Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 205

Văn bản gốc(Tây Tạng)

Trang 4 / 20 (50.000 ký tự/trang)
་མོས་པ་ལྟ་བུའོ། །དེ་ལྟར་རོ་ཆེན་པོ་ལ་བརྟེན་བརྟེན་པས་རོ་ཆུང་ངུ་མི་རྟོགས་པ་བཞིན་དུ་རྟོག་གེ་པ་ཀུན་དུ་ཚོལ་བའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་སྦྱར་
རོ། །སྦྲང་རྩིའི་རོ་འམ་ཤ་ཀ་རའི་རོ་ཞེས་བྱ་བའི་རོ་ནི་སོ་སོ་རང་རིག་པ་ཡིན་པའི་ཕྱིར་རོ། །བརྟག་པའམ། རྗེས་སུ་དཔག་པ་འམ། མོས་པར་མི་ནུས་སོ་ཞེས་བྱ་བ་ནི་རྟོག་གེ་དང་རྗེས་སུ་དཔག་པའི་སྟོབས་དང་། མོས་པའི་སྟོབས་ཀྱིས་ཏེ་གོ་རིམས་བཞིན་ནོ། །ཡུན་རིང་པོ་ནས་འདོད་

པའི་འདོད་ཆགས་ལ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་འདོད་པ་ལ་མོས་པའི་དཔེ་སྟོན་ཏེ། འདོད་པ་ལ་མོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་འདོད་པའི་ཡོན་ཏན་ལྔ་ལ་མོས་པ་ཉོན་མོངས་པའི་འདོད་པ་དང་། དངོས་པོའི་འདོད་པའི་ཡོངས་སུ་གདུང་བ་དག་གིས་ཡོངས་སུ་གདུང་བ་སྟེ། དེས་ནང་
གི་རབ་ཏུ་དབེན་པའི་བདེ་བ་ལ་རྟོག་པ་ལ་སོགས་པར་མི་ནུས་པ་བཞིན་དུ་རྟོག་གེ་པ་མངོན་པའི་ང་རྒྱལ་གྱི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་མཚན་མ་མེད་པའི་སྤྱོད་ཡུལ་ལ་འཇུག་པ་ལ་སོགས་པར་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །ནང་གི་རབ་ཏུ་དབེན་པའི་བདེ་བ་ཞེས་བྱ་བ་ནི་བསམ་གཏན་གྱི་དངོས་
གཞི་ཐོབ་པའི་བདེ་བའོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་མཚན་མ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་དེ་ནི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་བསྐྱེད་པ་མ་ཡིན་པའི་ཕྱིར་རོ། །ཡུན་རིང་པོ་ནས་ཀུན་དུ་སྨྲ་བ་ལ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་རྟོག་པ་ལ་མོས་
པའི་དཔེ་སྟོན་ཏེ། རྣམ་པར་རྟོག་པ་ལ་མོས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྱེ་བྲག་ཏུ་རྣམ་པར་རྟོག་པས་ངག་ཀུན་ནས་བསླང་བའི་བརྗོད་པ་ལ་མངོན་པར་ཞེན་པ་སྟེ། དེས་ནང་གི་མི་སྨྲ་བ་འཕགས་པའི་བདེ་བ་ལ་བརྟག་པ་ལ་སོགས་པར་མི་ནུས་པ་བཞིན་དུ། རྟོག་གེ་མངོན་པར་ཞེན་པའི་ཉེས་
པ་དང་ལྡན་པས་ཀྱང་དོན་དམ་པ་བརྗོད་དུ་མེད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །ནང་གི་མི་སྨྲ་བ་འཕགས་པའི་བདེ་བ་ཞེས་བྱ་བ་ནི་ཟག་པ་མེད་པའི་དབྱིངས་ལ་མཉམ་པར་གཞག་པའོ། །ཡུན་རིང་པོ་ནས་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་
པའི་ཐ་སྙད་ལ་མོས་པ་ཞེས་བྱ་བ་ལ་སོགས་པས་ནི་ཐ་སྙད་ལ་མོས་པའི་དཔེ་སྟོན་ཏེ། ཐ་སྙད་ལ་མོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་མཐོང་བ་ལ་སོགས་པའི་ཐ་སྙད་ལ་མོས་པ་སྟེ། དེས་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ལ་བརྟག་པ་
ལ་སོགས་པར་མི་ནུས་པ་བཞིན་དུ་རྟོག་གེ་པ་འདོགས་པའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་

ལས་འདས་པའི་དབྱིངས་སོ། །ཡུན་རིང་པོ་ནས་བདག་གིར་ཡོངས་སུ་འཛིན་པ་ཉིད་ཀྱིས་རྩོད་པ་ལ་བརྩོན་པ་ཞེས་བྱ་བ་ལ་སོགས་པས་བདག་གིར་འཛིན་པ་ལ་མོས་པའི་དཔེས་སྟོན་ཏེ། བདག་གིར་འཛིན་པ་ལ་མོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་བདག་གིར་འཛིན་པས་
བདག་གི་ཕྱོགས་ལ་རྗེས་སུ་ཆགས་པ་དང་། གཞན་གྱི་ཕྱོགས་ལ་ཁོང་ཁྲོ་བས་རྩོད་པར་འགྱུར་བ་སྟེ། དེས་བྱང་གི་སྒྲ་མི་སྙན་པ་དག་གི་བདག་གིར་འཛིན་པ་མེད་པས་རྩོད་པ་མེད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་པ་བཞིན་དུ་རྟོག་གེ་པ་རྩོད་པའི་ཉེས་པ་དང་ལྡན་པས་ཀྱང་དོན་དམ་པ་རྩོད་པ་མེད་པ་
ཐམས་ཅད་ཡང་དག་པར་ཆད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །བྱང་གི་སྒྲ་མི་སྙན་པ་དག་གི་བདག་གིར་ཡོངས་སུ་འཛིན་པ་མེད་པ་ཉིད་དང་རྩོད་པ་མེད་པ་ཉིད་ཅེས་བྱ་བ་ནི་དེ་ན་བདག་གིར་འཛིན་པ་མེད་པས་རྩོད་པ་མེད་དེ། རྩོད་པའི་གཞི་མེད་པའི་ཕྱིར་རོ། །ཆོས་
འཕགས་དེ་བཞིན་དུ་རྟོག་གེ་པ་ཐམས་ཅད་ཀྱིས་ཀྱང་དོན་དམ་པ་རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་མཚན་ཉིད་ལ་བརྟག་པའམ། རྗེས་སུ་དཔག་པའམ། མོས་པར་མི་ནུས་སོ་ཞེས་བྱ་བས་ནི་དེ་ལྟར་གང་ཟག་ཡོད་པ་སེལ་བར་མོས་པ་དང་། འདོད་པ་ལ་མོས་པ་དང་། རྣམ་པར་
རྟོག་པ་ལ་མོས་པ་དང་། ཐ་སྙད་ལ་མོས་པ་དང་། བདག་གིར་འཛིན་པ་ལ་མོས་པ་དག་གིས་རང་རིག་པའི་རོ་དང་། ནང་གི་རབ་ཏུ་དབེན་པའི་བདེ་བ་དང་། ནང་གི་མི་སྨྲ་བ་འཕགས་པའི་བདེ་བ་དང་། ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་འཇིག་ཚོགས་འགོག་པའི་མྱ་ངན་ལས་འདས་པ་དང་།
བྱང་གི་སྒྲ་མི་སྙན་པ་དག་གི་བདག་གིར་ཡོངས་སུ་འཛིན་པ་མེད་པ་ཉིད་དང་། རྩོད་པ་མེད་པ་ལ་བརྟག་པ་ལ་སོགས་པར་མི་ནུས་པ་བཞིན་དུ་རྟོག་གེ་པ་ཀུན་དུ་ཚོལ་བའི་ཉེས་པ་དང་། མངོན་པའི་ང་རྒྱལ་གྱི་ཉེས་པ་དང་། འདོགས་པའི་ཉེས་པ་དང་། རྩོད་པའི་ཉེས་པ་དང་ལྡན་པ་དག་གིས་ཀྱང་
དོན་དམ་པ་སོ་སོ་རང་རིག་པ་དང་། མཚན་མ་མེད་པའི་སྤྱོད་ཡུལ་དང་། བརྗོད་དུ་མེད་པ་དང་། ཐ་སྙད་ཐམས་ཅད་ཡང་དག་པར་ཆད་པ་དང་། རྩོད་པ་ཐམས་ཅད་ཡང་དག་པར་ཆད་པ་ལས་བརྟག་པ་ལ་སོགས་པར་མི་ནུས་སོ་ཞེས་དཔེས་མཚོན་པའི་དོན་གྱི་མཇུག་བསྡུ་བ་བསྟན་པ་སྟེ།

དེ་ནི་དཔེའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་དུ་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་
ཚུལ་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་རྟོག་གེ་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་ཚིགས་སུ་བཅད་པས་མདོར་བསྡུ་བའི་མཚན་ཉིད་མངོན་པར་བསྒྲུབ་པའི་ཚུལ་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་
ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་ཏེ། དེ་ལ་སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་བཅད་པ། །རྩོད་
དང་བྲལ་བ་དོན་དམ་ཆོས་ཉིད་དེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པའི་དོན་ལྔ་དང་སྔར་དོན་དམ་པའི་མཚན་ཉིད་གོང་ནས་གོང་དུ་མངོན་པར་བསྒྲུབ་པའི་ཚུལ་རྣམ་པ་ལྔ་བསྟན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དོན་དམ་པ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་
པའི་མཚན་ཉིད་དང་ལྡན་པར་བསྟན་པར་རིག་པར་བྱའོ། །ལེའུ་གཉིས་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱི་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་ནས། ད་ནི་ཐ་དད་པ་དང་། ཐ་
དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱིས་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་
གིས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་འཕགས་པ་བློ་གྲོས་ཤིན་ཏུ་རྣམ་དག་གི་ལེའུ་གསུམ་པ་འདི་གསུངས་སོ། །དེ་ལ་ལེའུ་གསུམ་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་

དབྱེ་ན་རྣམ་པ་བཞི་སྟེ། དོན་དམ་པའི་མཚན་ཉིད་རྣམ་པར་གཞག་པ་དང་། དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་གཞག་པ་དང་། དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་དང་། དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པའོ། །དེ་
ལ་དོན་དམ་པའི་མཚན་ཉིད་རྣམ་པར་གཞག་པ་ནི། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས་བྱ་བ་ནས་ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ལགས་སོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་ལ་ཤིན་ཏུ་རྨོངས་པའི་མཚན་
ཉིད་རྣམ་པར་གཞག་པ་ནི། བཅོམ་ལྡན་འདས་འདི་ནི་བདག་གིས་ས་ཕྱོགས་ཞིག་ན་ཞེས་བྱ་བ་ནས་ཚུལ་བཞིན་དུ་ཞུགས་པ་མ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཚར་ཐ་མའི་བར་གྱིས་བསྟན་ཏོ། །དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ནི། བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ་
དཔེར་ན་ཞེས་བྱ་བ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བསྙད་པའི་གསལ་བར་བྱས། རྣམ་པར་ཕྱེ། གདགས་པ་བྱས། རབ་ཏུ་བསྟན་ཏོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་
ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་དོན་དམ་པ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་བསྡུ་བ་བསྟན་པ་དང་སྦྱར་རོ། །དེ་ལ་དང་པོར་དོན་དམ་པའི་མཚན་
ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དོན་དམ་པའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་སྐབས་འདིར་དོན་དམ་པ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་། ཕྲ་བ། ཟབ་པ། རྟོགས་པར་དཀའ་བའི་རང་བཞིན་
བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ཏུ་བཀའ་སྩལ་པ་ཉིད་འདིར་མདོར་སྨོས་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། འདིར་འཕགས་པ་བློ་གྲོས་ཤིན་ཏུ་རྣམ་དག་གིས་བཅོམ་ལྡན་འདས་ལ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་འདི་སྐད་ཅེས་

