Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 204

Văn bản gốc(Tây Tạng)

Trang 13 / 23 (50.000 ký tự/trang)
ང་། །ལྕགས་ཀྱི་ཤལ་མ་རི་དང་རོ་མྱགས་འདམ། །སྤུ་གྲིའི་

སོ་དང་མི་གཙང་ལྗན་ལྗིན་རྣམས། །ཡུལ་གྱི་འཁྲུལ་པའི་འབྲས་བུར་བསྟན་པའོ། །ཡང་མངའ་བདག་ཆེན་པོ་འདི་ལྟ་སྟེ། །སྒོ་བཞི་རྩད་ནས་མཆོད་ཅིང་། །མཚན་མ་རང་སར་མ་གྲོལ་ན། །ཡང་དག་དོན་དང་མཇལ་བར་རྡོ་རྗེ་སེམས་དཔས་མ་གསུངས་སོ། །སྒོ་བཞིའི་མཚན་ཉིད་འདི་ལྟ་སྟེ།
སྐྱེ་བ་འབྱུང་བས་འཆི་བའི་སྒོ། །བྱས་པ་སརྦ་འཇིག་པའི་སྒོ། །འདུས་པ་སརྦ་འབྲལ་བའི་སྒོ། །བསགས་པ་སརྦ་བས་པའི་སྒོ། །བསྐལ་པ་ཐོག་མ་མེད་པ་ནས། །སྒོ་བཞི་རྩད་ནས་མཆོད་པས། །འཁོར་བའི་འདམ་ནས་ཐོན་དུས་མེད། །མཚན་མ་རང་སར་མ་གྲོལ་བས། །བྱས་པའི་
ཆོས་ལ་ཟིན་དུས་མེད། །ལྟ་བ་བལྟས་པས་ཕག་ཚོད་ཡིན། །སྒོམ་པ་བྱས་པས་ཡིད་སྨོན་ཡིན། །སྤྱོད་པ་བྱས་པས་ཚུལ་འཆོས་ཡིན། །འབྲས་བུ་བསྒྲུབས་པས་འཁོར་བ་ཡིན། །མཚན་མ་རང་སར་གྲོལ་ཙམ་ན། །བཅོས་མེད་བསྣན་མེད་བློ་ཡི་ཡུལ་ལས་འདས། །བསྒྲུབ་མེད་བརྗོད་
མེད་མ་གསུངས་པ་བཀའ་རྒྱ་ཆེར་བཤད་ཅེས་གསུངས་སོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་འཁྲུལ་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། །ཡང་དག་པའི་ངོ་བོ་མི་འགྱུར་བ། །བློའི་ཆོས་དང་ཡེ་
ནས་བྲལ་བ་ལ། འཁྲུལ་བ་གཅད་ཅི་དགོས་ཞེས་ཟེར་ན། ཁོ་བོས་ཇི་ལྟར་སྨྲ་ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་པ། མངའ་བདག་ཆེན་པོ་ཉོན་ཅིག །ཕར་ལ་འདྲི་དང་ཚུར་ལ་འདྲི་ན་ལན་གདབ་གཉིས། །ཤེས་པ་མ་རྨོངས་བློ་ལ་ཞེན་པར་གྱིས། །ཕར་ལ་འདྲིན་འདི་
ལྟར་ཤེས་པར་བྱ། །ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་ལ། །འཁྲུལ་གཞི་རྩད་ནས་བཅད་པ་གཙིགས་སུ་ཆེའམ་མི་ཆེ་ཞེས་དྲི། འཁྲུལ་གཞི་གཙིགས་སུ་མི་ཆེ་ཟེར་ན། །ཁྱོད་ད་ལྟ་སངས་རྒྱས་ཡིན་ནམ་མ་ཡིན་ཞེས་དྲིའོ། །ཡིན་ཟེར་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་མཐུ་དང་
རྫུ་འཕྲུལ་དང་འོད་དང་བྱིན་གྱི་རླབས་ཆེན་པོ་བྱུང་ན། ཁྱོད་ལ་ད་ལྟ་དེ་འབྱུང་ནུས་སམ་ཞེས་དྲིའོ། །འབྱུང་ཟེར་ན། རྟགས་མངོན་དུ་འདོན་དུ་གཞུག་གོ། །མི་འབྱུང་ཟེར་ན། ད་ལྟ་སངས་རྒྱས་ཡིན་ཟེར་བ་དང་འགལ་ལོ་ཞེས་བྱས་ལ་སྐྱོན་དགལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་

ལ་འཁྲུལ་པ་རྩད་བཅད་མི་དགོས་ཟེར་ན། ཁྱོད་ལ་ད་ལྟ་རྟོགས་པ་ཡང་མི་འདུག །མངོན་དུ་གྱུར་པ་ཡང་མི་འདུག་པ། འཁྲུལ་བ་མ་བཅད་པར་སངས་ཅིས་རྒྱ་བྱས་ལ་དྲིའོ། །འཁྲུལ་པ་མཆོད་པར་ནི་རྟོགས་པ་མི་འབྱུང་ན། རྟོགས་པ་མ་ཤར་བར་ནི་ལོངས་
སྤྱོད་རྫོགས་པའི་སྐུ་མི་ཐོབ་ན། ལོངས་སྤྱོད་རྫོགས་པའི་སྐུ་མ་ཐོབ་པར་རྟོགས་པ་མངོན་དུ་མི་འགྱུར་ན། མངོན་དུ་མ་གྱུར་ཡང་མྱ་ངན་ལས་འདའ་ཐབས་མེད་ན། སྨྱོན་པའི་ཚིག་མ་སྨྲ། བྱིས་པ་ཚང་ཀ་མ་བཞིན་ཡས་ཟུང་མས་ཟུང་མ་སྨྲ། རྒན་རྒོན་འཆལ་བ་བཞིན་དུ་ཚིག་
གཏམ་ཅོལ་དུ་མ་སྨྲ། ཚིག་གཏམ་ཅོལ་གྱིས་འབྲས་བུ་སངས་མི་རྒྱ། ཚིག་བྱ་བ་ནི་སེམས་ཤིང་སྨྲ་བ་ཡིན། ཚིག་རང་རྒྱུད་དང་མི་འགལ་བར་སྨྲ་དགོས་པ་ཡིན། ཚིག་དང་དོན་དུ་འགལ་ན་སྨྲ་མཁས་ཀྱང་དོན་མེད། ནེེ་ཚོ་གོ་གསོས་བྱེད་པ་དང་འདྲའོ། །ཡང་མངའ་བདག་ཆེན་པོ་
འདི་སྐད་བྱས་ལ་དྲིའོ། །ཁྱོད་ཡང་དག་པའི་དོན་ལ་མཁས་ན། འཁྲུལ་པའི་དོན་ལ་གང་གི་སྒོ་ནས་ཀྱང་མ་རྨོངས་པར། ཤེལ་གྱི་ཁྱེའུ་ཆུང་ལྟར་ཤེས་དགོས་པ་ཡིན་པས། འགྲོ་དྲུག་སེམས་ཅན་གྱི་སྣོད་དང་བཅུད་གཉིས་པོ་འདི། འབྱུང་བ་རྣམ་པ་ལྔས་བསྡུས་པར་མཉམ་
པས། མི་མཐུན་ཁྱད་པར་ཤིན་ཏུ་ཆེ། ཕྱི་སྣོད་ཀྱིས་བསྡུས་པའི་ཡུལ། རི་མཐོན་དམན་དང་ལུང་པ་ཡངས་དོག་འདི་ལ་རིག་པ་མེད་བ་ཅིའི་རྒྱུ་ཅིའི་རྐྱེན། ནང་བཅུད་ཀྱིས་བསྡུས་པ་ཕུང་པོ་ཟག་པ་དང་བཅས་པ། ལེགས་པ་དང་། མི་ལེགས་པ་དང་། པྲད་པ་དང་ཟླུམ་པ་འདི་ལ་རིག་པ་
ཡོད་པ་ཅིའི་རྒྱུ་ཅིའི་རྐྱེན་ཅི་ལས་གྲུབ་ཅེས་བྱས་ལ་དྲིའོ། །ཕྱི་སྣོད་ཀྱིས་བསྡུས་པ་སེམས་ཅན་གྱི་སྣོད་འབྱུང་བ་ལྔའི་དཀྱིལ་འཁོར་འདི་ལ་རིག་པ་མེད་པ་ཅིའི་རྒྱུ་ཅིའི་རྐྱེན་ཞེས་དྲིའོ། །རིག་པ་མེད་པར་ཅིས་ཤེས་ཟེར་ན། རིག་པ་ཡོད་པར་དམ་ཆོས་བྱས་ལ་གང་ཐག་བསྡམ་མོ། །དམ་
བཅས་ཙམ་ནས་འདི་སྐད་བྱས་ལ་དྲིའོ། །སེམས་ཅན་གྱི་སྣོད་འདི་ལ་རིག་པ་ཡོད་ན། ས་ལ་རྐོ། རྡོ་ལ་བརྡུང་། ཆུ་ལ་འཐུང་། མེ་ལ་སྲེག་པས་ན། ཆོས་པ་རྣམས་ཀྱང་སྲོག་གཅོད་པར་ཐལ་བྱས་ལ་སྐྱོན་འགལ་ལོ། །ཆོས་པ་རྣམས་ལ་ཡང་ཐར་པའི་ལམ་མེད་དོ། །ཅི་སྟེ་བྱས་པས་ཆོས་

པ་རྣམས་སྲོག་རྒྱུན་མི་འཆད་པར་གཅོད་བའི་ཕྱིར་རོ་ཞེས་བྱས་ལ་སྐྱོན་འགལ་ལོ། །སྲོག་གཅོད་ཀྱང་མི་སྟོ་ཟེར་ན་ལས་ལ་དགེ་སྡིག་མེད་པས། ཆོས་པའི་ཆེ་ཅིས་འདོན་བྱས་ལ་དྲིའོ། །ཆོས་པ་ལ་ཆེ་མེད་ཅིང་རྫོགས་ཆེན་ལ་ཆེ་མེད་ན། སངས་
རྒྱས་ཆེ་བའི་ཡོན་ཏན་དང་འགལ་ལོ། །སངས་རྒྱས་ལ་ཆེ་བའི་ཡོན་ཏན་མེད་ན། སེམས་ཅན་དང་ཁྱད་མེད་པར་ཐལ་བྱས་ལ་སྐྱོན་འགལ་ལོ། །སེམས་ཅན་གྱི་སྣོད་ལ་རིག་པ་མེད་ཟེར་ན། ཁོ་བོས་སྨྲས་པའི་ཐོག་ན་འདུག་པ། ཁྱོད་ཀྱི་ཆེ་ཅིས་འདོན་བྱས་ལ་དྲིའོ། །དེ་ཡང་འདི་ལྟར་ཤེས་པར་བྱ་སྟེ། ཕར་ལ་འདྲི་ན་གནད་དང་གགས་
ལ་དྲིའོ། །ཚུར་ལ་འདྲི་ན་ཟུར་དང་ཐབས་ཀྱིས་འབྲོས། །གདམས་ངག་མངོན་དུ་འདོན་པ་མ་ཡིན་གྱི། །གདམས་ངག་སྤྱི་ཟོང་མི་བྱ་རང་གིས་རྟོགས་པར་གྱིས། །རང་གིས་རྟོགས་བ་ར་བྱ་བ་ནི། །བདེ་གཤེགས་ཡེ་ཤེས་ཀྱི་སྣོད་དང་། འགྲོ་དྲུག་སེམས་ཅན་གྱི་སྣོད་ལ་རིག་པ་མེད་པའི་གནད་
ཀ་ནི། ཐོག་མ་མེད་པའི་དུས་ཉིད་ན། གཏིང་གསལ་ཆེན་པོའི་ངོ་བོ་འགག་མེད་ལ། ཁ་དོག་ལྔ་ཡི་འདྲ་གཞི་གསལ་བར་ཤར། །གསལ་བ་ཡང་རིག་པ་མི་མངའ་སྐུ་ཡི་ཡོན་ཏན་ཡིན། །ཁ་དོག་ལྔ་ཡི་འདྲ་གཞི་དེ། སྔར་ཡང་རིག་པར་མི་གནས་ད་ཡང་གནས་མི་སྲིད་པའོ། །ནང་གི་བཅུད་
ཀྱིས་བསྡུས་པའི་བཅུད་རྣམས་ལ། །རིག་པར་གནས་པའི་གནད་ཀ་ནི། །གསལ་དང་མི་གཡོ་རྒྱ་མ་ཆད། །མི་འགྱུར་གཡོ་འགུལ་ལྟ་བུ་སྟེ། །སངས་རྒྱས་ཆེ་བའི་ཡོན་ཏན་ལྔ། །སྔར་ཡང་མ་འབྲལ་ད་ཡང་མི་འབྲལ་ལོ། །སྐུ་དང་ཡེ་ཤེས་ངོ་བོ་དེ། །དབྱེར་མི་ཕྱེད་པས་ངོ་བོ་གཅིག །
ལུས་དང་ཡུལ་གྱི་མཚན་ཉིད་ནི། །ངོ་བོ་ཐ་དད་རང་བཞིན་གཅིག་བར་གནས། །དེའི་ཕྱིར་ན་རིག་པར་གནས་དང་མི་གནས་བྱེ་བྲག་འབྱུང་བའོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་ཡང་དག་པར་ཆོས་ཀྱི་སྐུའི་ངོ་བོ་གཏན་ལ་འབེབས་པ་ལས། འཁྲུལ་གཞི་གཙིགས་སུ་ཆེ་བ་
བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། བདེ་བར་གཤེགས་པའི་ཐུགས་ལ་རྨོངས་པ་མི་མངའ་བས། །ཐེག་པའི་མཐའ་ལ་ཐུག་པ་མེད་པར་གསུངས་པ་འདི། །ཐེག་པ་མང་པོའི་སྐོ་ནས་རྩོད་ན་

