Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 204
Văn bản gốc(Tây Tạng)
Trang 14 / 23 (50.000 ký tự/trang)
ན་མོ་ཡབ་ཡུམ་འཁོར་རྣམས་ཀྱང་། །ངེས་པ་མ་མཆིས་ལས་ ཀྱི་རླུང་དམར་གྱིས། །བདས་པ་ཙམ་སྟེ་བདག་ཏུ་བཟུང་བ་བས། །ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་ཡང་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆིས་པས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཐུགས་བརྟན་མ་མཛད་འདི་ཀུན་བསླུ་བའི་བདུད། །བསྙེངས་དང་ བྲལ་བ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དམ་པ་འདི་ལགས་ཏེ། །ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། དམ་པའི་ཆོས་དང་ཆོས་སྨྲ་ལ། །ཉིད་ཀྱིས་བཀུར་སྟི་མཆོག་དང་ནི། །གུས་ པར་མཛོད་དེ་གདན་ལས་བཞེངས། །མེ་ཏོག་གཏོར་ནས་ཆོས་མཉན་ཅིང་། །ཆོས་ཀྱི་སྦྱིན་པ་དག་ཀྱང་མཛོད། །འཇིག་རྟེན་གཏམ་ལ་དགའ་མ་མཛད། །འཇིག་རྟེན་འདས་ལ་དགྱེས་བར་མཛོད། །འཁོར་རྣམས་ཟིལ་གྱིས་མནན་པའི་ཕྱིར། །ལྷུན་སྟུག་བརྟན་དང་ངེས་པར་མཛད། །བཀའ་ལུང་ མི་འགྱུར་ངེས་པར་གསུངས། །སྙན་ཁུང་མི་ཡངས་སྟུག་པ་དང་། །བུད་མེད་ཆགས་ཕྱིར་འཕྱར་གཡེང་དང་། །སྲབ་ཆོས་བུས་པ་ལྟར་མ་མཛད། །ཅུང་ཟད་ཙམ་གྱིས་ཁྲོམ་མཛད། །ཇི་ལྟར་རྒྱལ་སྲིད་བསྐྱང་བ་དང་། །འབངས་ཀུན་བདེ་ལ་འགོད་པ་དང་། །བསྔོ་བའི་དགྲ་རྣམས་གདུལ་བ་དང་། །རྒྱལ་ ཁམས་ཆོས་ཀྱིས་བསྐྱང་བགྱི་བ། །ཞིབ་ཏུ་དགོངས་ནས་གྲུབ་པར་མཛོད། །འགྲུབ་བམ་མི་འགྲུབ་མ་ངེས་པར། །དགོངས་མ་ཐག་ཏུ་མ་གསུངས་ཤིག །ཡུན་ཇི་སྲིད་ཅིག་ཆོས་སྒྲུབ་ཅིང་། །སེར་སྣ་འཇུར་འགེགས་མ་མཛད་པར། །བདོག་པ་ཐམས་ཅད་གཏུགས་ཏེ་མཛོད། །ཁྱོད་ནི་བདོག་པ་ ཀུན་བོར་ནས། །གཅིག་པུ་གཤེད་གཤེགས་འཚལ་བ། །ཆོས་ཀྱི་སླད་དུ་སྤྱད་པ་ཀུན། །ཁྱོད་ཀྱི་མདུན་དུ་འོང་བ་ཉིད། །འབངས་ལ་རེ་བ་མ་འཇོག་པར། །ཞལ་བཞུགས་ཚེ་ན་མྱུར་བར་མཛོད། །གཙུག་ལག་ཁང་དག་བརྩིག་པ་དང་། །མཆོད་རྟེན་བརྩིག་དང་ན་བཟའ་གསོལ། །ཞིག་ རལ་བཅོས་དང་མཆོད་པ་གཟུགས། །ལྷ་ཁང་ལ་སོགས་གཞན་བགྱི་བ། །སྔ་ལུགས་བཞིན་དུ་རྒྱས་པར་མཛོད། །དམ་ཆོས་ཚུལ་བཞིན་སྤྱོད་པ་ཡི། །དགེ་སློང་དགེ་བསྙེན་ལ་སོགས་པ། །གཞན་གྱིས་གཙེ་བ་མེད་པ་ཡི། །དཔུང་གཉེན་སྐྱབས་དང་ཁ་འཛིན་མཛོད། །འདི་ཀུན་ཡུན་དུ་བདེ་བ་ ཡི། །མྱ་ངན་འདའ་བའི་དགེ་ཚོགས་ལགས། །བགྲེས་ཁར་དགོན་པར་གཤེགས་ནས་ནི། །མི་རུ་འཁྲུངས་པའི་དོན་ཡོད་མཛོད། །བློན་པོ་རྣམས་དང་ལས་ཀྱི་སྣ། །མངའ་རིས་དབུས་མཐའི་འབངས་རྣམས་ནི། །དྲན་པ་ཅན་གྱིས་བསྒྲུབས་བྱས་པ། །རྣམ་པ་མང་པོ་ཡོད་ན་ཡང་། །སྔོན་གྱི་དྲང་ སྲོང་མཁས་རྣམས་ཀྱིས། །གདམས་ངག་མདོ་ཙམ་འདིར་བསྟན་གྱིས། །བདུད་རྩི་འཐུང་བ་བཞིན་དུ་སློབས། །གཏིང་ནས་ཁྲོས་ཤིང་འཁྲུགས་གྱུར་ཀྱང་། །མདོག་མདངས་ལྡན་ཞིང་འཛུམ་པར་སྨྲ། །འཁོན་གཅུགས་ཆེ་ཞིང་ཤ་ཆགས་ཀྱང་། །ཕྲན་ཚིགས་ཁྲོ་གཏུམ་གནོད་མི་བྱེད། ། དགྲ་བོ་འཐབ་ཟླར་གྱུར་ཀྱང་འཕྲལ་ཚུལ་ཅི་དགར་འདྲིད། །ཕ་རོལ་ཚིག་ངན་རྫོགས་ཀྱང་ངན་དུ་ལན་མི་སྨྲ། །བདག་གི་རྒྱབ་ཏུ་ལྟ་ཞིང་ལམ་སེལ་ཐུབ་ཐབས་སྲང་སྲུབ་ཚོལ། །གཉེན་སྦྱར་རན་པར་ཚོལ་ཞིང་སོ་ནམ་ཞིབ་མོར་སྒྲུབ། །ཕཊ་རལ་རྩིང་དང་གཏུམ་ཆོས་ང་རྒྱལ་ཆུང་། ། རྣམ་སྨིན་མེད་པའི་སོ་ནམ་ཡལ་བར་བོར་ནས་ནི། །གཞན་གྱི་ནོར་ལ་རྩིས་གདབ་ཆོམ་རྐུན་གཟན་བཙལ་ཡང་། །ཕ་མའི་ནོར་དང་དྲིན་ཆེན་དགའ་མཛའི་ནོར། །དཀོན་མཆོག་དཀོར་དང་ལྷ་ཀླུས་དབང་བྱས་ནོར། །ནམ་དུའང་མི་སྤྱོད་ཕོངས་ཆོས་ཁྲེལ་དོར་སྤང་། །བྱའོ་ཅོག་ལ་ཡིད་རིང་སྲན་དང་ལྡན། ། རྣ་ཁུང་རན་པར་ཆེ་ཞིང་ཕྲ་མའི་ཁ་ན་ལྕི། །དྲིན་ཅན་ཕ་ཁུ་མ་དང་གཉེན་བཤེས་ལ། །གསོང་དེས་བཀུར་སྟི་རིམ་གྲོ་བྲན་ལྟར་བྱེད། །བྱེད་དགུ་རན་ལ་ཚོད་ཟིན་བརྟན་པར་གཞུང་ལ་མཁས། །དོགས་པའི་དོན་ལམ་ལུས་ལེ་ལོ་མེད། །གྱ་ཚོམ་མི་སྨྲ་ཤེས་ཀྱང་མ་བཅོལ་རང་ཞུགས་ཡོང་མི་བྱེད། ། ཟིན་ཁར་མི་འདོར་འོག་ནས་སྔར་མི་སྨྲ། །ལྷག་པར་ཁེ་མཐོང་བཙལ་གླགས་ཡོད་ཀྱང་མི་རིགས་འདོད་ཆེན་ཡོང་མི་བྱེད། །དབང་དང་ཚན་གྱིས་ཐུབ་ཀྱང་འཕྱས་གནོན་གཟན་མི་ཚོལ། །ཉེ་ཞེས་ཉེ་མགོན་མི་བྱེད་རིང་ཞེས་སྙོམ་ལས་ཡོང་མི་སྤྱོད། །དབང་སར་ཕྱིན་ཅིང་ཀུན་གྱིས་བཀུར་ཡང་ མཐའ་དག་སེམས་བསྲུང་བྱ། །ལེགས་ཉེས་བསམ་ཞིང་སྲོད་དང་ཐོ་རངས་དགེ་བ་སྤྱད། །ང་རྒྱལ་ཁེངས་སེམས་མུར་ཅོར་སྨྲ་དང་རྒྱགས་ཆོས་མེད། །ཚན་ཀར་མི་འདོར་གཞན་གྱིས་བརྩི་སར་ཡུན་རིངས་སྡོད། །ཕྱི་ཚུལ་མི་འཆོས་ནང་གི་གཡོ་སྒྱུ་མེད། །གསོང་དེས་མཉེན་དང་གསལ་སྟུག་ འཇམ་ལ་རིང་། །ངན་ལ་ཁྱད་དུ་མི་གསོད་ཞེ་ས་ཕངས་མེད་མཉམ། །ཕྲག་དོག་འགྲན་སེམས་ནོར་ངན་གཞན་ལ་འཕྱ་མི་བྱེད། །བདག་ལ་རང་བསྟོད་མི་བྱེད་གཞན་ལ་མཚང་མི་འབྲུ། །དཔའ་ལ་སྲན་ཆེ་བྱེད་དགུ་མཛངས་ལས་སློབ། །ཆང་དང་བུད་མེད་དད་དང་ཁེ་བརྐམ་གཅམ་བུའི་ལས། །ནམ་ དུའང་མི་བྱེད་ཆུང་མ་ངན་པའི་ཁར་མི་གཏང་། །ཡོང་ནི་འཕྱ་ལ་མི་མཁས་ཤིང་། །བྱེད་དུ་བཅུག་ན་ནོར་པར་རྩོམ། །ཞིབ་ཏུ་དཔྱད་དེ་ལས་རྣམས་བརྩམ། །མང་པོ་རྣམས་ནི་ཁ་བསྡུས་ལ། །ངན་པའང་ཁྱད་དུ་མི་གསོད་པར། །གྲོས་སུ་བྱས་དང་འགྱོད་པ་མེད། །མཛངས་བ་རྣམས་ནི་ལས་སུ་བརྐོ། ། ཡུལ་དུ་གསར་ཁུང་བྱུང་བ་ཡིན། །དཔའ་བོ་རྣམས་ཀྱིས་འཐབ་སྣ་དྲང་། །དྲང་རྒན་རྣམས་ཀྱིས་མདུན་ས་གཟུང་། །དྲང་པོ་རྣམས་ཀྱིས་ཞལ་ལྕེ་གཅད། །གཡོག་རྣམས་འཁོར་གྱིས་མེལ་ཙེ་བསྒྲིམ། །ཉེས་ན་ཆད་པར་ན་པར་གཅད། །ཆེས་ན་བུས་ཀྱང་མི་བཟོད་འགྱུར། །ཐོག་ཏུ་བབ་པའི་ལས་ རྣམས་བྱ། །འོན་ཏང་ཀུན་གྱིས་བསྔགས་པར་འགྱུར། །ལེགས་པའི་ངོ་འཕྲལ་སྦྱིན་པ་ཡང་། །ཐོག་ཏུ་བབ་དང་ཕྲག་དོག་མེད། །ཉེས་པའི་སྐྱོན་ཡང་མི་འཕེལ་ལོ། །ཉེས་པ་མ་ལེགས་བྱུང་ན་ཡང་། །མི་ནི་གཏིང་ནས་ཡི་མི་གཅད། །ཕྱ་ནས་ཆུ་གང་དྲན་པར་འགྱུར། །ཕྱུགས་ནི་དུས་གཅིག་ སུན་མི་དབྱུང་། །འོན་དང་ལྕགས་སྐྱེད་ཆེ་བར་འགྱུར། །བྲན་ནི་འོས་ཤིང་རིགས་བཀོལ་དང་། །ཡུན་དུ་སྙིང་ནི་ཉེ་བར་འགྱུར། །བུ་ཚ་མཁས་པར་བསླབ་པ་ནི། །གཏན་གྱི་སྲིད་དུ་ཕྱི་ཕྱིར་ཆེ། །སྐྱེས་པ་མཛངས་པར་གྱུར་པ་ནི། །ནོར་དུ་མཁས་དང་གཏམ་སྙན་སྒྲུབ། །བུད་མེད་མཛངས་པར་གྱུར་ པ་ནི། །ཁྱོ་ལ་སྲི་ཞུ་རིམ་གྲོ་དང་། །རིགས་ལས་བསྒྲུབས་པའི་བདོག་དོན་དང་། །མི་སྨྲ་རྣ་ཁུང་ཆེ་བ་དང་། །དགོས་པའི་མགྲོན་ལ་ཡངས་པ་དང་། །སྐྱེས་བུ་གཞན་དུ་མི་ཚོལ་དང་། །བྱ་བ་རྣམས་ལམ་རྨོངས་ན། །ལྐུགས་པ་བཞིན་དུ་འདུག་ཀྱང་བླ། །ཞེས་པ་ལ་སོགས་པ་སྔོན་གྱི་དྲང་སྲོང་གིས་ གདམས་ངག་མདོ་ཙམ་བསྟན་པ་ཡང་ཚེ་འདིའི་ཆེད་དང་། ཚེ་ཕྱི་མའི་ཆེད་ཀྱང་གོང་དུ་བསྟན་པ་བཞིན་བྱས་ལ་ངང་དྲང་ན་ཡུན་གྱི་སྲིད་ཆེན་པོ་ཡང་ཞར་ལ་ཡོད་དེ། རྒྱལ་པོས་དྲང་པོར་བྱས་དང་རྒྱལ་སྲིད་མི་ཉམས་ཆེ། །བློན་པོས་དྲང་པོར་བྱས་དད་ཆེ་བཙན་ཡུན་དུ་རྟག །དེ་ཡི་གཞི་ལས་ཐར་པ་ ཐོབ་པར་འགྱུར། །ཞེས་འབྱུང་། གཞན་དག་ལས་ཀྱང་། རྩོད་པ་མེད་པར་ཆོས་སྨྲ་བ་ནི་མཁས་པའི་རབ། །ཇི་ལྟར་ངན་པར་གླེངས་པར་གྱུར་ཡང་མ་འཁྲུགས་པ་ནི་བདུད་ཀྱི་ཡུལ་ལས་འདས།རྒྱལ་པོའི་ཕྲིན་ལས་བྱ་བ་ནི། །གཙོ་ཆེར་འབངས་ཀྱི་སྤུ་འདམ་མོ། །བློན་པོའི་ལས་སུ་བྱ་བ་ ནི། །དྲང་སྙོམས་མི་ནི་ཐབས་ཀྱིས་བཅོས། །ཕྱུགས་ནི་མིག་གིས་བཙའ་བ་དང་། །ནོར་ནི་དགོས་པའི་དོན་དང་སྦྱར། །མོ་ནི་སྨན་དང་ཡུལ་མི་འཆོར། །སྐྱིད་པའི་མཐའ་ནི་རིང་པོར་འགྱུར། །དལ་གྱིས་འབབ་པའི་ཆུ་བོ་ནི། །ཡུན་དུ་གཞུང་ནི་བཙན་པར་འགྱུར། །སྤྲིན་ནི་ཧལ་ཧོལ་ཅན་དག་གིས། ། ཞིང་པ་དགའ་བའི་ཆར་མི་ཕེབས། །མི་ནི་ཁྲ་ཁྲོ་ཅན་དག་གིས། །དགོས་པའི་དོན་ནི་ཤོར་བར་འགྱུར། །དལ་བུས་སོང་བས་གང་དུའང་ཕྱིན། །འཇམ་པར་སྨྲས་པས་སུ་ཡང་གོ། །བསྲིངས་ནས་བསྒྲུབས་པ་ཅི་ཡང་འགྲུབ། །བློན་པོ་རྣམས་ཀྱིས་བྱ་བའི་མདོ། །ཁྲིམས་ སུ་བཅས་པ་བརྟན་པོར་བཟུང་། །བཀའ་ལུང་བཙན་ཞིང་སྙན་པར་བསྒྲུབ། །སྒོ་ཕྱེད་ཡལ་བར་བོར་ནས་ནི། །གཙོ་ཆེར་སྤྱི་ཆེད་སྲོག་དང་བསྔོ། །མནའ་ནི་གཟན་དུ་མི་བོར་ཞིང་། །འཐམས་པ་ཐམས་ཅད་བཙན་པར་བྱ། །དམ་ཆོས་བསྲུང་ལ་བརྩོན་པ་དང་། །གཙོ་ཆེར་ཡུན་གྱི་སྲིད་དུ་ནི། ། དམ་ཆོས་སྤྱོད་པ་མཆོག་ཡིན་ནོ། །ཞེས་འབྱུང་། བློན་པོ་གཅིག་པུར་མ་ཟད་ཀྱི། །མི་ཡི་རིས་སུ་སྐྱེས་པ་ཡི། །གླེན་ལྐུགས་འོན་པ་མ་གཏོགས་པར། །ཐམས་ཅད་ཀུན་གྱིས་དེ་བཞིན་སྤྱད། །འོན་ཏང་འདི་དང་ཕྱི་མར་ཡང་། །བདེ་བ་ཕུན་སུམ་ཚོགས་པར་འགྱུར། །དེ་དག་གདམས་ངག་ དམ་པ་ཡིན། །ད་ནི་རབ་ཏུ་བྱུང་བའི་དགེ་སློང་དང་། དགེ་ཚུལ་དང་། དགེ་སློང་མ་ལ་གདམས་ངག་བྱ་བ། དང་པོར་རབ་ཏུ་ཇི་ལྟར་བྱུང་། །སེམས་ཐག་བཅད་ནས་སྐྲ་བྲེགས་ཤིང་། །སྟོན་པའི་ན་བཟའ་ངུར་སྨྲིག་བགོས། །ཕ་དང་མ་དང་གཉེན་བཤེས་ལའང་། །ཆགས་པ་མེད་པའི་ཚུལ་ བྱས་པས། །ཀུན་གྱི་མཆོད་གནས་ཡིན་པས་ན། །འཇིག་རྟེན་པ་ཡིས་མ་འཕྱས་པས། །བསླབ་པ་འདི་ལྟར་རིམ་བཞིན་བྱ། །སྟོན་པ་རྐང་གཉིས་གཙོ་བོ་དང་། །འདོད་ཆགས་བྲལ་བ་ཆོས་ཀྱི་གཙོ། །འདུས་བའི་གཙོ་སྟེ་དགེ་འདུན་ལ། །གུས་པར་སྐྱབས་སུ་མཆི་བར་བགྱི། །སློབ་ དཔོན་མཁན་པོ་ཁྲིམས་དབང་དང་། །ཕྲིན་ལས་མཛད་པའི་དགེ་འདུན་ལ། །གུས་པར་ཞུས་ཏེ་དགེ་བསྙེན་དང་། །དགེ་ཚུལ་དགེ་སློང་བར་སློབ་དང་། །དགེ་སློང་མ་ཡི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་རྣམས། །རིམ་པ་བཞིན་དུ་མནོས་ནས་ཀྱང་། །ཉེས་བྱས་མེད་པར་བསྲུང་ བར་བྱའོ། །མཎྜལ་ཆག་ཆག་ཕྱག་དར་དང་། །ཞུ་གནས་བཅའ་དང་ལྷུང་བཟེད་བཀྲུ། །བླ་མ་དགེ་འདུན་བགྲེས་པ་ཡི། །དགོས་པའི་ཡན་ལག་ཐམས་ཅད་བྱ། །སྲོད་དང་ཐོ་རངས་ཐུན་གཉིས་ལ། །མི་ཉལ་ཁ་ཐོན་དགེ་བ་བྱ། །འདྲི་ཀློག་ཉན་འཛིན་བསམ་པ་དང་། །སྒོམ་དང་བདེན་པ་བཞི་ ལ་བསམ། །དེ་ནས་རིམ་གྱིས་བརྩོན་ལྡན་པར། །བླ་མ་མགུ་བར་བྱས་ནས་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྟེན་ཅིང་འབྲེལ་བར་འབྱུང་བའི་ལུགས། །འདུལ་བ་མདོ་སྡེ་མངོན་པ་རྣམས། །ཐེག་པ་ཀུན་ལས་འཇམ་པར་བསླབ། །ཀུན་གྱི་ཕུལ་དུ་ཕྱིན་བྱའི་ཕྱིར། །རིག་པའི་གནས་ལྔ་ དག་དང་ནི། །རིག་པའི་གནས་ནི་བཅོ་བརྒྱད་ལ། །ཐོགས་པ་མེད་པར་བསླབ་པར་བྱའོ། །བཀུར་སྟིའི་གནས་སུ་གྱུར་ནས་ཀྱང་། །ང་རྒྱལ་ཁེངས་སེམས་ཕྲག་དོག་སྤང་། །རང་མཐོང་སྒེར་བུའི་ལས་མི་བྱ། །ཁ་ནས་སྨྲ་བའི་ཚིག་རྣམས་དང་། །དོན་དུ་མཐུན་པར་ཆོས་བཞིན་སྤྱོད། །ང་ མཁས་གཞན་ནི་མི་ཤེས་ཞེསརྐ། །ཀུན་ལ་འཕྱ་བའི་ལས་མི་བརྩམ། །སློབ་པར་འདོད་པའི་གང་ཟག་རྣམས། །ཅི་ལ་དགའ་བར་བཤད་པར་བྱའོ། །སྔོན་གྱི་སློབ་དཔོན་དྲིན་ཅན་ལ། །བཀུར་སྟི་རིམ་གྲོ་བྲན་བཞིན་བྱའོ། །གཙོར་ན་སྙིང་རྗེ་བརྩེར་ལྡན་ཞིང་། །ཚད་མེད་བཞི་ཡི་གོ་ཆ་བགོས། །དུས་ ངན་ཐ་མར་སྐྱེས་པ་ཡི། །ད་ལྟའི་དགེ་སློང་རང་མཐོང་ཅན། །ཅུང་ཟད་ཡོན་ཏན་རྙེད་པ་དང་། །ཁེངས་ཤིང་རང་མཐོང་གྱོང་བུ་བྱེད། །མར་གྱིས་ཀོ་ཁེངས་བསྐུས་མཉེས་ན། །མི་དུལ་བ་ནི་གཅིག་ཀྱང་མེད། །དེ་བཞིན་ཆོས་ཀྱི་མར་གྱིས་ཀྱང་། །མི་ཤེས་ཀོ་ཁེངས་འདྲ་བ་འདུལ། །གྲོད་སྐོགས་ མར་དང་ལྷན་ཅིག་ཀྱང་། །མཉེ་བཏུལ་མ་བྱས་གྱོང་བུར་འདུག །དེ་བཞིན་ཆོས་ཀྱི་མར་གྱིས་བསྐུས། །ཤེས་བཞིན་དྲན་པས་མ་མཉེས་ན། །ཆོས་མར་བསྐུས་ཀྱང་གོང་བུར་འདུག །མཉེས་པ་བཞིན་དུ་དུལ་བར་གྱིས། །བསླབ་པས་མི་ངོམས་མཉན་པར་བྱོས། །མཁས་པ་རྣམས་ལ་དྲི་བ་ཕྲོས། ། ཆེ་འཆོས་ས་ནི་ཤོར་དོགས་པར། །ཐོས་པ་མང་པོ་མ་ཡིན་ཡང་། །འགའ་ཙམ་གོམས་ལའང་མཉེན་པར་བྱོས། །གྲོགས་པོ་རྣམས་ལ་འགྲན་སེམས་བོར། །རྒན་པ་རྣམས་ནི་རིམ་པར་ཁུར། །གཞན་ལ་འཕྱ་བ་མི་དགོས་ཀྱིས། །རང་ཉིད་དེ་ལྟར་མ་བྱེད་ཅིག །ཆོས་ཀྱི་སྤུན་དང་བྲལ་ནས་ནི། ། མི་ཆོས་གཉེན་ལ་མཉེས་མ་བྱེད། །སེམས་ཅན་ངན་མག་མ་སྐྱེད་ཅིག །ཁྱོད་ཀྱིས་བྱ་བའི་ལས་མིན་པ། །ཆུང་མ་བླང་དང་བུ་ཚང་ཀླག །འཁྲུག་པ་བྱ་དང་ཁེ་ཚོང་བྱ། །བྲེ་ཟོལ་བྱ་དང་སྲང་ཟོལ་བྱ། །སྒྱུ་ནི་རྣམ་པ་སྣ་ཚོགས་དང་། །འཕྱར་དང་རྟ་གད་རྩབ་ཧྲལ་དང་། །ཆོས་གོས་མེད་པར་ གྲོང་རྒྱུ་དང་། །གཞན་གྱི་ཆུང་མ་བསྟེན་པ་དང་། །སྲོག་ཆགས་གསད་དང་བརྫུན་སྨྲ་དང་། །ཆོམ་རྐུན་བྱ་བའི་ཕོ་ཉ་དང་། །ཕྲ་མ་མི་དབྱེས་ལ་སོགས་པ། །འཆི་བར་བསམས་ནས་མི་བྱའོ། །བཅོམ་ལྡན་ཤཱཀྱས་བཀའ་སྩལ་པ། །ང་ཡི་བསྟན་པའི་དམ་ཆོས་ནི། །མུ་སྟེགས་ཅན་གྱིས་མི་བཤིགས་ ཏེ། །སེང་གེའི་ཁོག་པ་ཇི་བཞིན་དུ། །ང་ཡི་སློབ་མས་གཞིག་པར་འགྱུར། །ང་ཡི་བསྟན་པ་དམ་ཆོས་ནི། །ནན་ཏན་སྙིང་པོར་བྱེད་པ་ཡི། །གང་ཟག་དགེ་སློང་ལག་ན་གནས། །བཀའ་བཞིན་བྱེད་པའི་དགེ་སློང་ནི། །འཇིགས་པ་མེད་པར་ངས་བཤད་དེ། །དམ་པའི་ཆོས་འཇིག་ངན་སྣ་འདྲེན། །ངན་སོང་གསུམ་གྱི་འཇིགས་ཆེན་ལས། ནམས་ཀྱང་ཐར་པར་ངས་མ་གསུངས། །བདུད་ཀྱི་སླུ་བས་ཟིན་པ་ལ། །ཐར་པའི་གླགས་ནི་མེད་འགྱུར་གྱིས། །དང་པོའི་དམ་བཅས་ཇི་བཞིན་དུ། །ཆོས་ཀྱི་ཀླུང་དུ་འགྲོ་བར་བྱོས། །བུ་སྨད་འདོད་པའི་སྲེད་པ་དང་། །ནམས་ཀྱང་གནས་པར་མ་བྱེད་ཅིག །གལ་ཏེ་བུ་སྨད་འདོད་ཅེས་ཏེ། །ཁྱིམ་པའི་དངོས་པོ་བྱེད་ཅེ་ན། །དང་པོ་ཁྱོད་ནི་ སུ་ཡིས་བསླུས། །དཀོན་མཆོག་གསུམ་བསླུ་ཅི་ཡི་ཕྱིར། །སློབ་དཔོན་མཁན་པོ་ཅི་ལ་དགོས། །སྐྱེ་བོའི་མཆོད་གནས་ཅི་ཕྱིར་བྱ། །འདྲེག་པའི་བྱེ་བྲག་གསུམ་ཡོད་དེ། །སོག་པོ་རྣམས་ནི་བཅོས་ཀྱིས་འདྲེག །དུད་འགྲོ་ཕལ་ནི་ལས་ཀྱིས་འདྲེག །དགེ་འདུན་རྣམས་ནི་ཡོན་ཏན་གྱིས། །འདྲེག་པ་ ཡིན་ན་གང་ཕྱིར་བྲེགས། །སྟོན་པའི་ན་བཟའ་ཆུད་རེ་ཟོས། །ན་བཟའ་ཆོས་གོས་འོ་རེ་བརྒྱལ། །དང་པོ་འདོད་ཆགས་བྲལ་ཞེ་ན། །ཅིའི་ཕྱིར་ད་ནི་བུ་སྨད་ལ། །མི་ཤེས་སྐྱེ་བོ་འཇུ་བ་བཞིན། །ཁོང་ནས་གདུང་སེམས་ཡོད་རེ་ཆེ། །འདོད་པ་རྣམས་ལ་དེ་བཞིན་འདུན། །དང་པོའི་དམ་བཅའ་གང་ཙུག་སོང་། །དེ་ ཡིས་མྱ་ངན་འདའ་འགྱུར་རམ། །སྡུག་བསྔལ་གྲོང་ཁྱེར་འཇིག་འགྱུར་རམ། །ཇི་ལྟར་བཤང་གཅི་གཤེར་བ་ལ། །ངན་སྐྱུགས་ཁྱི་ཕག་ཆགས་པ་ལྟར། །དེ་བཞིན་བཤང་གཅི་གཤེར་བ་ལ། །འདོད་ལྡན་བན་དེ་ཕག་ལྟར་ཆགས། །བདག་ལུས་བུད་མེད་མི་གཙང་པར། །ད་དུང་བར་དུ་ མ་རྟོགས་པར། །མི་རྟག་སྒྱུ་མའི་བུ་སྨད་ལ། །ཡང་དང་ཡང་དུ་ཆགས་པ་ནི། །མི་གཙང་དོན་དུ་ཁྱི་རྣམས་བཞིན། །ཨེ་མའོ་གཟུ་ལུམ་ས་ཨེ་མའོ་བླུན། །ཨེ་མའོ་སྐྱེ་བོས་ཁྲེལ་དུ་རུང་། །སློབ་དཔོན་མཁན་པོ་ཁྲིམས་དཔང་རྣམས། །ཁྱུད་སྐོར་ལོས་ཀྱང་མཐོང་མི་བྱེད། །ཆུར་མའི་གཉེན་ལ་དགེ་བཤེས་ བཞིན། །སྐྱོ་བ་ཙམ་དུ་འཁོར་བར་བྱེད། །དེས་ཅི་འཁོར་བའི་རྒྱ་མཚོ་ལས། །མྱུར་དུ་རྒལ་བར་འགྱུར་ཞེའམ། །ག་ཤ་ཁུ་ལྗོ་མ་བྱས་ཙམ། །གླེགས་བམ་ཐག་པས་ཁུ་ལྗོ་ཡི། །དཀྲི་བའི་ཐག་པ་མ་བྱས་ཙམ། །སྐུ་གཟུགས་དར་མ་ལྷ་ཆ་རྣམས། །བྱི་བྲུན་ཐིགས་པ་དུ་བས་ནོན། །གཡང་ས་གཙང་མར་བསྐྱལ་ན་རུང་། ། གལ་ཏེ་ལེགས་དོན་མ་ཡིན་ཡང་། །འབུམ་ལ་ཁྱིམ་པར་གྱུར་ཡང་ནི། །བདེ་གཤེགས་བསླབ་པ་དྲན་བྱས་ནས། །གནས་ཁང་སོ་སོར་འདུག་བྱས་ལ། །ཉེས་པ་བཤགས་ཤིང་དགེ་བ་སྤྱད། །བསླབ་ལ་འགྲུས་པར་བརྩོན་པར་བསྐྱེད། །བཙུན་པ་རྣམས་ལ་བཀུར་སྟི་བྱ། །རང་སྐྱོན་སྦ་ཕྱིར་མཚང་མི་འབྲུ། །འོན་ཏང་སྡིག་ ཞད་འབྲི་ལ་ཕན། །སེམས་ལ་ལྟ་ཞིང་དོན་ལ་སྒོམ། །ཚུལ་ཁྲིམས་རྣམ་པར་དག་པར་འགྱུར། །དགེ་སློང་མ་ཡང་ཅི་ཡི་ཕྱིར། །དང་པོ་ཁས་བླངས་དམ་བཅས་ནས། །སྔར་ཚུལ་བསྟན་པའི་དགེ་སློང་བཞིན། །ལེགས་པར་རབ་ཏུ་བྱུང་བྱས་ནས། །རང་བསླུས་སྡིག་པའི་ཁུར་བུ་དྲགས། །སྟོན་པའི་བཀའ་ནི་ཁྱད་ དུ་གསད། །ཁྱིམ་པ་སྐྱེ་བོའི་འོག་ན་ཉལ། །དང་པོ་སྐྲ་ནི་འདྲག་པའི་ཚེ། །ཁྱིམ་བདག་སྙིང་དུ་མི་སྡུག་གམ། །ཕ་མ་སྡང་ངམ་མགོ་རྒྱན་མེད། །ཁྱིམ་ཐབ་མཆིས་སམ་ཉེས་སྐྱོན་བྱུང་། །ཅི་ཡི་ཕྱིར་ན་ཚུལ་ཁྲིམས་དྲལ། །སྙིང་ནས་དམ་ཆོས་སྤྱོད་ཅེ་ན། །ལས་འཕྲོ་ངན་ཅིང་བློ་ཞན་པས། །མཁས་པའི་ཕུལ་དུ་མི་ འགྲུབ་ཀྱིས། །སེམས་ཐག་ཆོད་ལ་བཙུན་པར་སྒྲུབས། །ཀློག་དང་དོན་ལ་བརྩོན་འགྲུས་བསྐྱེད། །སྐྱེས་པ་རྣམས་ལ་མི་ལྟ་ཞིང་། །རང་གི་གནས་ཁང་དག་ཏུ་འདུག །ཐོས་པ་བསགས་ན་ནམ་ཞ་ཡི། །ཆོས་ཀྱི་གཏེར་ནི་གཟུང་བར་འགྱུར། །བྱ་བྱེད་དག་ལ་ཡོང་མ་འཇུག །དེ་དག་ཙམ་ནི་ཐེག་ཚད་ཡིན། །ད་འདི་མན་ཆད་ ནི། སྤྱིར་དགེ་བ་སྤྱད་ཅང་སྡིག་པ་སྤང་བར་གདམས་ངག་བྱེད། དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ནང་ནས་མདོ་ཙམ་བསྟན་པ། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། ། བདག་གི་འབྱོར་པ་དྲུག་གཞན་གྱི་འབྱོར་པ་བདུན་ཏེ་བཅུ་གསུམ་མོ། །དེ་ལ་བདག་གི་འབྱོར་པ་དྲུག་ལ། ཡུལ་གྱི་དབུས་སུ་སྐྱེས་པ་དང་། དབང་པོ་ཚང་བ་དང་། གནས་ལ་དད་པར་གྱུར་པ་དང་། སྨོན་ལམ་དག་པས་སྡིག་པའི་གྲོགས་པོ་དང་མ་ཕྲད་པ་དང་། ལས་ཀྱི་མཐའ་མ་ལོག་པ་དང་། ལྟ་བ་ངན་པས་མི་འཕྲོགས་པའོ། །གཞན་ གྱི་འབྱོར་པ་ལ། སངས་རྒྱས་འཇིག་རྟེན་བྱུང་བ་དང་། དམ་པའི་ཆོས་བསྟན་པ་དང་། བསྟན་པ་གནས་པ་དང་། ཆོས་ཀྱི་རྗེས་སུ་འཇུག་པའི་གྲོགས་པོ་ཟང་ཟིང་ལ་མི་ལྟ་བ་དང་ཕྲད་པ་དང་། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གཞན་གྱི་དོན་དུ་སྙིང་རྗེ་ཆེན་པོ་དང་ཕྲད་པ་དང་། ཆོས་བྱེད་པ་ལ་ བྱམས་པའི་གྲོང་ཁྱེར་དུ་ཉེ་བར་སྐྱེས་པ་དང་། རྒྱལ་པོ་ཆོས་བཞིན་བྱེད་པའི་ཡུལ་དུ་སྐྱེས་པའོ། །ཇི་ལྟར་མཚན་མོའི་མུན་ནག་སྤྲིན་རུམ་ནས། །གློག་འགྱུས་སྐད་ཅིག་བར་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུས་ཀྱང་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །དེ་ལྟར་དགེ་བ་ཉམ་ ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་ འཇོམས། །ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཐམས་ཅད་བོར་ཏེ་ཆས་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམས་ཀྱང་ མེད་འགྱུར་ཞིང་། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་ཉིད། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །རེ་ཞིག་གསོན་ཚེ་འདི་ཉིད་ལ། །མཛའ་དང་མི་མཛའ་དུ་མ་འདས། །དེ་དག་དོན་དུ་བྱས་པའི་སྡིག །མི་བཟད་གང་ཡིན་མངོན་ན་ གནས། །དེ་ལྟར་བདག་ནི་གློ་བུར་ཞེས། །བདག་གིས་རྟོགས་པར་མ་གྱུར་པས། །གཏི་མུག་ཆགས་དང་ཞེ་སྡང་གིས། །སྡིག་པ་རྣམ་པ་དུ་མ་བྱས། །ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་འགོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །བདག་ནི་མ་ལན་ འདུག་བཞིན་དུ། །གཉེན་བཤེས་མང་པོས་མཐའ་བསྐོར་ཡང་། །སྲོག་གཅོད་པ་ཡི་ཚོར་བདག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་པས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །འཇིགས་པ་འདི་འདྲ་ མ་འཚལ་ནས། །མི་རྟག་ཚེ་འདིའི་ཆེད་དག་ཏུ། །སྡིག་པ་མང་པོ་ཉེ་བར་བསྒྲུབས། །དེ་ལྟར་འཇིགས་ཆེན་ཡོད་པས་ན། །དགེ་བཤེས་བསྟེན་ལ་བསོད་ནམས་བྱོས། །གཉེན་དང་བཤེས་རྣམས་རྣམ་སྤངས་ནས། །གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅིར་རུང་། །མི་དགེ་བ་ལས་སྡུག་ བསྔལ་འབྱུང་། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །དེ་ཉིད་རྟག་ཏུ་བསམ་པར་རིགས། །ད་ནི་བདག་གིས་ཅི་ནས་ཀྱང་། །མི་རུ་སྐྱེས་པའི་དོན་ཡོད་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་ནི་བདག་ལ་ སྐྱེས། །བློ་འདིར་རབ་ཏུ་ཤུགས་དབྱུང་ངོ་། །དིང་ནས་བརྩོན་པ་མ་བྱས་ན། །འོག་ནས་འོག་ཏུ་འགྲོ་བར་འགྱུར། །སེམས་ཅན་རྣམས་ལ་ཕན་མཛད་པའི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གིས་ཉེས་པ་དེའི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ངན་འགྲོ་ངན་དང་ འཆི་བ་དང་། །སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར། །དེ་བཞིན་གཤེགས་པ་བྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་དེ་ལྟ་བུར། །དཀོན་པ་ནམ་ཞིག་ཐོབ་པར་འགྱུར། །ནད་མེད་ཉི་མ་འདི་ལྟ་བུར། །ཟས་བཅས་འཚེ་བ་མེད་ཀྱང་ནི། །ཚེ་ནི་སྐད་ཅིག་སླུ་བ་སྟེ། །ལུས་ནི་ཐང་ཅིག་བརྙན་པོ་ བཞིན། །བདག་གི་སྤྱོད་པ་འདི་འདྲས་ནི། །མི་ལུས་ཕྱིས་ནི་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་ པ་དག་ནི་ཆེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །དོན་མེད་དགྲ་ཡིས་རྨ་སྲོལ་བཏོད་པ་ཡང་། །ལུས་ལ་རྒྱན་དང་འདྲ་བར་སྲེལ་བྱེད་ན། །དོན་ཆེན་སྒྲུབ་ཕྱིར་ཡང་དག་བརྩོན་གྱུར་ལ། །བདག་ལ་སྡུག་བསྔལ་ཅིའི་ཕྱིར་གནོད་བྱེད་ཡིན། །ཉ་པ་ཞིང་པ་གདོལ་བ་ལ་སོགས་པ། ། རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང་། །གྲང་དང་ཚ་ལ་སོགས་པ་གནོད་བཟོད་ན། །ཡུན་གྱི་བདེ་ཕྱིར་བདག་ལྟ་ཅི་ཞིག་སྨོས། །དེ་ཕྱིར་སྡིག་ནི་སེམས་ལས་བྱུང་བས་ན། །བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ཏེ་སེམས་གདུལ་ཏེ། །སེམས་འདི་གདུལ་བ་མ་བྱས་ན། །བསླབ་པ་བསྲུང་བར་ཡོང་མི་ ནུས། །སེམས་ཀྱི་གླང་པོ་ཡན་བཏང་བས། །མནར་མེད་གནོད་པ་བྱེད་པ་ལྟར། །གླང་ཆེན་མ་དུལ་མྱོས་པ་ཡིས། །འདི་ན་དེ་འདྲའི་གནོད་མི་བྱེད། །ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་པར་འགྱུར། །དགེ་བ་ཐམས་ཅད་ལག་ ཏུ་འོང་། །སེམས་འདི་ཁོ་ན་ཐུལ་བ་ཡིས། །གནོད་བྱེད་ཐམས་ཅད་འདུལ་བར་འགྱུར། །སེམས་ཅན་མི་སྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ག་ལ་ལང་། །ཁྲོ་བའི་སེམས་ནི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམས་དང་འདྲ། །ས་སྟེངས་འདི་ཀུན་ཀོས་གཡོག་ཏུ། །དེ་སྙེད་ཀོ་བ་ག་ལ་ཡོད། ། རྐང་མཐིལ་གང་གི་ཀོ་བས་ནི། །ས་སྟེངས་ཐམས་ཅད་གཡོགས་དང་འདྲ། །དེ་ཕྱིར་ཕྱི་རོལ་དངོས་པོ་ཡང་། །བདག་གིས་ཕྱིར་བཟློག་མི་ལང་གིས། །བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་གོ་ཅི་ཞིག་དགོས། །གང་གིས་ཆོས་ཀྱི་དོན་པོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། ། བདེ་འདོད་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ན་འཁྱམ། །དེ་ལྟར་བདག་གི་སེམས་འདི་ནི། །ལེགས་གཟུང་ལེགས་པར་རྟོགས་པར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །མ་གྲངས་གྲོལ་བའི་ཁྲོད་གནས་ན། །བསྒྲིམས་ཏེ་རྨ་ཡི་ བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་ནི་རྟག་ཏུ་བསྲུང་། །སེམས་རྨ་རྟག་ཏུ་བསྲུང་བ་ཡང་། །བླ་མ་དང་ནི་འགྲོགས་པ་ལས། །མཁས་པས་རྗེས་སུ་བསྟན་པ་དང་། །འཇིགས་པས་སྐལ་ལྡན་གུས་བྱེད་ལ། །དྲན་པ་ཤིན་ཏུ་སྐྱེ་བར་འགྱུར། །དེ་ཕྱིར་དགེ་བཤེས་མཁས་པ་བསྟེན། ། དོན་མེད་གཡེང་བར་ལྟ་བ་ནི། །བན་དེས་ནམ་ཡང་མི་བྱ་སྟེ། །སྐྱེ་བོ་མཛངས་པའང་དེ་བཞིན་སྤྱོད། །གང་ཞིག་མིག་ལམ་འོངས་ན་ཡང་། །བལྟས་ནས་ལེགས་པར་མགུ་བར་བྱ། །དགོས་ན་ཐག་རིང་དག་ཏུའང་ལྟ། །གང་ཞིག་བསམས་ནས་བྱར་བརྩམས་པ། །དེ་ལས་གཞན་དུ་མི་བསམ་སྟེ། །དེར་གཏད་པ་ཡི་བསམ་པ་ ཡིས། །དེ་ཉིད་ཁོ་ན་བསྒྲུབ་པར་བྱ། །དེ་ལྟར་ན་ནི་ཀུན་འགྲུབ་འགྱུར། །གཞན་དུ་གཉིས་ཀར་མི་འགྲུབ་པོ། །ཁྱི་ནི་ཅུང་པེང་སྙེག་པ་དང་། །ལྷ་ཁང་བར་གྱི་ཁྱི་བཞིན་དུ། །དྲན་དྲོད་ཐམས་ཅད་མི་བྱའོ། །རིང་ཞིག་ལོན་ནས་དལ་བའི་མཆོག །རྙེད་པ་ཡང་དང་ཡང་བསམས་ནས། །དགེ་སློང་ཡིན་ན་འཁོར་གཡོག་དང་། །དྲུང་དུ་ འོངས་པའི་ལྷ་མི་རྣམས། །ཐམས་ཅད་དགེ་ལ་གཟུད་པར་བྱ། །ཁྱིམ་པ་ཡིན་ནའང་བུ་དག་དང་། །ཆུང་མ་ཕ་མ་གཉེན་འདུན་རྣམས། །གྲོས་བཏབ་ཐམས་ཅད་དགེ་ལ་གཟུང་། །འོན་ཏང་བྱང་ཆུབ་སྤྱོད་པ་རྫོགས། །བྲན་གཡོག་བཀོལ་དུ་མི་བཏུབ་པ། །ཟས་ལ་སོགས་པ་མི་སྦྱིན་ལྟར། །དགེ་བ་མི་བྱེད་ལུས་འདི་ལ། ། བསྙོད་ཀྱང་དེའུ་རེ་གཞན་འགྲོ་ལ། །སྡིག་ལུས་བསྙོད་ཅིང་གོས་བསྐོན་ཡང་། །ཕན་མེད་སྡིག་བྱེད་ཇི་སྟེ་གསོ། །ཁྱོད་མ་འགྲངས་པས་ཕུང་འོག་བཅུག །ཁྱོད་འགྲངས་པས་ན་ཕུང་མགོ་བཙུགས། །དཀོན་མཆོག་ཕ་མ་དགའ་མཛའ་དང་། །དྲིན་ཡོད་དྲིན་མེད་རྣམས་ཀྱི་ནོར། །སྒྱུས་བརྐུས་མཐུས་ཕྲོགས་ ཐབས་ཀྱིས་བསླུས། །མ་འགྲངས་མ་གཡོགས་སྡིག་ལུས་ཁྱད། །མཇུག་ཏུ་འབུ་སྦྲང་ཉོད་པར་སོང་། །ཁྱོད་མ་སོས་པས་དམྱལ་བར་བཏང་། །བསད་པའི་སྡིག་པ་ཁྱོད་ལས་བྱུང་། །ཁྱོད་མ་མགུ་བས་འཕྲོག་རློམ་བྱས། །ཡི་དགས་གནས་སུ་ཁྱོད་ཀྱིས་བཏང་། །ཁྱོད་མ་སོས་པས་ལོང་ཆུང་སྟེ། །དགེ་བཤེས་ མ་བསྟེན་ཆོས་མ་ཉན། །དེས་ན་དུད་འགྲོ་བླུན་པོར་གྱུར། །གཏན་དུ་འཁྱམས་པ་ཁྱོད་ཀྱིས་ཉེས། །ཁྱོད་ནི་དགེ་བ་སྤྱོད་གྱུར་ན། །རིན་ཆེན་ཕུང་པོ་ཕངས་པའི་གཙོ། །ཁྱོད་ལ་བརྟེན་ནས་སངས་རྒྱས་ཆོས། །འབྲས་བུ་བླ་མེད་བྱང་ཆུབ་དང་། །བར་དུའང་བདེ་འགྲོ་སྐྱིད་པ་ནི། །ལོང་བཏགས་དོན་ཡོད་བྱེད་པས་ན། །འགྲོ་ དང་འོང་པའི་རྟེན་ཙམ་དུ། །ལུས་ལ་གྲུ་ཡི་བློ་ཞོག་སྟེ། །འདི་ལ་གླ་རྔན་བྱིན་ནས་ནི། །ད་ནི་རང་གི་དོན་བྱེད་ཆུག །རྨོངས་པའི་སེམས་ཁྱོད་ཅི་ཞིག་ཟེར། །གཟུགས་སུ་འཛིན་པ་ཁྱོད་རང་ཡིན། །ལུས་སུ་ལྟ་བ་ཁྱོད་རང་ཡིན། །དོན་མེད་ཤེས་པ་གཞན་ནས་འོངས། །འབྱུང་བས་བསྒྲུབས་པའི་ཁུ་ཁྲག་ལ། །ཁྱོད་ ཀྱིས་ངར་འཛིན་བྱས་ནས་ནི། །བུ་དང་བུ་མོར་ཁྱོད་ཀྱིས་བཟུང་། །གཞན་གྱིས་འབྱུང་བའི་ཁུ་ཁྲག་ལ། །གཞན་ཞེས་དགྲ་རུ་ལྟ་བར་བྱེད། །སྡིག་པས་བསྒྲུབས་པའི་ཟང་ཟིང་ལ། །གཞན་གྱིས་ཁྱེར་སྙམ་ཕྲག་དོག་ལངས། །དོན་མེད་བྱིས་པའི་སྤྱོད་པ་འདྲ། །ཁྱེད་ཀྱིས་ཤེས་ན་དེ་མིན་པའི། །བཟང་པོའི་དཔལ་ཏ་རེ་ཡོད་ན། །དེ་ ལས་མ་ཤེས་ཅི་བྱར་ཡོད། །ང་ཡི་ཉེས་པ་ཅི་ཡང་མེད། །ཉེས་པ་ཐམས་ཅད་ཁྱོད་ལས་བྱུང་། །ཁྱོད་ཀྱིས་རྩ་ཡ་ཀུན་བཅོམ་ན། །གང་དུ་འགྲོ་བ་ཁོ་བོས་ལྟ། །ཁྱོད་ཀྱིས་ངར་འཛིན་མ་བྱས་ན། །ང་ནི་འབྱུང་བའི་བག་ལ་ཞ། །ང་མ་གསོ་བར་ཁྱེད་བདེར་སྒྲུབས། །སྐྱོན་ཅན་ཁྱོད་ཀྱི་ཉེས་པ་ཀུན། །དྲན་དྲོད་མ་སྨྲ་སོ་སོར་འདུག །ཁྱོད་ལ་ གསོལ་བག་ཅི་མ་ལུས། །གཞན་ཡང་ཚིགས་སུ་བཅད་པ་ལ། །དེང་བྱ་སང་བྱ་ལེ་ལོ་ཕྱི་ཤོལ་གྱིས། །སྔོན་འདས་དུ་ས་ནས་ད་སྲིད་འགྱངས་པས་ཆོག །འཆི་བདག་དགྲ་དང་བང་བྱ་བརྟོད་ནས་ནི། །བཀའ་བསྔོས་མྱུར་ཏེ་བྱ་བའི་མི་རིགས་སམ། །སྐྲ་དཀར་སྐྱེས་ཤིང་གཉེར་མའི་ཚོགས་བགྲངས་ཀྱང་། ། བྱིས་པ་ཤེང་མ་བྱེ་དང་འདྲ་བ་ནི། །དོན་ལ་མཁས་པས་བརྟགས་ན་སྙིང་རེ་རྗེ། །གཞན་ཡང་། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་ཐམས་ཅད་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་ དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་བཞིན་བསྒོམ་པར་བྱ། །ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་བདེ་བའི་ཉམས་མི་མྱོང་། །སྒྱུ་མར་བསམས་ནས་བཟོད་པ་བསྒོམས། །གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་བྱར་ཡང་མེད། །འོན་ཏེ་བཅོས་སུ་མེད་ན་ཡང་། །དེ་ལ་མི་དགའ་བྱས་ཅི་ཕན། ། ལ་ལ་བདག་གི་ཁྲག་མཐོང་ན། །ཕྱིར་ཞིང་ཁོང་དགྲར་འགྱུར་བའང་ཡོད། །ལ་ལ་གཞན་གྱི་ཁྲག་མཐོང་ན། །འབོག་ཅིང་བརྒྱལ་བར་འགྱུར་བའང་ཡོད། །དེ་ནི་སེམས་ཀྱི་ངང་བརྟན་དང་། །སྡར་མའི་ཚུལ་ལས་གྱུར་པ་ཡིན། །དེ་བཞིན་དགེ་བ་བསྒྲུབ་པ་ཡང་། །སེམས་ཐག་གཅད་དམ་མི་གཅད་ཟན། །ཁྱིམ་དང་འབྲལ་ བར་མི་ནུས་དང་། །སོ་ནམ་ཡལ་བར་དོགས་པ་དང་། །དམ་ཆོས་བསྒྲུབ་པར་བསམ་པ་དང་། །ཡུན་གྱི་བདེ་བ་བསྒྲུབ་པ་ནི། །གཉིས་ཀ་ཡོང་ཡེ་འགྲུབ་མི་འགྱུར། །སྦྱིན་པ་གཏང་བར་བྱ་བ་དང་། །ཟད་པར་དོགས་པ་གཉིས་མི་འཕྲུགས། །དཔའ་བོ་བྱ་བར་བསམ་པ་དང་། །ཤི་བར་དོགས་པ་གཉིས་མི་འཕྲུགས། །མང་པོ་ དགའ་བར་བྱ་བ་དང་། །ཁྲོ་གཏུམ་བྱ་བ་གཉིས་མི་འཕྲུགས། །བསླབ་ལ་འགྲུས་པར་བྱ་བ་དང་། །ཟང་ཟིང་བཙལ་བ་གཉིས་མི་འཕྲུགས། །བཙུན་པའི་ཕུལ་དུ་བྱུང་བ་དང་། །ཡུལ་ལ་ཆགས་པ་གཉིས་མི་འཕྲུགས། །ཀུན་གྱིས་བཀུར་བར་འདོད་པ་དང་། །སྤྱོད་ལམ་ངན་པ་གཉིས་མི་འཕྲུགས། །རྒྱལ་པོ་མཉེས་པར་བྱ་བ་དང་། ཁྱིམ་ན་ཉལ་བ་གཉིས་མི་འཕྲུགས། །སངས་རྒྱས་བསྒྲུབ་པར་བྱ་བ་དང་། །སྡིག་པ་སྤྱད་པ་གཉིས་མི་འཕྲུགས། །དེ་བཞིན་གང་ཞིག་སྒྲུབ་ན་ཡང་། །སེམས་ཐག་གཅོད་པར་བྱེད་པར་བྱ། །འོན་ཏང་དགོས་པ་ཐམས་ཅད་འགྲུབ། །འཇིག་རྟེན་མགོན་པོས་དེ་སྐད་གསུངས། །མདོ་སྡེ་རྣམས་ལས་བསླབ་པ་སྣང་། །རྟག་ཏུ་མདོ་སྡེ་ བལྟ་བར་བྱའོ། །དེ་དག་གང་ཞིག་སྒྲུབ་ན་བདེ། །རླུང་མེད་གཡོ་བའང་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འགྱུར། །སྒྱིད་ལུག་སྙོམ་པའི་སྟོབས་བཅོམ་སྟེ། །ཉིན་མཚན་ཕྱེད་པར་བསྒྲུབ་པར་བྱའོ། །དེས་ན་འབྲས་བུ་མེད་མི་སྲིད། །སྲིད་པའི་རྒྱ་མཚོ་རྒལ་བ་དང་། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དགོས་ པ་མ་ལུས་བོས་པ་བཞིན། །སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་ཅི་ཞིག་སྨོས། །དེ་བས་འཇིག་རྟེན་བསམ་པ་བཏང་། །སེམས་ཅན་རྙེད་པ་མེད་ལ་སྨོད། །རྙེད་པ་ཅན་ལ་མི་སྙན་བརྗོད། །རང་བཞིན་འགྲོགས་དཀའ་དེ་དག་གིས། །དགའ་བ་ཇི་ལྟར་སྐྱེ་བར་འགྱུར། །དེས་ན་དབེན་ པར་གནས་པར་བྱའོ། །བདག་གིས་མཁས་པའི་རྗེས་བསྙགས་ལ། །བག་ཡོད་གདམས་ངག་དྲན་བྱས་ཏེ། །གཉིད་དང་རྨུགས་པ་བཟློག་པར་བྱ། །རྒྱལ་སྲས་ཐུགས་རྗེ་ཆེན་པོ་ལྟར། །རིགས་པའི་སྲན་དུ་གཟུགས་བྱ་སྟེ། །བྱིས་པའི་སྤྱོད་པ་བཏང་བྱས་ནས། །མདོར་ན་བདག་དང་གཞན་རྣམས་ལ། །ཕན་ པ་འབའ་ཞིག་ལྷུར་བྱའོ། །དེ་ལྟར་གདམས་ངག་བྱས་ནས་ཀྱང་། །བདག་གིས་སྤྱད་པར་མ་གྲུབ་ཅིང་། །ཉམས་ཀྱིས་ལྕོགས་པར་མ་གྱུར་ན། །ཚེ་རབས་ཀུན་དུ་ཕན་པ་ཡང་། །དེ་བཞིན་གཤེགས་པའི་ཞལ་ནས་གསུངས། །སྡིག་པ་ཐམས་ཅད་ཟད་བྱེད་ཅིང་། །དགེ་བ་མ་ལུས་རྫོགས་བྱེད་པ། །འདི་དག་བརྗོད་པའི་ བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་ཡོད་གྱུར། །གང་གཱའི་བྱེ་མ་སྙེད་ཀྱི་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར། །ཚིགས་སུ་བཅད་པ་ཉི་ཤུ་འདི། །གཙུག་ལག་ཁང་ངམ་མཆོད་ཁང་ངམ། །མཆོད་རྟེན་སྐུ་གཟུགས་སྤྱན་སྔའམ། །གཞན་དུའང་རུང་སྟེ་འདི་སྐད་བརྗོད། །ཉིན་མཚན་ལན་ནི་གསུམ་གསུམ་ བརྗོད། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །སྒོ་གསུམ་བཏུད་དེ་སྐྱབས་སུ་མཆིའོ། །མཆོད་འོས་རྣམས་ལ་ཕྱག་འཚལ་ལོ། །སྡིག་པའི་ལས་ལས་བཟློག་བགྱིད་ཅིང་། །བསོད་ནམས་ཐམས་ཅད་ཡོངས་སུ་གཟུང་། །ལུས་ཅན་རྣམས་ཀྱི་བསོད་ནམས་དག །ཀུན་ལ་རྗེས་སུ་ཡི་རང་ངོ་། །བདག་ནི་ སྤྱིས་བཏུད་ཐལ་སྦྱར་ཏེ། །ཆོས་ཀྱི་འཁོར་ལོ་བསྐོར་སླད་དང་། །འགྲོ་གནས་རབ་ཏུ་བཞུགས་སླད་དུ། །རྫོགས་པའི་སངས་རྒྱས་རྣམས་ལ་གསོལ། །དེ་ལྟར་བགྱིས་པའི་བསོད་ནམས་དང་། །བདག་གིས་བགྱིས་དང་མ་བགྱིས་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱང་། །བླ་མེད་བྱང་ཆུབ་སེམས་ལྡན་ཤོག །སེམས་ཅན་ཐམས་ཅད་དྲི་མེད་ དབང་། །ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང་། །སྤྱོད་པ་རང་དབང་ཡོད་པ་དང་། །འཚོ་བ་བཟང་དང་ལྡན་པར་ཤོག །ལུས་ཅན་དག་ནི་ཐམས་ཅད་ཀྱང་། །ལག་ན་རིན་ཆེན་ཉིད་ལྡན་ཞིང་། །ཡོ་བྱད་ཐམས་ཅད་མཐའ་ཡས་པ། །འཁོར་བ་ཇི་སྲིད་མི་ཟད་ཤོག །བུད་མེད་ཐམས་ཅད་རྣམ་ཀུན་དུ། ། ཕན་ཚུན་ཕྲག་དོག་འགྲན་སེམས་དང་། །རང་བཞིན་བཟང་པོར་སྐྱེས་གྱུར་ནས། །སྐྱེས་མཆོག་ཉིད་དུ་འགྱུར་བར་ཤོག །ལུས་ཅན་ཐམས་ཅད་རིག་པ་དང་། །རྐང་པར་ལྡན་པ་ཉིད་དུ་ཤོག །ལུས་ཅན་ཁ་དོག་ལྡན་པ་དང་། །གཟུགས་བཟང་གཟི་བརྗིད་ཆེ་བ་དང་། །བལྟ་ན་སྡུག་ཅིང་ནད་མེད་དང་། །སྟོབས་ཅན་ཚེ་དང་ལྡན་ པར་ཤོག །ཐམས་ཅད་ཐབས་ལ་མཁས་གྱུར་ཏེ། །སྡུག་བསྔལ་ཀུན་ལས་ཐར་བ་དང་། །དཀོན་མཆོག་གསུམ་ལ་གཞོལ་བ་དང་། །དམུ་རྒོད་མི་ནག་མེད་པར་ཤོག །གཙུག་ལག་ཁང་དང་དབེན་གནས་ཀྱི། །གནས་དང་ཉེ་བར་གནས་པར་ཤོག །སངས་རྒྱས་ཆོས་ནོར་ལྡན་པ་དང་། །ཚད་མེད་བཞི་དང་ལྡན་པ་དང་། ། ཕ་རོལ་ཕྱིན་དྲུག་ལྡན་པར་ཤོག །ཚོགས་རྣམས་ཐམས་ཅད་ཡོངས་རྫོགས་ཏེ། །མཚན་དང་དཔེ་བྱད་གསལ་བ་དང་། །བསམ་གྱིས་མི་ཁྱབ་ས་བཅུ་དག །རྒྱུན་མི་འཆད་པར་བགྲོད་པར་ཤོག །བདག་ཀྱང་ཡོན་ཏན་དེ་དག་དང་། །གཞན་ཀུན་གྱིས་ཀྱང་རྒྱན་ལྡན་ཏེ། །ཉེས་པའི་སྐྱོན་ལས་གྲོལ་བ་དང་། །སེམས་ཅན་ཀུན་ མཆོག་བྱམས་པ་དང་། །སེམས་ཅན་ཐམས་ཅད་ཡིད་རེ་བའི། །བདེ་བ་ཐམས་ཅད་རྫོགས་བྱེད་ཅིང་། །རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་སེལ་བར་བྱེད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང་། །སུ་དག་འཇིགས་པས་ཉེན་པ་རྣམས། །བདག་གི་མིང་ཙམ་ཐོས་པས་ཀྱང་། །ཤིན་ཏུ་འཇིགས་པ་མེད་ པར་ཤོག །བདག་ནི་མཐོང་དང་དྲན་པ་དང་། །མིང་ཙམ་ཐོས་པས་སྐྱེ་བོ་རྣམས། །རབ་ཏུ་འཁྲུག་མེད་རྣལ་མ་དང་། །རྫོགས་པའི་བྱང་ཆུབ་མཁས་པ་རྣམས། །ཚེ་རབས་ཀུན་དུ་རྗེས་འབྲངས་པའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག །སེམས་ཅན་ཀུན་ལ་རྣམ་ཀུན་དུ། །རྟག་ཏུ་ཕན་བདེ་བྱེད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་ གང་། །སྡིག་པ་བྱེད་པར་འདོད་གྱུར་བ། །དེ་དག་ཐམས་ཅད་གནོད་མེད་པར། །རྟག་ཏུ་ཅིག་ཅར་ཟློག་གྱུར་ཅིག །ས་དང་ཆུ་དང་མེ་དང་རླུང་། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །རང་དགར་དགག་མེད་སྤྱོད་པར་ཤོག །སེམས་ཅན་ལ་བདག་སྲོག་བཞིན་ཕངས། །དེ་དག་བདག་ལ་ཆེས་ ཕངས་ཤོག །བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་ན་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །བདག་ནི་དགེ་སློང་དཔལ་དབྱངས་ཀྱིས། །གཅེས་པའི་ཕྲེང་བ་ལས་བསྡུས་པའི། །གདམས་ ངག་བརྩམ་པར་བྱས་པ་ཡིས། །གདམས་ངག་འདི་ནི་སུས་ཐོས་པ། །གདམས་པའི་རྗེས་སུ་སྤྱོད་གྱུར་ནས། །བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །བོད་ལ་དགེ་སློང་མིང་ཡང་མེད་པ་ལས། རྗེ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེ་བཙན་གྱིས་དམ་པའི་ཆོས་བརྙེས་ནས་དཔལ་ལྷ་བཙན་པོ་དད་པ་བསྐྱེད་དེ། རབ་ཏུ་བྱུང་ བའི་མིང་དཔལ་དབྱངས་ཞེས་བགྱི། བཙུན་པའི་ཕུལ་དུ་ཕྱིན། མཛངས་པའི་ཞི་རབ་ཏུ་ཕྱིན། །བོད་ཀྱི་མདུན་སར་བསྲེས་ན་དཔེ་ཟླ་མེད་པ་དེས་མཛད་དེ། །བཙན་པོ་ལ་བཀའ་གྲོས་དག་གསོལ་བ་ལས། ལ་ལ་ནི་གནང་། ལ་ལ་ནི་མ་གནང་བས་འཁོན་ནས་གྱེད་དེ་ལྷོར་བཞུད། གདམས་ངག་འདི་སླར་རྗེ་ བློན་དང་། སེར་ཆགས་ཡོངས་དང་། བོད་རྗེ་འབངས་ལ་བརྫངས་པ་ལགས་སོ། །མཇུག་འཁོན་པས་ལེགས་ཏེ། བཙུན་པས་ནི་བཟང་པོའི་སྤྱོད་པ་འགྲུབ། །བོད་རྗེ་འབངས་ནི་གྲོགས་ཀྱིས་དམའ་ཞེས་གདའོ། །གདམས་ངག་གཅེས་པ་བསྡུས་པའི་འཕྲིན་ཡིག་བཙུན་པ་དཔལ་དབྱངས་ཀྱི་ས་སྔོན་ནས་ལས་ཀྱིས་ འབྲེལ་ཅིང་བཤེས་པར་གྱུར་པ་བོད་རྗེ་འབངས་ལ་བརྫངས་པ་རྫོགས་སོ།། །།༄། ལྟ་བའི་རིམ་པ་བཤད་པ་བཞུགས། །༄༅༅། པདྨའི་སྤྱན་ལ་ཕྱག་འཚལ་ནས། །ལྟ་བའི་རིམ་པ་བཤད་པར་བྱ། །འཇིག་རྟེན་པ་དང་འཇིག་རྟེན་འདས། །གསེར་གྱི་རྫས་ལྟར་གཅིག་ལས་སྣང་། །རྣམ་ གྲངས་སྣང་བ་ལྔ་གསུམ་གཉིས། །ཤེས་ནས་གཞག་དང་བླང་བར་བྱ། །ཐམས་ཅད་བྱང་ཆུབ་སྙིང་པོའི་ཀློང་། །པདྨ་འཁྱིལ་བའི་རང་བཞིན་ལ། །རང་གི་རྟོག་རྙོག་རི་བོས་མནན། །རང་རྒྱུད་རྐྱེན་གྱིས་ལོག་སྣང་བ། །སྐྱེ་བོ་པ་དང་མུ་སྟེགས་པ། །དྲུག་དང་རྟག་ཆད་སྣང་བར་བྱུང་། །དམུས་ལོང་ཚུལ་གྱུར་ སྐྱེ་བོ་ཡང་། །མཐོ་ཡོར་མི་ལྟར་བརྟགས་སྣང་བ། །དམྱལ་བའི་རང་སེམས་མི་སོགས་སྣང་། །ཡི་དགས་སྡིག་སེམས་མི་གཙང་ཡུལ། །བྱོལ་སོང་གྱེན་ཐུར་ངམ་གྲོག་སྣང་། །མི་ལ་མཐོང་ཡུལ་འདི་ཉིད་སྣང་། །དེ་བཞིན་ལྷ་མིན་གོ་མཚོན་སྣང་། །ལྷ་ཡི་དགེ་སེམས་རིན་ཆེན་སྣང་། །ཅི་ཡང་སྣང་ཕྱིར་མཐོང་མི་བདེན། ། སྐྱེ་བོ་རྟོག་པས་ཕྲོགས་པ་ཡི། །རྣམ་འཕྲུལ་ཕྱི་ནང་ལྟ་བུར་སྣང་། །བརྟགས་པ་བརྡ་ཡི་ཐ་སྙད་ཤར། །རྐྱེན་གྱིས་ལོག་ཚུལ་མུ་སྟེགས་པ། །ཁྲིད་བྱེད་དྲུག་གི་བསྟན་པས་བསླུས། །མདོ་བསྡུས་མུ་སྟེགས་ཆད་པ་ལ། །གློ་བུར་ཙམ་སྣང་མཐའ་མེད་ལྟ། །རྟག་པ་བྱས་སྣང་དངོས་པོར་འདོད། །དེ་ཡང་རྒྱུ་མིན་ རྒྱུར་སྨྲ་བ། །རང་བཞིན་རྒྱུར་འདོད་དབང་ཕྱུག་རྒྱུ། །ངོ་བོ་ཉིད་ལ་རྒྱུར་སྨྲ་དང་། །རྡུལ་ཕྲན་རྒྱུ་རུ་འདོད་པ་དང་། །བྱེད་པོ་རྒྱུ་རུ་འདོད་པ་ལོག །གཞན་ཡང་མུ་སྟེགས་ཞར་བྱུང་ལ། །ཕྱི་རོལ་བ་དང་ཡང་དག་པ། །གསང་སྔགས་པ་དང་གསང་ཆེན་པ། །གཉིས་གསུམ་ལྔ་རྣམས་རྒྱུ་ཡི་ཚུལ། །གསུམ་གཉིས་འབྲས་བུའི་ཚུལ་ སྣང་བ། །བདག་ཏུ་འཛིན་པ་བཞི་ལ་ལྟ། །འཇིག་རྟེན་འདས་པའི་ལྟ་བ་ཡང་། །ཅིག་ཤོས་ལྟ་བ་ལས་འཕགས་པ། །ཉན་ཐོས་རང་རྒྱལ་མདོ་སྡེ་དང་། །ཀྲྀ་ཡ་ཨུ་པ་ཡང་དག་དང་། །དེ་བཞིན་ཡོ་གའི་ཐེག་པ་དང་། །མ་ཧཱ་ཡོ་གའི་ཐེག་པ་དང་། །ཨ་ནུ་ཡོ་གའི་ཐེག་པ་དང་། །ཨ་ཏི་ཡོ་གའི་ཐེག་པ་དང་། །ཆོས་ཙམ་ལྟ་བའི་ཉན་ཐོས་ པས། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་ཡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བར་མཐུན། །དེ་བཞིན་རང་རྒྱལ་ཐེག་པ་པ། །ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ། །རྡུལ་ཡང་ཕྱོགས་ཆས་མ་གྲུབ་འཕགས། །ཤེས་པ་སྐད་ཅིག་སྣང་དང་མཐུན། །མཚན་ཉིད་ཐེག་པའང་རྣམ་པ་གསུམ། །རྣམ་རིག་པ་དང་རྣལ་འབྱོར་པ། །དེ་ བཞིན་མདོ་སྡེ་དབུ་མ་པའོ། །རྣམ་རིག་ཕྱི་རོལ་མཐོ་ཡོར་མི། །སྲབ་མོ་རྟ་ལྟར་མེད་བཞིན་དུ། །རང་གི་རྣམ་ཤེས་འཁྲུལ་སྣང་འདོད། །དོན་དམ་ཡེ་ཤེས་སྐད་ཅིག་འདོད། །རྣལ་འབྱོར་དབུ་མ་ཀུན་རྫོབ་མཐུན། །དོན་དམ་སྟོང་པ་མ་སྐྱེས་འདོད། །མདོ་སྡེ་ཀུན་རྫོབ་སྒྱུ་མ་ཙམ། །ཡུལ་རྣམས་ལོག་ནས་སྣང་བར་ལྟ། །དམ་པར་མཐའ་གཉིས་ བྲལ་བ་ཡིས། །དབུ་མ་ཆེན་པོར་འདོད་པའོ། །ཀྲྀ་ཡས་དོན་དམ་ཆོས་ཉིད་ལྟ། །ཀུན་རྫོབ་རང་རིག་ཡོན་ཏན་ལྟ། །རིགས་གསུམ་དཀྱིལ་འཁོར་སྣང་བ་ལ། །སྐྱེ་བོས་འཁྲུལ་པ་མེད་པར་འདོད། །གཉིས་ཀ་རྒྱུད་ཀྱི་སྤྱོད་པ་ནི། །ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཡོ་གའི་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་ པའི་བྱིན་རླབས་ལྷར་སྣང་ལ། །སྐྱེ་བོས་འདི་དག་ལྷར་མཐོང་འཁྲུལ། །མ་ཧཱ་ཡོ་གའི་དོན་དམ་དུ། །རང་གཉིས་མེད་དེ་དེ་བཞིན་ཉིད། །རྟོགས་པའི་ཆོ་འཕྲུལ་དྲུག་སོགས་པའི། །ལྟར་སྣང་ངང་ལ་འཁོར་བ་མེད། །ཨ་ནུ་ཡོ་གས་དོན་དམ་དུ། །བདེ་ཆེན་རྟོགས་པས་རིག་པའི་རྩལ། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་སྣང་། །དེ་ཕྱིར་སྐྱེ་བོས་བརྟགས་ པ་འཁྲུ་ལ། །ཨ་ཏི་ཡོ་གའི་བདེན་གཉིས་བྲལ། །ཐམས་ཅད་རང་བྱུང་རང་སྣང་བའི། །ཡེ་ཤེས་མཐའ་དབུས་བྲལ་བ་ལ། །བརྟགས་པ་གཉིས་པོ་གདོད་ནས་མེད། །དེ་ཕྱིར་གསེར་ལ་གསེར་མཐོང་ལྟར། །ཇི་བཞིན་མ་ནོར་བདེན་མཐོང་ཡིན། །མཉམ་ཉིད་རང་བཞིན་མ་ངེས་པས། །ཇི་ལྟར་བལྟས་པ་དེར་སྣང་ཕྱིར། །དངོས་པོ་རྟག་པ་ ཡོད་མིན་ཏེ། །ཡོད་ན་ཀུན་ལ་མཐུན་སྣང་ཕྱིར། །དེ་ཕྱིར་རང་སེམས་ངོ་བོར་སྣང་། །བརྟགས་པ་གཅིག་ཡུལ་གཅིག་མིན་པས། །འཁྲུལ་པ་སྣང་བར་ཐེ་ཚོམ་མེད། །དེས་ན་སྤྱོད་ཡུལ་གདོད་ནས་མེད། །རྟོག་སེམས་འགྲོ་བ་སོ་སོའི་སེམས། །གཅིག་ན་དགེ་སྡིག་རྣམ་སྨིན་ཡང་། །མ་སྤྱད་ཀུན་གྱིས་མྱོང་བར་རིགས། །དེ་མིན་ཡང་དག་དོན་མི་ རུང་། །རྣམ་སྨིན་ཐུན་མོང་མ་གྱུར་ཕྱིར། །གཅིག་མིན་དེ་ཉིད་མ་སྐྱེས་པས། །ཐ་དད་དོན་དུའང་མི་རུང་སྟེ། །གཅིག་དང་ཐ་དད་ལས་གྲོལ་བའོ། །དངོས་པོ་སྣ་ཚོགས་བརྟགས་པ་ཡི། །མིང་ལ་གྲུབ་པའི་གཏན་ཚིགས་མེད། །དེ་ཕྱིར་མཚན་ཉིད་ཅི་ཡང་མིན། །མ་གྲུབ་པ་ལ་ཡོད་རྟོགས་པ། །སྒྱུ་མའི་སྐྱེས་བུས་ཤེས་འགྱུར་གྱི། །རྒྱལ་བ་ཉིད་ ཀྱིས་མི་མཁྱེན་ནོ། །སྣང་བས་སྤྱོད་ཡུལ་མ་གྲུབ་ཕྱིར། །དམིགས་པའི་ཤེས་པ་ཡོད་མི་རུང་། །སྤྱོད་ཡུལ་མ་སྐྱེས་ཡེ་ཤེས་ཕྱིར། །བསྒོམ་བྱའི་ཆོས་ཉིད་ལོགས་ན་མེད། །སེམས་ཀྱི་ཡེ་ཤེས་མཐའ་བྲལ་ཕྱིར། །སྒོམ་པ་པོ་ཡང་ག་ལ་ཡོད། །དེ་ལྟར་སྒོམ་མཁན་དངོས་མེད་ན། །མི་གནས་མི་རྟོག་འཇོག་པ་དང་། །ནམ་མཁའ་ལྟ་བུ་རང་གསལ་ བའི། །རང་སེམས་ཡོང་གིས་དེ་ལྟའོ། །ཅི་ཡང་ཡིད་ལ་མི་བྱེད་ན། །ཡང་དག་དོན་ལ་ཕེབས་པའི་རིགས། །ལུས་ངག་མ་སྐྱེས་གཞི་མེད་ཕྱིར། །སྐྱིལ་ཀྲུང་སྨྲ་བཅད་ཁ་ན་མེད། །དེ་བཞིན་སེམས་ཀྱང་དངོས་བྲལ་བས། །རྟོག་སྤང་སྒོམ་པའི་ཁར་མི་འོང་། །དེ་ལྟར་རྟོག་པ་སྒོམ་པའོ། །ཡལ་བར་འདུག་པ་ནམ་ཡང་མེད། །ཅི་ཕྱིར་བདག་ཉིད་དེ་ ཕྱིར་བས། །རང་གི་དབྱིངས་ལས་གཡོས་པ་མེད། རྟོག་པའི་མཚན་མ་བཟང་དང་ངན། །ཅི་སྐྱེས་དགག་པར་མི་བྱ་ཞིང་། །དེ་དོན་དྲན་པས་འབྲལ་བའང་མེད། །རང་བྱུང་རང་ཞིར་ང་སྨྲའོ། །དཔེར་ན་རྐུན་པོ་ཚོར་མ་ཐག །མ་བསྐྲད་འབྲོས་བཞིན་གདེང་གིས་ཞི། །ལྟ་བའི་ཤུགས་ལས་བྱུང་བའི་ཕྱིར། །ཆེད་དུ་ཚོར་བ་བསྟན་མི་དགོས། །དེ་མིན་བློ་ ཡི་སྐད་ཅིག་ཏུ། །རྣམ་རྟོག་རང་གི་དེ་ཉིད་བལྟའོ། །བྱིང་བ་ཤེས་པ་ལྡང་མི་ནུས། །རྨུགས་པ་དོན་ཉིད་མི་གསལ་བའོ། །བྱིང་རྨུགས་རབ་ཏུ་བྱིང་རྨུགས་དང་། །ཤིན་ཏུ་བྱིང་རྨུགས་ཕྱིར་མི་གཏང་། །དེ་བཞིན་རྒོད་པ་རྣམ་པ་གསུམ། །ལེ་ལོ་སྙོམ་ལས་དམན་ལ་སྦྱོར། །དོགས་པ་གོལ་དང་ལྷུང་བ་གཉིས། །རེ་བ་རྟགས་དང་འབྲས་བུའོ། ། འཁྲུག་དང་འཇུག་ཏུ་མི་བཏུབ་དང་། །ལུས་ཀྱི་བྱ་བྱེད་སྤྱོད་པ་དགའ། །ངག་གི་ཅ་ཅོ་སྨྲ་དགའ་བ། །ཡང་དག་དོན་ལས་རིང་བའི་ཕྱིར། །བྱ་བྱེད་གྲོང་ཡུལ་གཏམ་མི་གླེང་། །སྦྱིན་དང་ཆོ་གའི་ལས་མི་བྱ། །དགེ་བའི་ལས་ཀྱང་གཡེང་འགྱུར་ན། །སྡིག་ལས་མི་བྱ་སྨོས་ཅི་དགོས། །ཉམས་དང་གཡོ་དང་གོམས་པ་དང་། ། བརྟག་པའི་ཉམས་དང་སྦྱར་བར་བྱ། །དོན་དུ་འདི་སྙམ་བསྟན་དུ་མེད། །དེ་རྟོགས་ཡང་དག་ཉམས་དང་ལྡན། །དེ་ཚེ་ཕྱི་ནང་གསང་བའི་དྲོད། །ཕྱི་ནང་རྟགས་ཀྱང་རིམ་པས་འབྱུང་། །སྐྱེས་ཀྱང་དགའ་དྲོད་སེམས་མ་བྱེད། །མེད་ཀྱང་དེ་ལ་མི་དགའ་མེད། །དེ་དག་གཡོ་དང་ཐོབ་བརྟན་ན། །རིམ་འབྱུང་གསང་ན་དངོས་གྲུབ་འབྱུང་། །ཀླུ་གསུམ་ ལྡན་པའི་སྐྱེས་མཆོག་ལ། །སེང་གེ་ལྟ་བུར་འཇིག་ཚོགས་བྲལ། །ཟས་དང་ནོར་གཉེན་མ་ཆགས་ཤིང་། །སྙིང་རྗེ་ཆེན་པོ་མི་འབྲལ་ན། །ཆོས་ཉིད་དོན་དང་ཕྲད་པའི་རྟགས། །ཅི་སྤྱོད་དོན་ལས་མ་ཉམས་ན། །གོམས་ནས་ལས་སུ་རུང་བའི་རྟགས། །འདི་ལྡན་དབང་ཕྱེ་བཙུམས་མེད་ན། །སྣང་བ་གང་ཡང་མི་བསྐྱོན་ཞིང་། །ཡིད་ལ་བྱ་བ་མེད་ ཕྱིར་རོ། །ལུས་ཀྱིས་རིམ་པར་བཟོད་ཐོབ་དང་། །ཆོས་བརྒྱད་སྤོང་ལེན་མེད་པ་དང་། །གང་ལའང་ཉོན་མོངས་མི་སྐྱེན། །འདི་ཡང་ས་ལ་འགྲོ་བའི་རྟགས། །ཡིད་ལ་བྱེད་མེད་འགགས་སྣང་མེད། །འདུ་ཤེས་མ་བཟུང་རང་གསལ་ལ། །གང་ཡང་ཉམས་སུ་མི་ལེན་ཅིང་། །སེམས་ཀྱིས་མངོན་པར་མ་ཕྱོགས་ཤིང་། །དམིགས་མེད་ཚུལ་དུ་རང་ སྣང་བ། །ཐ་སྙད་ཙམ་དུ་བསྒོམ་ཞེས་བརྗོད། །ཡང་དག་དོན་གྱི་གདེང་མེད་པར། །ཚིག་ཙམ་ལྟ་ལ་ཁུངས་ཆུང་ཞིང་། །བྱ་མེད་ཆོས་ལ་བློ་གཏད་ནས། །རྩིང་ཆོས་ཕཊ་རལ་སྤྱོད་བྱེད་པ། །རྒྱལ་བའི་བཀས་ཀྱང་མི་སྐྱོབས་ཏེ། །ཡ་ངའི་འབྲས་བུ་ཐེ་ཚོམ་མེད། །རྟོགས་པའི་མཚན་ཉིད་བརྒྱད་ལྡན་ན། །སྐྱེས་བུ་དེ་ནི་རྒྱལ་བའི་སྲས། །གདེང་མེད་ལྟ་བ་ མཐོ་འདོད་པས། །རང་གི་ང་རྒྱལ་སྙེམས་བྱེད་པ། །རི་བོས་སྲོག་ཆགས་མནན་པ་ལྟར། །ནམ་ཡང་ཐར་བའི་ཁར་མི་འབྱུང་། །གསང་སྔགས་གསང་བའི་སྒོར་ཞུགས་ནས། །ཡང་དག་དོན་ལ་མི་འདུད་པར། །མི་ཆོས་ཟང་ཟིང་ལས་བྱེད་ཅིང་། །རང་དབང་ཡོད་བཞིན་དབང་མེད་ཅེས། །སྨྲ་ཞིང་གསང་དོན་ཡལ་འཇོག་པ། །ཕྱི་མ་གར་ འགྲོ་གཏོལ་མེད་པར། །གལ་མེད་ལེ་ལོའི་ལས་བྱེད་པ། །ཨེ་མའོ་རང་འཇོམས་དཔའ་བ་སྟེ། །རྒྱ་མཚོ་མཇིང་གི་ཕ་བོང་ལྟར། །ཐུགས་རྗེའི་ཞགས་པ་དཔྱངས་ཐག་ཡིན། །རང་གིས་རང་བསླུས་སྙིང་རེ་རྗེ། །ལེ་ལོ་ཅན་ལ་ཐར་ལམ་མེད། །ལྟ་བའི་རིམ་པའི་མན་ངག་ཀ་བ་དཔལ་བརྩེགས་ཀྱིས་མཛད་པ་རྫོགས་སོ།། །། ༄། །གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་དང་ཤཱཀྱའི་རབས་རྒྱུད་བཞུགས། ༄༅། །དཀོན་མཆོག་གི་ཟ་མ་ཏོག་ལས། སེམས་ཅན་འཁོར་བ་ལས་འབྱུང་བར་རྩོལ་བ་ལ་བདུད་བར་ཆད་བྱེད་ཀྱི་མི་རྩོལ་བ་ལ་ནི་མི་བྱེད་དོ་ཞེས་འབྱུང་། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ ཁྱབ་པ་བསྟན་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱིས་ཆོས་ཟབ་མོ་བཤད་པ་དང་། རབ་འབྱོར་གྱིས་ཁྱོད་ལས་དང་པོ་རྗེས་སུ་མི་བསྲུང་བའི་ཆོས་སྟོན་ཏོ་ཞེས་བྱ་བ་དང་། འཇམ་དཔལ་གྱིས་ནད་གསོ་བའི་ཕྱིར། སྨན་པས་སྨན་རྩ་བ་བྱིན་པ་འཕྲལ་དུ་བདེ་བར་བྱ་བའི་ཕྱིར་མ་ ཡིན་ནོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་མ་འོངས་པ་ན་ཆོས་ཟབ་མོ་འདི་ལ་སུ་དད་པ་ཉན་ཐོས་ཀྱི་ཐེག་པ་ཅན་ཞིག་ན་ནི་བྱམས་པའི་འདུས་པ་གསུམ་གྱི་ཁོངས་སུ་གཏོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཅན་ཞིག་ན་ནི་བཟོད་པ་གང་ཡང་རུང་བ་ཐོབ་པར་འགྱུར་ ཞེས་གསུངས། དད་པའི་སྟོབས་བསྐྱེད་པའི་མདོ་ལས། ཡེ་ཤེས་མཐའ་ཡས་པ་ནི་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་དང་བཟོ་གནས་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། །བློ་གྲོས་མི་ཟད་པས་བསྟན་པ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མི་ཟད་པ་ནི་རྒྱུན་མི་ཟད་པའི་ཕྱིར་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བའི་གནས་རྣམས་ཀྱི་ཟད་པར་འགྱུར་རོ། །ཕྱི་རོལ་གྱི་བརྡ་མངོན་པར་ཤེས་པ་རྣམས་ཀྱིས་མངོན་པར་འགྱུར་རོ། །མི་རྣམས་ ཀྱི་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཟད་པས་སོ། །འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ནི་བསོད་ནམས་ཟད་པས་སོ། །གཟུགས་ཀྱི་ཁམས་ཀྱི་ནི་ཚད་མེད་པ་དང་བསམ་གཏན་ཟད་པས་སོ། །གཟུགས་མེད་པའི་ལྷ་རྣམས་ཀྱི་ཚུལ་ཁྲིམས་ནི་ཇི་ལྟ་བུར་སྙོམས་པར་ཞུགས་པ་ སྐྱེས་པ་ཟད་ནས་ཟད་པར་འགྱུར་རོ། །སློབ་པ་དང་མི་སློབ་པ་དང་ཉན་ཐོས་ཐམས་ཅད་ཀྱི་ནི་མྱ་ངན་ལས་འདས་པའི་མཐར་རོ། །རང་སངས་རྒྱས་ཀྱི་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་སོ། །གཞན་ཡང་ཐེག་པ་གཉིས་ཏེ། ལྷའི་ཐེག་པ་དང་མིའི་ཐེག་པའོ། །དེ་ལ་སེམས་ཅན་ཐམས་ཅད་ ལ་དམིགས་པའི་བྱམས་པ་ནི། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པ་ནི། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་ པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱིའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་གྱི་སྔོན་དུ་འགྲོ་བ་ལྟར་དབུགས་དབྱུང་བ་དང་། རྔུབ་པ་ནི་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ། །བྱང་ཆུབ་སེམས་དཔའི་ལྷའི་མིག་རྣམ་པར་དག་པ་ ནི་ཕྱོགས་བཅུ་མཐའ་ཡས་པ་ན། སེམས་ཅན་གཟུགས་མེད་པ་མ་གཏོགས་པ་ཐམས་ཅད་ཀྱི་འཆི་འཕོ་དང་། སྐྱེ་བ་དང་ལས་དང་འབྲས་བུ་དང་པོའི་རིམ་པ་ཤེས་པའོ། །སྦྱིན་པ་ནི་ཆོས་དང་ཟང་ཟིང་ངོ་། །སྙན་པར་སྨྲ་བ་ནི་ཚིག་འཇམ་པའོ། །དོན་སྤྱོད་པ་ནི་གཞན་དག་ གི་བསམ་པ་བཞིན་རྫོགས་པར་བྱེད་པའོ། །དོན་མཐུན་པ་ནི་བདག་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དེ་ཉིད་ལ་གཞན་དགོད་པའོ། །མདོར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་ནི་ཚིག་འབྲུ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྐད་དང་ཡི་གེ་དང་ཚིག་འབྲུས་བརྗོད་དུ་ མེད་པའི་དོན་ནི་སྟོན་ཏོ། །སྐྱེ་བ་དང་འགོག་པ་ལ་གནས་པ་ནི་རྣམ་པར་ཤེས་པའོ། །མི་སྐྱེ་བ་དང་མི་འགོག་པ་ལ་གནས་པ་ནི་ཡེ་ཤེས་སོ། །ངེས་པ་དང་དྲང་བ་ནི་དོན་དམ་པ་དང་ཀུན་རྫོབ་བསྟན་པའོ། །གང་ཟག་ནི་སྐྱེ་བོའི་གང་ཟག་གི་སངས་རྒྱས་ཀྱི་བར་བརྡས་བསྟན་ཏེ། དེ་དག་ལ་མངོན་པར་ཞེན་པ་ནི་སྟོན་པ་མ་ཡིན་ནོ། །ཆོས་ཉིད་ནི་མཉམ་མོ། །འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་དེ་བཞིན་དུ་ཞེ་སྡང་དང་གཏི་མུག་དང་ཆ་མཉམ་ལ་སྤྱོད་པ་སྟེ། སྤྱིར་བརྒྱད་ཁྲི་བཞི་སྟོང་ངོ་། །སྦྱིན་པ་བཞིན་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ཆོས་སྨྲ་བ་ རྣམས་ལ་སྨྱུ་གུ་དང་། གྲོ་ག་ལ་སོགས་པ་སྦྱིན་པ་དང་། སྟན་སྦྱིན་པ་དང་། རྙེད་པ་དང་། བཀུར་སྟི་དང་། སྙན་པ་སྦྱིན་པ་དང་། ལེགས་པར་གསུངས་སོ་ཞེས་བྱ་བ་སྦྱིན་པའོ། །ཡང་བཟོད་པ་བཞི་ནི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ཆོས་ཚོལ་བ་ལ་བརྩོན་པས་ངན་དུ་སྨྲ་བ་བཟོད་ པ་དང་། མཁན་པོ་དང་སློབ་དཔོན་དང་མཐུན་པར་འཇུག་པའི་བཟོད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་བཟོད་པའོ། །མི་རྟག་པའི་དོན་གང་ཞེ་ན། མེད་པའི་དོན་དང་། མི་ཆགས་པའི་དོན་ཏོ། །དཀོན་མཆོག་འབྱུང་གནས་ལས། བྲམ་ཟེའི་རིག་བྱེད་ལས་མཚན་སུམ་ཅུ་ རྩ་གཉིས་དང་ལྡན་པ་ནི་འགྲོ་བ་གཉིས་ཏེ། འཁོར་ལོས་སྒྱུར་བ་དང་། སངས་རྒྱས་སོ། །སྨན་སེར་འདི་ཡིས་མིག་བསྐུས་ན། གཟུགས་ཅི་མཐོང་བ་ཐམས་ཅད་གསེར་གྱི་ཁ་དོག་ཏུ་མཐོང་བར་འགྱུར། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་གང་དག་ ཡོངས་སུ་མྱ་ངན་ལས་འདས་པ་ཡང་། འཇམ་དཔལ་གཞོན་ནུར་གྱུར་པ་འདིས་བྱང་ཆུབ་ཏུ་བཙུད་དོ། །ཟ་མ་ཏོག་བཀོད་པ་ལས། སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་མ་ཡིན་གྱི་དབང་པོ་གཏོར་མ་ལུང་བསྟན། སྤྱན་རས་གཟིགས་དབང་ཕྱུག་གི་སྤོབས་པ་ལྟ་བུ་དེ་བཞིན་ གཤེགས་པ་ལ་ཡང་མི་མངའ་ཞེས་འབྱུང་། རིའི་རྒྱལ་པོ་དེ་དག་ལ་རང་སངས་རྒྱས་དེ་དག་གནས་ཏེ། མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པ་རྣམ་པ་དུ་མ་དག་ཕན་ཚུན་སྨྲའོ། །དགེ་འདུན་གྱི་ལས་སྤྱོད་པའི་མི་འོས་པ་ལས་སྤྱོད་པ་ལས་སྡིག་ཆེ་བ་འབྱུང་། འཇམ་ དཔལ་རྣམ་པར་རོལ་པ་ལས། གང་དུ་སེམས་དང་ཡིད་དང་རྣམ་པར་རིག་པ་འཇུག་ན། ཐ་ན་མྱ་ངན་ལས་འདས་པར་སེམས་པ་ཡང་རུང་སྟེ། དེ་ཐམས་ཅད་ཉོན་མོངས་པའོ། །ཁ་དོག་དང་གཟུགས་ཀྱི་རྟགས་དང་སྤྱོད་ལམ་གྱི་དབྱིབས་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་ འབྱུང་བ་མ་ཡིན་གྱིས་སེམས་ཅན་གཞན་དང་གང་ཟག་གཞན་དག་ལ་བྱམས་པ་དང་། སྙིང་རྗེའི་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བ་ཡིན་ནོ། །རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ལས། ཆོས་ཉིད་ལ་བརྟེན་ན་མདོ་སྡེ་ཐམས་ཅད་ངེས་པའི་ དོན་ཡིན་ནོ། །འཇིག་རྟེན་ལ་བརྟེན་ན་ཐམས་ཅད་དྲང་བའི་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལས་ནི་གཉིས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བའོ། །བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་གནས་ ཤིང་ས་དགུ་པར་འཕར་བ་ལ་བྱང་ཆུབ་སེམས་དཔའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ཡོད། ཆོས་དེ་དག་ཀྱང་མདོ་འདི་ཉིད་ལས་འབྱུང་། མ་འདྲེས་པའི་ནང་ནས་བྱང་ཆུབ་སེམས་དཔའ་ལ་སེམས་ཅན་གདུག་ པ་རྣམས་ཀྱིས་གནོད་པ་བྱས་ཀྱང་མི་བརྫི་ལ། གནོད་པ་བྱས་པའི་གཞི་དེས་སེམས་ཅན་དེ་ཡང་ངན་འགྲོར་མི་འགྲོ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དག་པའི་སྨོན་ལམ་གྱི་དབང་གི་ཕྱིར་རོ། །འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ ལས། རབ་ཏུ་བྱུང་བའི་ཡོན་ཏན་བཅུ་ཡོད་དེ། འདོད་པ་ལ་མི་ཆགས་པ་དང་། དགོན་པ་ལ་དགའ་བ་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་འཐོབ་པ་དང་། ཆུང་མ་ལ་སོགས་པ་ལ་སྲེད་པར་མི་འགྱུར་བ་དང་། ངན་འགྲོར་འགྲོ་བའི་ཆོས་སྤོང་བ་དང་། བདེ་འགྲོའི་ཆོས་ལ་བརྟེན་ པ་དང་། སྔོན་གྱི་དགེ་བའི་རྩ་བ་ལས་ཡོངས་སུ་མི་ཉམས་པ་དང་། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་འཐོབ་པ་དང་། ལྷ་རྣམས་དགའ་བ་དང་། མི་མ་ཡིན་པ་རྣམས་བསྲུང་བར་འགྱུར་བའོ། །སངས་རྒྱས་བདུན་གྱི་སྨོན་ལམ་ལས། སེམས་ཅན་གྱི་རྣམ་པར་ཤེས་པ་གཤིན་རྗེའི་ མིས་དྲངས་ཏེ། གཤིན་རྗེའི་མདུན་དུ་ཁྲིད་ཅིང་མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་ཕྱི་བཞིན་འབྲང་བས་སེམས་ཅན་དེས་ལེགས་ཉེས་ཅི་བྱས་པ་ཐམས་ཅད་ལེགས་པར་ཡི་གེར་བྲིས་ཏེ། གཤིན་རྗེ་ལ་ཕུལ་བ་དང་། གཤིན་རྗེས་དྲིས་ཤིང་བརྟགས་ནས། དེ་ལ་ཇི་ལྟར་བྱས་པ་དེ་བཞིན་དུ་ བསྒོའོ། །མི་ཤི་མ་ཐག་ཏུ་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་མཆོད་ན། དེས་ཞག་བདུན་ནམ་ཉི་ཤུ་རྩ་གཅིག་གམ། སུམ་ཅུ་རྩ་ལྔའམ། བཞི་བཅུ་རྩ་དགུ་ན་དྲན་ཏེ། དེ་ཕྱིན་ཆད་སྡིག་པ་མི་བྱེད་དོ། །འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ལ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་བྱས་པ་བས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་རབ་ཏུ་དབེན་པ་ འདོད་ཅིང་དགོན་པའི་ལོགས་སུ་ཕྱོགས་ཏེ། གོམ་པ་བདུན་བོར་ན་ཆེས་བསོད་ནམས་ཆེ་ཞིང་། སངས་རྒྱས་སུ་ཡང་ཉེ་བར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ནི་བག་ཡོད་པ་ལ་གནས་སོ། །བྱང་ཆུབ་ནི་ནན་ཏན་ལ་གནས་སོ། །སངས་རྒྱས་ཀྱི་ཞིང་སྨོན་ལམ་གྱིས་གྲུབ་པོ། །གང་གིས་ སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་མཚན་བརྗོད་པ་བས་ནི། འཕགས་པ་འཇམ་དཔལ་གྱི་མཚན་བརྗོད་པ་བསོད་ནམས་ཆེས་ཆེ་ན། དེ་བཞིན་གཤེགས་པ་ཀུན་དུ་གཟིགས་པའི་མཚན་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས། འཕགས་པ་འཇམ་དཔལ་ལ་བྱང་ཆུབ་སེམས་ དཔའ་ཞིག་གིས་ཁྱོད་ནམ་འཚང་རྒྱ་ཞེས་དྲིས་པ་དང་། ནམ་ཡང་འཚང་མི་རྒྱ་བའི་དཔེར། ཟླ་བ་ནི་ཉིན་མོར་འགྱུར་བ་དང་། ཉིན་མོ་ནི་མཚན་མོར་འགྱུར་བ་དང་། དགྲ་བཅོམ་པ་ཟག་པ་ཟད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་ན་བ་དག་འཚང་རྒྱའོ་ཞེས་བཤད་དོ། །དེ་བཞིན་ གཤེགས་པ་མི་འཁྲུགས་པའི་བཀོད་པ་ལས། བར་གྱི་བསྐལ་པ་ཉི་ཤུ་ལ་བསྐལ་པ་གཅིག་གོ། །དེའི་བསྐལ་པ་བཅུ་ལ་བསྐལ་པ་ཆེན་པོ་གཅིག་གོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་ནས་བྱུང་བ་ཞིག་གིས་མདོ་སྡེ་འདི་གཟུང་བ་དང་། བཀླག་པ་ལ་ སོགས་པར་མི་རྙེད་ལ་དེ་ལ་གལ་ཏེ་ལ་ལ་ཞིག་གིས་ཁྱོད་ཁྱིམ་གྱི་གནས་བཙུན་མོའི་འཁོར་གྱི་ནང་དུ་འདུག་ཕོད་ན་མདོ་སྡེ་འདི་སྦྱིན་ནོ་ཞེས་ཟེར་ལ། གལ་ཏེ་མདོ་སྡེ་རྙེད་པ་ལྟ་ན་ཁྱིམ་གྱི་གནས་བཙུན་མོའི་འཁོར་གྱི་ནང་ན་གནས་ཀྱང་ལྟུང་བ་མེད་དོ། །མི་འཁྲུགས་པའི་སངས་རྒྱས་ ཀྱི་ཞིང་དེ་ན་ཚེ་གཅིག་གིས་དགྲ་བཅོམ་པར་འགྱུར་ཏེ། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ཞེས་བྱ་བའི་འབྲས་བུ་མིང་ཙམ་སྟེ། སེམས་ཅན་གྱི་རིས་དེར་སྐྱེ་བ་མེད་དོ། །དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་བསྟན་པ་ལས། འདི་ལྟ་སྟེ། ལས་བསམ་ གྱིས་མི་ཁྱབ་པ་དང་། ཀླུ་བསམ་གྱིས་མི་ཁྱབ་པ་དང་། བསམ་གཏན་པ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་བསམ་གྱིས་མི་ཁྱབ་པའི། །རང་གི་ལུས་ཀྱང་རས་བཅོས་བུས་དཀྲིས་ནས། འབྲུ་མར་གྱིས་བསྐུས་ནས་མར་མེ་འབུད་དོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་ པ་འདི་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་མིག་བཟངས་ཞེས་བྱ་བར་གྱུར་ཏོ། །ཆོས་བཞི་དང་ལྡན་ན་རྒྱལ་པོ་ལ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། གཞན་དག་ཀྱང་བྱང་ཆུབ་ལ་བཀོད་པ་དང་། དགེ་བའི་རྩ་བ་ཐམས་ ཅད་བྱང་ཆུབ་ཏུ་བསྔོ་བ་དང་། སངས་རྒྱས་ཀྱི་ཆེ་བ་མཐོང་ངམ་ཐོས་ན་དེ་ལ་མོས་པ་མ་གཏོགས་པ་ལྷ་ལ་སོགས་པ་དང་། ཉན་ཐོས་ལ་སོགས་པའི་ཕུན་སུམ་ཚོགས་པ་གང་ལ་ཡང་མ་མོས་པའོ། །བྱམས་པ་སེང་གེ་ཏོག་མེ་ཏོག་པདྨ་མེ་ཏོག་སྐར་མ་རྒྱལ་སྤྱད་ལེགས་ལག་ བཟངས་འོད་སྐར་མ་ལ་དགའ་བ། མངོན་འཕགས་ཤེས་པ་ཡོན་ཏན་གྱི་མཆོག་མངའ་བ་ནོར་དཔལ་ཡེ་ཤེས་འབྱུང་གནས། རིན་པོ་ཆེ་འབྱུང་གནས་ཀུན་དུ་སྣང་བ། ཡོན་ཏན་མཐའ་ཡས་གྲགས་པ་མོས་པ། དེ་བཞིན་གཤེགས་པ་མོས་པའི་སྐུ་ཚེ་དང་ཉན་ཐོས་ནི་བསྐལ་ པ་བཟང་པོའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དགུ་ཀུན་བསྡོམས་པ་དང་མཉམ་མོ། །དེ་སྙེད་ཀྱི་མཛད་པ་ཀུན་སངས་རྒྱས་མོས་པ་གཅིག་པུས་མཛད་དོ། །ཚངས་པ་གཙུག་ཕུད་བྱང་ཆུབ་ཀྱི་རིམ་གྲོ་བའི་ལྟ་གཟི་བརྗིད་ཀྱི་སྟོབས་ཞེས་བྱ་བ་རྟག་ཏུ་དེ་བཞིན་གཤེགས་ པའི་ཞམ་རིང་ན་འབྲང་སྟེ། དེ་བཞིན་གཤེགས་པའི་ཞལ་ཟས་སྣོད་དུ་ཟེད། གཟུགས་མེད་པའི་ལྷའི་ཚེ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་། སེམས་ཅན་གང་དག་དགོན་པའི་གནས་ལ་ཆགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའི་སེམས་དབེན་པར་བྱ་བའི་གཏམ་བྱའོ། ། ལག་ན་རྡོ་རྗེས་སྨྲས་པ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་བརྗོད་དོ་ཞེས་ཁོ་བོས་སྔར་མ་བཤད་དམ། དེ་ལྟ་མོད་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པས་གསུངས། སེམས་ཅན་རྣམས་ཀྱིས་དམིགས་སོ། །ཆོས་ཀྱི་མདོ་བཞི་ རྣམ་པར་གཞག་སྟེ། དགེ་སྦྱོང་དང་། བྲམ་ཟེ་རྟག་པར་སྨྲ་བ་རྣམས་དང་། ལྷ་ཚེ་རིང་པོ་རྟག་པར་འདུ་ཤེས་པ་རྣམས་ཀྱི་གཞོམ་པའི་ཕྱིར། འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་དང་། ལྷ་དང་མི་བདེ་བར་འདུ་ཤེས་པ་རྣམས་ཀྱི་གཞོམ་པའི་ཕྱིར་འདུ་བྱེད་ཐམས་ཅད་སྡུག་བསྔལ་ལོ་ཞེས་ བྱ་བ་དང་། མུ་སྟེགས་ཅན་བདག་ཏུ་སྨྲ་བ་རྣམས་ཀྱི་གཞོམ་པའི་ཕྱིར་ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བ་དང་། རྣམ་པར་རྟོག་པ་ལ་སྤྱོད་པ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་གཞོམ་པའི་ཕྱིར། མྱ་ངན་ལས་འདས་པ་ནི་ཞི་བ་ཞེས་བྱའོ། །རྨི་ལམ་བསྟན་པ་ལས། ས་དགུ་པ་ དང་བཅུ་པ་ལས་རྨི་ལམ་ལོག་པར་མཐོང་བ་མེད་དོ། །ཕུང་པོ་གསུམ་པ་ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་བཀླག་པ་དང་། བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་དེ་བཞིན་གཤེགས་པའི་ཆོས་གོས་གསུམ་ཆར་རྙེད་ན་དེ་ནི་ས་བརྒྱད་པར་བལྟའོ། །མེ་ཏོག་གི་ཚོགས་ལས། བྱང་ཕྱོགས་ན་ཡུལ་གན་ དྷ་ར་ཞེས་བྱ་བ་ན་ལོ་འབུམ་དུ་མནར་མེད་པའི་སེམས་ཅན་དམྱལ་བ་འཛིན་པར་འགྱུར་བ་ཡོད་དོ། །ཁ་ཆེའི་ཡུལ་ནས་ཁྲི་ཕྲག་ལྔ། བྱང་ཕྱོགས་ནས་བྱེ་བ་ཕྲག་བརྒྱད་དང་ལྔ་འབུམ། ཤར་ཕྱོགས་ནས་བརྒྱ་སྟོང་ཕྲག་མང་པོ། །ལྷོ་ཕྱོགས་སུ་ཉིས་འབུམ། ནུབ་ཕྱོགས་ནས་འབུམ། རིགས་ཀྱི་བུ་གང་དེ་ བཞིན་གཤེགས་པ་འོད་དཔག་མེད་ཀྱི་མཚན་ཐོས་པའི་དགེ་བའི་རྩ་བ་དེ་ལ་མ་དད་ཅིང་། ཡིད་མ་ཆེས་ནས། དེ་ལྟ་བུར་ག་ལ་འགྱུར་ཞེས་ཚིག་ཏུ་སྨྲས་ན། ལོ་སྟོང་ཕྲག་དྲུག་ཅུར་སེམས་ཅན་དམྱལ་བ་ཆེན་པོ་འོ་དོད་འབོད་པ་ཞེས་བྱ་བར་འཚོ་བར་འགྱུར་རོ། །ཕྱོགས་གང་ན་བསྟན་པ་རབ་ཏུ་འབར་ བར་གྱུར་པ་དེ་ན། དམ་པའི་ཆོས་སྤང་བའི་སྐྱེས་བུ་བླུན་པོ་ཤིན་ཏུ་མང་བར་གྱུར་ཏོ། །མི་ལུས་ཐོབ་པར་དཀའ་སྟེ། རུས་སྦལ་དང་གཉའ་ཤིང་གི་དཔེས་བསྟན་པ་འབྱུང་། འཕགས་པ་བྱམས་པ་སེང་གེའི་སྒྲ་ཆེན་པོ་ལས། འབྲས་བུ་མ་ཐོབ་པར་ཐ་ན་དད་པས་བྱིན་པ་ཆུ་སྣོད་གང་ཙམ་ ཡང་བླང་བར་མི་བྱའོ། །ཉན་ཐོས་ཀྱི་ཐེག་པ་པ་རབ་ཏུ་བྱུང་བ་སྡིག་པ་ཅན་གྱི་འདོད་པ་བཞི་སྟེ། མ་འོངས་པའི་སངས་རྒྱས་མཐོང་བར་འདོད་པ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འདོད་པ། རྒྱལ་རིགས་འདོད་པ། བྲམ་ཟེའི་རིགས་འདོད་པའོ། །གླིང་བཞི་པའི་སེམས་ཅན་ ཐམས་ཅད་ལ་བསྐལ་པ་བས་ལྷག་པར་ཡོ་བྱད་ཀུན་བྱིན་པ་བས། ཡང་དག་པར་ཞུགས་པ་ཚུལ་ཁྲིམས་ཡོངས་སུ་དག་པ་འཚོ་བ་དག་པ་ཞིག་གིས་སྦྱིན་པ་པོ་གང་གིས་དད་པས་བྱིན་པ་ཐ་ན་ཆུ་སྣོད་གང་ཙམ་བླངས་ན་དེ་བསོད་ནམས་ཆེའོ། །རབ་ཏུ་བྱུང་བ་ཉོན་མོངས་པ་ཆ་ཕྲ་བ་འདི་ དག་དང་ལྡན་ན། མདའ་འཕངས་པ་བཞིན་དམྱལ་བར་འགྲོ་སྟེ། གཞན་གྱི་རྙེད་པ་ལ་ཕྲག་དོག་དང་། སྡོམ་པ་དང་ལྡན་པའི་མདོ་སྡེ་ཐོས་ན་ཚུལ་ཁྲིམས་ལ་སྨོད་པ་དང་། དེ་བཞིན་གཤེགས་པའི་བཀས་བསླབས་པ་ལས་འགལ་ན་ང་རྒྱལ་གྱིས་མི་འཆགས་པ་དང་། ཤེས་བཞིན་དུ་ཡོན་བདག་དད་པས་བྱིན་པ་ལ་སྤྱོད་པའོ། །རབ་ཏུ་བྱུང་བ་རྒྱགས་པ་འདི་བཞི་དང་ལྡན་ན་དམྱལ་བར་འགྲོ་སྟེ། བཞི་ནི་མང་དུ་ཐོས་པས་རྒྱགས་ནས་བག་མེད་པ་དང་། རྙེད་པ་དང་། བཀུར་སྟིས་རྒྱགས་པ་དང་། མཛའ་བ་ཤེས་དང་། སློང་མོ་སྟེར་བའི་ཁྱིམ་གྱིས་རྒྱགས་པ་དང་། སྦྱངས་ བའི་ཡོན་ཏན་གྱིས་རྒྱགས་ནས་བདག་བསྟོད། གཞན་ལ་སྨོད་པའོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔར་ཁས་འཆེས་ཏེ། རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། གཡོ་བྱེད་པ་དང་། ཡང་བའི་འཚོ་བས་འཚོ་བར་བྱེད་པའོ། །དུས་ལྔ་བརྒྱ་ཐ་མ་ལ་བྱང་ཆུབ་སེམས་དཔར་ཁས་འཆེས་པའི་ཁྱིའི་ཆོས་ཀུན་ཏུ་ སྤྱོད་པ་དག་འབྱུང་། དགེ་སློང་ཁྱིམ་པ་རྣམས་སུ་འགྲོ་བར་འདོད་པས་ནི་ཆོས་ཀྱི་སྐྱེས་མ་གཏོགས་པར་སྐྱེས་གཞན་བསྐུར་བར་མི་བྱ། ཁྱིམ་དུ་སོང་ནས་ཆོས་མ་གཏོགས་འདུ་འཛིའི་གཏམ་མི་བྱ། ངས་ནི་སྔོན་བྱས་པའི་ལས་ཟད་པར་བྱ་བའི་ཕྱིར། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་གསུངས། བྱང་ཆུབ་ སེམས་དཔའ་ལྟར་བཅོས་པ་ཁ་ཅིག་སྡིག་པ་བྱས་པ་བཤགས་པས་འབྱུང་བའི་སེམས་ཀྱིས་ཕྱིན་ཆད་སྡོམ་པར་མི་བྱེད། ཉིན་གཅིག་ལ་ལན་བརྒྱ་བར་དུ་འབྱུང་བའི་ཕྱིར་སྤོང་བ་ནི་བླའི། ཚུལ་ཁྲིམས་མ་དག་པས་དད་པས་བྱིན་པ་ལ་ཡོངས་སུ་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །གལ་ ཏེ་ཁྱེད་ཉན་ཐོས་གཅིག་གི་སེམས་དག་རྣམ་པར་གྲོལ་བར་མ་གྱུར་དུ་ཟིན་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེད་དུ་བཅུག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །ཁྱིམ་པས་ ཀྱང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར། ཚོང་དཔོན་བཟང་སྐྱོང་གིས་ཞུས་པ་ལས། ཚོང་དཔོན་ཟླ་བ་འབྱོར་པ་དེ་ལ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་བདེ་བའི་ཡོ་བྱད་ཀྱིས་ཀྱང་ཅི་ཙམ་དུ་ཡང་མི་ཕོད་དོ། །དཔེར་ན་དགྲ་བཅོམ་པ་འགོག་པའི་སྙོམས་པར་ཞུགས་པའི་ རྣམ་པར་ཤེས་པའི་ཁམས་དེ་འགོག་པ་ལས་འདས་ནས་ཡོངས་སུ་ཕྱིན་པ་དེ་བཞིན་དུ། རྣམ་པར་ཤེས་པའི་ཁམས་འདི་ཡང་སྐྱེ་བ་པོ་ཤི་བའི་ལུས་ཡོངས་སུ་བཏང་ཞིང་ཁམས་རྣམས་བོར་ནས། ནང་གི་གཟུགས་དང་ཕྱི་རོལ་གྱི་གཟུགས་ཡོད་དེ། ནང་གི་གཟུགས་ནི་ཟིན་པའི་མིག་གང་ཡིན་པ་ནི་ ཕྱི་རོལ་གྱི་གཟུགས་སོ། །མིག་གི་རྣམ་པར་ཤེས་པ་གང་ཡིན་པ་ནི་གཟུགས་སོ། །ནང་གི་མིག་ཤེས་པ་དང་ལྡན་པས་རྨི་ལམ་ན་གཟུགས་མཐོང་གི་ཤའི་མིག་གིས་ནི་མ་ཡིན་ནོ། །ཕྱིར་མི་ལྡོག་པའི་འཁོར་ལོ་ལས་འདི་གཉིས་ལོ་ཁྲིར་དགེ་བའི་རྩ་བ་ཡང་དག་པར་བསྒྲུབས་པ་བས། གང་ཞིག་དེར་སྔ་དྲོ་གཅིག་གི་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་ཡང་དག་པར་སྨྲ་བའོ། །དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི་དོན་དང་བྲལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཐོབ་པའི་ཕྱིར་ཏེ། རིགས་ཀྱི་བུ་ཆོས་ཉིད་མ་ཐོབ་པ་རྣམས་ཀྱི་ནི་ དོན་དང་འབྲལ་བར་འགྱུར་གྱི། ཆོས་ཉིད་ཐོབ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི་ཚིག་འབྲུ་དང་བྲལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པའི་ཕྱིར་ཏེ། རིགས་ཀྱི་བུ་བསྟན་བཅོས་ཀྱི་ཕྱོགས་འགའ་ཤེས་པ་ རྣམས་ཀྱིས་ནི་ཚིག་འབྲུ་དང་བྲལ་བར་འགྱུར་གྱི་བསྟན་བཅོས་ཐམས་ཅད་མེད་པར་འགྱུར་བ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གང་ན་གནས་པས་སངས་རྒྱས་སྐྱེས་བུ་དུ་མ་འབྲས་བུ་མེད་པར་འགྱུར་བ་དང་། སེམས་ཅན་གྱི་དོན་འགྲིབ་པར་འགྱུར་བ། ལྷ་ཚེ་རིང་པོའི་ནང་དུ་མི་སྐྱེའོ། །བྱང་ ཆུབ་སེམས་དཔའ་རྣམས་ནི་འདོད་པའི་ཁམས་ཉིད་དུ་གང་སེམས་ཅན་གདུལ་བར་བྱ་བ་དང་། སངས་རྒྱས་སྐྱེས་པ་མཉེས་པར་བྱར་ཡོད་པར་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐབས་མཁས་པའི་ཕྱིར་རོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །འདུལ་བའོ། །ཚངས་ པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། སངས་རྒྱས་ཀྱི་ཞིང་འདི་ན་འགའ་ཞིག་བསྐལ་པ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་ལ་གནས་པ་བས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་གང་སྔ་དྲོའི་དུས་གཅིག་ཞེ་སྡང་མེད་པར་གནས་པ་བསོད་ནམས་ཤིན་ཏུ་ཆེའོ། །ཆོས་བཞི་དང་ལྡན་ན་བྱང་ ཆུབ་སེམས་དཔའ་བསམ་གཏན་ལ་གནས་ནས། འདོད་པའི་ཁམས་སུ་སྐྱེ་སྟེ། བཞི་གང་ཞེ་ན། སེམས་ལས་སུ་རུང་བ་དང་། དགེ་བའི་རྩ་བ་སྟོབས་སྐྱེད་པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བ་དང་། ཐབས་དང་ཤེས་རབ་བསྒོམ་པའོ། །གང་རྣམས་དངོས་ པོ་འཇིག་པ་ལས་འགགས་པ་དེ་འཕགས་པའི་བདེན་པའོ། །སྨྲ་བར་གྱུར་པ་དེ་དག་ནི་ལམ་ལོག་པར་ཞུགས་པ་སྟེ། ང་ཡང་དེ་དག་གི་སྟོན་པ་མ་ཡིན། དེ་དག་ཡང་ངའི་ཉན་ཐོས་མ་ཡིན་ནོ། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱང་། །ཐེག་པ་དམ་པ་འདོད་འགྱུར་ན། །ཐམས་ ཅད་ཀྱི་ཡང་གོ་སྐབས་ཡོད། །ཐེག་པའི་ཁྱད་པར་དག་ལ་ལྟོས། །དངོས་པོ་ནི་མིག་གི་རང་བཞིན་གྱིས་དབེན་ཏེ། གང་ཆོས་ཐམས་ཅད་མི་སྒོམ་པ་འདི་ནི་ལམ་སྒོམ་པའོ། །བསྐལ་པས་བསྲེག་པ་ན་ཆུ་བྲན་དང་། རྫིང་བུ་དང་མཚོ་ལ་སོགས་པ་སྔར་སྐམ་ལ་ཕྱིས་རྒྱ་མཚོ་ཆེན་པོ་སྐམ་པ་ལྟར་ དམ་པའི་ཆོས་ནུབ་པའི་ཚེ། ཉི་ཚེ་བའི་སྤྱོད་པ་ལ་ཞུགས་པའི་སེམས་ཅན་རྣམས་ཀྱི་ཆོས་སྔར་ནུབ་པར་འགྱུར་ལ། ཕྱིས་སྐྱེས་བུ་དམ་པ་བློ་གྲོས་རྒྱ་མཚོ་ལྟ་བུ་སངས་རྒྱས་ཀྱི་ཐེག་པ་ཡང་དག་པར་འཛིན་པ་དེ་དག་གི་ལག་ནས་དམ་པའི་ཆོས་ནུབ་པར་འགྱུར་རོ། །ཇི་ལྟར་རྒྱ་མཚོ་ ལས་བྱུང་བ། །རིན་པོ་ཆེས་ནི་རིན་ཆེན་སྡུད། །ཅེས་བྱ་བར་བསྔགས་པ། བསྲེག་པའི་བསྐལ་པ་བྱུང་ཡང་མི་འཚིག་སྟེ། །དེ་ཡང་འཇིག་རྟེན་འཇིག་ཚེ་གཞན་དུ་འགྲོ། །དེ་བཞིན་དྲི་མ་མེད་པའི་ཆོས་འཇིག་ཚེ། །བརྩོན་འགྲུས་མཆོག་ལྡན་དེ་དག་འབད་ཅིང་ འཛིན། །སྣོད་མིན་འཇིག་རྟེན་ཆོས་མིན་འདོད་རིག་ནས། །ཁམས་པ་རྒྱལ་བ་གཞན་གྱི་དྲུང་དུ་འགྲོ། །ཆོས་རྣམས་འབྱུང་བ་མེད་པ་བསྟན་པ་ལས། །ལན་ཅིག་ཁོ་ནས་རྒྱལ་བར་འགྱུར་བ་མིན། །རིགས་པའི་རིམ་དང་བྱ་བའི་རིམ་གྱིས་འཐོབ། །བསྐལ་པ་ཁྲག་ཁྲིག་བྱེ་བ་ གྲངས་མེད་དུ། །གོ་ཆ་བགོས་པས་འཐོབ་ཀྱི་གཞན་དུ་མིན། །རིགས་ཀྱི་བུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལ་ཡང་བརྟག་པར་མི་བྱ་སྟེ། འདི་ནི་འདི་འདྲའོ། །འདི་ནི་འདི་འདྲའོ་ཞེས་དཔྱ་བར་མི་བྱའོ། །ཆོས་འདི་ཐོས་ཤིང་མིར་འགྱུར་བའི། །འདོད་པའི་ ཡོན་ཏན་ལྔ་ཆགས་ཁྱིམ་པའང་བླའི། །བསྟན་པ་འདི་ལ་རབ་ཏུ་བྱུང་གྱུར་ཞིང་། །དམིགས་ལྟ་སྦྱངས་པའི་ཡོན་ཏན་རློམ་པ་མིན། །འཕགས་པ་ནམ་མཁའ་མཛོད་ཀྱི་ཞུས་པ་ལས། །དགེ་བའི་རྩ་བ་ནི་སེམས་དང་པོ་བསྐྱེད་པ་སྟེ། སངས་རྒྱས་ཀྱི་ཆོས་ཀུན་གྱི་རྩ་བའོ། ། བསོད་ནམས་ནི་སེམས་བསྐྱེད་མ་ཐག་ཏུ་སེམས་ཅན་དང་ཐེག་པ་དམན་པའི་བསོད་ནམས་ཟིལ་གྱིས་གནོན་པའོ། །ཡེ་ཤེས་ནི་དགེ་བའི་རྩ་བ་དེ་དག་བླ་ན་མེད་པར་བསྔོ་བའོ། །ཤེས་རབ་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་འདོར། ཐབས་ཀྱི་ ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་མི་གཏོང་བ་སྟེ། ཚིག་ནམ་མཁའ་དང་མཚུངས་པའི་ཕྱིར་གཤེ་ཡང་སླར་མི་གཤེ། ལུས་ནམ་མཁའ་དང་མཚུངས་པའི་ཕྱིར་བརྡེག་ཀྱང་སླར་མི་བརྡེག །སེམས་ནམ་མཁའ་དང་མཚུངས་པས་སྤྱོ་ཡང་སླར་མི་སྤྱོ། །བསམ་པ་ནམ་མཁའ་དང་མཚུངས་ པས་ཁྲོས་ཀྱང་སླར་མི་ཁྲོ། །དགེ་བའི་རྩ་བ་ནི་དགེ་བའི་བཤེས་གཉེན་རབ་ཏུ་རྙེད་པའོ། །བསོད་ནམས་ནི་དགེ་བའི་བཤེས་གཉེན་ཡོངས་སུ་མི་གཏོང་བའོ། །ཡེ་ཤེས་ནི་དགེ་བའི་བཤེས་གཉེན་ལ་ཀུན་དྲི་བྱའོ། །ཐོས་པ་ནི་ཤེས་རབ་ཆེན་པོའི་རྒྱུ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བས། འཁོར་ ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ་དེ་ལ་བཙུན་མོ་ཡང་བརྒྱད་ཁྲི་བཞི་སྟོང་བུ་ཡང་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །དགེ་བའི་རྩ་བ་ནི་སྡིག་པ་སོ་སོར་འཆགས་པའོ། །བསོད་ནམས་ནི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱའོ། །ཡེ་ཤེས་ནི་སངས་རྒྱས་ ཐམས་ཅད་ལ་གསོལ་བ་འདེབས་པའོ། །ཤེས་རབ་གང་ངོམས་དེ་དག་ཤིན་ཏུ་ངོམས། བྱང་ཆུབ་ཀྱི་སེམས་ནི་ཆོས་གཉིས་ཀྱིས་བསྡུས་ན་ཕྱིར་མི་ལྡོག་པར་གནས་སོ། །གཉིས་གང་ཞེ་ན། བསམ་པ་དང་ལྷག་པའི་བསམ་པའོ། །དེ་ལ་བསམ་པ་ནི་གཡོ་མེད་པ་དང་སྒྱུ་མེད་པས་ བསྡུས་སོ། །ལྷག་པའི་བསམ་པ་ནི་དེ་ལ་ཆགས་པ་དང་ཁྱད་པར་དུ་འགྲོ་བས་བསྡུས་སོ། །སེམས་ཀྱི་དམིགས་པ་ནི་བདུད་ཀྱི་ཡུལ་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཆོས་བཞི་དང་ལྡན་ན་མི་ཁོམ་པ་སྤོང་བར་འགྱུར་ཏེ། དཀོན་མཆོག་གི་བསྔགས་པ་བརྗོད་པ་དང་། ཆོས་འདོད་ པ་རྣམས་གཡེངས་པར་མི་བྱེད་པ་དང་། བདག་གི་འགྱོད་པ་མི་སྐྱེ་བ་དང་། གཞན་གྱི་འགྱོད་པ་སེལ་བའོ། །ཆོས་གཉིས་དང་ལྡན་པས་མི་དགེ་བའི་ཆོས་རྣམས་བསལ་ནས་མི་དགེ་བའི་ཆོས་འགོག་པར་འགྱུར་ཏེ། གཉིས་ནི་ཕུང་པོ་གསུམ་གྱི་བསྔོ་བ་དང་ལྡན་ པ་དང་། བག་ཡོད་པར་གནས་པའོ། །ཡང་གཉིས་ཏེ། དགེ་བའི་རང་བཞིན་དུ་གྱུར་པ་དང་། རྣམ་པར་སྨིན་པ་ལ་མི་རེ་བའོ། །ཆོས་བརྒྱད་དང་ལྡན་ན་རབ་ཏུ་བྱུང་བའི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་ཏེ། གང་ཞེ་ན། འཕགས་པའི་རིགས་ཀྱིས་ཆོག་པར་འཛིན་པ་ དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྡུས་པ་མང་དུ་ཐོས་པ། སེམས་ངེས་པར་སེམས་ལ་དགའ་བ། བྱང་ཆུབ་པའི་བསམ་པ་ལ་མ་རྨོངས་པ་དྲན་པ་མཉམ་པར་གཞག་པས་གནས་པ། ཏིང་ངེ་འཛིན་དང་ཤེས་རབ་བསྒོམ་པ་ལ་བརྩོན་པ། བརྩམས་པ་ཐམས་ཅད་བསྲུང་ བ་སྙིང་པོར་བྱེད་པ། འཁོར་གྱི་ནང་དུ་འོང་བ་ལ་ཟབ་མོའི་ཆོས་ཀྱི་གཏམ་གྱི་བར་བགྱིད་དེ་གཏམ་སྣ་ཚོགས་གླེང་བ་གང་ཡིན་པ་དེ་ནི་དམ་པའི་ཆོས་མི་ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་འདིར་ཇི་སྲིད་ཟབ་མོའི་ཆོས་གྲགས་པ་ དེ་སྲིད་དུ་ཆོས་ནུབ་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཞིང་འདིའི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་པ་དང་ཇི་ཙམ་གྱི་གླིང་བཞི་པར་གྱུར་པ་ལ་དེ་ལྟ་བུའི་བྱེ་བ་ཕྲག་བརྒྱ། དེ་ན་མི་རྣམས་པར་མདོར་འཆི་བ་མེད། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་ བྱུང་ནས་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་མ་བྱས་ཏེ། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། ཚུལ་ཁྲིམས་ཉམས་པ་ནི་ཡོངས་སུ་རྫོགས་པར་བྱས་ལ། དེ་དག་གི་ལྟ་བ་དྲང་པོར་འགྱུར་ཏེ། དེས་ན་སེམས་ཅན་དམྱལ་བ་རྣམས་སུ་མི་སྐྱེའི། ཀླུའི་སྐྱེ་གནས་སུ་སྐྱེ་བར་འགྱུར། བྱད་བཞིན་བཟང་པོ་ལ་ཕྲག་དོག་མི་བྱེད་པ་དེ་ནི་ལུས་ཆེན་པོར་འགྱུར། བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞིས། ཁྱེའུ་བཞི་པའི་ཏིང་ངེ་འཛིན་ལས། དབུ་ནི་ཤར་ཕྱོགས། ཞལ་ནི་བྱང་ཕྱོགས། རྒྱབ་ནི་ལྷོ་ཕྱོགས་སུ་བསྟན་ལ་ག