བྱ་བ་ལ་སོགས་པ་གསོལ་ཏོ། །དེ་ལ་གང་གི་སླད་དུ་ཞེས་བྱ་བ་ནི་དོན་དམ་པའི་མཚན་ཉིད་བསྟན་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །ཕྲ་བ། ཟབ་པ། རྟོགས་པར་དཀའ་བ་ཞེས་བྱ་བ་ནི་གོང་ནས་གོང་དུ་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །ངོ་མཚར་ལགས་སོ་ཞེས་བྱ་བ་ནི་རྒྱ་ཆེ་བ་དང་། ཟབ་པའི་སྒོ་
ནས་བསྟོད་པའི་ཚིག་སྟེ། དེ་ནི་དམ་པའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་གཞག་པའི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པ་ཐ་དད་པ་དང་།
ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་དེ་ནི་ངེས་པའི་དོན་དུ་རྣམ་པར་གཞག་པ་སྟེ། སར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་དེ་ལ་དང་པོའི་དོན་རྣམ་པར་གཞག་པ་ལ་མངོན་པར་ཞེན་པ་མོས་པས་སྤྱོད་པའི་ས་ལ་གནས་པའི་བྱང་
ཆུབ་སེམས་དཔའ་རྣམས་ཤིན་ཏུ་རྨོངས་པར་གྱུར་པའི་མཚན་ཉིད་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་འདི་ན་བདག་གིས་ས་ཕྱོགས་ཤིག་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་མོས་པས་སྤྱོད་པའི་ས་ལ་གནས་
པའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་རྨོངས་པ་གཉིས་ཀྱིས་ཤིན་ཏུ་རྨོངས་ནས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་ཏེ། གདགས་པ་ལ་ཤིན་ཏུ་རྨོངས་པ་དང་། རིགས་པ་ལ་ཤིན་ཏུ་རྨོངས་པས་སོ། །དེ་ལ་གདགས་པ་ལ་ཤིན་ཏུ་རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པ་
པས་སེམས་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྐད་ཅེས་བྱ་བ་ནས་དོན་དམ་པ་མངོན་སུམ་དུ་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །རིགས་པ་ལ་ཤིན་ཏུ་རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ནི། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་
ཏུ་རྣམ་དག་ཅེས་བྱ་བ་ནས་ཚུལ་བཞིན་དུ་བཞུགས་པ་མ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཚར་ཐ་མའི་བར་གྱིས་བསྟན་ཏོ། །དེ་ལ་གདགས་པ་ལ་ཤིན་ཏུ་རྨོངས་པ་ཞེས་བྱ་བ་ནི་ངེས་པའི་དོན་གྱི་མདོ་སྡེ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་ཏེ། དེ་དག་བཅོམ་ལྡན་འདས་ཀྱིས་དྲང་བའི་དོན་གྱི་མདོ་སྡེ་

གདགས་པ་མཛད་པའི་རྗེས་སུ་འབྲང་བ་ཡིན་པས་ངེས་པའི་དོན་གྱི་མདོ་སྡེ་གདགས་པ་མཛད་པ་ལ་ཤིན་ཏུ་རྨོངས་ཤིང་ང་ལས་ཕྱི་རོལ་དུ་གྱུར་པའི་དོན་དམ་པ་ལ་ཚུལ་བཞིན་དུ་མ་ཡིན་པར་སེམས་པར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་འདུ་
བྱེད་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ལགས་སོ་ཞེས་མཆི་ཞེས་བྱ་བ་དང་། ཐ་དད་པ་ལགས་སོ་ཞེས་མཆི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདུ་བྱེད་ཀྱི་མཚན་ཉིད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་སྐྱེ་བ་དང་། གནས་པ་དང་། འཇིག་པའོ། །
དོན་དམ་པའི་མཚན་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་བདག་མེད་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་གཉིས་ནི་ངེས་པའི་དོན་གྱི་མདོ་སྡེ་ལས་འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང་། ངོ་བོ་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པས་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་
དག་པར་འདས་པའི་མཚན་ཉིད་ཡིན་པར་གསུངས་ན། དེ་དག་ནི་ངེས་པའི་དོན་གྱི་མདོ་སྡེ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་དྲང་བའི་དོན་གྱི་མདོ་སྡེ་ལས་ཁ་ཅིག་ཏུ་འདུ་བྱེད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ལ། དོན་དམ་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པས། ངོ་བོ་ཉིད་རྣམ་པར་གཞག་པའི་སྒོ་
ནས་ཐ་དད་པ་སྐད་ཀྱང་བཀའ་སྩལ། ཁ་ཅིག་ཏུ་གཞན་གྱི་དབང་གི་ངོ་བོ་ཉིད་ཡོངས་སུ་དག་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པས་རང་བཞིན་གཅིག་པའི་སྒོ་ནས་ཐ་དད་པ་མ་ཡིན་པ་སྐད་ཀྱང་བཀའ་སྩལ་པའི་མདོ་དེ་ཉིད་ཀྱི་རྗེས་སུ་འབྲང་བ་སྒྲ་ཇི་བཞིན་དུ་འཛིན་པས་ཁ་ཅིག་ནི་ཐ་དད་པ་མ་ཡིན་ཞེས་ཟེར་
ཏེ། དེ་གཉིས་ཀ་ཡང་གདགས་པ་ལ་གཅིག་ཏུ་རྨོངས་པ་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐེ་ཚོམ་དུ་གྱུར་པའི་བློ་གྲོས་ཅན་ཡིད་གཉིས་སུ་གྱུར་པ་ཞེས་བྱ་བ་དག་ཀྱང་དེ་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །གང་ནི་མེད་པར་མཆི་བ་ལགས་གང་ནི་ཤོ་བེ་
མཆི་བ་ལགས་ཞེས་བྱ་བ་ནི་འདིར་ངེས་པའི་དོན་གྱི་མདོ་སྡེ་བསམ་པའི་སྐབས་སུ་གཉིས་ཀ་ཡང་བརྫུན་པ་ཡིན་པར་བྱའོ། །གང་ནི་ཚུལ་བཞིན་དུ་ཞུགས་པ་ལགས། གང་ནི་ཚུལ་བཞིན་མ་ལགས་པར་ཞུགས་པ་ལགས་ཞེས་བྱ་བ་ཡང་གཉི་ག་ངེས་པའི་དོན་ལ་ཚུལ་བཞིན་མ་ཡིན་པར་ཞུགས་པ་ཡིན་

པར་སྦྱར་རོ། །བདག་འདི་སྙམ་བགྱིད་དེ་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་ངེས་པའི་དོན་གྱི་མདོ་སྡེ་ལས་ཕྱི་རོལ་དུ་གྱུར་པ་དངོས་སུ་སྟོན་ཏོ། །བྱིས་པ་རྨོངས་པ་མི་གསལ་བ། མི་མཁས་པ་ཞེས་བྱ་བ་དག་ནི་རྣམ་གྲངས་སོ། །རྟོགས་པ་དང་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ཏེ་དེ་
དག་ནི་གདགས་པ་ལས་ཤིན་ཏུ་རྨོངས་པའི་ཚིག་གི་དོན་བཤད་པ་ཡིན་ནོ། །དེ་ལ་རིགས་པ་ལ་ཤིན་ཏུ་རྨོངས་པ་ལ་ཞེས་བྱ་བ་ནི་གཏན་ཚིགས་དང་དཔེའི་ཡན་ལག་མངོན་པར་མི་ཤེས་པའི་ཕྱིར་ཏེ། གཏན་ཚིགས་ཀྱི་ཡན་ལག་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་དང་། མཐུན་པའི་ཕྱོགས་ལ་
ཡོད་པ་དང་། མི་མཐུན་པའི་ཕྱོགས་ལས་ལྡོག་པ་དང་། དཔེའི་ཡན་ལག་ཆོས་མཐུན་པའི་དཔེ་དང་། ཆོས་མི་མཐུན་པའི་དཔེ་དག་མི་ཤེས་པས་ན་གལ་ཏེ་ཐ་དད་པ་མ་ཡིན་པར་གྱུར་ན་ནི་སྐྱོན་འདིར་འགྱུར་རོ། །གལ་ཏེ་ཐ་དད་པ་ཡིན་པར་གྱུར་ན་ནི་སྐྱོན་འདིར་འགྱུར་རོ་ཞེས་བྱ་བའི་རིགས་པ་ལ་ཤིན་ཏུ་
རྨོངས་པས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཤིན་ཏུ་རྣམ་དག་ཅེས་བྱ་བ་ལ་སོགས་པས་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་གཏན་ཚིགས་སྟོན་ཏེ། བསྒྲིམ་
མི་དགོས་པར་ཤེས་པ་དང་། བསྒྲིམས་ཀྱང་མི་ཤེས་པ་ནི་གཏན་ཚིགས་ཉེས་པར་ཐལ་བར་འགྱུར་བ་མེད་པས་གཏན་ཚིགས་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སར་ཆུད་པའི་བྱང་ཆུབ་སེམས་དཔའ་དོན་དམ་པའི་མཚན་ཉིད་ལ་མཁས་པ་རྣམས་ཀྱིས་ནི་སྔོན་གོམས་པའི་དབང་གིས་བསྒྲིམ་མི་དགོས་
པ་དོན་འདི་ཤེས་པས་དེ་དག་ལ་ཡང་གཏན་ཚིགས་འདི་ཉེས་པར་ཐལ་བར་འགྱུར་བ་མེད་པས་གཏན་ཚིགས་ཡོངས་སུ་དག་པ་ཡིན་ལ། མོས་པས་སྤྱོད་པའི་ས་ལ་གནས་པ་དོན་དམ་པའི་མཚན་ཉིད་ལ་མི་མཁས་པ་རྣམས་ཀྱིས་ནི་སྔོན་མ་གོམས་པའི་ཕྱིར་བསྒྲིམས་ཀྱང་དོན་འདི་མི་ཤེས་ཏེ་མི་ཤེས་པ་ནི་དེ་
དག་ཉིད་ཀྱི་ཉེས་པ་ཡིན་གྱི། གཏན་ཚིགས་ཀྱི་ཉེས་པ་མ་ཡིན་པས་དེ་དག་ལ་ཡང་། ཡང་གཏན་ཚིགས་ཀྱི་ཉེས་པར་ཐལ་བར་འགྱུར་བ་མེད་པས་གཏན་ཚིགས་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གཏན་ཚིགས་ཡོངས་སུ་དག་པ་འདིས་བརྟགས་ན་ཐ་དད་པ་ཡིན་པར་གྱུར་