ཇི་ལྟར་བགྱི། ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་པ། མངའ་བདག་ཆེན་པོ་ཉོན་ཅིག །གང་ཟག་བློ་ཡི་བྱེ་བྲག་མི་གཅིག་ཐ་དད་སྣང་བ་ལ། བདེ་བར་གཤེགས་པའི་ཐུགས་ལ་རྨོངས་པ་མི་མངའ་བས། །ཐེག་པ་གང་འཐད་ཐེག་པ་བརྗོད་པས་
མི་ལང་གསུངས་པ་ཡིན། །སེམས་ཅན་བློ་རྣམས་མ་ཟད་པར། །ཐེག་པའི་གྲངས་ལ་བརྗོད་པས་མི་ལང་སྟེ། །བསྡུ་ན་རྣམ་པ་གསུམ་དུ་འདུས། །འདུས་བྱས་མཚན་མའི་ཐེག་པ་རྣམས། །རྫོགས་ཆེན་ཁ་འབྱམ་ཐེག་པ་དང་། །གསང་སྔགས་རྡོ་རྗེ་འབྲས་བུ་འགྱུར་མེད་ཐེག་
པ་གསུམ། །རྒྱལ་པོ་ཆེན་པོ་འདི་ལྟར་ཤེས་པར་བྱ། །འདུས་བྱས་མཚན་མའི་ཐེག་པའི་རྩོད་དུ་བྱུང་ཙམ་ན། །ཐེག་དམན་ཀླད་གཅོག་མགོ་བོ་དཀྲུམ་པའི་ཕྱིར། །ཐེག་པ་འོག་མའི་མཚན་ཉིད་བསྟན་པ་ནི། །དཔེར་ན་ཁྲོན་པའི་ནང་ཉིད་ན། །སྦལ་བས་སེང་གེར་གཟེངས་ཕྱུང་
ཚུལ་བཅོས་ཀྱང་། །བསྐལ་བར་བགྲངས་ཀྱང་སེང་གེར་མི་འགྱུར་ལྟར། །འདུས་བྱས་མཚན་མའི་ཐེག་པས་ཀྱང་། །རང་བཞིན་ལྷུན་གྲུབ་ངོ་བོ་ཁྱེད་ལ་ཆ་མེད་པས། །བསྐལ་པར་བགྲངས་ཀྱང་སངས་རྒྱས་མི་རྙེད་དོ། །ཡང་མངའ་བདག་ཆེན་པོ་འདི་ལྟ་སྟེ། །འདུས་བྱས་
མཚན་མས་རྩོད་ཙམ་ན། །རྟག་གམ་མི་རྟག་བྱས་ལ་འདྲིའོ། །འདུས་བྱས་ཀྱི་འབྲས་བུ་རྟག་ཅེས་ཟེར་ན། །ཕྱུག་པོའི་ནོར་རྫས་ཀྱང་འདུས་བྱས་ཀྱི་འབྲས་བུ་ཡིན། །དེ་ལ་གང་སྟོངས་འོང་བར་མི་རིགས་སོ། །སྟོང་པ་གང་བར་མི་རིགས་སོ། །སྐྱེས་པ་འཆི་བར་མི་རིགས་སོ། །
འདུས་པ་འབྲལ་བར་མི་སྲིད་དོ་ཞེས་བྱས་ལ་སྐྱོན་འགལ་ལོ། །འདུས་བྱས་མི་རྟག་ཅེས་ཟེར་ན། ཐེག་པ་འོག་མའི་འབྲས་བུ་འདུས་བྱས་ཡིན་པས་བསྒྲུབས་པ་ལ་དོན་མེད་བྱས་པས་སྐྱོན་གཉིས་སུ་གཞུག་གོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་ཐེག་པ་འོག་མའི་བརྒལ་
བརྟག་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། རྫོགས་ཆེན་ཁ་འབྱམ་རྩོད་ན་ཇི་ལྟར་ཤེས་པར་བྱ་ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་པ། མངའ་བདག་ཆེན་པོ་ཉོན་ཅིག །རྫོགས་

ཆེན་ཁ་འབྱམ་མཚན་ཉིད་འདི་ལྟ་སྟེ། ནག་པོ་ཁ་འབྱམ་དོན་མེད་སྲང་སྟོང་འཆག །ཆར་པ་མེད་པའི་འབྲུག་ལྡིར་དོན་རེ་ཆུང་། །སྟོང་པ་ཧད་པོ་དོན་མེད་སྐུ་ཡི་དོན་མཐོང་དཀའ། །རྫོགས་ཆེན་ཁ་འབྱམ་པ་ཡི་མཚན་ཉིད་བསྟན་པ་ནི། །བྱ་སྒྲོ་རླུང་ཁྱེར་གཞག་ས་མེད་པས་
གོལ། །རི་ཤོ་རླུང་ཁྱེར་བརྟེན་ས་མེད་པས་གོལ། །ཁྱུང་ཆེན་གནམ་འཕང་གཅོད་ཀྱང་གཏད་སོ་མེད་པས་གོལ། །ཏི་བྱ་ངན་ཀྱང་ནམ་མཁའི་ལམ་ལ་མཁས། །རྫོགས་ཆེན་ཁ་འབྱམ་རྩོད་ཙམ་ན། །སངས་རྒྱས་ངོ་བོ་གང་ཡིན་བྱས་ལ་དྲི། །སྐུ་ཡི་སངས་རྒྱས་གང་ཡིན་བྱས་ལ་
དྲི། །གསུང་གི་སངས་རྒྱས་གང་ཡིན་བྱས་ལ་དྲི། །ཐུགས་ཀྱི་སངས་རྒྱས་གང་ཡིན་བྱས་ལ་དྲི། །ཡུལ་གྱི་སངས་རྒྱས་གང་ཡིན་བྱས་ལ་དྲི། །སངས་རྒྱས་བཞི་ཡི་མཚན་ཉིད་མ་ཤེས་ན། །རིག་པ་རྐྱང་འདེད་བྱས་པས་འབྲས་བུ་སངས་མི་རྒྱ། །མངའ་བདག་ཆེན་པོ་འདི་ལྟ་སྟེ། །
མ་བུའི་དུས་ན་ཉོན་མོངས་བཞི་རུ་ཤར། །རྟོགས་པའི་དུས་ན་སངས་རྒྱས་བཞི་རུ་ཤར། །རྟོགས་དང་མ་རྟོགས་བར་ཤེད་ན། །ཐར་པ་བྱེད་ཀྱི་བརྡ་ཅི་གདའ། །བརྡ་དེ་བླ་མའི་གདམས་ངག་ཡིན། །གདམས་ངག་ཐུག་སར་མ་ཐུག་ཅིང་། །མཚན་མ་རང་སར་མ་གྲོལ་ན། །སངས་
རྒྱས་བཙལ་བས་རྙེད་པར་ནི། །རྡོ་རྗེ་སེམས་དཔས་མ་གསུངས་སོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་རྫོགས་ཆེན་ཁ་འབྱམ་ལ་བརྒལ་བརྟག་བསྟན་པའི་ལེའུ་སྟེ་བདུན་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། གསང་སྔགས་འབྲས་བུ་
རྡོ་རྗེ་མི་འགྱུར་བའི་ཐེག་པ་ཇི་ལྟར་ལགས་ཞེས་བྱ་བ་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་བ། མངའ་བདག་ཆེན་པོ་ཉོན་ཅིག །མི་འགྱུར་བ་ལ་རྣམ་ལྔར་ཤེས་པར་བྱ། །དེ་ཡང་ཀུན་གཞི་མི་འགྱུར་སྐྱོན་དང་ཡེ་ནས་བྲལ། །རང་བཞིན་ལྷུན་གྲུབ་མི་འགྱུར་སྐྱོན་དང་ཡེ་ནས་
བྲལ། །གསུང་ཉིད་མི་འགྱུར་སྐྱོན་དང་ཡེ་ནས་བྲལ། །ཐུགས་ཉིད་མི་འགྱུར་སྐྱོན་དང་ཡེ་ནས་བྲལ། །ཡུལ་ཉིད་མི་འགྱུར་སྐྱོན་དང་ཡེ་ནས་བྲལ་བའོ། །མངའ་བདག་ཆེན་པོ་འདི་ལྟ་སྟེ། །སེམས་ཅན་དུས་ཀྱི་ལྟར་སྣང་ལ། །སངས་པ་རེ་ལ་ཉོན་མོངས་རེ། །རྟོགས་པ་

མངོན་དུ་གྱུར་ཙམ་ན། །ཉོན་མོངས་རེ་ལ་སངས་པ་རེ། །སངས་རྒྱས་ཞེས་ཀྱིས་དེ་ལ་བྱ། །དེ་ཡང་རྣམ་པར་ཕྱེ་སྟེ་བསྟན་པ་ནི། །ཀུན་གཞི་ནམ་མཁའ་ཆེན་པོ་ལ། །སངས་རྒྱས་སེམས་ཅན་གཉིས་སུ་དབྱེ་རུ་མེད། །རྟོགས་དང་མ་རྟོགས་གཉིས་སུ་དབྱེ་རུ་མེད། །
བདེ་དང་སྡུག་བསྔལ་གཉིས་སུ་དབྱེ་རུ་མེད། །འཁོར་བ་མྱང་འདས་གཉིས་སུ་དབྱེ་རུ་མེད། །གཉིས་མེད་སྐྱོན་ཡོན་གཉིས་དང་བྲལ། །ཡེ་ནས་བརྗོད་མེད་ཚིག་དང་བྲལ་བའོ། །རང་བཞིན་ལྷུན་གྲུབ་ངོ་བོ་ལ། །རྟོགས་དང་མ་རྟོགས་གཉིས་སུ་བྱུང་། །རྟོགས་པའི་དུས་ན་སངས་རྒྱས་
ཏེ། །མ་རྟོགས་དུས་ན་སེམས་ཅན་ནོ། །བདེ་དང་སྡུག་བསྔལ་གཉིས་སུ་བྱུང་། །རྟོགས་པའི་དུས་ན་བདེ་བར་ཤར། །མ་རྟོགས་དུས་ན་སྡུག་བསྔལ་ཤར། །འཁོར་བ་མྱང་འདས་གཉིས་སུ་བྱུང་། །མ་རྟོགས་པ་ན་འཁོར་བར་འཁྱམ། །རྟོགས་པའི་དུས་ན་མྱ་ངན་འདས། །ཉོན་
མོངས་སངས་རྒྱས་གཉིས་སུ་བྱུང་། །མ་རྟོགས་དུས་ན་ཉོན་མོངས་བཞི་རུ་ཤར། །ཉོན་མོངས་བཞི་ཡི་མཚན་ཉིད་བསྟན་པ་ནི། །སྐུ་ཡི་ཉོན་མོངས་གསུང་གི་ཉོན་མོངས་དང་། །ཐུགས་ཀྱི་ཉོན་མོངས་ཡུལ་གྱི་ཉོན་མོངས་སོ། །སྐུ་ཡི་ཉོན་མོངས་ཟག་པ་ཅན་གྱི་ལུས། །གསུང་གི་ཉོན་
མོངས་འགག་འགྲིབ་ཅན་གྱི་གསུང་། །ཐུགས་ཀྱི་ཉོན་མོངས་བདེ་དང་སྡུག་བསྔལ་ཐུགས། །ཡུལ་གྱི་ཉོན་མོངས་མི་བདེ་གཅོང་རང་ཡུལ། །ཉོན་མོངས་བཞི་ཡི་རྩད་ནས་མ་ཆོད་ན། །བསྐལ་པར་བགྲངས་ཀྱང་སངས་རྒྱས་མི་རྙེད་དོ། །ཉོན་མོངས་བཞི་པོ་ཆོད་ན་སངས་རྒྱས་བཞི། །
མཚན་མ་རང་སར་གྲོལ་བས་བདེ་བ་ནང་ནས་འཆར། །ལྟ་བ་ཕག་ཚོད་མ་བྱེད་གདམས་ངག་ད་ལྟ་གཏུགས། །སྒོམ་པ་ཡིད་སྨོན་མ་བྱེད་མཚན་མ་རང་སར་ཁྲོལ། །སྤྱོད་པ་ཚུལ་འཆོས་མ་བྱེད་རྒྱ་ཆད་མེད་པར་གྱིས། །འབྲས་བུ་ཕྱི་མར་མ་རེ་རེ་དོགས་མེད་པར་གྱིས། །སྐུ་ཡི་ཉོན་མོངས་
སངས་ན་ཡིད་བཞིན་སྐུ་རུ་རྒྱས། །གསུང་གི་ཉོན་མོངས་སངས་ན་བྲག་ཆ་ལྟ་བུར་རྒྱས། །ཐུགས་ཀྱི་ཉོན་མོངས་སངས་ན་ཡེ་ཤེས་ཆེན་པོར་རྒྱས། །ཡུལ་གྱི་ཉོན་མོངས་སངས་ན་དཀྱིལ་འཁོར་ཆེན་པོར་རྒྱས། །སངས་རྒྱས་བཞེང་ན་དེ་ལྟར་ཤེས་པར་གྱིས། །སྐུ་ལ་ལྷག་མ་མེད་པར་

རྫོགས་པས་རྫོགས་ཆེན་ཡང་དག་ཡིན། །གསུང་ལ་ལྷག་མ་མེད་པར་རྫོགས་པས་རྫོགས་ཆེན་ཡང་དག་ཡིན། །ཐུགས་ལ་ལྷག་མ་མེད་པར་རྫོགས་པས་རྫོགས་ཆེན་ཡང་དག་ཡིན། །ཡུལ་ལ་ལྷག་མ་མེད་པར་རྫོགས་པས་རྫོགས་ཆེན་ཡང་དག་ཡིན། །སྲིད་པ་རྒྱ་
ཐེགས་བྱུང་བས་རྫོགས་ཆེན་ཡང་དག་ཡིན། །མཚན་མ་རང་སར་གྲོལ་བས་མན་ངག་ཡང་དག་ཡིན། །བློ་ཡི་རེ་དོགས་ཆོད་པས་མན་ངག་ཡང་དག་ཡིན། །ཡིད་ཆེས་རང་ལ་ཤར་བས་མན་ངག་ཡང་དག་ཡིན། །ཞེས་གསུངས་སོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་གསང་
སྔགས་འབྲས་བུའི་ཐེག་པའི་ལེའུ་སྟེ་བརྒྱད་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། ཐེག་པའི་མཚན་ཉིད་གྲངས་མེད་ལ། །ཐེག་པ་རེ་ལ་ལྷུན་གྲུབ་རེ། །ལྷུན་གྲུབ་མཚན་ཉིད་མི་གཅིག་པས། །ལྷུན་གྲུབ་རྩོད་ན་ཇི་ལྟར་
བགྱི། །ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་པ། མངའ་བདག་ཆེན་པོ་ཉོན་ཅིག །ལྷུན་གྲུབ་བརྗོད་པས་མི་ལང་སྟེ། །རྣམ་པར་ཕྱེ་སྟེ་བསྟན་པ་ལ། །ལྷུན་གྲུབ་རྩིས་མགོ་རྣམ་པ་གསུམ། །དེ་ཡང་གཞི་ལྷུན་གྱིས་གྲུབ་པ་དང་། ལམ་ལྷུན་གྱིས་གྲུབ་
པ་དང་། འབྲས་བུ་ལྷུན་གྱིས་གྲུབ་པའོ། །གཞི་ལྷུན་གྱིས་གྲུབ་པ་ལ་ཡང་གཉིས་ཏེ། ཀུན་གྱི་གཞི་དང་། རང་གི་གཞིའོ། །ཀུན་གྱི་གཞི་ཆོས་ཉིད་ནམ་མཁའ་ལ། །རང་གི་གཞི་རང་བཞིན་ལྷུན་གྲུབ་པོ། །ལམ་ལྷུན་གྱིས་གྲུབ་པ་ལ་ཡང་གཉིས་ཏེ། ཡས་ཀྱིས་འཁྲུལ་
ཚུལ་དང་། མས་ཀྱིས་ལྡོག་ཚུལ་ལོ། །ཡས་ཀྱིས་འཁྲུལ་ཚུལ་ཕྲ་རགས་དོན་དང་སྦྱར། །མས་ཀྱིས་ལྡོག་ཚུལ་སྐུ་གསུམ་ངོ་བོ་གཅིག་ཏུ་སྦྱར། །འབྲས་བུ་ལྷུན་གྱིས་གྲུབ་པ་ཡང་གཉིས་ཏེ། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་དང་། མྱ་ངན་འདས་པའི་སྐུའོ། །དེ་
ལས་ཀྱང་རྣམ་པར་ཕྱེ་སྟེ་བསྟན་པ་ནི། བྱུང་བའི་ལྷུན་གྲུབ་བཞི་བསྟན་པ་དང་། བྱས་པའི་ལྷུན་གྲུབ་ལྔ་རུ་བསྟན་པའོ། །དེ་ཡང་ལུས་མདོར་གཞག་ན་རྣམ་པ་བཞི་སྟེ། གཞི་ལྷུན་གྱིས་གྲུབ་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པ་དང་། རྩལ་ལྷུན་གྱིས་གྲུབ་པ་དང་།

མིང་ལྷུན་གྱིས་གྲུབ་པའོ། །དེ་ལ་ཡང་ཡན་ལག་རྒྱས་པར་བསྟན་པ་ནི། གཞི་ལྷུན་གྱིས་གྲུབ་པ་ལ་ལྔ་སྟེ། གཞིའི་གཞི་ལྷུན་གྱིས་གྲུབ་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པ་དང་། ཐུགས་ཀྱི་གཞི་ལྷུན་གྱིས་གྲུབ་པ་དང་། གསུང་གི་གཞི་ལྷུན་གྱིས་གྲུབ་
པ་དང་། ཡུལ་གྱི་གཞི་ལྷུན་གྱིས་གྲུབ་པའོ། །དེ་ཡང་གཞི་ལྷུན་གྱིས་གྲུབ་པ་ནི། ཆོས་ཉིད་ཀྱི་ནམ་མཁའ་ཆེན་པོ། ཡོངས་སུ་མི་ཟད་པ་ཆེན་པོ། རོལ་པ་འགག་པ་མེད་པ། རྒྱ་ཆད་ཀུན་དང་བྲལ་བ་དེ་ཡིན་ནོ། །རང་བཞིན་ལྷུན་གྱིས་གྲུབ་པ་ལ་ཡང་རྣམ་པ་ལྔ་སྟེ། སྐུ་
རང་བཞིན་ལྷུན་གྱིས་གྲུབ་པ་དང་། ཡེ་ཤེས་རང་བཞིན་ལྷུན་གྱིས་གྲུབ་པ་དང་།སྐུ་དང་ཡེ་ཤེས་གཉིས་སུ་མེད་པར་རང་བཞིན་ལྷུན་གྱིས་གྲུབ་པ་དང་། གསུང་རང་བཞིན་ལྷུན་གྱིས་གྲུབ་པ་དང་། ཡུལ་རང་བཞིན་ལྷུན་གྱིས་གྲུབ་པའོ། །རང་བཞིན་ལྷུན་གྲུབ་ལ་དོན་
རྣམ་པ་བཞི་སྟེ། རང་བཞིན་ལྷུན་གྱིས་གྲུབ་པ་ལ་རྩོད་པའི་དུས་སུ། རང་ན་ཅི་ཡིན། བཞིན་ན་ཅི་ཡིན། ལྷུན་ན་ཅི་ཡིན། གྲུབ་ན་ཅི་ཡིན་བྱས་ལ་དྲིའོ། །མངའ་བདག་ཆེན་པོ་འདི་ལྟ་སྟེ། རང་བཞིན་ལྷུན་གྲུབ་ངོ་བོ་མ་ཤེས་ན། །ཆོས་སྐུའི་ངོ་བོ་བསྐལ་པར་བགྲངས་ཀྱང་མི་རྙེད་དོ། །
དེ་ཡང་རྣམ་པར་ཕྱེ་སྟེ་བསྟན་པ་ནི། རང་ལ་རྣམ་པ་གསུམ་ཡོད་དོ། །ཆོས་སྐུ་རང་གི་ངོ་བོ་དང་། ཡེ་ཤེས་རང་གི་ངོ་བོ་དང་། སྐུ་དང་ཡེ་ཤེས་གཉིས་མེད་རང་གི་ངོ་བོའོ། །བཞིན་ལ་རྣམ་པ་གཉིས་ཡོད་དེ། ཆོས་སྐུ་བཞིན་དང་ལྡན་པ་དང་། དཀྱིལ་འཁོར་བཞིན་དང་ལྡན་
པའོ། །ལྷུན་གྱི་མཚན་ཉིད་བསྟན་པ་ནི། ཆོས་ཉིད་རྩོལ་བ་ཀུན་དང་བྲལ་བས་ན། མ་བཅོས་ལྷུན་གྱི་མཚན་དང་ལྡན། །མ་བསྣན་མ་ཕྲི་ལྷུན་གྱི་མཚན་དང་ལྡན། །བཅོས་མེད་བསླད་མེད་ལྷུན་གྱི་མཚན་དང་ལྡན། བློའི་བྱ་བྱེད་ཀུན་དང་བྲལ་ན་ལྷུན་གྱི་མཚན་དང་ལྡན་
པའོ། །གྲུབ་ཀྱི་མཚན་ཉིད་བསྟན་པ་ནི། ཆོས་སྐུ་རྩོལ་བ་ཀུན་དང་བྲལ་བར་རང་རིག་རང་ལ་ཤར། །རྒྱུ་རྐྱེན་ཀུན་གྱི་ཚིག་ལས་འདས་པར་རང་རིག་རང་ལ་ཤར། །བྱས་པའི་འབྲས་བུ་འཇིག་པ་ཡིན་པར་རང་རིག་རང་ལ་ཤར། །རང་བཞིན་ལྷུན་གྲུབ་འགྱུར་བ་མེད་པར་རང་རིག་

རང་ལ་ཤར། །དེས་ན་མ་བཙལ་ལྷུན་གྱིས་གྲུབ་པའི་བརྡ་རུ་བསྟན་པའོ། །ཡང་རྩལ་གྱི་ལྷུན་གྲུབ་བསྟན་པ་ནི། རྩལ་གྱི་ལྷུན་གྲུབ་རྣམ་གསུམ་སྟེ། སྐུ་ཡི་རྩལ་དང་ཡེ་ཤེས་རྩལ། །སྐུ་དང་ཡེ་ཤེས་གཉིས་མེད་རྩལ་དང་གསུམ་དུ་བསྟན་པའོ། །སྐུ་ཡི་རྩལ་གྱི་མཚན་ཉིད་བསྟན་པ་ནི། །
སྙན་ཆ་དང་ནི་མགུར་ཆུ་དང་། །ཕྱག་གདུབ་དང་ནི་ཞབས་གདུབ་དང་། །དབུ་རྒྱན་དང་ནི་དོ་ཤལ་དང་། །ཡེ་ཤེས་ལྔའི་རང་བཞིན་གསལ་བར་ཤར་བ་ཡང་། །དེ་ཡང་སྐུ་ཡི་རྩལ་ཡིན་ནོ། །ཁ་དོག་ལྔ་ཡི་དཀྱིལ་འཁོར་དང་། །རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་། །འབྱུང་ཆེན་སྣ་ལྔའི་དཀྱིལ་
འཁོར་རྣམས། །དེ་ཡང་སྐུ་ཡི་རྩལ་ཡིན་ནོ། །ཡེ་ཤེས་རྩལ་གྱི་མཚན་ཉིད་བསྟན་པ་ནི། །ཀུན་དུ་ཚོལ་བའི་ཡིད་དང་གཏན་ལ་འབེབས་པའི་ཡིད། །ངེས་པར་འཇོག་པའི་ཡིད་དང་གསུམ་པོ་དེ། །དེ་གསུམ་ཡེ་ཤེས་རྩལ་ཡིན་ནོ། །སྐུ་དང་ཡེ་ཤེས་གཉིས་སུ་མེད་པའི་རྩལ་གྱི་ཡན་
ལག་ཁ་དོག་ལྔ་རུ་ཤར་བ་ལ། །ཀུན་དུ་ཚོལ་བའི་ཡིད་ཀྱིས་ཅི་ཡིན་བརྟག་པ་དང་། །གཏན་ལ་འབེབས་པའི་ཡིད་ཀྱིས་ཁ་དོག་དབྱིབས་སུ་ཕྱེ། །ངེས་པར་འཇོག་པའི་ཡིད་ཀྱིས་ཕྱེ་བ་དེ་ལ་ངེས་པར་གཟུང་། །གཟུང་བ་ཐམས་ཅད་ཕྱི་ཡི་ཡུལ་ལ་གཟུང་། །འཛིན་པ་ཐམས་ཅད་ནང་གི་
སེམས་ལ་བྱུང་། །སྐུ་ཡི་རྩལ་དང་ཡེ་ཤེས་རྩལ། །གཉིས་སུ་མེད་པའི་རྩལ་དང་གསུམ་པོ་དེ། །རྟོགས་ན་སངས་རྒྱས་རྒྱུ་ཅིག་གདའ། །མ་རྟོགས་འཁོར་བའི་རྒྱུ་ཅིག་གདའ། །རྟོགས་ན་འབྲས་བུ་ཆེན་པོར་གདའ། །འཛིན་པ་བྱུང་ན་ལམ་གྱི་འཁྲུལ་བར་གདའ། །འཛིན་པ་སྨིན་ན་
སྡུག་བསྔལ་ཆེན་པོར་གདའ། །ཕྱི་ལ་གཟུང་བའི་ཡུལ་དང་ནང་ལ་འཛིན་པའི་སེམས། །སངས་རྒྱས་ཐེག་པར་བགྲང་བ་མིན། །འཛིན་པ་བྱུང་ན་ཆོས་ཉིད་གཟུང་ཡང་རྣམ་རྟོག་ཡིན། །འཛིན་པ་མེད་ན་དུག་ལྔ་བཅད་ཀྱང་སྒྲིབ་པ་མེད། །ཡེ་ཤེས་ལྔ་དང་དུག་ལྔའི་ཚུལ། །རྨོངས་པ་
རྣམས་ལ་ལྟར་སྣང་ཚུལ་དུ་ཕྱེ་བ་ལས། །ཡང་དག་དོན་དང་མཇལ་བའི་རྣལ་འབྱོར་ཆེན་པོ་ལ། །ཡེ་ཤེས་ལྔ་དང་དུག་ལྔར་ཕྱེ་བ་མེད། །དུག་ལྔ་སྤངས་པའི་ཕ་རོལ་ནས། །ཡེ་ཤེས་ལྔ་ལ་བཙལ་ཐབས་མེད། །བཙལ་བས་རྙེད་པར་མི་འགྱུར་ཏེ། །བརྒྱ་ལ་རྙེད་ཀྱང་སངས་རྒྱས་ཐེག་པ་མིན། །

འབྱུང་ཆེན་ལྔ་ཡི་དཀྱིལ་འཁོར་སྤངས་པའི་ཕ་རོལ་ནས། །མ་བུས་དཀྱིལ་འཁོར་ཆེན་པོ་བཙལ་ཐབས་མེད། །ཟག་པ་ཅན་གྱི་ལུས་སྤངས་ནས། །ཡིད་བཞིན་སྐུ་ལ་བཙལ་ཐབས་མེད། །བརྒྱ་ལ་རྙེད་ཀྱང་སངས་རྒྱས་ཐེག་པ་མིན། །སྤོང་ལེན་ཐམས་ཅད་འཁོར་
བའི་ཆོས་ཡིན་པས། །འཁོར་བའི་ཆོས་ལ་བརྟེན་པར་མི་བྱའོ། །མཚན་མ་རང་སར་གྲོལ་ན་སྤོང་ལེན་བྱ་མི་དགོས། །སྤོང་བ་དང་ནི་ལེན་པ་དང་། །སྒྱུར་དང་སྒྲུབ་དང་འགེགས་པ་དང་། །སྣོན་པ་དང་ནི་འབྲིང་པ་དང་། །སངས་རྒྱས་ཐེག་པར་བགྲང་བ་མིན། །འཁྲུལ་པ་རྩད་ནས་ཆོད་ཅིང་ལྷུན་
གྲུབ་ཕྱེད་ཙམ་ན། བློ་ཡི་བྱ་བྱེད་མི་དགོས་ཅོག་གི་བཞག་པས་ཆོག་པའོ། །ཡང་མིང་གི་ལྷུན་གྲུབ་བསྟན་པ་ནི། །མིང་གི་ལྷུན་གྲུབ་རྣམ་གསུམ་སྟེ། །ཕྱི་ཡི་མིང་གི་ལྷུན་གྲུབ་དང་། །ནང་གི་མིང་གི་ལྷུན་གྲུབ་དང་། །གསང་བའི་མིང་གི་ལྷུན་གྲུབ་པོ། །ཕྱི་ཡི་མིང་གི་ལྷུན་གྲུབ་བསྟན་
པ་ནི། །ཁ་དོག་ལྔ་ཡི་རང་བཞིན་ཡེ་ནས་མིང་དང་བྲལ་བ་ལ། །འཁོར་ལོ་གསུམ་གྱི་བྱ་བྱེད་ཀྱིས། །མིང་མེད་དེ་ལ་མིང་དུ་བཏགས། །མིང་གི་འཁྲུལ་པ་དངོས་པོར་སྨིན། །མིང་གི་བཏགས་ཚུལ་འདི་ལྟ་སྟེ། །ཕྱོགས་མཚམས་སྟེང་འོག་བཅུ་དང་རིན་ཆེན་སྣ་ལྔ་ཡང་། །འབྱུང་
ཆེན་ལྔ་ཡི་མིང་བཏགས་དངོས་པོར་སྨིན་པའོ། །ནང་གི་མིང་གི་ལྷུན་གྲུབ་བསྟན་པ་ནི། །གཏིང་གསལ་ཆེན་པོའི་ངོ་བོ་ཡེ་ནས་མིང་མེད་ལ། །འཁོར་ལོ་གསུམ་དུ་ཡིད་གཡོས་པས། །མིང་མེད་དེ་ལ་མིང་བཏགས་མིང་གི་འཁྲུལ་པ་སྨིན། །མིང་གི་བཏགས་ཚུལ་འདི་ལྟ་སྟེ། །ཡན་
ལག་ལྔ་ཡི་མིང་དང་དབང་པོ་ལྔ་ཡི་མིང་། །དོན་སྙིང་ལྔ་ཡི་མིང་དང་ནང་ཁྲོལ་ལྔ་ཡི་མིང་། །བདུད་རྩི་ལྔ་ཡི་མིང་དང་ནད་ལྔའི་མིང་བཏགས་པས། །ནང་ལ་མིང་གི་ལྷུན་གྲུབ་དངོས་པོར་སྨིན་པའོ། །གསང་བའི་མིང་གི་ལྷུན་གྲུབ་བསྟན་པ་ནི། །ཆོས་སྐུ་ཡོན་ཏན་སྟོང་ལྡན་མ་རིག་
པས། །རང་གསང་ཐབས་ཀྱིས་ཆོད་པའི་ཤེས་རབ་མུན་པ་ཅན། །རང་མགོ་རང་གིས་འཚོག་པའི་ཤེས་རབ་མུན་པ་ཅན། །རང་བཙོན་རང་གིས་འཛིན་པའི་ཤེས་རབ་མུན་པ་ཅན། །མུན་པའི་གཏིབས་ནས་བླ་མས་མ་བཏོན་ན། །རྟག་ཏུ་སྨག་གི་མུན་རུམ་ཆེན་པོར་ཉལ་བའོ། །

