་བརྟེན་ནས། བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་འདོགས་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་དེ་ལས་གཅིག་ཅེས་བྱ་བར་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དོན་དམ་པ་ངོ་བོ་ཉིད་ མེད་པ་ཉིད་ཅེས་སྔར་བསྟན་པ་དེ་གཟུང་བར་བྱའོ། །འཕགས་པ་དོན་དམ་ཡང་དག་འཕགས་ཀྱིས་བཅའ་སྒ་དང་། རི་མོ་བྲི་བའི་གཞི་དང་། མར་དང་། ནམ་མཁའི་དཔེ་བསྟན་པ་ནི་དངོས་པོ་བསྟན་པ་ཙམ་དུ་ཟད་ཀྱི་གོ་རིམས་དེ་ལྟར་ངེས་པ་ཁོ་ནར་དགོངས་པ་ནི་མ་ཡིན་པས། འདི་བླ་མའི་གནས་ལྟ་བུ་ དག་གིས་དཔེ་རྣམ་པ་དེ་བཞིས་མཚོན་པའི་དོན་གྱི་སྒོ་ནས་གོ་རིམས་ཀྱི་ཤུགས་སྦྱར་བ་ནི་དང་པོ་མར་གྱི་དཔེས་བསྟན་ལ་དེའི་འོག་ཏུ་བཅའ་སྒའི་དཔེས་བསྟན། དེའི་འོག་ཏུ་རི་མོ་བྲི་བའི་གཞིའི་དཔེས་བསྟན། དེའི་འོག་ཏུ་ནམ་མཁའི་དཔེས་བསྟན་ཏོ། །གོ་རིམས་དེ་ལྟར་བཀོད་པའི་དཔེ་བཞི་པོ་དག་གིས་ནི་ ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་གཏམ་དང་། ཤེས་རབ་ཀྱི་གཏམ་དང་། ཀུན་རྫོབ་ཀྱི་གཏམ་དང་། དོན་དམ་པའི་གཏམ་བསྟན་ཏེ། གོ་རིམས་བཞིན་དུ་སྦྱར་བར་ཤེས་པར་བྱའོ། །གཏམ་དེ་བཞིའི་གོ་རིམས་ཅིའི་ཕྱིར་དེ་ལྟར་རྣམ་པར་གནས་པར་ངེས་ཤེ་ན། དང་པོར་ལྷག་པའི་ཚུལ་ཁྲིམས་ལ་ གནས་ན་ལྷག་པའི་སེམས་སྐྱེ་བར་འགྱུར་བས་དེའི་ཕྱིར་དང་པོ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་ལྷག་པའི་སེམས་དེ་ལ་བརྟེན་ནས་ལྷག་པའི་ཤེས་རབ་སྐྱེ་བར་འགྱུར་བས་དེའི་འོག་ཏུ་ཤེས་རབ་ཀྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་ལྷག་པའི་ཤེས་རབ་ཀྱིས་ཤེས་པར་བྱ་ བའི་ཡུལ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་སྟེ། དེ་ལ་འཇིག་རྟེན་པའི་ལམ་ནི་ཀུན་རྫོབ་ཀྱི་བདེན་པས་བསྡུས་པ་ཡིན་པས་དེ་དང་པོར་རྟོགས་པར་བྱ་དགོས་པའི་ཕྱིར་དེའི་འོག་ཏུ་ཀུན་རྫོབ་ཀྱི་གཏམ་བསྟན་ཏོ། །འཇིག་རྟེན་ལས་འདས་པའི་ལམ་ ནི་དོན་དམ་པའི་བདེན་པས་བསྡུས་པ་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་རྟོགས་པའི་འོག་ཏུ་དོན་དམ་པའི་བདེན་པ་རྟོགས་པར་བྱ་དགོས་པའི་ཕྱིར་དེའི་འོག་ཏུ་དོན་དམ་པའི་གཏམ་བསྟན་ཏོ། །གཏམ་དེ་བཞིའི་འབྲེལ་པ་ནི་དཔེ་རྣམ་པ་བཞིས་མཚོན་པའི་དོན་ཉིད་ལ་དེ་བཞིན་དུ་སྣང་བས་ན་དེའི་ཕྱིར། འདི་ལྟ་སྟེ་དཔེར་བགྱི་ན་ཆབ་མར་ནི་ཞེས་བྱ་བ་ལ་སོགས་པའི་དཔེས་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་བརྩལ་ན་དགའ་བ་དང་མཆོག་ཏུ་དགའ་བ་ཆེན་པོར་འགྱུར་ལགས་སོ་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ནི། ངེས་པའི་དོན་བསྟན་པ་འདི་དྲང་བའི་དོན་གྱི་མདོ་སྡེ་ ཐམས་ཅད་ཀྱང་སྦྱར་ན། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པར་མི་འགྱུར་ཞིང་མཐོང་བའི་ལམ་གྱིས་བསྡུས་པའི་མངོན་པར་རྟོགས་པ་དྲུག་པོ་དག་མཐོང་བས་དད་པ་མངོན་པར་རྟོགས་པའི་སྒོ་ནས་ཚུལ་ཁྲིམས་མངོན་པར་རྟོགས་པའི་དུས་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱིས་ རབ་ཏུ་ཕྱེ་བའི་ལྷག་པའི་ཚུལ་ཁྲིམས་དང་ལྡན་པར་འགྱུར་བ་ནི་དགའ་བ་ཆེན་པོར་འགྱུར་བ་ཡིན་ལ། ལྷག་པའི་ཚུལ་ཁྲིམས་དེ་ལ་བརྟེན་ནས་ཚུལ་ཁྲིམས་མངོན་པར་རྟོགས་པའི་སྒོ་ནས་བསམ་པ་མངོན་པར་རྟོགས་པའི་དུས་ན། བསམ་པ་ལས་བྱུང་བའི་ཤེས་རབ་ཆེན་པོའི་དགའ་བ་ཁ་ན་མ་ཐོ་བ་མེད་པས་ རབ་ཏུ་ཕྱེ་བའི་ལྷག་པའི་སེམས་དང་ལྡན་པར་འགྱུར་བ་ནི་མཆོག་ཏུ་དགའ་བ་ཆེན་པོར་འགྱུར་བ་ཞེས་བྱ་སྟེ། དེའི་ཕྱིར་མར་གྱི་དཔེས་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་འདི་ལྟ་སྟེ་དཔེར་བགྱི་ན་བཅའ་སྒ་ནི་ཞེས་བགྱི་བ་ལ་སོགས་པའི་དཔེས་ངེས་པའི་དོན་བསྟན་པ་འདི་ཡང་ དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་བརྩལ་བར་བགྱི་བ་ལགས་སོ་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ནི་ལྷག་པའི་སེམས་དེ་ལ་བརྟེན་ནས་བསམ་པ་མངོན་པར་རྟོགས་པའི་སྒོ་ནས་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མཐོང་བར་རྟོགས་པའི་དུས་ན་རྣམ་པར་མ་བཞག་པའི་བདེན་པ་ལ་དམིགས་པའི་ ཤེས་རབ་ཀྱིས་རབ་ཏུ་ཕྱེ་བའི་ལྷག་པའི་ཤེས་རབ་སྐྱེ་བར་འགྱུར་བ་ནི་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་བརྩལ་བར་བགྱི་བ་ཞེས་བྱ་སྟེ། དེའི་ཕྱིར་བཅའ་སྒའི་དཔེས་ནི་ཤེས་རབ་ཀྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་འདི་ལྟ་སྟེ་དཔེར་བགྱི་ན་རི་མོ་བྲི་བའི་གཞི་ནི་ཞེས་བྱ་བ་ལ་སོགས་པའི་དཔེས། ངེས་པའི་ དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང་དྲང་བའི་དོན་དེ་དག་ཤིན་ཏུ་གསལ་བར་བགྱིད་པ་ལགས་སོ་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ནི་ལྷག་པའི་ཤེས་རབ་དེ་ལ་བརྟེན་ནས་མངོན་པར་རྟོགས་པའི་ཤེས་པ་མངོན་པར་རྟོགས་པའི་སྒོ་ནས་མངོན་པར་རྟོགས་པའི་མཐའ་ ལས་བྱུང་བའི་ཤེས་པ་ལ་མངོན་པ་མངོན་པར་རྟོགས་པའི་དུས་ན། རྣམ་པར་གཞག་པའི་བདེན་པ་ལ་དམིགས་པའི་ཤེས་རབ་ཀྱིས་རབ་ཏུ་ཕྱེ་བ་འཇིག་རྟེན་པའི་ལམ་ཀུན་རྫོབ་ཀྱི་བདེན་པས་བསྡུས་པ་ཐམས་ཅད་རྟོགས་པར་འགྱུར་བ་ནི་དྲང་བའི་དོན་ཐམས་ཅད་ལ་རོ་གཅིག་པ་དང་། དེ་དག་ཤིན་ཏུ་གསལ་ བར་བགྱིད་པ་ཞེས་བྱ་སྟེ། དེའི་ཕྱིར་རི་མོ་བྲི་བའི་དཔེ་བཞིས་ནི་ཀུན་རྫོབ་ཀྱི་གཏམ་བསྟན་ཏོ། །དེའི་འོག་ཏུ་འདི་ལྟ་སྟེ་དཔེར་བགྱི་ན་ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པའི་དཔེས་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ ཀྱི་ཐེག་པ་དང་། ཐེག་པ་ཆེན་པོར་བརྩལ་བ་ཐམས་ཅད་ལ་སྒྲིབ་པ་མི་འགྱུར་བ་ལགས་སོ་ཞེས་བྱ་བའི་བར་གྱི་དོན་བསྟན་པས་ནི་ལྷག་པའི་ཤེས་རབ་དེ་ཉིད་ལ་བརྟེན་ནས་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་བདེན་པ་མངོན་པར་རྟོགས་པའི་སྒོ་ནས་མཐར་ཐུག་པའི་མངོན་པར་རྟོགས་པའི་དུས་ན་ ཟད་པ་དང་། མི་སྐྱེ་བ་ཤེས་པས་རབ་ཏུ་ཕྱེ་བ་འཇིག་རྟེན་ལས་འདས་པའི་ལམ་དོན་དམ་པའི་བདེན་པས་བསྡུས་པ་ཐམས་ཅད་རྟོགས་པར་འགྱུར་བ་ནི་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་ལ་རོ་གཅིག་པ་དང་། བརྩལ་བ་ཐམས་ཅད་ལ་སྒྲིབ་པ་མི་འགྱུར་བ་ཞེས་བྱ་སྟེ། དེའི་ཕྱིར་ནམ་མཁའི་དཔེས་ནི་ དོན་དམ་པའི་གཏམ་བསྟན་ཏོ། །དེ་ལ་ངེས་པའི་དོན་བསྟན་པ་འདི་ཡང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་གསུངས་པ་ཡང་མཚན་ཉིད་གསུམ་ལ་སོ་སོར་ངེས་པ་བསྟན་ཏེ། ཀུན་བརྟགས་པའི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན། གཞན་ གྱི་དབང་གི་མཚན་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་གསུངས་པ་དང་། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ནི་ཀུན་བརྟགས་པའི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པར་སོ་སོར་ངེས་པ་བསྟན་པ་ལ་བྱའོ། །དྲང་བའི་དོན་གྱི་མདོ་སྡེ་ཞེས་བྱ་བ་ནི་དེ་ལྟར་སོ་སོར་ངེས་པ་མ་བསྟན་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་སྟེ། དེ་ནི་ངེས་པའི་དོན་མ་ཡིན་པས་དྲང་ཞིང་བཤད་དགོས་པའི་ཕྱིར་དྲང་བའི་དོན་གྱི་མདོ་སྡེ་ཞེས་བྱའོ། །དོན་དམ་ཡང་དག་འཕགས་དེ་བཞིན་ཏེ་གཞན་དུ་མ་ ཡིན་གྱི་དེ་ནི་དེ་བཞིན་དུ་ཟུང་ཤིག་ཅེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་དོན་དམ་ཡང་དག་འཕགས་ཉིད་ཐམས་ཅད་ཕུན་སུམ་ཚོགས་ཤིང་མགོ་གླེངས་པས་གོ་བ་ཚད་མར་འཛིན་པ་ཡིན་ཏེ། དེ་ནི་མོས་པའི་བྱེ་བྲག་རྒྱས་པར་བཤད་པ་ལྔ་ཡིན་ནོ། །མོས་པའི་བྱེ་བྲག་ རྒྱས་པར་བཤད་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏེ། དེ་ལ་སྤྱོད་པའི་གང་ཟག་གི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འོག་ཏུ་མདོ་སྡེའི་ཆེ་བ་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། ངེས་པའི་དོན་གྱི་ཆེ་བ་ཉིད་ བསྟན་པ་དང་། བསོད་ནམས་སྐྱེ་བའི་ཆེ་བ་ཉིད་བསྟན་པ་དང་། ངེས་པའི་ཚིག་གི་ཆེ་བ་ཉིད་བསྟན་པ་དང་། འབྲས་བུ་ཐོབ་པའི་ཆེ་བ་ཉིད་བསྟན་པའོ། །དེ་ལ་ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཡང་འདི་ སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །བསོད་ནམས་འཕེལ་བའི་ཆེ་བ་ཉིད་བསྟན་པ་ནི་བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཞེས་བྱ་བ་ནས། རྒྱུའི་བར་དུ་ཡང་མི་ འགྲོའོ་ཞེས་གསུངས་པའི་བར་ཐ་མའི་བར་གྱིས་བསྟན་ཏོ། །ངེས་པའི་ཚིག་གི་ཆེ་བ་ཉིད་བསྟན་པ་ནི། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་འདི་དོན་དམ་པ་ངེས་པའི་དོན་བསྟན་པ་ ཞེས་བྱ་བར་ཟུང་ཤིག་ཅེས་བྱ་བའི་བར་གྱིས་བསྟན་ཏོ། །འབྲས་བུ་ཐོབ་པའི་ཆེ་བ་ཉིད་བསྟན་པ་ནི། དོན་དམ་པ་ངེས་པའི་དོན་འདི་བསྟན་པ་འདི་བཤད་པ་ནི་ཞེས་བྱ་བ་ལ་སོགས་པ་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པའི་ཚིག་གི་དོན་ ལ་སོགས་པ་བཤད་པར་བྱ་སྟེ། ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་དང་པོར་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞི་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དེའི་ འོག་ཏུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་མོས་པའི་རྣམ་པས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་དེ་གཉིས་ནི་བླ་ན་ཡོད་པ། སྐབས་ཡོད་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ཡིན་གྱི་བཅོམ་ལྡན་འདས་ཀྱིས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བ་འདི་ནི་བླ་ན་མེད་པ། སྐབས་མེད་པ། ངེས་པའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ཡིན་པས། དྲང་བའི་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྔ་མ་གཉིས་པས་ངེས་པའི་དོན་གྱི་ཆོས་ ཀྱི་འཁོར་ལོ་བསྐོར་བ་གསུམ་པ་ནི་ཆེས་ཁྱད་པར་དུ་འཕགས་པའི་ཆེ་བ་ཉིད་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཞེས་བྱ་བ་ནི་བདེན་པ་བཞི་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་ཡིན་པའོ། །ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་ཞེས་བྱ་བ་ནི་བཟླས་ པ་དང་པོ་ལ་མཐོང་བའི་ལམ་སྐྱེ་བ་དང་། བཟླས་པ་གཉིས་པ་ལ་སློབ་པའི་ལམ་སྐྱེ་བ་དང་། བཟླས་པ་གསུམ་པ་ལ་མི་སློབ་པའི་ལམ་སྐྱེ་བས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཕྱིར་རོ། །ཆོས་དང་མཐུན་པར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང་མཐུན་པར་རོ། །བླ་ན་མཆིས་ པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ཞེས་བྱ་བ་ནི་རྣམ་གྲངས་དེ་ངེས་པའི་དོན་མ་ཡིན་པས་ད་དུང་གཞན་དུ་དྲང་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྟོང་པ་ཉིད་སྨོས་པའི་རྣམ་པས་ཞེས་བྱ་བ་ནི་ཆོས་བདག་མེད་པ་སྟོན་པའོ། །ཆོས་ངོ་ མཚར་རྨད་དུ་བྱུང་བ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཚུལ་གྱིས་མཐོང་བ་དང་། སློབ་པ་དང་མི་སློབ་པའི་ལམ་སྐྱེ་བས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་གཉིས་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་དང་ པོ་བསྐོར་བ་ལ་ལྟོས་ན་གཉིས་པ་སྟེ། ཐེག་པ་ཆེན་པོ་དྲང་བའི་དོན་གྱི་མདོ་བཤད་པ་ཐམས་ཅད་སྤྱིར་གཟུང་ངོ་། །ཐེག་པ་ཆེན་པོ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པའི་ ལམ་གཅིག་པ་དང་། རྣམ་པར་དག་པ་གཅིག་པ་དང་། ཐེག་པ་གཅིག་ཏུ་བསྟན་པའི་ཕྱིར་རོ། །ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཞེས་བྱ་བ་ནི་ངེས་པའི་དོན་བསྟན་པའོ། །གཅིག་ཏུ་ངོ་མཚར་རྨད་དུ་བྱུང་བ་ཞེས་བྱ་བ་ནི་ཐེག་པ་ཐམས་ཅད་ཀྱི་ཚུལ་གྱིས་མཐོང་བ་དང་། སློབ་པ་དང་མི་སློབ་པའི་ ལས་སྐྱེ་བས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་གསུམ་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་དྲང་བའི་དོན་གྱི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་ལ་ལྟོས་ན་གསུམ་པ་སྟེ། སྐབས་འདིར་དོན་དམ་པ་ངེས་པའི་དོན་དམ་པ་ བསྟན་པ་འདི་ཉིད་ཡིན་པར་སྦྱར་རོ། །བླ་ན་མ་མཆིས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་ནི་ངེས་པའི་དོན་ཡིན་པས་དེ་ལས་གཞན་དུ་དྲང་བ་མེད་པའི་ཕྱིར་ཏེ། དེ་ནི་ངེས་པའི་དོན་གྱི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་བསོད་ནམས་ཆེ་བའི་འཕེལ་བ་ཉིད་བསྟན་པའི་ཚིག་གི་དོན་ལ་ སོགས་པ་བཤད་པར་བྱ་སྟེ། བསོད་ནམས་འཕེལ་བའི་ཆེ་བ་ཉིད་བསྟན་པ་ཞེས་བྱ་བ་ནི་དོན་དམ་པ་ངེས་པའི་དོན་བསྟན་པ་འདི་ལ་ཆོས་སྤྱོད་པ་རྣམ་པ་བཅུའི་རིམ་གྱིས་སྦྱོར་བར་བྱེད་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། བསོད་ནམས་རྒྱ་ཆེན་པོ་བསྐྱེད་པའི་ལམ་དང་། སྦྱོར་བའི་ལམ་ དང་། སྒྲིབ་པ་རྣམ་པར་དག་པའི་ལམ་ཡིན་པས། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་སྐྱེད་པར་བྱེད་པའི་ཕྱིར་དང་། ངེས་པའི་དོན་བསྟན་པ་འདི་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཆོས་སྤྱོད་པ་རྣམ་པ་བཅུའི་རིམ་གྱིས་སྦྱོར་བར་བྱེད་པ་དེ་དག་ལ་སྤྱོད་པ་རེ་རེའི་སྒོ་ནས་ཀྱང་བསོད་ ནམས་དཔག་ཏུ་མེད་པ་གྲངས་མེད་པ་སྐྱེ་བའི་ཆེ་བ་ཉིད་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐོས་ནས་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ སྤྱོད་པ་བཅུ་པོ་དག་བསྟན་ཏེ། ཅི་རིགས་པར་སྦྱར་རོ། །བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞིང་། སྟོང་གི་ཆ་དང་། འབུམ་གྱི་ཆ་ཞེས་བྱ་བ་ནི་འཇིག་རྟེན་ན་མང་བར་གྲགས་པའི་སྒོ་ནས་མཚོན་པ་ཡིན་ནོ། །གྲངས་ཞེས་བྱ་བ་ནི་མཚུངས་པར་རྩི་བ་ཉིད་དེ། དཔེར་ན་རི་བོ་གངས་ཅན་དང་ཅིག་ཤོས་ འབིགས་བྱེད་ཅེས་བྱ་བ་ནི་མཚུངས་པར་རྩི་བའི་གྲངས་སུ་རིགས་ཀྱི། རི་བོ་གངས་ཅན་དང་ཡུངས་འབྲུ་ནི་མཚུངས་པར་རྩི་བའི་གྲངས་སུ་མི་རིགས་པར་བལྟའོ། །ཆ་ཞེས་བྱ་བ་ནི་ཡན་ལག་སྟེ། དེ་ཡང་རང་བཞིན་འདྲ་བ་ཡིན་ཏེ། དཔེར་ན་རྩེ་མོ་ཅན་རྣམས་ཀྱི་རྩེ་མོ་ནི་ཆེ་བ་ཡིན་གྱི། རྩྭའི་རྩེ་མོ་ནི་དེ་དག་ གི་ཆ་མ་ཡིན་པ་བཞིན་ནོ། །བགྲང་བ་ཞེས་བྱ་བ་ནི་དེ་ཡང་མཚུངས་པ་ཡིན་ཏེ། དཔེར་ན་རི་རབ་དང་གངས་རི་ཞེས་བགྲང་གི །རི་རབ་དང་ཡུངས་འབྲུ་ཞེས་ནི་མི་བགྲང་བ་བཞིན་ནོ། །དཔེ་ཞེས་བྱ་བ་ནི་འདྲ་བ་ཉིད་དེ། དཔེར་ན་བ་ལང་དང་འདྲ་བ་ལ་བ་ལང་ཞེས་བྱའི། སྦྲང་མ་ལ་མ་ཡིན་པ་བཞིན་ནོ། །རྒྱུར་ ཡང་ཞེས་བྱ་བ་ནི་དེའི་རྒྱུའི་དངོས་པོར་ཡང་མི་བཟོད་པ་སྟེ། དེ་ནི་བསོད་ནམས་སྐྱེ་བའི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ངེས་པའི་ཚིག་གི་ཆེ་བ་ཉིད་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ངེས་པའི་ཚིག་གི་ཆེ་བ་ཉིད་བསྟན་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་ མཚན་ཉིད་བསྟན་པའི་ལེའུ་འདིའི་མིང་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་ངེས་པའི་ཚིག་ཏུ་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དགོངས་པ་ངེས་པར་འགྲེལ་བའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་ བར་བགྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ངེས་པར་འགྲེལ་བའི་ཆོས་ཀྱི་རྣམ་གྲངས་འདིར་ཞེས་བྱ་བ་ནི་ངེས་པའི་དོན་བསྟན་པའི་མདོ་སྡེ་འདིའི་ལུས་རྣམ་པར་གཞག་པ་སྤྱི་ལ་སྙེགས་སོ། །བསྟན་པ་འདིའི་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་བསྟན་པའི་ལེའུ་ འདི་ཉི་ཚེ་དང་སྦྱར་རོ། །དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བ་ལ། དོན་དམ་པ་ཞེས་བྱ་བ་ནི་དམ་པའི་དོན་ཅེས་བྱ་བར་སྦྱར་ཏེ། དམ་པ་ནི་ཡང་དག་པའི་ཤེས་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ། །དོན་ནི་དེའི་ཡུལ་ཀུན་ནས་ཉོན་མོངས་པའི་མཚན་ཉིད་ཀྱི་ཆོས་དང་། རྣམ་པར་ བྱང་བའི་མཚན་ཉིད་ཀྱི་ཆོས་སོ། །འདི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུང་ཤིག་ཅེས་བྱ་བ་ནི་མིང་དེ་ལྟར་ཟུང་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ། དེ་ནི་ངེས་པའི་ཚིག་གི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །དེའི་འོག་ཏུ་འབྲས་བུ་འཐོབ་པའི་ཆེ་བ་ཉིད་བསྟན་པ་ཞེས་བྱ་བ་ནི་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཆོས་བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་རྣམ་པ་ལྔ་བསྟན་པ་གང་ཡིན་པ་སྟེ། ལྔ་གང་ཞེ་ན་དེ་དག་ལས་སེམས་ཅན་ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང་། དེ་དག་ལས་སེམས་ ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པ་དེ་ཉིད་ཀྱི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་བསྐྱེད་པར་འགྱུར་བ་དང་། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་བསྟན་པའི་མོད་ལ་ཟག་པ་ཟད་པར་འགྱུར་བ་དང་། དེ་དག་ལས་སེམས་ཅན་ཁ་ཅིག་ནི་དམ་པའི་ཆོས་ཐོས་པ་ དེ་ཉིད་ཀྱི་མོད་ལ་བྱང་ཆུབ་སེམས་དཔའི་བཟོད་པའི་མཆོག་ཐོབ་པར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་བསྟན་པས་ལུང་འབོགས་པ་དང་། ཁ་ཐོན་བྱེད་པ་དང་། ཡང་དག་པར་སྒྲུབ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་དམ་པའི་ཆོས་ཀྱི་ཚུལ་ཡུན་ རིང་དུ་གནས་པར་བྱེད་པ་སྟེ། བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ལྔ་པོ་དེ་དག་བསྟན་པ་ནི་འབྲས་བུ་ཐོབ་པའི་ཕན་ཡོན་གྱི་ཆེ་བ་ཉིད་བསྟན་པ་ཞེས་བྱའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དོན་དམ་པ་ངེས་པའི་དོན་བསྟན་པ་འདི་བཤད་པ་ན་སྲོག་ཆགས་དྲུག་འབུམ་ནི་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པའི་འབྲས་བུའི་ཕན་ཡོན་རྒྱ་ཆེ་བ་ལྔ་པོ་དེ་དག་ལས་དང་པོ་བཞི་ནི་དཀྱུས་ཀྱི་ཚིག་བཞི་དང་གོ་རིམས་བཞིན་དུ་སྦྱར་རོ། །ལྔ་པ་ནི་མདོ་སྡེ་ཐམས་ཅད་ཀྱི་མཇུག་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ སྩལ་ནས། ལྷ་ལ་སོགས་པའི་འཇིག་རྟེན་ཡི་རང་སྟེ། མངོན་པར་དགའོ་ཞེས་འབྱུང་བའི་སྐབས་དང་སྦྱར་ཏེ། སྐབས་འདིར་དམིགས་ཀྱིས་མ་སྨོས་ཀྱང་མཇུག་ནས་འབྱུང་བ་ཉིད་སྐབས་འདིར་སྦྱར་བར་བྱའོ། །དེ་ལ་རྣམ་པ་ལྔ་པོ་དེ་དག་གི་རྣམ་པར་གཞག་པ་ཇི་ལྟ་བུ་ཞེ་ན། དེ་ནི་རྣམ་པ་གཉིས་ཏེ། གང་ ཟག་གི་དབང་དུ་བྱས་པ་དང་། ཆོས་ཀྱི་དབང་དུ་བྱས་པའོ། །དེ་ལ་གང་ཟག་གི་དབང་དུ་བྱས་པ་ཡང་རིགས་དང་། བསམ་པ་ལ་སོགས་པའི་དབང་གིས་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དང་། ཐེག་པ་ཆེན་པོ་པའི་གང་ཟག་གོ། །ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་ཀྱང་རྒྱུད་ཀྱི་དབང་ གིས་རྣམ་པ་གཉིས་ཏེ། མཐོང་བའི་ལམ་སྐྱེ་བ་དང་། བསྒོམ་པའི་ལམ་གྱིས་མི་སློབ་པའི་ས་མན་ཆད་འཐོབ་པ་སྟེ། དཀྱུས་ཀྱི་ཚིག་བར་མ་གཉིས་དང་གོ་རིམས་བཞིན་ནོ། །ཐེག་པ་ཆེན་པོ་པའི་གང་ཟག་ཀྱང་སེམས་མ་བསྐྱེད་པ་དང་། བསྐྱེད་པའི་དབང་གིས་རྣམ་པ་གཉིས་ཏེ། སེམས་མ་ བསྐྱེད་པ་ནི་ཀུན་རྫོབ་ཀྱི་སེམས་དང་། དོན་དམ་པའི་སེམས་མ་བསྐྱེད་པ་སྐྱེད་པར་བྱེད་དེ། སེམས་བསྐྱེད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། དཀྱུས་ཀྱི་ཚིག་དང་པོ་དང་། ཐ་མ་གཉིས་དང་གོ་རིམས་བཞིན་དུ་སྦྱར་རོ། །ཆོས་ཀྱི་དབང་དུ་བྱས་པ་ནི་བདེ་བར་གཤེགས་པའི་བསྟན་པ་ ཡུན་རིང་དུ་གནས་པ་སྟེ། ཚིག་ཐ་མས་བསྟན་ཏོ། །དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སེམས་དང་། དོན་དམ་པའི་སེམས་སྐྱེས་པ་ཅི་རིགས་པར་སྦྱར་རོ། །ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་ ཞེས་བྱ་བ་ལ་ཆོས་རྣམས་ལ་ཞེས་བྱ་བ་ནི་བདེན་པ་བཞིའི་ཆོས་རྣམས་ལའོ། །ཆོས་ཀྱི་མིག་ཅེས་བྱ་བ་ནི་མཐོང་བའི་ལམ་གྱི་ཤེས་པའོ། །རྡུལ་མེད་ཅིང་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་གྱི་ཤེས་པའོ། །དྲི་མ་དང་བྲལ་བ་རྣམས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་གྱི་ཤེས་པའོ། །རྣམ་པར་དག་གོ་ ཞེས་བྱ་བ་ནི་ཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ལ་ལེན་པ་མེད་པར་ཞེས་བྱ་བ་ནི་མི་སྐྱེ་བ་ཤེས་པའོ། །ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་ཟད་པ་ཤེས་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ རོ་ཞེས་བྱ་བ་ནི་ས་བརྒྱད་པ་ཐོབ་བོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་འབྲས་བུ་ཐོབ་པའི་ཆེ་བ་ཉིད་བསྟན་པ་ཡིན་ནོ། །ལེའུ་བདུན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་ བསྟན་ནས། ད་ནི་ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་བས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུ་བ་ཞུས་པ་ཞེས་བྱ་བ་ལ་སོགས་པ་བྱམས་པའི་ལེའུ་བརྒྱད་པ་འདི་གསུངས་སོ། །དེ་ལ་ལེའུ་བརྒྱད་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཆོས་གདགས་པ་རྣམ་པར་གཞག་པ་ལས་ བརྩམས་ནས། རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རབ་ཏུ་ཕྱེ་བ་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་ན་རྣམ་པ་དྲུག་གིས་རྣལ་འབྱོར་གྱི་ལམ་བསྟན་ཏེ། ཡོངས་སུ་ཤེས་པ་དང་། ཡོངས་སུ་མི་ཤེས་པ་དང་། ངོ་བོ་ཉིད་དང་། སྦྱོར་བའི་རྒྱུ་དང་། འཐོབ་པ་ དང་། འཐོབ་པའི་ཐབས་དང་། ཆུད་མི་ཟ་བར་བྱ་བའི་ཕྱིར་གདགས་པ་གཏན་ལ་དབབ་པས་དེ་བསྟན་ཏོ། དེ་ལ་ཡོངས་སུ་ཤེས་པ་དང་། ཡོངས་སུ་མི་ཤེས་པ་ཞེས་བྱ་བ་ནི་ལེའུ་འདི་བསྡུས་པའི་དོན་ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ ཞི་གནས་དང་ལྷག་མཐོང་གི་ལམ་གྱི་དབྱེ་བ་ཞེས་བྱ་བས་ལམ་གྱི་རྒྱུ་དང་། ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་བསྟན་པའི་ལུས་ཐམས་ཅད་དང་སྤྱིར་སྦྱར་ཏེ། འདིར་འཕགས་པ་བྱམས་པས་ཞུ་བ་རྣམ་པ་མང་པོ་ཞུས་པ་ནི་ཡོངས་སུ་མི་ཤེས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ལན་རྣམ་པ་མང་པོ་བཀའ་སྩལ་ པ་ནི་ཡོངས་སུ་ཤེས་པ་ཞེས་བྱའོ། །དེ་ནི་གཞུང་ཐམས་ཅད་ལ་ཡང་སྤྱིར་འདྲ་བ་ཡིན་མོད་ཀྱི་སྐབས་འདིར་ཞུས་པ་དང་ལན་བཏབ་པ་ལྷག་པར་མང་བ་དང་། བཅོམ་ལྡན་འདས་ནི་བདག་ཉིད་ཀྱིས་ཡོངས་སུ་མཁྱེན་ནས་ཡོངས་སུ་མི་ཤེས་པ་གཞན་དག་ལ་སྟོན་པར་མཛད་དོ་ཞེས་སྟོན་པའི་ཆེ་བ་ཉིད་ བསྟན་པའི་ཕྱིར་དམིགས་ཀྱིས་སྨོས་ཏེ། ལེའུ་འདི་མགོ་མཇུག་གི་བར་དུ་ཞུས་པ་དང་ལན་བཏབ་པའི་གཞུང་ཐམས་ཅད་དང་ཅི་རིགས་པར་སྦྱར་རོ། །ངོ་བོ་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་ཞེས་བྱ་བས་བསྟན་ཏེ། དེ་ལ་རྣལ་འབྱོར་ཅེས་བྱ་བའི་སྒྲ་ ནི་སྦྱོར་བ་ཞེས་བྱ་བའི་དོན་ཏེ། ལྷག་པའི་ཚུལ་ཁྲིམས་སོ། །ཞི་གནས་དང་ལྷག་མཐོང་གིས་ཞེས་བྱ་བ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་སྟེ། ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་དེ་ལ་དངོས་དང་། བརྒྱུད་པའི་ཚུལ་དུ་སྦྱོར་བར་བྱེད་པས་ན་ལྷག་པའི་ཚུལ་ ཁྲིམས་ནི་སྦྱོར་བ་ཞེས་བྱ་སྟེ། དེ་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱི་སྦྱོར་བས་ཡོངས་སུ་བསྡུས་པ་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ནི་རྣལ་འབྱོར་གྱི་ལམ་གྱི་ངོ་བོ་ཉིད་ཅེས་བྱའོ། །ཡང་གཅིག་ཏུ་ན་རྣལ་འབྱོར་ཅེས་བྱ་བའི་སྒྲ་ནི་རིགས་པ་ལ་ཡང་བྱ་སྟེ། རིགས་པ་བཞིའོ། །ཞི་གནས་དང་ལྷག་ མཐོང་ནི་སྦྱོར་བའི་རྒྱུ་ལ་སོགས་པ་ལ་ལྟོས་པས་རིགས་པས་ཡོངས་སུ་བསྡུས་པ་ཡང་ཡིན་ལ་མི་མཐུན་པའི་ཕྱོགས་སྤོང་བ་དང་། གཉེན་པོ་བསྐྱེད་པ་དང་འབྲས་བུ་འཐོབ་པར་བྱེད་པས་བྱ་བ་བྱེད་པའི་རིགས་པས་ཡོངས་སུ་བསྡུས་པ་ཡང་ཡིན། རྣལ་འབྱོར་པའི་མངོན་སུམ་ལ་སོགས་ པའི་མཚན་མ་དང་མི་འགལ་བས་འཐད་པས་བསྒྲུབས་པའི་རིགས་པས་ཡོངས་སུ་བསྡུས་པ་ཡང་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཡིན་པས་ཆོས་ཉིད་ཀྱི་རིགས་པས་ཡོངས་སུ་བསྡུས་པ་ཡང་ཡིན་པས་རིགས་པས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་ནི་རྣལ་ འབྱོར་གྱི་ལམ་གྱི་ངོ་བོ་ཉིད་ཅེས་བྱ་སྟེ། དེ་ལ་ཚིག་གི་དོན་སྤྱིར་བསྡུ་ན། ལྷག་པའི་ཚུལ་ཁྲིམས་དང་རིགས་པ་བཞིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་ནི་རྣལ་འབྱོར་གྱི་ལམ་གྱི་ངོ་བོ་ཉིད་ཡིན་ཏེ། འདི་ལྟར་ལྷག་པའི་ཚུལ་ཁྲིམས་ཀྱིས་མ་བསྡུས་པའི་ཞི་གནས་དང་ལྷག་མཐོང་ནི་ ནང་གི་རྨུགས་པ་དང་། ལྟ་བའི་ངོ་བོ་ཉིད་ཡིན་པས་ལམ་མ་ཡིན་ལ། རིགས་པས་མ་བསྡུས་པའི་ཞི་གནས་དང་ལྷག་མཐོང་ཡང་ལམ་གོལ་བ་ཡིན་པས་ལམ་མ་ཡིན་གྱི། ལྷག་པའི་ཚུལ་ཁྲིམས་དང་རིགས་པའི་རྣལ་འབྱོར་གྱིས་བསྡུས་པའི་ཞི་གནས་དང་། ལྷག་མཐོང་ནི་སྤངས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་བླ་ན་མེད་པ་ཐོབ་པའི་ལམ་ཡིན་པས་ན། དེའི་ཕྱིར་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་ནི་ངོ་བོ་ཉིད་དེ། དེ་ཡང་ལེའུ་འདི་ལས་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་བསྟན་པའི་གཞུང་ ཐམས་ཅད་དང་སྤྱིར་སྦྱར་རོ། །སྦྱོར་བའི་རྒྱུ་ནི་ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཞེས་བྱ་བས་བསྟན་ཏེ། དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ལ་གནས་ཅི་ལ་བརྟེན་ཏེ་ཞེས་བྱ་བ་ནས། འདི་ལྟ་སྟེ། དངོས་པོའི་མཐའ་དང་དགོས་པ་ཡོངས་སུ་གྲུབ་པའོ་ ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །འཐོབ་པ་དང་འཐོབ་པའི་ཐབས་དང་། ཆུད་མི་ཟ་བའི་གདགས་པ་གཏན་ལ་དབབ་པ་ནི་རབ་ཏུ་དབྱེ་བ་ཞེས་བྱ་བས་བསྟན་ཏེ། དེ་ལ་འཐོབ་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཞི་གནས་དང་ལྷག་མཐོང་གི་དམིགས་པའི་དངོས་པོ་བཞི་པོ་དེ་དག་ལ་ བརྟེན་ཅིང་གནས་ནས་ཞེས་བྱ་བ་ནས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །འཐོབ་པའི་ཐབས་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་བགྱིད་པ་ཞེས་བྱ་བ་ནས། བྱམས་པ་ལྷག་མཐོང་ནི་མ་ཡིན་ཏེ། ལྷག་མཐོང་གི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ་ཞེས་གསུངས་པའི་བར་གྱིས་བརྗོད་དོ། །ཆུད་མི་ཟ་བའི་ཕྱིར་གདགས་པ་གཏན་ལ་དབབ་པ་ནི། ཞི་གནས་ཀྱི་ལམ་དང་། ལྷག་མཐོང་གི་ལམ་ཐ་དད་ཅེས་བགྱི་ བའམ། ཐ་དད་པ་མ་ལགས་ཞེས་བགྱི་ཞེས་བྱ་བ་ལ་སོགས་པ་ལེའུ་འདི་ཉིད་ཀྱི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་སྦྱོར་བའི་རྒྱུའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། སྦྱོར་བའི་རྒྱུ་ཞེས་བྱ་བ་ནི་དང་པོ་སོ་སོའི་སྐྱེ་བོའི་གནས་སྐབས་ན་རྣལ་འབྱོར་པ་ལས་དང་པོ་པས་ རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་དེ་ལ་སྦྱོར་བའི་རྒྱུ་གང་ཡིན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། གནས་ཀྱི་སྦྱོར་བའི་རྒྱུ་དང་། རྟེན་གྱི་སྦྱོར་བའི་རྒྱུ་དང་། དམིགས་པའི་སྦྱོར་བའི་རྒྱུ་བསྟན་པའོ། །དེ་ལ་དང་པོར་གནས་ཀྱི་སྦྱོར་བའི་རྒྱུ་དང་། རྟེན་ གྱི་སྦྱོར་བའི་རྒྱུ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་མཚམས་སྦྱོར་བ་ཇི་ལྟ་བུ་ཞེ་ན། འདིར་འཕགས་པས་གཞན་དག་འདི་སྙམ་དུ་རབ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་ པ་ཐམས་ཅད་ལ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པ་ནི་ས་འོག་མའི་རགས་པ་ཉིད་ལ་གནས་ཤིང་ས་གོང་མའི་ཞི་བ་ཉིད་ལ་གནས་ཤིང་སྦྱོར་བར་བྱེད། འཇིག་རྟེན་ལས་འདས་པ་ཐེག་པ་གཉིས་ནི་འཁོར་བའི་ཉེས་དམིགས་ལ་གནས་ཤིང་མྱ་ངན་ལས་འདས་པའི་ཕན་ཡོན་ལ་བརྟེན་ཏེ་སྦྱོར་བར་བྱེད་ན། འཇིག་རྟེན་ལས་འདས་པའི་ཐེག་པ་ཆེན་པོ་ལ་རྣལ་འབྱོར་པ་རྣམ་པ་ཅི་ལ་གནས་ཤིང་ཅི་ལ་བརྟེན་ཏེ་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་ལ་སྦྱོར་བར་བྱེད་སྙམ་དུ་སེམས་པ་རྣམས་ཀྱི་བསམ་པ་ལ་བརྟགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའ་ཅི་ལ་གནས་ཅི་ལ་བརྟེན་ཏེ། ཐེག་པ་ཆེན་པོ་ལ་ཞི་གནས་དང་ལྷག་མཐོང་སྒོམ་པར་བགྱིད་ལགས་ཞེས་ཞུས་པར་སྦྱར་རོ། །དེ་ལ་ཅི་ལ་གནས་ཞེས་བྱ་བས་ནི་གནས་ཀྱི་སྦྱོར་བའི་རྒྱུ་གང་ལགས་ཞེས་ཞུས་པ་ཡིན་ཏེ། དེས་ནི་ཐབས་ཀྱི་རྒྱུ་བསྟན་ཏོ། ཅི་ལ་བརྟེན་ཏེ་ཞེས་བྱ་བས་ནི་འཇིག་རྟེན་ གྱི་སྦྱོར་བའི་རྒྱུ་གང་ལགས་ཞེས་ཞུས་པ་ཡིན་ཏེ། དེས་ནི་ཆུད་མི་ཟ་བའི་རྒྱུ་སྟོན་ཏོ། །ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ལ་ཞེས་བྱ་བའི་ཐ་ཚིག་སྟེ། དེས་ནི་འཇིག་རྟེན་པ་དང་། ཐེག་པ་གཉིས་ལས་ཁྱད་པར་དུ་འཕགས་པའི་ལམ་སྟོན་ཏོ། །ཞི་གནས་ དང་ལྷག་མཐོང་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། རིགས་པ་བཞིས་ཡོངས་སུ་བསྡུས་པའི་སེམས་དང་། ལྷག་པའི་ཤེས་རབ་ཅེས་བྱ་བའི་ཐ་ཚིག་སྟེ། དེས་ནི་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་སྟོན་ཏོ། །སྒོམ་པར་བགྱིད་པ་ ལགས་ཞེས་བྱ་བ་ནི་ལམ་གྱི་ངོ་བོ་ཉིད་དེ་ལ་ཇི་ལྟར་སྦྱོར་བར་བགྱིད་ཅེས་ཞུས་པ་ཡིན་ཏེ། དེས་ནི་ལམ་གྱི་ངོ་བོ་ཉིད་ལ་རྣལ་འབྱོར་དུ་བྱེད་པ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་བསྟན་པའི་དབང་དུ་མཛད་ནས། བྱམས་པ་ཆོས་གདགས་པ་རྣམ་པར་གཞག་པ་དང་། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ལ་གནས་ཤིང་བརྟེན་ནས་སོ་ཞེས་བྱ་བ་གསུངས་ཏེ། ཆོས་གདགས་པ་རྣམ་པར་གཞག་པ་ལ་ནི་གནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་མི་གཏོང་བ་ལ་ནི་བརྟེན་ཏེ། ཐེག་པ་ཆེན་པོ་ལ་རྣལ་འབྱོར་གྱིས་ཡོངས་ སུ་བསྡུས་པའི་ཞི་གནས་དང་། ལྷག་མཐོང་གི་ལམ་གྱི་ངོ་བོ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེས་ཅི་བསྟན་ཅེ་ན། ཆོས་གདགས་པ་རྣམ་པར་གཞག་པ་ནི་བཤད་པའི་ཆོས་ཀྱི་ཚོགས་ཡིན་པའི་ཕྱིར་དེ་ལ་གནས་པ་ནི་འཇིག་རྟེན་པ་ལས་འདས་པའི་གོ་འཕང་ཐོབ་པའི་ སྔོན་དུ་འགྲོ་བ་ཡིན་པས། དེ་ནི་འཇིག་རྟེན་པའི་གནས་དང་རྟེན་གྱི་སྦྱོར་བའི་རྒྱུ་ལས་ཁྱད་པར་དུ་འཕགས་པའི་གནས་ཀྱི་སྦྱོར་བའི་རྒྱུ་ཡིན་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྟོགས་པའི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར། དེར་སྨོན་ལམ་མི་གཏོང་བ་ནི་བྱང་ཆུབ་ཆེན་པོར་འདྲེན་པར་ བྱེད་པའི་ཆོས་ཀྱི་སྔོན་དུ་འགྲོ་བ་ཡིན་པས་དེ་ནི་ཐེག་པ་གཉིས་ཀྱི་གནས་དང་རྟེན་གྱི་སྦྱོར་བའི་རྒྱུ་ལས་ཁྱད་པར་དུ་འཕགས་པའི་རྟེན་གྱི་སྦྱོར་བའི་རྒྱུ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་ཆོས་གདགས་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་ལུང་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ གདགས་པ་རྣམ་པར་གཞག་པ་ནི་རྣམ་པ་བཞི་སྟེ། ཆོས་གདགས་པ་རྣམ་པར་གཞག་པ་དང་། བདེན་པ་གདགས་པ་རྣམ་པར་གཞག་པ་དང་། རིགས་གདགས་པ་རྣམ་པར་གཞག་པ་དང་། ཐེག་པ་གདགས་པ་རྣམ་པར་གཞག་པ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའམ། བྱང་ ཆུབ་སེམས་དཔའ་ཁོ་ན་ཡང་དག་པར་འདོགས་ཤིང་རྣམ་པར་འཇོག་པར་མཛད་ཀྱི། ལྷར་གྱུར་པའམ། མིར་གྱུར་པའམ། དགེ་སྦྱོང་དང་། བྲམ་ཟེར་གྱུར་པ་གཞན་གང་གིས་ཀྱང་མི་ནུས། དེ་དག་ཉིད་ལས་ཐོབ་པ་ནི་མ་གཏོགས་སོ་ཞེས་གསུངས་པ་ལས་ཆོས་གདགས་པ་རྣམ་པར་གཞ