ན་ཡང་སྐྱོན་དུ་འགྱུར་ལ། ཐ་དད་པ་མ་ཡིན་པར་གྱུར་ན་ཡང་སྐྱོན་དུ་འགྱུར་བར་སྣང་བ་ལགས་ན། མོས་པས་སྤྱོད་པའི་ས་ལ་གནས་པ་དེ་དག་གིས་ཐ་དད་པ་དང་། ཐ་དད་པ་མ་ཡིན་པའི་སྐྱོན་མ་རྟོགས་ན་མཐའ་གཉིས་སུ་སོ་སོར་སྨྲ་བ་ནི་རིགས་པ་ལ་ཤིན་ཏུ་རྨོངས་པས་དོན་
དམ་པ་ལ་ཚུལ་བཞིན་མ་ཡིན་པའི་སེམས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལ་གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་ཐ་དད་པ་མ་ཡིན་པར་གྱུར་ན་ནི་ཞེས་བྱ་བ་ལ་སོགས་པའི་ཚར་གྱིས་ནི་ཐ་དད་པ་མ་ཡིན་པར་གྱུར་ན་བདེན་པ་མཐོང་བ་རྣམས་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བར་གྱུར་
པ་ལ་སོགས་པ་སྨྲས་པར་ཐལ་བར་འགྱུར་བ་སྟོན་ཏོ། །ད་ནི་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་བདེན་པ་མཐོང་བ་ཡིན་པར་ཡང་འགྱུར་ཞེས་བྱ་བ་ནི་དེ་དག་གིས་མཚན་མ་དང་བྲལ་བར་རྟོགས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཁོ་ནར་འགྱུར་བཞིན་དུ་ཞེས་བྱ་བ་ནི་བདེན་པ་རྟོགས་
པར་བྱ་བའི་ཕྱིར་སྦྱོར་བ་མ་བརྩམས་པ་ཁོ་ནར་རོ། །གྲུབ་པ་དང་བདེ་བ་ཞེས་བྱ་བ་ལམ་མ་ཐོབ་པ་ཐོབ་པ་ནི་གྲུབ་པའོ། །ཐོབ་པ་ཆུད་མི་ཟ་བ་ནི་བདེ་བའོ། །འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བར་འགྱུར་ཞེས་བྱ་བ་ནི་གཞན་མཐོང་བས་གཞན་དང་བྲལ་བར་མི་འགྱུར་བའི་ཕྱིར་རོ། །མཚན་མའི་འཆིང་བ་ལས་རྣམ་པར་
མ་གྲོལ་བར་ཡང་འགྱུར་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བའི་ཕྱིར་གཟུགས་ལ་སོགས་པའི་མཚན་མ་ལས་རྣམ་པར་མི་གྲོལ་བའི་ཕྱིར་རོ། །གནས་ངན་ལེན་གྱི་འཆིང་བ་ལས་ཀྱང་རྣམ་པར་མ་གྲོལ་བར་འགྱུར་ཞེས་བྱ་བ་ནི་མཚན་མ་མ་སྤངས་པས་དེ་ཡང་མ་སྤངས་པར་རྗེས་སུ་དཔག་པའི་ཕྱིར་ཡིན་གྱི།
འདི་ནི་སྤོང་བ་ནི་དེ་ལ་སྤོང་བ་ལ་རག་ལས་པ་མ་ཡིན་ཏེ། དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །གང་དག་ཅེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་རིགས་པ་ལ་ཤིན་ཏུ་རྨོངས་པ་སྔ་མ་དག་གོ། །འདུ་བྱེད་ཀྱི་མཚན་ཉིད་ཀུན་ནས་ཉོན་མོངས་པའི་མཚན་ཉིད་དུ་རྟོགས་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཕྱིར།
ཀུན་དུ་རྟོག་པའི་མཚན་ཉིད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྤྱིའི་མཚན་ཉིད་དུ་གྱུར་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་ཐ་དད་པ་ཡིན་ན། དཔེ་གཟུགས་དྲི་ལ་སོགས་པ་གཞན་གྱི་སྤྱིའི་མཚན་ཉིད་ཡིན་པར་གྲགས་པ་མེད་པ་ལྟ་བུར་འགྱུར་བའོ། །བྱེ་བྲག་མེད་པར་ཞེས་བྱ་བ་ནི་དེ་བཞིན་ཉིད་

ཀྱི་འདུ་བྱེད་ཐམས་ཅད་ལ་སྤྱིར་ཁྱབ་པའོ། །གོང་དུ་དོན་དམ་པ་ཡོངས་སུ་ཚོལ་བར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་མཚན་མ་རྟོགས་ནས་དེའི་གོང་དུ་དེ་བཞིན་ཉིད་ཡོངས་སུ་ཚོལ་བར་མི་འགྱུར་རོ། །འདུ་བྱེད་རྣམས་ཀྱི་བདག་མེད་པ་ཙམ་དང་། ངོ་བོ་ཉིད་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར་ཡང་མི་
འགྱུར་རོ་ཞེས་བྱ་བ་ནི་དེའི་མཚན་ཉིད་ཐ་དད་པ་བརྒྱུད་ན་ཞེས་བྱ་བར་དགོངས་སོ། །ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་རྣམ་པར་བྱང་བའི་མཚན་ཉིད་ཀྱང་དུས་གཅིག་ཏུ་མཚན་ཉིད་ཐ་དད་དུ་གྲུབ་པར་འགྱུར་རོ་ཞེས་བྱ་བས་ནི་གང་ལ་མཚན་མ་ལས་དེ་བཞིན་ཉིད་ཐ་མི་དད་པ་དེ་ལ་ནི་དུས་གཅིག་ཏུ་འགྲུབ་
པར་བརྟག་མི་ནུས་སོ། །ཡང་ན་མཚན་མ་རྣམ་པར་གཞིག་པ་དེ་བཞིན་ཉིད་ཡིན་ན་ཡང་མཚན་མའི་དུས་ན་ནི་དེ་བཞིན་ཉིད་མེད་ལ་དེ་བཞིན་ཉིད་ཀྱི་དུས་ན་ཡང་མཚན་མ་མེད་པ་ཁོ་ན་ཡིན་པས་དུས་གཅིག་ཏུ་འགྲུབ་ཏུ་མི་རུང་བ་དེ་དུས་གཅིག་ཏུ་འགྲུབ་པའི་སྐྱོན་དུ་འགྱུར་རོ། །ཚུལ་བཞིན་དུ་ཞུགས་པ་མ་
ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གདགས་པ་ལ་ཤིན་ཏུ་རྨོངས་པ་དང་། རིགས་པ་ལ་ཤིན་ཏུ་རྨོངས་པས་ངེས་པའི་དོན་ལ་ཚུལ་བཞིན་དུ་ཞུགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། དེ་ནི་དེ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དཔེའི་མཚན་ཉིད་རྣམ་
པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་གཏན་ཚིགས་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་གང་
ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བློ་གྲོས་ཤིན་ཏུ་རྣམ་པར་དག་པ་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་དཔེའི་མཚན་ཉིད་རྣམ་པར་གཞག་པ་ནི་གདུལ་བའི་བསམ་པ་དང་། མོས་པ་ཐ་དད་པའི་དབང་དུ་མཛད་ནས་འཇིག་རྟེན་ལ་གྲགས་པའི་གཟུགས་དང་སྒྲ་དང་།
དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱི་མཚན་གཞི་དང་མཚན་ཉིད་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་རྣམས་རྨོངས་སོ། །དེ་ལ་དུང་དང་གསེར་ནི་གཟུགས་སོ། །པི་ཝང་གི་སྒྲ་ནི་སྒྲའོ། །ཨ་ཀ་རུ་ནག་པོའི་དྲི་ནི་དྲིའོ། །

ན་ལེ་ཤམ་གྱི་ཚ་བ་དང་ཨ་རུ་རའི་མངར་བ་ནི་རོའོ། །ཤིང་བལ་གྱི་འདབ་མའི་འཇམ་པ་ནི་རེག་བྱའོ། །མར་ལ་སོགས་པ་ལྷག་མ་རྣམས་ནི་ཆོས་ཏེ། ཆོས་དེ་དག་ཀྱང་། གཟུགས་དང་། སེམས་དང་སེམས་ལས་བྱུང་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་
ཆོས་རྣམས་དང་ཅི་རིགས་པར་སྦྱར་རོ། །དེ་དག་གི་ཚིག་གི་དོན་ནི་དུང་གི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པའི་མཚན་ཉིད་ཡིན་པའི་ཕྱིར་དཀར་པོ་ཉིད་དང་ཐ་དད་པ་ཡང་མ་ཡིན་ཐ་མི་དད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དུང་གི་རྫས་ནི་འབྱུང་བ་ལས་གྱུར་པ་ཁ་དོག་ཙམ་དུ་ཟད་པ་ཡང་མ་ཡིན་ནོ། །
ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་དཔེས་མཚོན་པའི་དོན་ནི་གཏན་ཚིགས་སྔར་བསྟན་པ་བཞིན་དུ་སྦྱར་རོ། །བློ་གྲོས་ཤིན་ཏུ་རྣམ་དག་ངས་ནི་དོན་དམ་པར་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པའི་མཚན་ཉིད་
རྣམ་པར་གཞག་པ་སྔར་བསྟན་པ་དེ་ཉིད་ཀྱི་མཇུག་བསྡུ་བ་བསྟན་ཏོ། །ཕྲ་བ། མཆོག་ཏུ་ཕྲ་བ། ཟབ་པ། མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་ཏུ་རྟོགས་པར་དཀའ་བ་ཞེས་བྱ་བ་ལ། ཕྲ་བ་དང་། ཟབ་པ་དང་། རྟོགས་པར་དཀའ་བ་ཞེས་བྱ་བའི་ཚིག་གསུམ་ནི་ཕྲ་བ་ཉིད་བྱེ་བྲག་ཏུ་བྱ་
བའི་ཕྱིར་ཟབ་པ་ཞེས་བྱ་བ་གསུངས་ལ། ཟབ་པ་ཉིད་བྱེ་བྲག་ཏུ་བྱ་བའི་ཕྱིར་རྟོགས་པར་དཀའ་བ་ཞེས་གསུངས་ཏེ། དེ་དག་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་ཡིན་པར་ཤེས་པར་བྱའོ། །མཆོག་ཏུ་ཕྲ་བ་དང་། མཆོག་ཏུ་ཟབ་པ་དང་། མཆོག་ཏུ་རྟོགས་པར་དཀའ་བ་ཞེས་བྱ་བའི་ཚིག་གསུམ་
ཡང་སྔ་མ་བཞིན་དུ་གཅིག་ལས་གཅིག་ཏུ་བྱེ་བྲག་ཏུ་བྱ་བ་ཡིན་ཏེ། དེ་དག་ནི་ཉན་ཐོས་ལ་སོགས་པ་དང་། ཐུན་མོང་མ་ཡིན་པར་ཤེས་པར་བྱའོ། །བསྙད་ཅིང་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་སྔར་བཤད་པ་བཞིན་དུ་སྦྱར་རོ། །དེ་དག་ནི་དཔེས་མཚོན་པའི་དོན་གྱི་མཇུག་བསྡུ་བའི་ཕྱིར་
ཞར་ལ་བཟླས་པ་ཙམ་དུ་ཟད་ཀྱི། གཙོ་ཆེར་དཔེར་བསྟན་པའི་གནས་སྐབས་ཡིན་པས་ན་དེ་ནི་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུ་

བའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པ་ཚིག་གི་དོན་དེ་དག་གི་དངོས་པོ་ཚིགས་སུ་བཅད་པས་མདོར་བསྡུས་པའི་མཚན་ཉིད་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་
ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། དེ་ལ། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །
ཞེས་བྱ་བའི་ཚིགས་སུ་བཅད་པ་དང་པོའི་རྩ་བ་གོང་མ་གཉིས་ཀྱིས་ནི་དོན་དམ་པའི་ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་ལྡན་པའི་མཚན་ཉིད་རྣམ་པར་གཞག་པ་སྔར་བསྟན་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེས་རྣམ་པར་བྱང་བའི་ཕྱོགས་
ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ནོ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་བྱ་བ་རྩ་བ་འོག་མ་འདི་གཉིས་ཀྱིས་ནི་ཤིན་ཏུ་རྨོངས་པ་གཉིས་ཀྱིས་ཤིན་ཏུ་རྨོངས་ནས་དོན་དམ་པ་ལ་ཚུལ་བཞིན་མ་ཡིན་པས་སེམས་པའི་ཤིན་ཏུ་རྨོངས་པའི་
མཚན་ཉིད་རྣམ་པར་གཞག་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ནོ། །སྐྱེ་བོའི་ས་ལ་ལྷག་མཐོང་དང་། །ཞི་གནས་གོམས་པར་བྱས་པས་ནི། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་པའི་རྩ་བ་གོང་མ་འདི་གཉིས་ཀྱིས་ནི་དེ་
ལྟར་བསྡུ། ཉོན་མོངས་པའི་ཕྱོགས་ལ་གནས་པ་དེ་དག་གི་གཉེན་པོ་བསྒོམ་པའི་དངོས་པོ་བསྡུ་བ་བསྟན་པའོ། །གནས་ངན་ལེན་གྱི་འཆིང་བ་དང་། །མཚན་མའི་འཆིང་བ་ལས་གྲོལ་འགྱུར། །ཞེས་བྱ་བའི་རྩ་བ་འོག་མ་འདི་གཉིས་ཀྱིས་ནི་དེ་ལྟར་གཉེན་པོ་བསྒོམ་པ་དེའི་ཕན་ཡོན་གྱི་དངོས་པོ་
བསྡུ་བ་བསྟན་ཏེ། དེ་ནི་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །ལེའུ་གསུམ་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་ཀྱིས་དོན་དམ་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་