མངའ་བདག་ཆེན་པོ་འདི་ལྟར་ཤེས་པར་གྱིས། །ལྷུན་གྲུབ་རྣམས་ལ་རྩོད་པ་བྱེད་ཙམ་ན། །བཻ་རོ་ཙ་ན་མ་ཡིན་པ། །ལྷུན་གྲུབ་ཕྱེད་པ་ཤིན་ཏུ་དཀའ་བའོ། །ཡང་རྩོད་པའི་རྩོད་ལུགས་འདི་ལྟ་སྟེ། །སྔུན་གྱི་ས་དང་རྡོ་དང་ཤིང་དང་གང་ཡང་རུང་བ་ལ། །ལག་ཏུ་བླངས་ལ་ལྷུན་གྲུབ་ཡིན་མིན་དྲི། །
ལྷུན་གྲུབ་ཡིན་གྱིས་ཟེར་བར་ཁས་ལེན་ན། །ཆོས་ཀྱི་སྐུ་ཡི་ངོ་བོ་ལྷུན་གྲུབ་ཡིན་མིན་དྲི། །ལྷུན་གྲུབ་ཡིན་གྱིས་ཟེར་བར་ཁས་ལེན་ན། །ད་ཅི་དེ་དང་མགོ་བ་སྒྲེ་སྐྱོན་རྣམས་ཚར་བར་དག་ལ། །ཆོས་སྐུ་ལྷུན་གྲུབ་ཡིན་ཟེར་ན། །ཆོས་སྐུ་ལྷུན་གྲུབ་མིན་པས་སངས་རྒྱས་ཡུལ་ན་མེད། །སྨྱོན་
པའི་ཚིག་དང་འདྲ་སྟེ་ཁ་ཟླ་བྱ་བ་མིན། །བྱུང་བའི་ལྷུན་གྲུབ་མི་འགྱུར་རྣམ་བཞི་དང་། །བྱས་པའི་ལྷུན་གྲུབ་ལྔ་བཅུ་མ་ཕྱེད་ན། །རྡོ་རྗེ་སེམས་དཔས་རྩོད་ཀྱང་རྩོད་པ་ཤིན་ཏུ་དཀའ་བའོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་ལྷུན་གྲུབ་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་དགུ་པའོ།། །།
ཡང་མངའ་བདག་ཆེན་པོ་འདི་ལྟར་ཤེས་པར་བྱ། །སྔོན་ན་འདུག་པའི་མཚན་མའི་ཆོས་རྣམས་ལ། །ཅི་ཡང་རུང་བ་ལག་ཏུ་བླངས་ནས་ནི། །འདིའི་མིང་ནི་ཇི་སྐད་ཡིན་ཞེས་བྱས་ནས་དྲི། །ས་དང་གྱོ་མོག་རྡོ་ལ་སོགས་པ་དེ། །ས་ཡང་རུང་སྟེ་གྱོ་མོག་ཡིན་ཟེར་ན། །གྱོ་མོག་ཡིན་པར་ཅིས་
ཤེས་བྱས་ལ་དྲི། །གྱོ་མོག་མིང་དུ་གྲགས་པ་ཡིན་ཟེར་ན། །ཐོག་མ་མེད་པའི་དུས་ཉིད་ནས། །གྱོ་མོག་དེ་ཡི་མཚན་ཉིད་ནས། །ང་ནི་གྱོ་མོག་ཡིན་ཟེར་རམ །།སེམས་ཅན་བློ་ཡི་ཆོས་ཀྱིས་གྱོ་མོག་མིང་དུ་བཏགས་པ་ཡིན་ཞེས་བྱས་ལ་གཉའ་ལག་བསྡམས་ལ་དྲིའོ། །གྱོ་མོག་རང་ན་
རེ། གྱོ་མོག་ཡིན་ཟེར་ན། །དེ་ལྟ་ཡང་ཟེར་དུ་ཆུག་དང་བྱས་ལ་དྲིའོ། །སེམས་ཅན་གྱི་བློས་བཏགས་པ་ཡིན་ཟེར་ན། །འོ་ན་གྱོ་མོག་ཏུ་ངེས་པ་མེད་དེ། གོང་དུ་གྱོ་མོག་ཡིན་ཟེར་བ་དང་འགལ་བ་བྱས་ལ་སྐྱོན་ཚར་བར་དགལ་ལོ། །རང་གི་དེད་ཤེས་ན་སྐྱོན་གཉིས་སུ་ཆུད་པ་ཡིན་
ནོ། །བྲོས་ཀྱང་ཐར་མི་སྲིད་དོ། །ཡང་ཁོ་སྔར་གྱི་སྐྱོན་བླངས་ནས། །གྱོ་མོག་འདི་ལ་ཁྱོད་ཀྱིས་འདོགས་ན་ཇི་ལྟར་འདོགས་ཟེར་ན། མིང་དུ་ལྷུན་གྱིས་གྲུབ་པའི་ངོས་ནས། །ཁོ་བོ་འདི་ལ་གྱོ་མོག་ཏུ་འདོགས་སོ། །གྱོ་མོག་ཡིན་པར་ཅིས་ཤེས་ཟེར་ན། དཔེར་ན་རྡོ་གྲངས་མེད་པའི་ནང་

དུ་གྱོ་མོག་ཅིག་བ་ཅུག་ནས་བྱིས་པ་ཤེད་མ་བྱེ་བ་ཅིག་ལ་ཡང་གྱོ་མོག་ཁྱེར་ལ་ཤོག་ཅེས་བརྗོད་ན། གཞན་ཅི་དང་ཡང་ནོར་བ་མེད་དོ། །གྱོ་མོག་མིན་པ་ཐམས་ཅད་ལོག་པའི་ཕྱིར། དེ་མ་ཡིན་ཐམས་ཅད་ལས་ལོག་པ་ཡིན་ཞེས་བྱའོ། །དེའི་ཕྱིར་ན་གྱོ་མོག་ཅེས་
བྱའོ། །མིང་ཐམས་ཅད་འགྱུར་བ་ཡིན་པས་དོན་མེད་ཟེར་ན། ཁོ་བོས་གོང་དུ་མིང་ལྷུན་གྲུབ་ཡིན་བྱས་པ་ཞེས་བྱའོ། །མངའ་བདག་ཆེན་པོ་འདི་ལྟར་ཤེས་པར་བྱའོ། །ཁ་དོག་དཀར་དམར་གང་ཡང་རུང་བ་ལ། འདིའི་ཁ་དོག་ཅི་ཡིན་བྱས་ལ་དྲི། །གོང་གི་ཤེས་པ་ཁོང་དུ་ཆུད་པར་བྱ། །
མངའ་བདག་ཆེན་པོ་འདི་ལྟ་སྟེ། ཕར་ལ་འདྲི་བའི་འདྲི་ལུགས་འདི་ལྟར་ཤེས་པར་བྱ། འགྲོ་བ་རིས་དྲུག་སེམས་ཅན་གྱི། །སྐྱེ་བ་དང་ནི་རྒ་བ་དང་། །ན་བ་དང་ནི་ཤི་བ་དང་། །ཕོ་དང་མོ་རུ་བྱུང་བ་འདི། །གནད་ཀ་གང་གིས་ཕུལ་ཞིང་ཅི་ལས་བྱུང་བ་བཞིན། །རང་གི་ཤེས་པ་ཁོང་ཀློད་ལ། །
ཕར་ལ་གནད་དང་གགས་ལ་དྲིའོ། །ཚུར་ལ་འདྲི་ན་འདི་ལྟར་ཤེས་པར་བྱ། །ཐོག་མ་མེད་པའི་དུས་ཉིད་ན། །མེ་ལོང་རྣམ་པ་གསུམ་ཡོད་དེ། །ཆོས་ཉིད་དོན་གྱི་མེ་ལོང་དང་། །ཆོས་སྐུ་རང་གསལ་མེ་ལོང་དང་། །ཀུན་གཞི་སེམས་ཀྱི་མེ་ལོང་ངོ་། །མེ་ལོང་གསུམ་གྱི་ནང་ན་སྣང་སྲིད་
གསལ་བར་ཤར། །ཆོས་ཉིད་དོན་གྱི་མེ་ལོང་ནི། །དངོས་པོ་མཚན་མ་མ་ཡིན་ཁ་དོག་དབྱིབས་ཀྱང་མིན། །བཏེག་པས་ཐེག་པ་མ་ཡིན་མནན་པས་ནོན་པ་མིན། །དོན་གྱི་ངོ་བོ་སྨྲ་བསམ་ཡུལ་ལས་འདས། །སྨྲ་བསམ་བློ་ཡི་ཡུལ་ལས་འདས་པ་དེ། །མི་བསྐྱོད་འཕོ་ལྡོག་མེད་པར་གནས། །
ཅི་ཡང་མེད་པ་མ་ཡིན་དོན་ཆེན་སརྦ་ཁོ་ལས་འབྱུང་། །མྱ་ངན་འདས་པའི་གཞི་ཡང་ཁོ་ལས་འབྱུང་། །སངས་རྒྱས་ལོངས་སྤྱོད་རྫོགས་པའི་གཞི་ཡང་ཁོ་ལས་འབྱུང་། །འགྲོ་བ་རིས་དྲུག་སེམས་ཅན་མ་ལུས་པའི། །སྣོད་བཅུད་གཉིས་ཀྱང་ཁོ་ལས་འབྱུང་། །ཆོས་ཉིད་དོན་གྱི་མེ་ལོང་
ན། །ཐམས་ཅད་མ་ལུས་ཡོངས་སུ་རྫོགས་པར་བསྟན། །སརྦ་མ་ལུས་གསལ་བར་བསྟན། །གསལ་ཡང་དེ་ལ་རང་བཞིན་མེད་པར་བསྟན། །གསལ་ཡང་དེ་ལ་མིང་འདོགས་མེད་པར་བསྟན། །དཔེར་ན་འོ་མ་བཞོས་མ་ཐོག་གི་ངོ་བོ་ལ། །མར་གྱི་རང་བཞིན་གཞི་ལ་གནས་ཀྱང་ཕྱེ་བ་

མེད་པ་བཞིན། །དེ་བཞིན་ཆོས་ཉིད་དོན་གྱི་མེ་ལོང་ན། །ལྷན་ཅིག་གནས་པ་གསུམ་པོ་དེ། །ཡེ་ནས་གནས་ཀྱང་ཕྱེ་བ་མེད་པར་བསྟན། །གདལ་ཁྱབ་ཆེན་པོའི་ངོ་བོར་ཡེ་ནས་གནས་པར་བསྟན་པའོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་ཆོས་ཉིད་དོན་གྱི་མེ་ལོང་ལ་བསྟན་པའི་ལེའུ་སྟེ་
བཅུ་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། །ཆོས་སྐུ་རང་གསལ་གྱི་མེ་ལོང་བསྟན་དུ་གསོལ་ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་པ། མངའ་བདག་ཆེན་པོ་ཉོན་ཅིག །མེ་ལོང་རྣམ་གསུམ་མ་ཕྱེ་ན། །དཔེར་ན་མོ་བཙུན་ངན་
པའི་གཡོས་དང་འདྲ། །གཡོས་སྣ་མང་ཡང་ཟས་ཀྱི་རོ་མཆོག་སྟོར། །ལག་ཡད་འབད་ལ་བྱས་པས་དྲི་མ་སླར་ལ་བསླང་། །དེ་བཞིན་མེ་ལོང་རྣམ་གསུམ་མ་ཕྱེད་ཅིང་། །ཡས་འཁྲུལ་གཏན་ལ་མ་ཕེབས་པའི། །མི་སྐྱ་ཕལ་པོ་སླུ་བའི་སྟོན་པ་ཡིས། །རེ་བ་སངས་རྒྱས་འབྲས་བུ་རེ། །
ལྷུང་བ་ངན་སོང་གསུམ་དུ་ལྷུང་། །མཐོ་རིས་གསུམ་དུ་འགྲོ་བ་དང་། །ངན་སོང་གསུམ་དུ་ལྷུང་བ་གཉིས། །ཐ་སྙད་སྟོན་པ་རྣམས་ཀྱིས་མ་ཕྱེད་པས། །འཁོར་བའི་སྟོད་ལ་མནན་པ་ཡིན། །མངའ་བདག་ཆེན་པོ་འདི་ལྟ་སྟེ། །ཆོས་སྐུ་རང་གསལ་མེ་ལོང་ན། །ཐམས་ཅད་མ་ལུས་
གསལ་བར་སྟོན། །ང་ཡིས་ཁྱོད་ལ་ལེགས་པར་བསྟན་པར་བྱ། །མངའ་བདག་ཆེན་པོ་ཡིད་ལ་གཡེང་བ་མ་བྱེད་པར། །མེ་ལོང་གསུམ་ལ་གསལ་བ་འདི་ཡིན་པས། །ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཉོན། །ཆོས་སྐུ་རང་གསལ་མེ་ལོང་སྐད་པ་འདི། །ཐོག་མ་མེད་པའི་
དུས་ཉིད་ན། །སངས་རྒྱས་སེམས་ཅན་མིང་ཡང་མེད། །འཁོར་བ་མྱང་འདས་མིང་ཡང་མེད། །ཕོ་མོ་མ་ནིང་མིང་ཡང་མེད། །སྐྱེས་པ་རྒས་པའི་མིང་ཡང་མེད། །ན་བ་ཤི་བའི་མིང་ཡང་མེད། །ཆགས་སྡང་ལྔ་ཡི་མིང་ཡང་མེད། །ཡེ་ཤེས་ལྔ་ཡི་མིང་ཡང་མེད། །ཉི་མ་ཤར་ནུབ་
མིང་ཡང་མེད། །ཁ་དོག་དཀར་དམར་མིང་ཡང་མེད། །མེ་ལོང་གསུམ་གྱི་ནང་དུ་མཚན་ཉིད་གསུམ་དུ་བྱུང་། །གསུང་གི་མཚན་ཉིད་རྣམ་པ་གསུམ་དུ་བྱུང་། །ཐུགས་ཀྱི་མཚན་ཉིད་རྣམ་པ་གསུམ་དུ་བྱུང་། །ཡུལ་གྱི་མཚན་ཉིད་རྣམ་པ་གསུམ་དུ་བྱུང་། །ཆོས་ཉིད་མེ་ལོང་གསལ་