བསྟན་ནས། ད་ནི་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཀྱིས་དོན་དམ་པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་
འབྱོར་ལ་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་རབ་འབྱོར་གྱི་ལེའུ་བཞི་པ་འདི་གསུངས་སོ། །དེ་ལ་ལེའུ་བཞི་པ་འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་རྣམ་པར་དབྱེ་ན་རྣམ་པ་བཞི་སྟེ། མངོན་པའི་ང་རྒྱལ་
གྱི་མཚན་ཉིད་རྣམ་པར་གཞག་པ་དང་། མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་གཞག་པ་དང་། དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་དང་། དེ་དག་གི་དངོས་པོ་བསྡུས་པའི་མཚན་ཉིད་རྣམ་པར་གཞག་པའོ། །དེ་ལ་མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་གཞག་
པ་ནི། རབ་འབྱོར་ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ན་གང་དག་མངོན་པའི་ང་རྒྱལ་ཅན་ཞེས་བྱ་བ་ནས། འདི་ནས་སླད་རོལ་པའི་མུ་སྟེགས་ཅན་རྣམས་ཀྱིས་སྨོས་ཀྱང་ཅི་འཚལ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་གཞག་པ་ནི། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནས་རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཚར་ཐར་མའི་བར་གྱིས་བསྟན་ཏོ། །དེ་
དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཞེས་བྱ་བ་ནས་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་པར་བལྟ་བར་བྱའོ་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། །དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་ནི། དེ་ནས་
བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་དོན་དམ་པ་ཐམས་ཅད་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་དེ་དག་གི་དངོས་པོ་བསྡུ་བ་བསྟན་པ་དང་སྦྱར་རོ། །དེ་ལ་དང་པོར་མངོན་པའི་ང་རྒྱལ་གྱི་

མཚན་ཉིད་རྣམ་པར་གཞག་པ་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་གང་ཟག་ཁ་ཅིག་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཁོང་དུ་མ་ཆུད་པར་ཕུང་པོ་
ལ་སོགས་པ་དངོས་པོ་རེ་རེའི་མཚན་ཉིད་ཐ་དད་པ་རྟོགས་པ་ཙམ་གྱི་སྒོ་ནས། དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། རབ་འབྱོར་ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ན་གང་དག་
མངོན་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ནི་ཇི་ཙམ་ཞིག་ཡོད་པར་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འདིར་མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་གཞག་པ་ནི་རྣམ་པ་གསུམ་སྟེ་གཟུང་བའི་མངོན་པའི་ང་རྒྱལ་
དང་། འཛིན་པའི་མངོན་པའི་ང་རྒྱལ་དང་། མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ལོ། །དེ་ལ་གཟུང་བའི་མངོན་པའི་ང་རྒྱལ་ནི་ཕུང་པོ་ལ་སོགས་པ་གཟུང་བའི་ཆོས་རྣམས་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས། དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་
གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པའོ། །འཛིན་པའི་མངོན་པའི་ང་རྒྱལ་ནི་ཕུང་པོ་ལ་སོགས་པ་ཆོས་གཅིག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པར་རབ་ཏུ་རྟོགས་ནས་ཡང་དེ་ལས་གཞན་པའི་ཆོས་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་བར་བྱེད་པའོ། །
མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ནི་ཕུང་པོ་ལ་སོགས་པ་ཆོས་རྣམས་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ་ཆོས་དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་སེམས་པ་སྟེ། དེ་དག་གི་འོག་ནས་ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་
རྟོགས་པ་སྟོན་པས་ཤེས་པ་བརྡ་སྤྲོད་པར་བགྱིད་དེ་ཞེས་འབྱུང་བ་ལ་སོགས་པའི་སྐབས་དང་ཅི་རིགས་པར་སྦྱར་རོ། །དེ་ལྟར་སྤྱིའི་དོན་བསྟན་ནས། ད་ནི་ཚིག་གི་དོན་བཤད་པར་བྱ་བ་སྟེ། དེ་ལ་སེམས་ཅན་གྱི་ཁམས་ན་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་སྟེ། དེ་ཡང་

སེམས་ཅན་གྱི་རིགས་དྲུག་ཅུ་རྩ་བཞི་པོ་འདི་ལྟ་སྟེ། སེམས་ཅན་དམྱལ་བ་པ་དང་། དུད་འགྲོ་རྣམས་དང་། ཡི་དགས་རྣམས་དང་། ལྷ་རྣམས་དང་། མི་རྣམས་དང་། རྒྱལ་རིགས་རྣམས་དང་། བྲམ་ཟེ་རྣམས་དང་། རྗེའུ་རིགས་རྣམས་དང་། དམངས་རིགས་རྣམས་དང་། སྐྱེས་
པ་རྣམས་དང་། བུད་མེད་རྣམས་དང་། མ་ནིང་རྣམས་དང་། ངན་པ་རྣམས་དང་། འབྲིང་རྣམས་དང་། བཟང་པོ་རྣམས་དང་། ཁྱིམ་པ་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། དཀའ་ཐུབ་དྲག་པོ་ཅན་རྣམས་དང་། དཀའ་ཐུབ་དྲག་པོ་ཅན་མ་ཡིན་པ་རྣམས་དང་། སྡོམ་པ་ཅན་རྣམས་དང་། སྡོམ་པ་
ཅན་མ་ཡིན་པ་རྣམས་དང་། སྡོམ་པ་ཅན་ཡང་མ་ཡིན་སྡོམ་པ་ཅན་མ་ཡིན་པ་ཡང་མ་ཡིན་པ་རྣམས་དང་། འདོད་ཆགས་དང་བྲལ་བ་རྣམས་དང་། འདོད་ཆགས་དང་བྲལ་བ་མ་ཡིན་པ་རྣམས་དང་། ལོག་པ་ཉིད་དུ་ངེས་པའི་ཚོགས་རྣམས་དང་། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་རྣམས་དང་།
མ་ངེས་པ་ཉིད་དུ་ངེས་པའི་ཚོགས་རྣམས་དང་། དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་ཚུལ་རྣམས་དང་། དགེ་ཚུལ་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་། སྤངས་པ་རྣམས་དང་། ཁ་ཐོན་པ་རྣམས་དང་། ཞལ་ཏ་བྱེད་པ་རྣམས་དང་། གནས་
བརྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་དང་། སློབ་དཔོན་རྣམས་དང་། མཁན་པོ་རྣམས་དང་། ལྷན་ཅིག་གནས་པ་རྣམས་དང་། ཉེ་གནས་རྣམས་དང་། གློ་བུར་དུ་ལྷགས་པ་རྣམས་དང་། དགེ་འདུན་གྱི་ལས་བྱེད་པ་རྣམས་དང་། རྙེད་པ་འདོད་པ་རྣམས་དང་། བཀུར་
སྟི་འདོད་པ་རྣམས་དང་། ཡོ་བྱད་བསྙུངས་པ་རྣམས་དང་། མང་དུ་ཐོས་པ་རྣམས་དང་། མཁས་ཤིང་བསོད་ནམས་དང་ལྡན་པ་རྣམས་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་རྣམས་དང་། མདོ་སྡེ་འཛིན་པ་རྣམས་དང་། འདུལ་བ་འཛིན་པ་རྣམས་དང་། མ་མོ་འཛིན་པ་རྣམས་
དང་། སོ་སོའི་སྐྱེ་བོ་རྣམས་དང་། བདེན་པ་མཐོང་བ་རྣམས་དང་། སློབ་པ་རྣམས་དང་། མི་སློབ་པ་རྣམས་དང་། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་དང་། འཁོར་ལོས་སྒྱུར་བ་རྣམས་སོ། །སེམས་ཅན་

གྱི་རིགས་དྲུག་ཅུ་རྩ་བཞི་པོ་དེ་དག་ནི་སེམས་ཅན་གྱི་རིགས་བྱེ་བྲག་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་ཏུ་རུང་བ་རྣམས་དང་། དེ་དག་ཉིད་ལ་འཇུག་པ་རྣམས་དང་། རྣམ་པར་བྱང་བ་ཁོ་ན་ལ་འཇུག་པའི་བྱེ་བྲག་རྣམ་པ་གསུམ་ལས་བརྩམས་ཏེ་གཞག་པར་བྱའོ། །དེ་ལ་དང་པོའི་འགྲོ་
བ་དང་། རིགས་རྣམ་པར་གཞག་པ་དང་། སེམས་ཅན་དུ་རྣམ་པར་བརྟགས་པ་དང་། ལས་ཀྱི་བྱེ་བྲག་ལས་རྣམ་པར་གཞག་པ་སྟེ། ཚིག་ལྔ་དང་། བཞི་དང་། གསུམ་དང་། གསུམ་སྟེ་བཅོ་ལྔས་བསྟན་ཏོ། །གཉིས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེ་དག་ཉིད་ཀྱི་གཞི་དང་།
བྱ་བ་ཡང་དག་པར་བླངས་པ། འབྲས་བུ་དང་། བསྡུ་བ་བསྟན་པའི་བྱེ་བྲག་ལས་རྣམ་པར་གཞག་པ་སྟེ། ཚིག་གཉིས་དང་། གཉིས་དང་། གསུམ་དང་། གཉིས་དང་། གསུམ་དང་། བཅུ་གཉིས་ཀྱིས་བསྟན་ཏོ། །གསུམ་པ་ནི་སྡོམ་པའི་བྱེ་བྲག་ལས་རྣམ་པར་གཞག་སྟེ། སྡོམ་པ་
རྣམ་པ་བརྒྱད་ཀྱི་ཕྱིར་ནི་ཚིག་བདུན་གྱིས་བསྟན་ཏོ། །ལྷག་མ་རྣམས་ཀྱིས་ནི་སྡོམ་པ་ཅན་མཆོག་གི་རབ་ཏུ་དབྱེ་བ་སྟོན་ཏོ། །དེ་ཡང་བྱེ་བྲག་རྣམ་པ་ལྔའི་ཕྱིར་ཏེ། དགེ་བའི་ཕྱོགས་ཀྱི་བྱེ་བྲག་དང་། འདུག་པར་བྱ་བའི་ཡུལ་གྱི་བྱེ་བྲག་དང་། བསྟན་པ་ལ་གནོད་པ་དང་། ཕན་པའི་བྱེ་བྲག་དང་།
ལུང་དང་རྟོགས་པའི་བྱེ་བྲག་དང་། མིའི་ལུས་ཐོབ་ནས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མཆོག་བརྙེས་པའི་བྱེ་བྲག་ལས་རྣམ་པར་གཞག་སྟེ། ཚིག་གསུམ་དང་། དགུ་དང་། དྲུག་དང་། བཅུ་དང་། གཉིས་ཏེ་སུམ་ཅུས་བསྟན་ཏོ། །མངོན་པའི་ང་རྒྱལ་ཅན་ཞེས་
བྱ་བ་ནི་སྔར་བསྟན་པའི་མངོན་པའི་ང་རྒྱལ་ཅན་རྣམ་པ་གསུམ་དང་ལྡན་པ་སྟེ། སྤྱིར་ན་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་མ་རྟོགས་པར་རྟོགས་སོ་སྙམ་དུ་ཁས་འཆེ་བའོ། །མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཅིང་ཞེས་བྱ་བ་ནི་གཅིག་ཏུ་དེའི་དབང་དུ་སོང་བའོ། །ཤེས་པ་བརྡ་སྤྲོད་པར་
ཞེས་བྱ་བ་ནི་རང་གིས་རྟོགས་པའི་ཤེས་པ་གཞན་ལ་གོ་བར་བྱེད་པའོ། །མངོན་པའི་ང་རྒྱལ་མེད་པ་ཞེས་བྱ་བ་ནི་སྔ་མ་ལས་བཟློག་པའོ། །ཉུང་ཤས་ཤིག་ཤེས་པར་འཚལ་ལགས་ཀྱི་ཞེས་བྱ་བ་ནི་སེམས་ཅན་གྱི་རིགས་དྲུག་ཅུ་རྩ་བཞི་ལས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ལ་

སོགས་པ་ཉི་ཚེར་ཟད་དོ་ཞེས་བྱ་བར་བསམས་པའོ། །ཚད་མ་མཆིས་གྲངས་མ་མཆིས་བརྗོད་དུ་མ་མཆིས་པ་ཇི་སྙེད་ཅིག་མཆིས་པར་འཚལ་ལགས་ཏེ་ཞེས་བྱ་བར་ནི་སེམས་ཅན་གྱི་རིགས་དེ་དག་ལས་གཞན་ཐམས་ཅད་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བར་བསམས་པ་སྟེ། དེ་ནི་
རེ་ཞིག་དེ་དག་མང་བ་སྤྱིར་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་བདག་དུས་གཅིག་ཅིག་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་མང་བ་དེ་ཡང་ཁ་ཅིག་རང་གི་མངོན་སུམ་དུ་གྱུར་པའི་སྒོ་ནས་གཞན་ལ་ཡང་རྗེས་སུ་དཔག་པ་སྟོན་ཏོ། །ཆོས་རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་
པའི་སྟོན་པས་ཞེས་བྱ་བ་ནི་ཆོས་མཚན་མ་ཐ་དད་པ་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་ཞེས་བྱ་བའི་ཆོས་མཚན་མ་ཐ་དད་པ་དམིགས་པས་མངོན་པར་རྟོགས་པ་སྟོན་པར་བྱེད་པའམ། ཡང་ན་དམིགས་པ་དེ་ཉིད་མངོན་པར་རྟོགས་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཕུང་པོ་དམིགས་
པ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ནོ། །དེ་དག་ཇི་ལྟར་དམིགས་པར་བྱེད་པ་དེ་ནི་ཚིག་འོག་མ་རྣམས་ཀྱིས་སྟོན་པས། འོག་མ་རྣམས་ནི་བཤད་པའི་ཐ་ཚིག་གོ། །ཕུང་པོའི་མཚན་མ་དམིགས་པ་ཞེས་བྱ་བ་ནི་རང་གི་མཚན་མ་ཡོངས་སུ་བརྟགས་པའི་སྒོ་ནས་སོ། །ཕུང་པོའི་སྐྱེ་བ་དམིགས་པ་དང་།
ཕུང་པོའི་འཇིག་པ་དམིགས་པ་ཞེས་བྱ་བ་གཉིས་ནི་སྤྱིའི་མཚན་ཉིད་དང་ཡོངས་སུ་བརྟགས་པའི་སྒོ་ནས་ཏེ། དེ་གཉིས་ནི་ཕུང་པོ་རྣམས་ཀྱི་ཀུན་འབྱུང་བ་དང་སྡུག་བསྔལ་གྱི་བདེན་པའི་རྣམ་པ་སྟོན་ཏོ། །ཕུང་པོའི་འགོག་པ་དམིགས་པ་ཞེས་བྱ་བ་ནི་འགོག་པའི་བདེན་པའི་རྣམ་པ་སྟོན་ཏོ། །ཕུང་པོའི་འགོག་པ་མངོན་དུ་
བགྱི་བ་དམིགས་པ་ཞེས་བྱ་བས་ནི་ལམ་གྱི་བདེན་པའི་རྣམ་པ་སྟོན་ཏོ། །དེ་ལྟར་ཕུང་པོའི་རང་དང་སྤྱིའི་མཚན་ཉིད་དང་། ཀུན་འབྱུང་བ་ལ་སོགས་པའི་རྣམ་པ་གཟུང་བའི་ཆོས་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པས་
གཞན་ལ་བརྡ་སྤྲོད་པར་བྱེད་པ་ནི་གཟུང་བའི་མངོན་པའི་ང་རྒྱལ་ཡིན་ནོ། །ཕུང་པོ་རྣམས་ལས་ཕུང་པོ་གཅིག་གི་དོན་དམ་པ་ཆོས་བདག་མེད་པ་རབ་ཏུ་རྟོགས་ནས་ཡང་དེ་ལས་གཞན་པའི་ཕུང་པོ་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་བར་བྱེད་པ་ནི་འཛིན་པའི་མངོན་

པའི་ང་རྒྱལ་གྱི་ཡིན་ནོ། །ཕུང་པོ་རྣམས་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ་དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་སེམས་པ་ནི་མཚན་ཉིད་དབྱེ་བའི་མངོན་པའི་ང་རྒྱལ་ཡིན་ཏེ། སྐྱེ་མཆེད་ལ་སོགས་པ་ལྷག་མ་རྣམས་ལ་ཡང་
སྦྱར་རོ། །བདེན་པ་ཡོངས་སུ་ཤེས་པ་དང་། སྤང་བ་དང་། མངོན་དུ་བགྱི་བ་དང་། སྒོམ་པ་དམིགས་པ་ཞེས་བྱ་བ་བཞིས་ནི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་དང་། བསྒོམ་པའི་རྣམ་པ་བསྟན་ཏོ། །ཁམས་སྣ་ཚོགས་པ་ཉིད་དམིགས་པ་ཞེས་བྱ་བ་ནི་རིགས་ལ་གནས་པ་སྣ་ཚོགས་ལ་ཉན་ཐོས་དང་
རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་རིགས་རྣམས་དང་། འདོད་ཆགས་ལ་སོགས་པ་རབ་ཏུ་དབྱེ་བའི་ཚུལ་གྱིས་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲིའི་བར་རྣམས་ཀྱི་ཁམས་སྣ་ཚོགས་ཞེས་བྱ་སྟེ། དེ་དག་ལ་སྔ་མ་བཞིན་དུ་དམིགས་པའོ། །ཁམས་དུ་མ་དམིགས་ཞེས་བྱ་བ་ནི་ཁམས་སྣ་
ཚོགས་དེ་དག་ལ་ཡང་ཁམས་རབ་ཏུ་དབྱེ་བར་མདོར་བསྡུ་ན་རྣམ་པ་བཞི་སྟེ། རང་བཞིན་དུ་གནས་པའི་ཁམས་དང་། སྔོན་གོམས་པ་ལས་བྱུང་བའི་ཁམས་དང་། རྣམ་པར་དག་པར་བྱར་རུང་བའི་ཁམས་དང་། རྣམ་པར་དག་པ་བྱར་མི་རུང་བའི་ཁམས་ཡོད་པ་ལྟ་བུ་དང་། གཞན་ཡང་ཁམས་དེ་དག་
རེ་རེ་ལ་ཡང་རབ་ཏུ་དབྱེ་བ་མཐའ་ཡས་པ་ནི་ཁམས་གསུམ་པ་དུ་མ་ཞེས་བྱ་སྟེ། དེ་ལ་དམིགས་པ་ཡང་སྔ་མ་བཞིན་དུ་སྦྱར་རོ། །དྲན་པ་ཉེ་བར་གཞག་པའི་མི་མཐུན་པའི་ཕྱོགས་དང་གཉེན་པོ་དམིགས་པ་ཞེས་བྱ་བ་ནི་ལུས་ལ་གཙང་བ་དང་དངོས་པོར་ལྟ་བ་ལ་སོགས་པ་མི་མཐུན་པའི་ཕྱོགས་དེ་དག་
གི་གཉེན་པོར་ལུས་ལ་མི་གཙང་བ་དང་། རང་བཞིན་མེད་པར་ལྟ་བ་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་དག་བསྟན་པ་ལ་དམིགས་པའོ། །དྲན་པ་ཉེ་བར་གཞག་པ་མཐོང་བ་ཞེས་བྱ་བ་ལ་བསྒོམ་པ་ནི་རྣམ་པ་གཉིས་ཏེ། འཐོབ་པ་བསྒོམ་པ་དང་། བརྟེན་པ་བསྒོམ་པའོ། །དེ་ལ་འཐོབ་པ་བསྒོམ་
པ་ནི་མ་སྐྱེས་པ་སྐྱེ་བའོ། །བརྟེན་པ་བསྒོམ་པ་ནི་སྐྱེས་པ་གནས་པ་ལ་སོགས་པའོ། །ཡང་དག་པའི་སྤོང་བ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །མཐོང་ནས་ཀྱང་བདག་འདི་སྙམ་བགྱིད་དེ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་

མཚན་ཉིད་དང་ལྡན་པ་མ་རྟོགས་པར་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པ་དེ་དག་ནི་མངོན་པའི་ང་རྒྱལ་རྣམ་པ་གསུམ་དང་ལྡན་པ་ཤ་སྟག་ཡིན་ནོ་ཞེས་བྱ་བར་དམིགས་ཀྱིས་བསྟན་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་གི་སླད་
དུ་འདི་སྐད་ཅེས་བྱ་བ་ལ་སོགས་པས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡང་དམིགས་ཀྱིས་སྟོན་ལ་མངོན་པའི་ང་རྒྱལ་ཅན་མངོན་པའི་ང་རྒྱལ་གྱིས་མངོན་དུ་ཟིན་ཀྱང་། ཤེས་པ་བརྡ་སྤྲོད་པར་བྱེད་པའི་སེམས་ཅན་ཁ་ཅིག་རང་གི་མངོན་སུམ་དུ་གྱུར་པའི་སྒོ་ནས་གཞན་
ཡང་མང་བར་རྗེས་སུ་དཔག་པའི་མཇུག་བསྡུ་བ་ཡང་སྟོན་ཏེ། དེ་ནི་མངོན་པའི་ང་རྒྱལ་གྱི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། མངོན་པའི་ང་རྒྱལ་གྱི་
གཉེན་པོའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་གཉེན་པོར་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་
བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ནི་གཟུང་བའི་དངོས་པོ་དང་། འཛིན་པའི་དངོས་པོ་དང་། མཚན་ཉིད་རབ་ཏུ་དབྱེ་བའི་
དངོས་པོ་ཐམས་ཅད་ལ་བྱེ་བྲག་མེད་པར་ཐམས་ཅད་དུ་རོ་གཅིག་པར་བསྟན་པ་གང་ཡིན་པའོ། །དེའི་ཕྱིར་དེ་ཉིད་དམིགས་ཀྱིས་བསྟན་པའི་དབང་དུ་མཛད་ནས། ངས་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཕྲ་བ། མཆོག་ཏུ་ཕྲ་བ། ཟབ་པ། མཆོག་ཏུ་ཟབ་པ། རྟོགས་པར་དཀའ་བ། མཆོག་
ཏུ་རྟོགས་པར་དཀའ་བ། མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐབས་དེ་དག་གི་ཚིག་གི་དོན་ནི་སྔར་བཤད་པ་བཞིན་དུ་སྦྱར་རོ། །དེ་ལྟར་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་བསྟན་པ་འདི་ཡང་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་གཉེན་

པོར་བསྟན་པ་ཡིན་ཏེ། མངོན་པའི་ང་རྒྱལ་རྣམ་པ་གསུམ་ནི་གཟུང་བའི་མངོན་པའི་ང་རྒྱལ་དང་། འཛིན་པའི་མངོན་པའི་ང་རྒྱལ་དང་། མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ལོ། །དེ་ལ་གཟུང་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་ཕུང་པོ་རྣམས་
ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ཅིང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །འཛིན་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། རབ་འབྱོར་གཞན་ཡང་དགེ་སློང་རྣལ་འབྱོར་སྤྱོད་པ་ནི་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །
མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོར་བསྟན་པ་ནི། རབ་འབྱོར་གཞན་ཡང་ཇི་ལྟར་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །ད་ནི་དེ་དག་གིས་ཚིག་གི་དོན་བཤད་པར་བྱ་སྟེ། དེ་ལ་གཟུང་བའི་མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་གཟུང་བའི་ཆོས་
རྣམ་པ་སྣ་ཚོགས་དམིགས་པའི་མངོན་པར་རྟོགས་པ་སྟོན་པས་དོན་དམ་པ་རྟོགས་སོ་སྙམ་དུ་སེམས་ཤིང་རང་གི་ཤེས་པ་གཞན་ལ་བརྡ་སྤྲོད་པར་བྱེད་པ་སྟེ། དེའི་གཉེན་པོར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་གང་ཡིན་པ་དེ་ནི་ངས་དོན་དམ་པ་ཡིན་པར་ཡོངས་སུ་བསྟན་ཅིང་ཞེས་བྱ་བ་ལ་
སོགས་པ་གསུངས་ཏེ་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་དག་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡང་དག་པའི་ཤེས་པས་མཐོང་བ་སྟེ། དེ་ཉིད་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་
ཉིད་མེད་པར་ཡོངས་སུ་བསྟན་ཏོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཕུང་པོ་རྣམས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་ཡིན་ཏེ། དེ་ཡང་རྣམ་པར་རིག་པའི་མཚན་ཉིད་ལས་ལོགས་ཤིག་ན་ཕྱི་རོལ་གྱི་དངོས་པོར་གྲུབ་པ་མ་ཡིན་མོད་ཀྱི། རྣམ་པར་རིག་པའི་ངོ་བོ་ཉིད་ཡུལ་གྱི་དངོས་པོ་ལྟ་བུར་སྣང་
བའི་སྒོ་ནས་གཟུང་བའི་ཆོས་ཞེས་བྱ་བར་ཐ་སྙད་དུ་བརྗོད་དེ། གཞན་གྱི་དབང་གི་ངོ་བོ་ཉིད་འཕགས་པ་རྣམས་ཀྱིས་འཕགས་པའི་ཤེས་པ་དང་མཐོང་བས་བརྗོད་དུ་མེད་པར་མཐོང་བར་རྫོགས་པར་སངས་རྒྱས་པ་ཉིད་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཐམས་ཅད་དུ་རོ་