བའི་ནང་ཉིད་ན། །སྐུ་ནི་དམིགས་མེད་ཆོས་ཀྱི་སྐུ་རུ་བཞུགས། །གསུང་ནི་གཡོ་མེད་མི་གཡོའི་གསུང་དུ་བཞུགས། །ཐུགས་ནི་རང་གསལ་རྟོག་པ་མེད་པར་བཞུགས། །ཡུལ་ནི་ཆོས་ཉིད་ནམ་མཁའི་ཡུལ་དུ་བཞུགས། །དེ་ལྟར་བཞུགས་པར་ཆོས་སྐུ་རང་གསལ་
མེ་ལོང་ནང་ན་གསལ། །ཆོས་སྐུ་རང་གསལ་མེ་ལོང་གསལ་བའི་ནང་ཉིད་ན། །སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས། །གསུང་ནི་བྲག་ཅ་ལྟ་བུའི་གསུང་དུ་བཞུགས། །ཐུགས་ནི་སྐྱི་བསེར་ལྟ་བུའི་ཐུགས་སུ་བཞུགས། །ཡུལ་ནི་སྐུ་ཡི་རྩལ་གྱི་རྣམ་པར་བཞུགས། །དེ་
ལྟར་གསལ་བའི་མེ་ལོང་ནང་ཉིད་དུ། །སྐྱི་བསེར་ལྟ་བུའི་ཐུགས་ལ་ལྡང་ཉལ་བྱུང་བ་ན། །སྔར་འཁྲུལ་མ་མྱོང་དབང་གིས་ལྡོང་ཉལ་ངོ་མ་ཤེས། །ཆོས་སྐུ་རང་གསལ་ཡོན་ཏན་རང་གིས་རང་མ་རིག །ཆོས་སྐུ་གསལ་བའི་ཡོན་ཏན་སྐྱོན་དུ་ཤར། །དཔེར་ན་རྒྱ་མཚོ་གཏིང་དཔག་
ལྡན་པའི་ཁ་ཉིད་དུ། །སེང་གེས་མགོ་སྤྲུགས་མཆེ་གཙིགས་གཟེངས་བསྟོད་པས། །ཆུ་ཡི་ནང་གི་སེང་གེ་རང་གི་ཡོན་ཏན་ཡིན་པར་རང་གིས་མ་རིག་ནས། །རང་གིས་ཇི་ལྟར་སྤྲུགས་པ་བཞིན་དུ་ཆུ་ཡི་ནང་གི་སེང་གེས་སྤྲུགས། །ང་ལ་བསྡོ་བ་ཡིན་སྙམ་ང་རྒྱལ་ཤིན་ཏུ་སྐྱེས། །
ང་རྒྱལ་སྐྱེས་པའི་དབང་གིས་ཆུ་ཡི་ནང་དུ་མཆོངས། །རང་གིས་རང་མ་རིག་པས་འཁྲུལ་ཚབས་ཤིན་ཏུ་ཆེ། །དེ་བཞིན་མེ་ལོང་གསལ་བའི་ནང་ཉིད་དུ། །ཆོས་སྐུ་ཁ་དོག་དབྱིབས་ལྡན་གྱི། །ཆུ་ཡི་ནང་དུ་སེང་གེའི་གཟུགས་ཉིད་གསལ་བ་བཞིན། །སྐུ་ཡི་རང་བཞིན་ཤིན་ཏུ་
གསལ་བར་ཤར། །གསལ་བ་རང་གི་ཡོན་ཏན་ཡིན་པར་མ་རིག་ནས། །དངོས་པོ་གཅིག་ལ་གཉིས་འཛིན་བྱུང་བ་འགྲེལ་ཆེན་ནང་ན་གསལ། །རིག་པའི་ལྡང་ཉལ་མ་རིག་པས། །ཆགས་ལྡང་ལྔ་རུ་བྱུང་བ་འགྲེལ་ཆེན་ནང་ན་གསལ། །དཔེར་ན་སྐྱི་བསེར་རླུང་ལ་ལྡང་ཉལ་བྱུང་བ་
ཡིན། །སྐྱི་བསེར་ལྟ་བུའི་ཐུགས་ལ་ལྡང་ཉལ་བྱུང་བ་ལས། །སྐྱེས་པ་དང་ནི་རྒས་པ་དང་། །ན་བ་དང་ནི་ཤི་བ་དང་། །ཕོ་དང་མོ་རུ་བྱུང་བ་དང་། །ཉི་ཤར་བ་དང་ཉི་ནུབ་དང་། །ས་སྲོས་པ་དང་ནམ་ལངས་དང་། །རང་གི་རིག་པའི་ལྡང་ཉལ་མ་རིག་པས། །འཁྲུལ་པའི་རྩ་བ་ཡིན་པར་འཁོར་

ལོའི་ནང་ན་གསལ། །ཆོས་སྐུ་གཏིང་གསལ་ཆེན་པོའི་ཡོན་ཏན་ལས། །ཁ་དོག་ལྔ་རུ་བཏགས་པ་འགྲེལ་ཆེན་ནང་ན་གསལ། །དཀྱིལ་འཁོར་ཆེན་པོའི་ངོ་བོ་དེ། །སྨྲ་བརྗོད་ཀུན་ལས་འདས་པར་འགྲེལ་ཆེན་ནང་ན་གསལ། །མིང་འདོགས་ཀུན་དང་བྲལ་བ་འགྲེལ་ཆེན་ནང་
ན་གསལ། །ཡེ་ནས་རྩིས་བརྡབ་གཉིས་དང་འདས་པ་ཡིན་པ་ལ། །འཁོར་ལོ་གསུམ་དུ་ཡིད་གཡོས་པས། །ཀུན་དུ་ཚོལ་བའི་ཡིད་ཀྱིས་ཀུན་བཙལ་ནས། །གཏན་ལ་ཕེབས་པའི་ཡིད་ཀྱིས་བསམ་ངོར་གཏན་ལ་ཕབ། །ངེས་པར་འཇོག་པའི་ཡིད་ཀྱིས་བསམ་ངོར་ངེས་
པར་གཞག། །མ་རིག་འཁྲུལ་པའི་དབང་གིས་ཡེ་ཤེས་ཕྱི་རུ་ཤར། །ཡེ་ཤེས་ཕྱི་རུ་ཤར་བའི་རང་བཞིན་གྱིས། །ཁ་དོག་ལྔ་ལ་ཡེ་ནས་མིང་མེད་དེ། །མིང་གི་འཁྲུལ་པས་དཀར་དམར་ལ་སོགས་ལྔ་རུ་བཏགས། །མེད་པ་མ་ཡིན་དོན་ཆེན་ཡེ་ནས་སྣང་། །དཀྱིལ་འཁོར་ཆེན་
པོ་མ་བཅོས་ཡེ་ནས་སྣང་། །སྣང་ཡང་མིང་དུ་གདགས་སུ་རྡུལ་ཙམ་མེད་པའོ། །མིང་དུ་བཏགས་ན་རྡོ་རྗེ་སེམས་དཔའི་བཀའ་དང་འགལ། །གསལ་ལ་རེག་བྱ་མེད་པར་མ་ཤེས་ན། །ཀུན་དུ་བཟང་པོའི་དོན་ལ་ཆད་པ་ཡིན། །ཤེལ་གྱི་ཁྱེའུ་ཆུང་ཞལ་ནས་དེ་སྐད་གསུངས། །བཻ་རོ་ཙ་
ནའི་བློས་བཏགས་མ་ཡིན་ནོ། །ཞེས་གསུངས་སོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་ཆོས་སྐུ་རང་གསལ་གྱི་མེ་ལོང་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། །ཀྱེ་སློབ་དཔོན་ཆེན་པོ་ལགས། ཀུན་གཞི་སེམས་ཀྱི་མེ་ལོང་བསྟན་དུ་གསོལ། །ཞེས་
ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་པ། མངའ་བདག་ཆེན་པོ་ཉོན་ཅིག །ཀུན་གཞི་སེམས་ཀྱི་མེ་ལོང་དུ། །སེམས་ཀྱི་འཆར་ལུགས་བརྗོད་པས་མི་ལང་སྟེ། །བསྡུ་ན་རྣམ་པ་གསུམ་དུ་འདུས། །སེམས་ཉིད་ཡིད་དུ་འཆར་བ་དང་། །སེམས་ཉིད་རྟོགས་པར་འཆར་བ་དང་། །སེམས་ཉིད་ཡེ་ཤེས་ཆེན་པོར་འཆར་བའོ། །སེམས་
ཉིད་ཡིད་དུ་འཆར་བ་ལ་ཡང་རྣམ་གསུམ་ཡོད། །ཡིད་གཡོ་མི་གཡོ་རུ་འཆར་བ་དང་། ཡིད་ཐོལ་གང་བ་རུ་འཆར་བ་དང་། ཡིད་མི་འདོགས་ནུས་པར་འཆར་བའོ། །ཡང་སེམས་ལ་རྣམ་པ་གསུམ་ཡོད་དེ། །མར་ལྡན་སེམས་སུ་འཆར་བ་

དང་། །ཡར་ལྡན་སེམས་སུ་འཆར་བ་དང་། ཐེ་ཚོམ་ཅན་གྱི་སེམས་སུ་འཆར་བའོ། །མར་ལྡན་སེམས་སུ་འཆར་བ་ནི། །ངན་སོང་གསུམ་ལ་སྤྱོད་པ་ཡིན། །ཡར་ལྡན་སེམས་ལ་འཆར་བ་ནི། །མཐོ་རིས་གསུམ་ལ་སྤྱོད་པ་ཡིན། །ཐེ་ཚོམ་ཅན་དུ་འཆར་བ་ནི། །དོན་
བྱེད་གང་ཡང་ནུས་པ་མིན། །འདི་རུ་སྡུག་ལ་ཕྱི་མར་འབྲས་བུ་མེད་པའོ། །ཡེ་ཤེས་ལ་ཡང་རྣམ་བཞི་སྟེ། །སྐུ་ཡི་ཡེ་ཤེས་བསྟན་པ་དང་། །གསུང་གི་ཡེ་ཤེས་བསྟན་པ་དང་། །ཐུགས་ཀྱི་ཡེ་ཤེས་བསྟན་པ་དང་། །ཡུལ་གྱི་ཡེ་ཤེས་བསྟན་པའོ། །ཡེ་ཤེས་གཏན་ལ་འབེབས་པ་ལ། །
དཔེ་དང་ཚིག་གི་སྒོ་ནས་དོན་ཆེན་གཏན་ལ་འབེབས། །དཔེ་ལ་རྣམ་པ་གསུམ་ཡོད་དེ། །སྐུ་ཡི་དཔེ་དང་ཐུགས་ཀྱི་དཔེ། །ཡུལ་གྱི་དཔེ་དང་གསུམ་དུ་བསྟན། །གསུང་ལ་དཔེ་ཡིས་མི་བསྟན་ཤུགས་ལས་ཆོད་པ་ཡིན། །རེ་ཞིག་མཚོན་ན་བྲག་ཅ་ལྟ་བུས་མཚོན། །སྐུ་ཡི་དཔེ་ནི་མན་ཤེལ་
དག་པ་ཡིན། །ཐུགས་ཀྱི་དཔེ་ནི་སྐྱི་བསེར་ལྟ་བུ་ཡིན། །ཡུལ་གྱི་དཔེ་ནི་གཞའ་ཚོན་ལྟ་བུ་ཡིན། །ཆོས་རྣམས་སརྦ་དཔེ་ཡིས་མཚོན་ལ་བསྟན། །དེ་རྣམས་དཔེ་ཡིས་མ་མཚོན་ན། །རྨོངས་པས་གོ་བར་མི་འགྱུར་རོ། །ཡང་དག་དོན་གྱི་ངོ་བོ་ལ། །དཔེ་ཡང་མི་འཚལ་དོན་གྱིས་ཆོག །ཀུན་
གཞི་སེམས་ཀྱི་མེ་ལོང་གསལ་བའི་ནང་ཤེད་ན། །འགྲོ་དྲུག་བག་ཆགས་གཟུགས་ནི་ཤིན་ཏུ་གསལ་བར་སྟོན། །ཡང་བག་ཆགས་ལ་ཡང་གསུམ་ཡོད་དེ། །དུག་ལྔ་རྒྱས་པའི་བག་ཆགས་དང་། །འདུས་བྱས་ཆོས་ཀྱི་བག་ཆགས་དང་། །ཡེ་ཤེས་ཆེན་པོའི་བག་ཆགས་སོ། །དུག་ལྔ་རྒྱས་
པའི་བག་ཆགས་མཐུ་བརྟས་པས། །འབྲས་བུ་ངན་སོང་གསུམ་དུ་ལྷུང་། །གཏིང་གསལ་ཆེན་པོས་ཆོད་ན་དེས་ཀྱང་སྒྲིབ་པ་མེད། །དུག་ལྔ་སངས་ན་ཡེ་ཤེས་རྒྱས། །དཔེར་ན་བོང་ང་ནག་པོ་ལྟ་བུའི་དུག་ཆེན་ལ། །སེམས་ཅན་ཕལ་པ་རྣམས་ཀྱིས་ཟོས་གྱུར་ན། །ཁ་ཟས་མ་ཡིན་རང་གི་ལུས་སྲོག་
འབྲལ། །སྤུ་སྡུག་རྨ་བྱའི་ཤིན་ཏུ་སྨན་ཆེན་ཡིན། །ཤིན་ཏུ་མདངས་དང་ལྡན་ཞིང་གཟི་བརྗིད་ཆེ། །དེ་བཞིན་དུག་ལྔའི་རང་བཞིན་ཀྱང་། །འགྲོ་བ་ཕལ་པའི་སྤྱོད་ཡུལ་མིན། །དུག་ལྔ་འཛེམ་བག་མེད་པར་སྤྱད་གྱུར་ན། །རང་སེམས་ཚོད་མ་ལྟ་བུར་འཚོད་པར་ངེས། །སྡུག་བསྔལ་ཆེན་པོ་