གཅིག་པའི་མཚན་ཉིད་དང་ལྡན་པ་ཡིན་པས། དེ་ནི་གཟུང་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡིན་ཏེ། སྐྱེ་མཆེད་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལྟར་ཕུང་པོ་རྣམས་ལ་དེ་
བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་མཐོང་བ་དེ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཡིན་པར་ཅི་མངོན་སྙམ་པ་ལ་དེའི་ཕྱིར་ཕུང་པོ་རྣམས་ལ་རྣམ་པར་དག་པའི་དམིགས་པ་དེ་ཡང་ཐམས་ཅད་དུ་རོ་གཅིག་པ་སྟེ། མཚན་ཉིད་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། ཀུན་
བརྟགས་པའི་ངོ་བོ་ཉིད་མེད་པའི་དེ་བཞིན་ཉིད་ལ་བྱེ་བྲག་མེད་པའི་ཕྱིར་རོ། །ཕུང་པོ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ནི་གཟུང་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་
གི་དོན་བཤད་པ་ཡིན་ནོ། །དེ་ལ་འཛིན་པའི་མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཆོས་གཅིག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པར་རབ་ཏུ་རྟོགས་ནས་ཡང་དེ་ལས་གཞན་པའི་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་བར་བྱེད་པ་སྟེ། དེའི་གཉེན་
པོར་རབ་འབྱོར་གཞན་ཡང་དགེ་སློང་རྣལ་འབྱོར་སྤྱོད་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ལ། རྣལ་འབྱོར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། ལས་དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཡིད་ལ་བྱེད་པ་ལས་འདས་པའོ། །དེ་ལ་ལས་
དང་པོ་པ་ནི་རྣམ་པ་གཉིས་ཏེ། ཡིད་ལ་བྱེད་པའི་ལས་དང་པོ་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པའོ། །དེ་ལ་ཡིད་ལ་བྱེད་པའི་ལས་དང་པོ་པ་ནི། རྣལ་འབྱོར་པའི་ཡིད་ལ་བྱེད་པའི་དངོས་པོ་གཞི་བདུན་པོ་མཚན་ཉིད་སོ་སོར་རིག་པ་དང་། མོས་པ་ལས་བྱུང་བའི་རབ་ཏུ་དབེན་
པ་ལས་བྱུང་བ་དང་། དགའ་བ་སྡུད་པ་དང་། སྤྱོད་པའི་ཡིད་ལ་བྱེད་པ་དང་། སྦྱོར་བའི་མཐར་ཐུག་པ་དང་། སྦྱོར་བའི་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་དག་ལས། ད་དུང་མཚན་ཉིད་སོ་སོ་རིག་པའི་ཡིད་ལ་བྱེད་པ་ཡང་མ་ཐོབ་ཅིང་སེམས་རྩེ་གཅིག་པ་ཉིད་ལ་མ་རེག་པ་གང་ཡིན་

པའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་ལས་དང་པོ་པ་ནི་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཐོབ་ཅིང་ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་སྦྱོང་བར་འདོད་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་མངོན་དུ་མ་གྱུར་པ་གང་ཡིན་པའོ། །དེ་ལ་ཡོངས་སུ་སྦྱོང་བ་བྱས་པ་
ནི་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་མ་གཏོགས་པ། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཡན་ཆད་ནས་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་བར་གྱི་ཡིད་ལ་བྱེད་པ་ལྔ་པོ་དག་ལ་ཡོངས་སུ་སྦྱང་བ་བྱས་པ་གང་ཡིན་པའོ། །དེ་ལ་ཡིད་ལ་བྱེད་པ་ལས་འདས་པ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་
བུ་ཡིད་ལ་བྱེད་པ་ཐོབ་པ་གང་ཡིན་པ་སྟེ། དེ་ནི་སྦྱོར་བའི་སྒོམ་པ་ཡིད་ལ་བྱེད་པ་ལས་ཤིན་ཏུ་འདས་པ་དང་། བསྒོམས་པའི་འབྲས་བུ་ལ་གནས་པ་ཡིན་པས་ན་དེའི་ཕྱིར་ཡིད་ལ་བྱེད་པ་ལས་འདས་པ་ཞེས་བྱའོ། །གཞན་ཡང་དགེ་བའི་ཆོས་ལ་འདུན་པ་ནས་གཟུང་སྟེ། རབ་ཏུ་བརྩོན་པར་བྱེད་པ་ན།
ཇི་སྲིད་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་སྐྱེད་པར་མི་བྱེད་པ་དེ་སྲིད་དུ་ནི་ལས་དང་པོ་པ་ཡིན་ནོ། །གང་གི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་པོ་དེ་དག་སྐྱེད་པར་བྱེད་དེ། །དེའི་ཚེ་ན་ནི་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །གང་གི་ཚེ་ཡང་དག་པ་ཉིད་སྐྱོན་
མེད་པ་ལ་འཇུག་ཅིང་བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་པ་ལ་སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་པ་དེའི་ཚེ་ན་ཡིད་ལ་བྱེད་པ་ལས་འདས་པ་ཡིན་ཏེ། གཞན་གྱི་དྲིང་འཇོག་ཅིང་ཡིད་ལ་བྱེད་པ་ལས་ཤིན་ཏུ་འདས་ཤིང་། གཞན་གྱི་དྲིང་མི་འཇོག་པ་ལ་གནས་པ་ཡིན་པས་ན་དེའི་ཕྱིར་ཡིད་
ལ་བྱེད་པ་ལས་འདས་པ་ཞེས་བྱ་སྟེ། སྐབས་འདིར་ནི་ཡིད་ལ་བྱེད་པ་ལས་འདས་པའི་རྣལ་འབྱོར་པ་ཉིད་གཟུང་བར་བྱའོ། །ཕུང་པོ་གཅིག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་རབ་ཏུ་རྟོགས་ནས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དག་ལས་ཕུང་པོ་གཅིག་གི་དེ་བཞིན་ཉིད་
ཡང་དག་པའི་ཤེས་པའི་ངོ་བོ་ཉིད་ལས་ཐ་མི་དད་པ་དེ་ཉིད་ཡང་དག་པའི་ཤེས་པས་སོ་སོར་རིག་པའི་ཚུལ་དུ་རྟོགས་པར་ཁོང་དུ་ཆུད་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དེ་ལས་གཞན་པའི་ཕུང་པོ་རྣམས་ལ་སོགས་པ་སོ་སོ་ལ་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡོངས་སུ་ཚོལ་བར་བྱེད་ཀྱི་ཞེས་

བྱ་བ་ནི་གལ་ཏེ་ཆོས་སྣ་ཚོགས་པའི་ཕྱིར་ཆོས་ཉིད་ཀྱང་སོ་སོའི་གཞི་ལ་མཚན་ཉིད་ཐ་དད་པར་གྱུར་ན་ནི་རྣལ་འབྱོར་པས་ཆོས་གཅིག་གི་དེ་བཞིན་ཉིད་རྟོགས་ནས་གཞི་གཞན་རྟོགས་པར་བྱ་བའི་ཕྱིར་རྩོམ་པར་བྱེད་པའི་རིགས་ན་རྩོམ་པར་ཡང་མི་བྱེད་དེ། ཆོས་གཅིག་གི་དེ་བཞིན་
ཉིད་རྟོགས་པའི་དུས་ཉིད་ན་ཆོས་གཞན་གྱི་དེ་བཞིན་ཉིད་ཀྱང་རྟོགས་པའི་ཕྱིར་རོ། །དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་གཉིས་མེད་པའི་ཤེས་པ་ལ་བརྟེན་པ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་ཇི་ལྟར་རྟོགས་པའི་རྣམ་པ་དེ་ཉིད་དུ་ཕྱི་མར་གོམས་པར་བྱེད་པར་ཟད་ཀྱི་སྔོན་མ་བྱུང་བ་གཟོད་རྟོགས་པར་
བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ལ་དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་པ་དེ་ཉིད་དེ་བཞིན་ཉིད་ཀྱི་ཁོངས་སུ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་མེད་པའི་ཤེས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བ་ཡང་དག་པའི་ཤེས་པ་དེ་ཉིད་ལ་གཟུང་བ་
དང་འཛིན་པའི་དངོས་པོ་གཉིས་མེད་པ་ཞེས་བྱ་བའི་དོན་ཏོ། །བརྟེན་པ་དེ་ཉིད་ཀྱིས་ཞེས་བྱ་བ་ནི་གཉིས་མེད་པའི་ཤེས་པ་དེ་ཉིད་ཀྱི་དབང་དུ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཅེས་བྱ་བའི་ཚིག་གི་དོན་ནི་སྔར་བཤད་པ་བཞིན་ཏེ། དེ་ཡང་འགྱུར་བ་
མེད་པར་ཡོངས་སུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ཞེས་བྱ་བའི་ཐ་སྙད་ཀྱི་དོན་གསལ་བར་བྱ་བའི་ཕྱིར་ཡང་དག་པའི་ཤེས་པ་དང་། དེ་བཞིན་ཉིད་ཅེས་བརྗོད་པར་ཟད་ཀྱི། དངོས་སུ་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ལྟར་གཉིས་སུ་གནས་པ་མ་ཡིན་ཏེ། དེ་བཞིན་ཉིད་སོ་སོར་རང་
རིག་པའི་རྣམ་པ་མངོན་པར་རྟོགས་པ་དེ་ཉིད་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་ཞེས་བྱའོ། །ངེས་པར་འཛིན་པ་དང་མངོན་པར་རྟོགས་པ་ཞེས་བྱ་བ་ནི་རྣམ་གྲངས་ཏེ། དེ་ཡང་དངོས་པོ་གཅིག་གི་དེ་བཞིན་ཉིད་ཡང་དག་པའི་ཤེས་པས་མངོན་པར་རྟོགས་པའི་དུས་ན་དངོས་
པོ་གཞན་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་མངོན་པར་རྟོགས་པ་ཁོ་ན་ཡིན་པས། དངོས་པོ་རེ་རེ་ལ་མངོན་པར་རྟོགས་པ་རེ་རེ་ཡོངས་སུ་མ་ཚོལ་བའི་དོན་ཏེ། དེ་ནི་འཛིན་པའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་བཤད་པ་ཡིན་

ནོ། །དེ་ལ་མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ཆོས་རྣམས་ཕན་ཚུན་མཚན་ཉིད་ཐ་དད་པ་ཡིན་པ་དེ་བཞིན་དུ། དེ་དག་གི་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་མཚན་ཉིད་ཐ་དད་པ་ཡིན་པར་སེམས་པ་སྟེ། དེའི་གཉེན་པོར་རབ་འབྱོར་
གཞན་ཡང་ཇི་ལྟར་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཕུང་པོ་ལ་སོགས་པ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་འདི་དག་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པའི་གནས་སྐབས་ནས་རང་གི་མཚན་ཉིད་ཐ་དད་པ་ཡིན་པ་ལྟར་དེ་དག་གི་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་
དོན་དམ་པ་ཆོས་བདག་མེད་པ་ནི་དོན་དམ་པའི་བདེན་པ་རྣམ་པར་མ་བཞག་པའི་གནས་སྐབས་ནི་སྤྱིའི་མཚན་ཉིད་ཐ་མི་དད་པར་སྟོན་ཏོ། །དེ་ཡང་གལ་ཏེ་ཐ་དད་པའི་སྐྱོན་དུ་འགྱུར་བའི་ཚར་གཅིག་དང་སྐྱོན་ལས་བཟློག་པ་ཚར་གཅིག་གིས་ཐ་མི་དད་པར་སྟོན་ཏེ་དོན་དེ་ཉིད་ལ་འབྱུང་བ་བཞིན་དུ་སྦྱར་རོ། །
དེས་ན་དེ་བཞིན་ཉིད་དོན་དམ་པ་ཆོས་བདག་མེད་པ་ཡང་རྒྱུ་དང་བཅས་པ་ཡིན་ཞིང་རྒྱུ་ལས་བྱུང་བ་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་མཚན་ཉིད་ཐ་དད་པའི་དངོས་པོ་རྣམས་ནི་རྒྱུ་ལས་རྐྱེན་གྱི་རྗེས་སུ་བསྒྲུབས་པ་ཡིན་པའི་ཕྱིར་མཚན་ཉིད་མི་འདྲ་བར་སྣང་བས་ན་འདི་ཡང་གལ་ཏེ་མཚན་ཉིད་ཐ་དད་པ་ཡིན་ན་
གདོན་མི་ཟ་བར་རྒྱུ་དང་བཅས་པ་ཡིན་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་ལས་བྱུང་བ་ཡིན་ན་ནི་འདུས་བྱས་ཡིན་པར་འགྱུར་རོ་ཞེས་བྱ་བ་ནི་འདུས་བྱས་ནི་རྒྱུའི་ལུས་དང་འབྲས་བུའི་མཚན་ཉིད་དུ་གནས་པ་ཡིན་པའི་ཕྱིར་རོ། །འདུས་བྱས་ཉིད་ཡིན་ན་ནི་དོན་དམ་པ་ཡིན་པར་མི་
འགྱུར་རོ་ཞེས་བྱ་བ་ནི་ཇི་ཙམ་དུ་བརྫུན་པ་ཡིན་ལ། ཇི་ཙམ་དུ་འདུས་མ་བྱས་པ་དེ་ཙམ་དུ་བརྫུན་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དོན་དམ་པ་མ་ཡིན་ན་ནི་དོན་དམ་པ་གཞན་ཞིག་ཡོངས་སུ་བཙལ་དགོས་པར་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པ་ཞེས་བྱ་བ་
མེད་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྐྱོན་ལས་བཟློག་པའི་ཚིག་གི་དོན་རྣམས་ནི་སྔ་མ་ལས་བཟློག་པ་ལས་རིག་པར་བྱའོ། །ཆོས་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཆོས་ཉིད་དབྱིངས་ནི་འཛིན་པའི་དོན་ཡིན་པས་ཆོས་རྣམས་

ཆོས་ཉིད་ཀྱིས་འཛིན་པའི་ཕྱིར་ཆོས་བྱ་བའི་ཐ་ཚིག་གོ། །ཆོས་རྣམས་ཀྱི་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དངོས་པོ་སྟེ། ཆོས་ཅན་རྣམས་ཀྱིའོ། །ཆོས་ཉིད་དབྱིངས་དེ་ནི་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཏེ་ཆོས་ཉིད་དོ། །རྣམ་པར་
གནས་པ་ཁོ་ན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྔར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། རྟག་པ་རྟག་པའི་དུས་ན་ཐེར་ཟུག་ཐེར་ཟུག་གི་དུས་སུ་ཞེས་སྨོས་པ་དང་སྦྱར་ཏེ། འདུས་བྱས་ཀྱི་དངོས་པོ་ལས་ཁྱད་པར་དུ་འཕགས་པ་དེའི་ཕྱིར་དོན་དམ་པ་ནི་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་
གོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་གང་ཡིན་པ་འདི་ནི་དོན་དམ་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་མཚན་ཉིད་རབ་ཏུ་དབྱེ་བའི་མངོན་པའི་ང་རྒྱལ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པའི་ཚིག་གི་དོན་
བཤད་པའི་མཇུག་བསྡུ་བ་ཡིན་ཏེ། དེ་ནི་མངོན་པའི་ང་རྒྱལ་གྱི་གཉེན་པོའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་
དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་པའི་ཚིག་གི་དོན་དེ་དག་གི་དཔེའི་མཚན་ཉིད་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་
ནམ་མཁའི་དཔེས་ནི་ཅི་སྟོན་ཞེ་ན། འདི་ལྟར་ནམ་མཁའ་ནི། གཟུགས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་ཡིན་པས་དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ནི། དེ་དག་ཐ་དད་པས་ཐ་དད་དུ་དབྱེར་མེད་དོ། །དོན་དམ་པ་ཡང་དེ་དང་འདྲའོ་ཞེས་སྟོན་ཏོ། །མཚན་མ་མེད་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་
མས་དབེན་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ལ་རྣམ་པར་རྟོག་པ་ནི་ཐ་དད་པ་སྟེ། དེ་མེད་པས་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །འགྱུར་བ་མེད་པ་སྟེ་ཞེས་བྱ་བ་ནི་རྟག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་ནམ་མཁའ་ནི་

དངོས་པོ་རྣམས་ཀྱི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་དེ་བཞིན་དུ་དོན་དམ་པ་ཡང་མཚན་ཉིད་ཐ་དད་པའི་ཆོས་རྣམས་ལ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བ་ཚིག་གི་དོན་སྔར་བཤད་པ་བཞིན་ཏེ། དེ་ནི་དེ་དག་གི་དཔེའི་མཚན་ཉིད་རྣམ་
པར་གཞག་པ་ཡིན་ནོ། །དེའི་འོག་ཏུ་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་ཞེས་བྱ་བ་ནི་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་སྔར་བསྟན་
པའི་ཚིག་གི་དོན་དེ་དག་གི་དངོས་པོའི་ཚིགས་སུ་བཅད་པས་མདོར་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་
པ་གཅིག་གསུངས་ཏེ། དེ་ལ། དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། །ཀུན་དུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུངས། །ཞེས་བྱ་བ་རྩ་བ་གོང་མ་གཉིས་ཀྱིས་ནི་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་གཉེན་པོ་དོན་དམ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དང་ལྡན་པ་རྣམ་པར་གཞག་པའི་དངོས་
པོ་བསྡུ་བ་བསྟན་ཏེ། དེ་རྣམ་པར་བྱང་བའི་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ནོ། །དེ་ལ་གང་དག་ཐ་དད་ཀུན་རྟོག་པ། །དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན། །ཞེས་བྱ་བ་རྩ་བ་འོག་མ་འདི་གཉིས་ཀྱིས་ནི་མངོན་པའི་ང་རྒྱལ་རྣམ་པ་གསུམ་གྱི་མཚན་ཉིད་རྣམ་
པར་གཞག་པའི་དངོས་པོ་བསྡུ་བ་བསྟན་ཏེ། དེས་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་ཀྱི་དངོས་པོ་བསྡུ་བ་ཡང་བསྟན་པ་ཡིན་ཏེ། དེ་ནི་དེ་དག་གི་དངོས་པོ་བསྡུ་བའི་མཚན་ཉིད་རྣམ་པར་གཞག་པ་ཡིན་ནོ། །ལེའུ་བཞི་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ། །དོན་དམ་
པའི་བདེན་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བས་མདོ་སྡེའི་ལུས་རྣམ་པར་གཞག་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལྟར་དོན་དམ་པའི་མཚན་ཉིད་ཡོངས་སུ་ཤེས་པར་བྱ་བས་མདོ་སྡེའི་ལུས་རྣམ་པར་གཞག་པ་བསྟན་ནས་ད་ནི་ཀུན་རྫོབ་ཀྱི་བདེན་པའི་

མཚན་ཉིད་ཡོངས་སུ་ཤེས་པར་བྱ་བས་མདོ་སྡེའི་ལུས་རྣམ་པར་གཞག་པ་བསྟན་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་མཚན་ཉིད་དྲུག་དང་ལྡན་པར་ཤེས་པར་བྱ་སྟེ། སེམས་ཀྱི་མཚན་ཉིད་དང་། ཆོས་རྣམས་ཀྱི་མཚན་ཉིད་དང་།
ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་དང་། ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་། ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་དང་། ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས། ཐེག་པ་ཇི་ལྟ་བ་བཞིན་
དུ་རྣམ་པར་དབྱེ་བ་བསྟན་པ་དང་། ཐེག་པ་གདགས་པ་རྣམ་པར་གཞག་པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་རབ་ཏུ་དབྱེ་བ་བསྟན་ཏོ། །དེ་དག་གོ་རིམས་རྣམ་པར་གཞག་པ་ནི་དེ་ལྟར་དོན་དམ་པའི་བདེན་པའི་མཚན་ཉིད་དང་ལྡན་པའི་མདོ་བརྗོད་པར་བྱ་བའི་དོན་དང་།
དགོས་པའི་འབྲས་བུ་དང་། ཐོབ་པར་བྱ་བའི་ཐབས་དང་ལྡན་པ་འདི་ལ་རྣལ་འབྱོར་དམ་པ། བདག་ལ་ཕན་པར་འདོད་པ་དང་། འགྲོ་བ་མཐའ་དག་གི་གཙོ་བོར་བྱེད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་འདོད་པ་རྣམས་ཀྱི་དད་པ་མཆོག་གི་གནས་ཡིན་པར་མོས་པ་བསྐྱེད་ཅིང་མི་གཡེལ་བར་ནན་ཏན་
སྙིང་པོ་བསྒྲུབ་པར་བྱ་བ་ན། དང་པོ་ཁོ་ནར་སེམས་ཀྱི་གསང་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་སེམས་དང་ཡིད་ལ་རྣམ་པར་ཤེས་པའི་གསང་བ་ལ་མཁས་པར་བྱ་དགོས་པས་འདིར་དང་པོར་སེམས་ཀྱི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ཆོས་རྣམས་ཀྱི་མཚན་ཉིད་ལ་ཤིན་ཏུ་རྨོངས་པའི་གཉེན་
པོར་ཀུན་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཆོས་རྣམས་ཀྱི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་ཤིན་ཏུ་རྨོངས་པའི་མཚན་ཉིད་དང་། སྐྱེ་བ་དང་། དོན་དམ་པ་ངོ་བོ་ཉིད་མེད་པ་ལ་
མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པའི་མཚན་ཉིད་བསྟན་ཏོ། །དེའི་འོག་ཏུ་ངོ་བོ་ཉིད་མེད་པའི་དོན་དེ་ལ་རྣལ་འབྱོར་དུ་བྱ་བའི་ཐབས་དེ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་དང་པོ་སེམས་བསྐྱེད་པ་དང་། ཆོས་གདགས་པ་རྣམ་པར་གཞག་པའི་གནས་དང་།

རྟེན་གྱི་རྒྱུ་ལ་བརྟེན་ཏེ་ཞི་གནས་དང་། ལྷག་མཐོང་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཆོས་གདགས་པ་རྣམ་པར་གཞག་པ་ལས་བརྩམས་ནས་རྣལ་འབྱོར་གྱིས་ཡོངས་སུ་བསྡུས་པའི་ཞི་གནས་དང་། ལྷག་མཐོང་གི་ལམ་གྱི་རབ་ཏུ་དབྱེ་བ་བསྟན་ཏོ། །དེའི་འོག་ཏུ་ཞི་གནས་དང་ལྷག་
མཐོང་གི་ཐེག་པ་དེ་ཉིད་ཀྱི་སྤྱོད་པ་དང་། རྟོག་པ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་ས་དང་ཕ་རོལ་ཏུ་ཕྱིན་པ་ངེས་པའི་དོན་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཐེག་པ་རྣམ་པར་གཞག་པ་ལས་བརྩམས་ནས་ཐེག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དབྱེ་བ་བསྟན་ཏོ། །དེའི་འོག་ཏུ་ས་དང་ཕ་
རོལ་ཏུ་ཕྱིན་པའི་ཐེག་པའི་འབྲས་བུ་ལ་ཤིན་ཏུ་ཉོན་མོངས་པའི་གཉེན་པོར་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ལ་མཁས་པར་བྱ་དགོས་པས་འདིར་དེའི་འོག་ཏུ་ཐེག་པ་གདགས་པ་རྣམ་པར་གཞག་པ་ཁོ་ན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པའི་
རབ་ཏུ་དབྱེ་བ་བསྟན་ཏེ། བདེ་བར་གཤེགས་པའི་བསྟན་པ་བདེ་བར་བགྲོད་པར་བྱ་བའི་ཆོས་འདི་ལ་ཡོངས་སུ་ཤེས་པར་བྱ་བ་ནི་དེ་ཙམ་དུ་ཟད་དེ། དེས་ཐེག་པ་ཆེན་པོ་མཐའ་དག་བསྡུས་པར་རིག་པར་བྱའོ། །དེ་ལ་དང་པོར་སེམས་ཀྱི་མཚན་ཉིད་ཀྱི་ཀུན་རྫོབ་ཀྱི་བདེན་པ་ཡོངས་སུ་ཤེས་པར་
བྱ་བའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པས་ཞུ་བ་ཞུས་པ་ཞེས་བྱ་བ་ལ་སོགས་པ་འཕགས་པ་བློ་གྲོས་ཡངས་པའི་ལེའུ་ལྔ་པ་འདི་གསུངས་སོ། །དེ་ལ་ལེའུ་ལྔ་པ་
འདིའི་བསྡུས་པའི་དོན་ནི་མདོར་བསྡུ་ན་སེམས་ཀྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལ་རྣམ་པར་དབྱེ་ན་རྣམ་པ་གཉིས་ཏེ། ཡོངས་སུ་ཞུས་པ་དང་། རྒྱ་ཆེ་བར་བསྟན་ཏོ། །དེ་ལ་ཡོངས་སུ་ཞུས་པ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་
གསང་བ་ལ་མཁས་པ་ཞེས་བྱ་བ་ནས། ཇི་ཙམ་གྱིས་འདོགས་ལགས་ཞེས་གསུངས་པའི་བར་གྱིས་བསྟན་ཏོ། རྒྱ་ཆེར་བསྟན་པ་ནི་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ལེའུ་