ཉམས་སུ་མྱོང་བར་ངེས། །ཀྱི་ཧུད་སྐད་ཀྱི་འོད་ཟེར་འདོན་པར་ངེས། །དོན་གསུམ་ཁོང་དུ་ཆུད་པའི་རྣལ་འབྱོར་ལ། །ཡེ་ཤེས་ལྔ་དང་དུག་ལྔ་བཀོལ་བ་མེད། །ཐ་མལ་རྣམས་ཀྱིས་བལྟས་པའི་དུག་ལྔ་དེ། །རྣལ་འབྱོར་ཆེན་པོའི་དོན་ལ་བཙལ་ཙམ་ན། །ཡེ་ཤེས་ཆེན་པོའི་རྩལ་ལས་མ་གཏོགས་པ། །
དུག་ལྔ་ལོགས་ཀྱི་ཐ་དད་མིན་པར་ཞེས། །ཐ་མལ་རྣམས་ཀྱང་དུག་ལྔའི་མིང་བཏགས་དང་། །བླ་མའི་གདམས་ངག་ཡེ་ཤེས་ལྔ་པོ་གཉིས། །ཐ་དད་མེད་ཅིང་རྒྱ་ཆད་མེད་པར་ཤེས། །དེ་ལྟར་ཤེས་ཀྱི་རྣལ་འབྱོར་ལ། །གོལ་བ་བྱ་བའི་མིང་ཡང་མེད་པར་རྡོ་རྗེ་སེམས་དཔས་གསུངས། །ཡང་འདུས་
བྱས་ཆོས་ཀྱི་བག་ཆགས་བསྟན་པ་ནི། །སྡིག་བཅུ་རྒྱབ་ཏུ་བསྐྱུར་ནས་དགེ་བཅུ་དང་དུ་ལེན། །དག་བཅུ་དང་དུ་བླངས་ནས་འཛིན་པ་ཆེན་པོར་སྤྱོད། །དབང་པོ་རབ་ཏུ་གྱུར་ན་གཞན་གྱི་དོན་ལ་དམིགས་ཤིང་འཛིན་པ་ཆེན་པོར་སྤྱོད། །དབང་པོ་འབྲིང་དུ་གྱུར་ན་རང་གི་དོན་ལ་དམིགས་ཤིང་འཛིན་
པ་ཆེན་པོར་སྤྱོད། །དབང་པོ་ཐ་མར་གྱུར་ན་འཇིག་རྟེན་འདི་ཡི་རྐྱེན་ཟློག་དོན་དུ་དམིགས་ཤིང་འཛིན་པ་ཆེན་པོར་སྤྱོད། །མངའ་བདག་ཆེན་པོ་འདི་ལྟ་སྟེ། སྐྱོན་གྱི་རྩ་བ་གཟུང་འཛིན་གཉིས་ཡིན་པས། །འདུས་བྱས་ཆོས་ལ་དམིགས་པའི་གཟུང་འཛིན་ཆོས་སྤྱོད་དོ། །སངས་རྒྱས་ཐེག་
པར་བགྲང་བ་མིན། །རེ་དོགས་གོལ་སམ་ཆོད་གཟུང་འཛིན་གཉིས་པོ་དེ། །སྐྱོན་གྱི་རྩ་བར་མ་ཤེས་ཤིང་། །ནང་གི་བླ་མ་ཆེན་པོ་དང་། །ཡང་དང་ཡང་དུ་མ་མཇལ་ན། །བུདྡྷ་གཞན་ནས་བཙལ་བས་རྙེད་པར་རྡོ་རྗེ་སེམས་དཔས་མ་གསུངས་སོ། །ཡང་ཡེ་ཤེས་ཆེན་པོའི་བག་ཆགས་བསྟན་པ་
ནི། །བླ་མ་ཆེན་པོའི་གདམས་ངག་རང་རིག་རང་ལ་ཤར། །རྒྱུད་དང་ལུང་དང་བླ་མའི་གདམས་ངག་དང་། །རང་གི་རིག་པ་བཞི་རུ་གྱོལ་འགྲུས་མེད་མཐུན་ན། །གང་དུ་བསྟན་པའི་ཡེ་ཤེས་བཞི་པོ་ལ། །རེ་དོགས་མེད་པར་རིག་པ་ནང་ནས་ཤར། །གཏིང་གསལ་ཆེན་པོའི་ངོ་བོ་དེ། །ཆེ་དཀར་མ་
བཙལ་ཤུགས་ལས་དྲན་པའི་ཚེ། །མི་བཅོས་མི་བསླད་མ་བཅོས་སོ་མར་གཞག །དེ་ཡང་མངའ་བདག་ཆེན་པོ་འདི་ལྟར་ཤེས་པར་བྱ། །དཔེར་ན་སྐྱེས་བུ་མདའ་རྩལ་ཅན་གྱི་དང་ཞྭ་ལ། །ཕང་པ་གང་བ་བཀང་ཡང་གཏད་ས་མདེའུ་རྩེ་གང་། །དེ་བཞིན་སྣང་ཞིང་སྲིད་པའི་ཆོས་རྣམས་ལ། །འཁྲུལ་

པ་རྩད་ནས་བཅད་ཅིང་ཐེག་སྒོ་མང་བསྟན་ཡང་། །ཡང་དག་དོན་ལ་ལྟ་བ་སྒོམ་པ་གཉིས། །སྤྱོད་པ་འབྲས་བུ་བཞི་རུ་འདུས། །བཞི་པོ་རང་ཡང་དོན་ཆེན་གཅིག་ཏུ་འདུས། །དེ་ཡང་འདི་ལྟར་ཤེས་པར་བྱ། །ཆོས་སྐུ་ཁ་དོག་དབྱིབས་ལྡན་དེ། །ཆེ་དཀར་མ་བཙལ་ཤུགས་
ལས་དྲན་ན་ལྟ་བ་ཡིན། །དེ་ལ་མ་བཅོས་གནས་ན་སྒོམ་པ་ཡིན། །གཏིང་གསལ་ཡེངས་བ་མེད་ན་སྤྱོད་པ་ཡིན། །གཏིང་གསལ་ཆེན་པོའི་ངོ་བོ་དེ། །སངས་རྒྱས་སྒོམ་སྟེམ་མཛད་ལ། །སེམས་ཅན་སྒྲིན་ཏེ་མ་བཅོས་སོ། །སེམས་ཅན་རྣམས་ཀྱི་བློ་ལས་འདས་པ་དེ། །དཔེར་ན་སྒོག་སྐྱའི་དྲི་
བཞིན་དུ། །ཡེ་ནས་རང་ཆས་ཡོད་པར་རང་གི་རིག་པ་དེ། །འབྲས་བུ་ཆེན་པོ་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན། །བཙལ་བ་མེད་པར་དབྱིངས་དང་མཇལ་བ་ཡིན། །སྒྲུབ་པ་མེད་པར་དོན་ཆེན་གྲུབ་པ་ཡིན། །བགྲོད་པ་མེད་པར་ས་ཆེན་ནོན་པ་ཡིན། །རྟག་ན་རྟག་ཏུ་བས་ཏེ་ཆོས་སྐུ་རྟག་པ་ཡིན། །
ཆད་ན་ཆད་དུ་བས་ཏེ་རྣམ་རྟོག་ཆད་པ་ཡིན། །བྲལ་ན་བྲལ་དུ་བས་ཏེ་བློ་དང་བྲལ་བ་ཡིན། །སྟོར་ན་སྟོར་དུ་བས་ཏེ་དུག་ལྔ་སྟོར་བ་ཡིན། །སྟོངས་ན་སྟོངས་སུ་བས་ཏེ་འཁོར་བ་སྟོངས་པ་ཡིན། །གྲོལ་ན་གྲོལ་དུ་བས་ཏེ་མཚན་མ་གྲོལ་བ་ཡིན། །ནུབ་ན་ནུབ་ཏུ་བས་ཏེ་སྡུག་བསྔལ་ནུབ་པ་ཡིན། །སངས་
ན་སངས་སུ་བས་ཏེ་སྐྱོན་རྣམས་སངས་པ་ཡིན། །རྒྱས་ན་རྒྱས་སུ་བས་ཏེ་ཡོན་ཏན་རྒྱས་པ་ཡིན། །སྟོར་ན་སྟོར་དུ་བས་ཏེ་གཟུང་འཛིན་སྟོར་བ་ཡིན། །རྙེད་ན་རྙེད་དུ་བས་ཏེ་ལྷུན་གྲུབ་རྙེད་པ་ཡིན། །འདས་ན་འདས་སུ་བས་ཏེ་མྱ་ངན་འདས་པ་ཡིན་པའོ། །ཡུལ་ཁྱད་པར་དུ་འཕགས་པ་རྒྱ་གར་གྱི་ཡུལ་
དུ། །ཤེལ་གྱི་ཁྱེའུ་ཆུང་ཞལ་ནས་དེ་སྐད་གསུངས། །མངའ་བདག་བློ་ལ་མ་བརྗེད་བརྟན་པར་གྱིས། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་ཀུན་གཞི་སེམས་ཀྱི་མེ་ལོང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། །འགྲོ་
བ་རིགས་དྲུག་སེམས་ཅན་གྱི། །དབང་པོ་ལྔ་ཡི་མཚན་ཉིད་འདི། །རྒྱབ་ཏུ་མ་ཆགས་མདུན་དུ་ཆགས་པ་ནི། །གནད་ཀ་གང་གིས་འཕུལ་ཞིང་ཇི་ལྟར་འཁྲུལ་པ་ལགས། །ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་པ། མངའ་བདག་ཆེན་པོ་ཉོན་ཅིག །འགྲོ་བའི་དབང་པོ་རྣམ་ལྔ་མདུན་དུ་

ཆགས་པ་བསྟན་པ་ནི། །ཆོས་སྐུའི་ངོ་བོ་གདགས་བྱ་ཀུན་ལས་འདས་པ་ཡིན་མོད་ཀྱང་། །མ་གོ་བ་ལ་བརྡ་ཙམ་ཚིག་ཏུ་མཚོན་པ་ཡིན། །ཀུན་ཏུ་བཟང་པོའི་ངོ་བོ་གཅིག་ལ་ཐ་མི་དད་པ་ལ། །ཕྲ་རགས་བརྩིས་ནས་མིང་འདོགས་གསུམ་དུ་བསྟན་པ་ཡིན། །ཕྲ་རགས་བརྩིས་ཤིང་ཡང་དག་དོན་དང་
མ་སྦྱར་ན། །འཁྲུལ་པ་ཆོད་པར་རྡོ་རྗེ་སེམས་དཔས་མ་གསུངས་སོ། །ཀུན་ཏུ་བཟང་པོའི་ཕྲ་རགས་བསྟན་པ་ནི། །ཀུན་དུ་བཟང་པོའི་ཕྲ་རགས་རྣམ་གསུམ་སྟེ། །དབྱིངས་ཀྱི་ཀུན་དུ་བཟང་པོ་བསྟན་པ་དང་། །ཟེར་གྱི་ཀུན་དུ་བཟང་པོ་བསྟན་པ་དང་། །སྤྲུལ་པའི་ཀུན་ཏུ་བཟང་པོ་བསྟན་
པའོ། །དབྱིངས་ཀྱི་ཀུན་དུ་བཟང་པོ་བསྟན་པ་ནི། །མི་གཡོ་མི་འགྱུར་ཆོས་ཉིད་ནམ་མཁའ་ན། །རོལ་པ་འགག་མེད་མི་ཟད་མཛོད་ཆེན་ན། །འགྱུར་བ་མེད་པའི་ཞིང་ཁམས་ཆེན་པོ་ན། །ཆོས་སྐུའི་ངོ་བོ་རང་གསལ་གཞན་མི་གསལ་བར་བཞུགས། །མཐའ་དབུས་མེད་པ་དབྱིངས་སུ་
བཞུགས། །དབྱིངས་ཀྱི་ཀུན་ཏུ་བཟང་པོ་ཞེས་ཀྱང་དེ་ལ་བྱའོ། །ཟེར་གྱི་ཀུན་དུ་བཟང་པོ་བསྟན་པ་ནི། །ཆོས་སྐུ་རང་གསལ་ངོ་བོ་འགྱུར་མེད་ལ། །གཡོ་མི་གཡོ་ལས་ཟེར་ཙམ་གཡོས། །ཡེ་ཤེས་ཆ་ཕྲ་ཟེར་ཙམ་གཡོས་པ་ལས། །ཟེར་གྱི་རང་བཞིན་ཇེ་རགས་ཇེ་རགས་སོང་། །ཇེ་རགས་
སོང་བའི་དབང་གིས་མིང་འདོགས་ནུས་པར་བྱུང་། །ཕྱི་ཡི་སྣོད་དང་ནང་གི་བཅུད་ཀྱི་ངོ་བོ་ཡང་། །གསལ་བའི་ཡོན་ཏན་རྒྱས་པ་ལ། །རང་བཞིན་ལྷུན་གྱིས་གྲུབ་པ་ངོ་མ་ཤེས། །ཡེ་ཤེས་ཕྱི་རུ་རྒྱས་པར་ཤར། །ཕྱི་ལ་ཤར་ཚད་ཁ་གསལ་ཡིན་པར་ངེས། །ཕྱི་རུ་གསལ་བས་ཕྱི་ཡི་
འཛིན་པ་བྱུང་། །ཕྱི་ཡི་རང་བཞིན་ཤིན་ཏུ་གསལ་བར་མཐོང་། །ཁ་དོག་ལྔ་ཡི་རང་བཞིན་གསལ་བ་དེ། །རྒྱབ་ཀྱིས་མ་མཐོང་མདུན་གྱིས་མཐོང་བར་གཟུང་། །ཡེ་ཤེས་ལྷ་ལ་མདུན་རྒྱབ་མེད་པར་མ་རིག་པས། །དབང་པོ་ལྔ་ཡང་མདུན་དུ་ཆགས་པར་ངེས། །ཕྱི་ནང་གཉིས་སུ་གསལ་
བར་ཤེས་ན་གཏིང་གསལ་ཆེན་པོ་ཡིན། །གཏིང་གསལ་ཆེན་པོའི་ངོ་བོ་དེ། །དཔེར་ན་ཉི་མའི་སྙིང་པོ་བཞིན། །མ་བལྟས་རང་ལ་གསལ་བར་ངེས། །མ་བལྟས་རང་ལ་གསལ་ན་སངས་རྒྱས་ཉག་གཅིག་ཡིན་པར་ངེས། །རང་གི་ངོ་བོ་མི་གསལ་བར། །ཕྱི་ཡི་སྣང་བ་གསལ་ན་ཁ་གསལ་