འདི་ཉིད་ཀྱི་གཞུང་ལྷག་མ་ཐམས་ཅད་ཀྱིས་བསྟན་ཏོ། །དེ་ལ་དང་པོར་ཡོངས་སུ་ཞུས་པའི་ཚིག་གི་དོན་ལ་སོགས་པ་བཤད་པར་བྱ་སྟེ། ཡོངས་སུ་ཞུས་པ་ཞེས་བྱ་བ་ནི་སེམས་ཀྱི་གསང་བ་ལ་ཤིན་ཏུ་རྨོངས་པའི་གཉེན་པོར་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་
མཁས་པ་གླེང་བསླང་བའི་ཕྱིར་དང་པོར་བཅོམ་ལྡན་འདས་ལ་འཕགས་པ་བློ་གྲོས་ཡངས་པས་ཞུ་བ་ཞུས་པ་གང་ཡིན་པའོ། །དེའི་ཕྱིར་དེ་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །དེ་ལ་སེམས་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །ཡིད་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་། འགགས་མ་ཐག་པ་དང་གནས་སུ་གྱུར་པའི་རྣམ་པར་ཤེས་པ་ལ་བྱའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་གོ། །གསང་
བ་ཞེས་བྱ་བ་ནི་དེ་དག་གི་ངོ་བོ་དང་། གནས་དང་། དམིགས་པ་དང་། གྲོགས་དང་། ལས་དང་། དེའི་ཡོད་པ་ཉིད་དང་། རབ་ཏུ་དབྱེ་བ་ནི་འདི་ལས་ཕྱི་རོལ་པ་དག་དང་། ཆོས་འདི་དག་ལས་ཀྱང་ཁ་ཅིག་མི་ཤེས་པ་དག་དེ་ལ་རང་བཞིན་གྱིས་ལྐོག་ཏུ་གྱུར་པའོ། །མཁས་པ་ཞེས་བྱ་བ་ནི་ཆོས་ཀྱི་
ལུགས་ཤེས་པ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དེའི་སྤྱོད་ཡུལ་གྱི་གསང་བ་ལ་མཁས་པ་ཡིན་ནོ། །ལན་གཉིས་སུ་བཟླས་པ་ནི་གྲགས་པའི་དོན་བསྟན་པའི་ཕྱིར་རོ་ཞེས་བགྱི་ན་ཞེས་བྱ་བ་ནི་མདོ་སྡེ་དེ་དང་དེ་དག་ལས་དེ་སྐད་ཅེས་གསུངས་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱང་ཆུབ་སེམས་
དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ཞེས་བྱ་བ་ནི་དེ་དག་གི་ངོ་བོ་ཉིད་དང་། གནས་དང་། དམིགས་པ་དང་། གྲོགས་དང་། ལས་ཀྱི་མཚན་ཉིད་ལ་མཁས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པའི་ཡོད་པ་ཉིད་དང་། རབ་ཏུ་དབྱེ་བ་ལ་མཁས་པ་ཡིན་ནོ་ཞེས་བསྟན་
པ་དེ་ལ། དེ་དག་གི་ངོ་བོ་ཉིད་གང་ཞེ་ན། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་གང་ཡིན་པ་སྟེ། དེ་ལ་སེམས་ཞེས་བྱ་བ་ནི་ས་བོན་ཐམས་ཅད་དང་ལྡན་པ་གནས་ཀྱི་དངོས་པོར་གྱུར་པ། གནས་ཀྱི་དངོས་པོར་གནས་པ། ལེན་པར་བྱེད་པ། རྣམ་པར་སྨིན་པས་བསྡུས་པ་ཀུན་གཞིའི་རྣམ་པར་

ཤེས་པ་གང་ཡིན་པའོ། །ཡིད་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་མ་རིག་པ་དང་། བདག་ཏུ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། སྲེད་པའི་མཚན་ཉིད་ཀྱི་ཉོན་མོངས་པ་རྣམ་པ་བཞི་དང་རྟག་ཏུ་ལྡན་པ་གང་ཡིན་པ་དང་། རྣམ་པར་ཤེས་པ་རྣམས་འགགས་མ་ཐག་པ་གང་ཡིན་པའོ། །ཡང་
ན་ཡིད་ཅེས་བྱ་བ་ནི་གནས་སུ་གྱུར་པའི་རྣམ་པར་ཤེས་པ་ལ་བྱ་སྟེ། གནས་ཀྱང་རྣམ་པ་བཞི་སྟེ། ས་བོན་གྱི་གནས་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །འབྱུང་བའི་སྒོ་འབྱེད་པའི་གནས་ནི་རྣམ་པར་ཤེས་པ་རྣམས་འགགས་མ་ཐག་པའོ། །འཆིང་བའི་གནས་ནི་ཉོན་མོངས་ཅན་གྱི་ཡིད་དེ། དེ་
མ་འགགས་ན་རྣམ་པར་རིག་པའི་འཆིང་བ་ནི་གྲོལ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པའི་གནས་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་ཡིད་ཅེས་བྱ་བའི་སྒྲས་རྣམ་པར་
ཤེས་པ་ཐམས་ཅད་བསྡུས་པ་ཡང་བསྟན་ཏོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་དབང་པོ་ལ་བརྟེན་ནས་དམིགས་པ་རྣམ་པར་རིག་པར་བྱེད་པས་ཉེ་བར་གནས་པ་འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་གོ། །དེ་དག་གི་གནས་གང་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་དང་། ཉོན་མོངས་
པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་གནས་ནི་གཉིས་ཏེ། ས་བོན་གྱི་གནས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དོ། །དེ་མ་ཐག་པའི་གནས་ནི་ཡིད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་གནས་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ཡིན་ཏེ། འདི་ལྟར་དེ་མ་འགགས་ན་རྣམ་པར་རིག་
པའི་འཆིང་བ་མི་འགྲོལ་ལ། འགགས་ན་དེ་འགྲོལ་བའི་ཕྱིར་རོ། །སྒོ་ལྔའི་རྣམ་པར་ཤེས་པའི་གནས་ནི་གསུམ་སྟེ། དབང་པོ་ནི་ལྷན་ཅིག་བྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ལུས་ལེན་པར་བྱེད་པ་རྣམ་པར་སྨིན་པར་བསྡུས་པ་ཀུན་གཞིའི་རྣམ་པར་ཤེས་
པ་ནི་ས་བོན་གྱི་གནས་སོ། །དེ་དག་གི་དམིགས་པ་གང་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པ་གཉིས་ཏེ། ནང་གི་ལེན་པ་དང་། ཕྱི་རོལ་སྣོད་ཡོངས་སུ་མ་ཆད་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་དམིགས་པ་ནི་ཀུན་གཞི་ལ་བདག་གོ་སྙམ་དུ་དམིགས་པའོ། །ཡིད་ཀྱི་རྣམ་

པར་ཤེས་པའི་དམིགས་པ་ནི་ཆོས་ཐམས་ཅད་དེ། དེ་ཡང་རང་བཞིན་གྱི་ཡུལ་དང་། རང་དང་། སྤྱིའི་མཚན་ཉིད་དང་། དུས་གསུམ་དང་སྐད་ཅིག་གི་རྒྱུན་གྱིས་བསྡུས་པ་དག་གོ། །སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་ནི་ཐམས་ཅད་ཀྱང་ད་ལྟར་བྱུང་བའི་དུས་དང་།
སྐད་ཅིག་གཅིག་གིས་བསྡུས་པ་རང་གི་མཚན་ཉིད་ཤ་སྟག་སྟེ། དེ་ལ་མིག་གི་རྣམ་པར་ཤེས་པའི་དམིགས་པ་ནི་གཟུགས་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་བསྟན་དུ་མེད་ལ་
ཐོགས་པ་དང་བཅས་པ་དག་གོ། །དེ་དག་གི་གྲོགས་གང་ཞེ་ན། སེམས་ལས་བྱུང་བའི་ཆོས་དེ་དག་དང་། ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་རྣམས་སོ། །དེ་དག་གི་ལས་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཞི་སྟེ། སྣོད་རྣམ་པར་རིག་པ་དང་། གནས་རྣམ་པར་རིག་པ་དང་། བདག་གོ་
སྙམ་དུ་རྣམ་པར་རིག་པ་དང་། ཡུལ་རྣམ་པར་རིག་པའོ། །དེ་ལ་དང་པོ་གཉིས་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ལས་ཡིན་ཏེ། དེ་ནི་རྟག་ཏུ་དམིགས་པ་རྣམ་པ་གཉིས་པའི་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པ་དང་། ནང་གི་ལེན་པ་རྣམ་པར་རིག་པར་བྱེད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་
ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ལས་ཡིན་ཏེ། དེ་ནི་འཆིང་བར་བྱེད་པ་ཡིན་པའི་ཕྱིར་རོ། །ཐ་མ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་གི་ལས་ཡིན་ཏེ། དེ་དག་ནི་དམིགས་པ་རྣམ་པར་རིག་པར་བྱེད་པས་ཉེ་བར་གནས་པ་ཡིན་པའི་ཕྱིར་རོ། །འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་ལས་ཀྱང་རབ་ཏུ་
དབྱེ་ན་ཡིད་ཀྱི་རྣམ་པར་ཤེས་པའི་ལས་ནི་རང་དང་གཞན་གྱི་ཡུལ་གྱི་དམིགས་པ་རྣམ་པར་རིག་པར་བྱེད་པ་དང་། རང་དང་སྤྱིའི་མཚན་ཉིད་རྣམ་པར་རིག་པར་བྱེད་པ་དང་། དུས་གསུམ་རྣམ་པར་རིག་པར་བྱེད་པ་དང་། སྐད་ཅིག་གི་རྒྱུན་རྣམ་པར་རིག་པར་བྱེད་པ་དང་། དགེ་བ་དང་མི་དགེ་བའི་
ཆོས་རྣམས་དང་ལས་རྣམ་པར་འཇུག་ཅིང་རྗེས་སུ་འཇུག་པར་བྱེད་པ་དང་། དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་ཀྱི་སྡུག་པ་དང་མི་སྡུག་པའི་འབྲས་བུ་ཡང་ཡོངས་སུ་འཛིན་ཏེ། དེའི་རྒྱུ་ལས་བྱུང་བ་རྒྱུ་མཐུན་པ་ཀུན་ནས་སློང་བའི་ཕྱིར་རོ། །དེ་དག་ནི་རྣམ་པར་ཤེས་པའི་ཚོགས་

གཞན་དག་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ཡིན་ནོ། །ཡང་དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་རྣམས་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཁྱད་པར་དུ་གྱུར་པའི་ལས་ནི་རྣམ་པ་བཅུ་བཞི་སྟེ། དམིགས་པ་ལ་རྣམ་པར་རྟོག་པ་དང་། དམིགས་པ་ལ་ཉེ་བར་སེམས་པ་དང་།
ར་རོ་བར་བྱེད་པ་དང་། སྨྱོ་བར་བྱེད་པ་དང་། གཉིད་ལོག་པར་བྱེད་པ་དང་། སད་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། བརྒྱལ་བ་ལས་སང