ཡིན། །འགག་མེད་མ་འགགས་དབྱེར་མེད་བསྟན་པ་གསུམ། །ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་པར་མ་གཏོགས་པས། །ཟེར་གྱི་རང་བཞིན་སྟེང་འོག་ཕྱོགས་མཚམས་མེད་པར་འགྱུར་བའོ། །སྤྲུལ་པའི་ཀུན་དུ་བཟང་པོ་བསྟན་པ་ནི། །ཆོས་སྐུའི་ངོ་བོ་ཡེ་
ནས་འགྱུར་མེད་ལ། །ཟེར་གྱི་འཛིན་པས་སྤྲུལ་པའི་སྐུ་རུ་ཤར། །དེ་ཡང་ཇི་ལྟར་འཁྲུལ་པར་བསྟན་པ་ནི། །འགག་མེད་མ་འགགས་དབྱེར་མེད་གསུམ་པོ་དེ། །ཆོས་སྐུ་རྒྱ་མ་ཆད་དུ་མ་ཤེས་པས། །ཆོས་སྐུའི་རྩལ་ལ་ཡེ་ཤེས་འཛིན་པ་བྱུང་། །དེ་ཡང་རྣམ་པར་ཕྱེ་སྟེ་བསྟན་པ་ནི། །
ཆོས་སྐུའི་རྩལ་གྱིས་ཡན་ལག་འགག་མེད་ལ། །ཡེ་ཤེས་རྩལ་གྱིས་ཡན་ལག་མ་འགགས་ཀྱིས། །སྐུ་ཡི་རྩལ་ལ་ཡེ་ཤེས་ཟེར་གྱི་རྩལ་སྣང་གིས། །ཁ་དོག་ལྔ་ལ་མིང་བཏགས་ཕྱི་ཡི་སྣོད་དུ་འཁྲུལ། །གསལ་བ་ལྔ་ལ་མིང་བཏགས་ནང་གི་བཅུད་དུ་འཁྲུལ། །སྐུ་དང་ཡེ་
ཤེས་གཉིས་སུ་མེད་པར་མ་རིག་པས། །དངོས་པོ་གཅིག་ལ་གཉིས་འཛིན་བྱུང་བས་འཁྲུལ་པའོ། །ཆོས་ཀྱི་སྐུ་ལ་ཡེ་ནས་དེ་ལས་འགྱུར་མེད་ཀྱང་། །ལྟར་སྣང་ཚུལ་དུ་འགྲོ་བ་རིགས་དྲུག་སྐུ་རུ་སྣང་། །རེས་འགའི་ཚེ་ན་ལྟར་སྣང་ངོ་བོ་ལ། །ལྷ་དང་ལྷ་མ་ཡིན་དུ་སྐུ་སྤྲུལ་ནས། །
འདོད་ཡོན་ལྔ་ལ་ལོངས་སྤྱོད་རྒྱས་པར་སྤྱོད། །རེས་འགའ་མི་དང་བྱོལ་སོང་ལུས་སུ་སྐུ་སྤྲུལ་ནས། །ཆགས་སྡང་བཅུ་ལ་ལོངས་སྤྱོད་རྒྱས་པར་སྤྱོད། །རེས་འགའ་ཡི་དགས་དམྱལ་བའི་ལུས་སུ་སྐུ་སྤྲུལ་ནས། །སྡུག་བསྔལ་སྣ་ཚོགས་རྒྱས་པར་སྤྱོད། །དེས་ན་སྤྲུལ་པའི་ཀུན་དུ་
བཟང་པོ་ཞེས་སུ་བསྟན་པའོ། །ཀུན་དུ་བཟང་པོ་ཕྲ་རགས་ཕྱེ་གྱུར་ན། །རྩོད་པ་ཀུན་ལས་གྲོལ་བར་བསྟན་པའོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་ཀུན་དུ་བཟང་པོ་ཕྲ་རགས་ཕྱེ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། །ཀྱེ་སློབ་དཔོན་ཆེན་པོ་ལགས་
འབྱུང་བའི་འབྱུང་ལུགས་ཇི་ལྟར་འབྱུང་བ་དང་། །གནས་པའི་གནས་ལུགས་ཇི་ལྟར་གནས་པ་བསྟན་དུ་གསོལ་ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་པ། །མངའ་བདག་ཆེན་པོ་ཉོན་ཅིག །འབྱུང་བའི་འབྱུང་ལུགས་བསྟན་པ་ནི། །འབྱུང་བའི་འབྱུང་ལུགས་རྣམ་

གསུམ་སྟེ། །ཆོས་ཉིད་མ་ཡི་ཡོན་ཏན་ཇི་ལྟར་འབྱུང་བ་དང་། །ཆོས་ཉིད་བུ་ཡི་ཡོན་ཏན་ཇི་ལྟར་འབྱུང་བ་དང་། །མ་བུ་གཉིས་སུ་མེད་པའི་ཡོན་ཏན་ཇི་ལྟར་འབྱུང་བ་བསྟན་པའོ། །ཡང་ཆོས་ཉིད་མ་ལ་ཡོན་ཏན་འབྱུང་ལུགས་རྣམ་གསུམ་ཡོད། །འོད་ཀྱི་སྐུ་ལ་ཐོགས་རྡུགས་མེད་
པར་འབྱུང་བ་དང་། །རླུང་གི་གསུང་ལ་འགག་པ་མེད་པར་འབྱུང་བ་དང་། །རིག་པའི་ཐུགས་ལ་སྐྱེ་ཤི་མེད་པར་འབྱུང་བའོ། །ཆོས་ཉིད་བུ་ཡི་ཡོན་ཏན་འབྱུང་ལུགས་རྣམ་གསུམ་སྟེ། །སྐུ་ཡི་ཡོན་ཏན་རྒྱན་དང་ཆ་ལུགས་འབྱུང་བ་དང་། །ཐུགས་ཀྱི་ཡོན་ཏན་རྣོ་ལ་གཅོད་པར་འབྱུང་
བ་དང་། །གསལ་བའི་ཡོན་ཏན་ཁ་དོག་ལྔ་རུ་འབྱུང་བའོ། །མ་བུ་གཉིས་སུ་མེད་པར་འབྱུང་བའི་ཡོན་ཏན་རྣམ་གསུམ་སྟེ། །ངོ་བོ་ཐ་དད་རང་བཞིན་གཅིག་པར་འབྱུང་བ་དང་། །དཔེར་ན་ཆུ་ཡི་ནང་གི་ཟླ་བ་བཞིན། །སྣང་ལ་རང་བཞིན་མེད་པར་འབྱུང་བ་དང་། །རེག་བྱའི་
ཐོགས་པ་མེད་པས་ནམ་མཁའ་ཆེན་པོར་ཡེ་ནས་གཅིག་པར་འབྱུང་བའོ། །དཔེར་ན་གཞའ་ཚོན་དང་བ་བཞིན། །མ་འདྲེས་ཡོངས་སུ་རྫོགས་པར་ཡེ་ནས་གཅིག །དཔེར་ན་རྒྱ་མཚོའི་ནང་ཉིད་དུ། །ཉི་ཟླ་གཟའ་སྐར་རྫོགས་པ་དེ། །མ་འདྲེས་ཡོངས་སུ་རྫོགས་པ་བཞིན། །མ་འདྲེས་
ཡོངས་སུ་རྫོགས་པར་ཡེ་ནས་གཅིག །དཔེར་ན་ཤེལ་དང་རྒྱུས་པ་བཞིན། །ངོ་བོ་འདྲེས་པ་མེད་པར་ཡེ་ནས་གནས། །དཔེར་ན་གང་གཱའི་ཆུ་བོ་བཞིན། །རེག་ལ་མ་འབྱར་བ་རུ་ཡེ་ནས་གནས། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། ཆོས་ཉིད་མ་བུ་མ་ཕྱེད་ཅིང་། །འཁྲུལ་པ་རྩད་ནས་མ་ཆོད་
ན། །ཡང་དག་དོན་དང་མཇལ་བ་ཤིན་ཏུ་དཀའ། །ལྷུན་གྲུབ་ཤན་ནས་མ་ཕྱེད་ཅིང་། །རང་བཞིན་ལྷུན་གྲུབ་མ་རྙེད་ན། །ཡང་དག་དོན་དང་མཇལ་བ་ཤིན་ཏུ་དཀའ། །ངོ་སྤྲོད་ཁོང་དུ་མ་ཆུད་ཅིང་། །གཏིང་གསལ་ཆེན་པོ་མ་རྟོགས་ན། །ཡང་དག་དོན་དང་མཇལ་བ་དཀའོ། །རིན་པོ་ཆེ་
རྩོད་པའི་འཁོར་ལོའི་འབྱུང་བའི་འབྱུང་ལུགས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། །བྱུང་བའི་བྱུང་ལུགས་མ་བསྟན་ན། །རྨོངས་པ་རྣམས་ཀྱིས་གོ་བར་མི་འགྱུར་བས། །བྱུང་བའི་བྱུང་ལུགས་བསྟན་དུ་

གསོལ་ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་པ། མངའ་བདག་ཆེན་པོ་ཉོན་ཅིག །བྱུང་ལུགས་ལ་ཡང་རྣམ་གསུམ་སྟེ། །ཡེ་ཤེས་མིང་དུ་བྱུང་བ་དང་། །སེམས་ཀྱི་མིང་དུ་བྱུང་བ་དང་། །དངོས་པོའི་མིང་དུ་བྱུང་བའོ། །ཡེ་ཤེས་བྱུང་བ་ལ་ཡང་རྣམ་གསུམ་
ཡོད། །ཡེ་ཤེས་ཀྱི་ཡེ་ཤེས་སུ་བྱུང་བ་དང་། ཡེ་ཤེས་ཀྱི་སེམས་སུ་བྱུང་བ་དང་། ཡེ་ཤེས་ཀྱི་དངོས་པོར་བྱུང་བའོ། །ཡེ་ཤེས་སུ་བྱུང་བ་བསྟན་པ་ནི། །སྐུ་ཡི་རྒྱུད་ཉིད་ཡེ་ནས་ཅི་ཡིན་ཤེས་པ་དང་། །གསུང་གི་རྒྱུད་ཉིད་ཡེ་ནས་ཅི་ཡིན་ཤེས་པ་དང་། །ཐུགས་ཀྱི་རྒྱུད་ཉིད་ཡེ་ནས་ཅི་ཡིན་ཤེས་པའོ། །ཡེ་ཤེས་ཀྱི་ཡེ་ཤེས་སུ་བྱུང་
བ་ལ་ཡང་རྣམ་གསུམ་སྟེ། །སྐུ་ཡི་རྒྱུད་ཉིད་ཅི་ཡིན་ཡེ་ནས་ཡིད་ཆེས་སྐྱེས་པ་མེད། །ཡིད་ཆེས་སྙམ་ཞིང་སྙམ་བྱེད་ཆོད་པ་དང་། །གསུང་གི་རྒྱུད་ཉིད་ཅི་ཡིན་སྙམ་ཞིང་སྙམ་བྱེད་ཆོད་པ་དང་། །ཐུགས་ཀྱི་རྒྱུད་ཉིད་ཅི་ཡིན་སྙམ་ཞིང་སྙམ་བྱེད་ཆོད་པའོ། །ཡེ་ཤེས་ཀྱི་དངོས་པོར་བྱུང་བ་ལ་ཡང་རྣམ་
གསུམ་སྟེ། །སྐུ་ཡི་ངོ་བོ་དངོས་པོར་བྱུང་བ་དང་། །གསུང་གི་ངོ་བོ་དངོས་པོར་བྱུང་བ་དང་། །ཐུགས་ཀྱི་ངོ་བོ་དངོས་པོར་བྱུང་བའོ། །ཡེ་ཤེས་ཀྱི་སེམས་སུ་བྱུང་བ་ལ་ཡང་རྣམ་གཉིས་ཏེ། །སེམས་ཀྱི་ངོ་བོ་རྣོ་ལ་གཅོད་པ་ངེས། །ཡར་ལྡན་ཡེ་ཤེས་ལྔ་ལ་གཅོད་པ་དང་། །མར་ལྡན་ཆགས་སྡང་ལྔ་
ལ་གཅོད་པའོ། །དེ་ཡང་གོ་བར་བྱ་བའི་བརྡ་ལ་རྣམ་པ་གཉིས། །ལུང་དུ་བསྟན་པའི་ཡེ་ཤེས་ཆེན་པོ་དང་། །ལུང་དུ་མ་བསྟན་ཡེ་ཤེས་སོ། །ལུང་དུ་བསྟན་པའི་ཡེ་ཤེས་བསྟན་པ་བླ་མའི་གདམས་ངག་ཡིན། །ལུང་དུ་མ་བསྟན་པའི་ཡེ་ཤེས་ཆགས་སྡང་ལྔ་པོ་ཡིན། །ཆགས་སྡང་ལྔ་པོའི་རང་
བཞིན་ཡང་། །སུས་ཀྱང་བསྟན་པ་མེད་པར་ཡེ་ནས་ཤེས་པའི་ཡེ་ཤེས་ཡིན། །ལུང་དུ་བསྟན་པའི་ཡེ་ཤེས་ལ་ཡང་རྣམ་ལྔ་སྟེ། །མེ་ལོང་ལྟ་བུའི་ཡེ་ཤེས་བརྡ་རུ་བསྟན་པ་དང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་བརྡ་རུ་བསྟན་པ་དང་། །སོ་སོར་རྟོག་པའི་ཡེ་ཤེས་བརྡ་རུ་བསྟན་པ་དང་། །བྱ་བ་
གྲུབ་པའི་ཡེ་ཤེས་བརྡ་རུ་བསྟན་པ་དང་། །དབྱིངས་ཉིད་སྟོང་པའི་ཡེ་ཤེས་བརྡ་རུ་བསྟན་པའོ། །བརྡ་དེ་ཁོང་དུ་ཆུད་ན་གཟུགས་མེད་ཁམས་ནས་ལྡོག་གོ། །དེས་ན་སེམས་ཀྱི་ཡེ་ཤེས་ཆེན་པོར་བསྟན་པའོ། །ཡང་ན་སེམས་ཀྱི་སེམས་སུ་བསྟན་པ་ནི། །སེམས་ཀྱི་སེམས་ལ་རྣམ་གསུམ་སྟེ། །སེམས་

ཀྱི་རང་བཞིན་རྣོ་ལ་གཅོད་པ་ལ། །འཁོར་ལོ་གསུམ་དུ་ཡིད་གཡོས་པས། །ཡིད་ཀྱི་རང་བཞིན་མིང་འདོགས་མང་པོ་ལ། །མིང་ལ་ཡིད་ཆེས་སྐྱེ་ཞིང་ཡང་དག་དམ་པར་གཟུང་། །ཕྱི་ཡི་ཡུལ་དང་ནང་གི་བཅུད་རྣམས་ལ། །མ་བཅོས་མཚན་མ་རང་སར་གྲོལ་བར་མ་ཤེས་ན། །མིང་ལ་གཙོ་རུ་བཟུང་
ཞིང་མིང་ལ་རྟག་ཏུ་སྤྱད། །དེ་ནི་སེམས་ཀྱི་སེམས་སུ་བྱུང་བ་ཡིན། །ཡང་སེམས་ཀྱི་དངོས་པོར་བྱུང་བ་རྣམ་གསུམ་སྟེ། །འདོད་པའི་ཁམས་ཀྱི་ལྷ་གནས་ན། །འདོད་ཡོན་ལྔ་ཡི་འཁྲུལ་སྣང་ལ། །རྟག་གམ་སྙམ་ནས་དངོས་པོར་བཟུང་། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་ཆེན་པོ་ལ། །སྐད་ཅིག་ཙམ་
ནི་དུས་གསུམ་རྟག་ཏུ་ཡེངས། །ཡེངས་པ་ཐམས་ཅད་བདུད་ཀྱི་སླུ་བ་ཡིན། །ལྷ་ཡི་བདུད་དུ་འདོད་ཡོན་ལྔ་བྱུང་བས། །ལྷ་ཡི་དབང་པོ་རང་གིས་རིག་པ་ཤིན་ཏུ་དཀའ། །ལྷ་བྲན་རྣམས་ལ་སྨོས་ཅི་དགོས། །མི་རྟག་ཞག་བདུན་གོང་ནས་འཆི་བའི་སྒྲ་བྱུང་སྟེ། །གོང་དུ་བརྩོན་འགྲུས་ཆེན་པོ་མ་
བསྐྱེད་པས། །སྡུག་བསྔལ་འགྱོད་པ་སྐྱེད་ཀྱང་བཟློག་པ་ཤིན་ཏུ་དཀའ། །འདོད་ཡོན་ལྔ་ཡི་ཡོན་ཏན་སླུ་འབྲིད་ཆེན་པོར་བྱུང་བའོ། །སེམས་ཀྱི་དངོས་པོར་འདོད་ཡོན་ལྔ་བྱུང་ཡང་། །མི་རྟག་པ་ཡི་ཞག་བདུན་སྒྲ་བྱུང་བས། །སྐད་ཅིག་ཙམ་ཡང་བསྡད་པའི་བླག་མེད་པས། །འདོད་ཡོན་སེམས་
ཀྱི་ལྟར་སྣང་ཡིན་པར་ངེས། །དེས་ན་སེམས་ཀྱི་དངོས་པོའི་མིང་དུ་བཏགས་པའོ། །ཡང་དངོས་པོའི་ཡེ་ཤེས་བསྟན་པ་ནི། །དངོས་པོའི་ཡེ་ཤེས་ལ་ཡང་རྣམ་གསུམ་སྟེ། །དངོས་པོའི་ཡེ་ཤེས་མཚན་ཉིད་ནི། །སེམས་ཅན་རྣམས་ཀྱི་གོལ་ས་ཡིན་པར་ངེས། །བླ་མ་དམ་པའི་གདམས་ངག་གིས། །
ལུས་སེམས་ཡུལ་དང་གསུམ་གྱི་ངོ་སྤྲོད་གྱིས། །རིག་པ་ནང་ནས་ཤར་བས་ཡེ་ཤེས་ཆེན་པོ་ནང་ནས་ཤར། །མཚན་མ་རང་སར་གྲོལ་བས་ཡེ་ཤེས་ཆེན་པོ་ནང་ནས་ཤར། །སྲིད་པ་རྒྱ་ཐེགས་བྱུང་བས་ཡེ་ཤེས་ཆེན་པོ་ནང་ནས་ཤར། །སྐུ་གསུམ་དབྱེར་མེད་རྟོགས་པས་ཡེ་ཤེས་རྟོགས་པའོ། །
དངོས་པོའི་སེམས་ལ་རྣམ་གསུམ་སྟེ། །ཕྱི་ཡི་ཡུལ་ལ་དངོས་པོར་སེམས་པས་དངོས་པོའི་སེམས། །ནང་གི་བཅུད་ལ་དངོས་པོར་སེམས་པས་དངོས་པོའི་སེམས། །གསང་བའི་ཡིད་ལ་དངོས་པོར་སེམས་པས་དངོས་པོའི་སེམས། །ཡང་དངོས་པོའི་དངོས་པོ་བསྟན་པ་ནི། །དངོས་པོའི་དངོས་པོར་

བྱུང་བ་རྣམ་གསུམ་སྟེ། །ཕྱི་ཡི་ཡུལ་ལ་དངོས་པོར་བཟུང་བས་དངོས་པོའི་སྡུག་བསྔལ་ཤར། །ནང་གི་བཅུད་ལ་དངོས་པོར་བཟུང་བས་དངོས་པོའི་སྡུག་བསྔལ་ཤར། །གསང་བའི་ཡིད་ལ་དངོས་པོར་བཟུང་བས་དངོས་པོའི་སྡུག་བསྔལ་ཤར་བའོ། །ཡང་ཕྱིའི་ཡུལ་ལ་ཡེ་
ནས་དངོས་མེད་ལ། །ཡིད་ཀྱི་མིང་འདོགས་སྨིན་པས་དངོས་པོར་སྨིན་པ་ཡིན། །ནང་གི་བཅུད་ལ་ཡེ་ནས་དངོས་མེད་ལ། །ཡིད་ཀྱི་མིང་འདོགས་སྨིན་པས་དངོས་པོར་སྨིན་པ་ཡིན། །གསང་བའི་ཡིད་ལ་ཡེ་ནས་དངོས་མེད་ལ། །ཡིད་ཀྱི་མིང་འདོགས་སྨིན་པས་དངོས་པོར་སྨིན་པ་ཡིན། །དངོས་
པོ་སརྦ་སྡུག་བསྔལ་རྒྱུ་ཡིན་པས། །དངོས་པོའི་ཆོས་ལ་མི་སྤྱོད་པར། །ཆོས་ཉིད་ཟབ་མོ་ཁོང་དུ་ཆུད་པར་གྱིས། །མངའ་བདག་ཆེན་པོ་འདི་ལྟ་སྟེ། །བསྡུས་པས་བྱས་པའི་ཆོས་དང་བྱུང་བའི་ཆོས། །བྱས་པའི་ཆོས་རྣམས་ཇི་ལྟར་ཟབ་ཀྱང་འཁོར་བ་ཡིན། །བྱུང་བའི་ཆོས་ཤིག་མ་ཤེས་
ན། །བྱས་པའི་ཆོས་ལ་ཐུག་པ་མེད་པའོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་བྱུང་བའི་བྱུང་ལུགས་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། གནས་པའི་མཚན་ཉིད་མ་ཤེས་ན། །མཁའ་ལ་རྟེན་མེད་བྱ་སྒྲོ་རླུང་ཁྱེར་
འདྲ། །གནས་པའི་མཚན་ཉིད་བསྟན་དུ་གསོལ། །ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་པ། །མངའ་བདག་ཆེན་པོ་ཉོན་ཅིག །གནས་ས་ལ་ཡང་རྣམ་གསུམ་སྟེ། །ཆོས་ཀྱི་སྐུ་ཡི་གནས་ས་བསྟན་པ་དང་། །ལོངས་སྤྱོད་རྫོགས་སྐུའི་གནས་ས་བསྟན་པ་དང་། །སྤྲུལ་པའི་སྐུ་ཡི་
གནས་ས་བསྟན་པའོ། །ཡང་ཆོས་སྐུའི་གནས་ས་བསྟན་པ་ནི། །ཆོས་ཉིད་ནམ་མཁའ་མཛོད་ཆེན་ཡིན། །རོལ་པ་འགག་མེད་རྒྱ་ཆད་མེད་པ་ཡིན། །མི་གཡོ་མི་འགྱུར་འཕོ་ལྡོག་མེད་པ་ཡིན། །ནམ་མཁའ་དེའི་མཚན་ཉིད་མཐའ་དབུས་མེད་པའི་ཕྱོགས་དང་བྲལ་བ་ཡིན། །ཆོས་ཀྱི་སྐུ་
ཡི་ཞིང་ཁམས་ཆེན་པོ་ཡིན། །ཞེས་པའོ། །ལོངས་སྤྱོད་རྫོགས་སྐུའི་གནས་ས་བསྟན་པ་ནི། །མ་བྲིས་དཀྱིལ་འཁོར་རྒྱ་ཆད་མེད་པ་ཡིན། །ཁ་དོག་གསལ་ཞིང་ཉམས་དང་ལྡན་པ་ཡིན། །བསྒྱུར་བས་མི་འགྱུར་ནམ་མཁའ་རྡོ་རྗེའི་མཚན་ཉིད་ཡིན། །རེག་བྱ་ཀུན་དང་བྲལ་བས་ཆོས་ཉིད་ཕོ་

བྲང་ཡིན། །འོད་ལ་མཐའ་མེད་མཐའ་དང་བྲལ་བ་ཡིན། །ཤོང་དང་མི་ཤོང་མེད་པས་ཕྱོགས་རིས་མེད་པ་ཡིན། །ནམ་མཁའ་ཆེན་པོར་གཅིག་པས་མཐའ་དབྱིབས་བྲལ་བ་ཡིན། །མ་འདྲེས་སོ་སོར་གསལ་བས་གཞའ་ཚོན་དང་བ་འདྲ། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཆེན་པོ་བསྟན་པའོ། །ཡང་སྤྲུལ་
པའི་སྐུ་ཡི་གནས་ས་བསྟན་པ་ནི། །འབྱུང་ཆེན་ལྔ་ཡི་དཀྱིལ་འཁོར་ཆེན་པོ་ཡིན། །རི་རབ་རྩེ་མོའི་རི་བོའི་ཁོང་སེང་ཡིན། །རི་ཡི་མཐོན་དམན་ལུང་པ་ཡངས་དོག་ཡིན། །གླིང་བཞི་གླིང་མཚམས་མུན་པའི་དཀྱིལ་འཁོར་ཡིན། །བྱེ་ཚན་མོ་དང་རྣག་ཁྲག་རྫིང་བུ་ཡིན། །ལྕགས་ཀྱི་ཤལ་མ་རི་དང་སྤུ་གྲིའི་
སོ་རྣམས་ཡིན། །གང་ལ་མིང་བཏགས་མིང་གི་འཛིན་པས་འཁྲུལ་པའོ། །སྐྱོན་གྱི་རྩ་བ་རེ་དོགས་གཉིས་ཡིན་པས། །རེ་དོགས་རྩ་བ་མཆོད་ཅིང་། །གནས་ས་གསུམ་དུ་མ་ཕྱེ་ན། །སྟོན་པ་བྱེད་པ་ཐ་མལ་ཤེས་པས་སླུ་བ་ཡིན། །གནས་ས་གསུམ་གྱི་མཚན་ཉིད་རྟོགས་ཤིང་གོ་གྱུར་ན། །ཀུན་དུ་བཟང་
པོས་བཤད་ཀྱང་དེ་ལས་ལྷག་ཏུ་མེད། །ཁྲི་སྲོང་ལྡེ་བཙན་བྱང་ཆུབ་སེམས་དཔའི་སྲས། །ཁྱོད་ལ་བསྟན་དང་མི་དགོས་ཏེ། །ཁྱོད་ཀྱི་གདམས་ངག་འདི་ཡི་སྒོར་ཞུགས་ལ། །བློ་ཆུང་ཤེས་རབ་རྟུལ་བ་ལ། །ཕྲ་རགས་དོན་གྱིས་ཞིབ་པར་སྟོན། །གང་ཟག་གཅིག་གིས་ཞིང་ཁམས་དག་པར་མཐོང་
གྱུར་ན། །འདུས་བྱས་དགེ་བའི་རྩ་བ་མང་པོས་ཆར་མི་ཕོད། །ཞེ་འདོད་ཁོང་དུ་བཅུག་ནས་དད་པ་ཅན་གྱི་སེམས་བསད་ན། །འཛམ་བུའི་གླིང་གི་སེམས་ཅན་བསད་པས་སྡིག་གི་ཆར་མི་ཕོད། །དེས་ན་དད་པ་ཅན་ལ་སྙིང་རྗེས་བསྟན་པར་བྱའོ། །རིན་པོ་ཆེ་རྩོད་པའི་འཁོར་ལོའི་གནས་པའི་མཚན་ཉིད་
བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། སྒྱུ་མའི་ལུས་འདི་ཞིག་པའི་ཚེ། །ཐེག་པ་ཀུན་ལས་འཕགས་པའི་རྩོད་པའི་འཁོར་ལོ་འདི། །གང་ལ་གཏད་ཅིང་སུ་ལ་གཉེར་བར་བྱ། །ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་
བཀའ་སྩལ་བ། མངའ་བདག་ཆེན་པོ་ཉོན་ཅིག །ཐེག་པ་ཀུན་ལས་འཕགས་པའི་རྩོད་པའི་འཁོར་ལོ་འདི། །དད་པ་ཆུང་ལ་ཞེ་སྡང་ཆེ་བའི་ལག་ཏུ་ཤོར་ར་རེ། །རང་གི་འདོད་པ་མ་ཕྲེལ་བར་དུ་བཀུར་སྟི་བྱེད་ཅིང་ཞེས་མཁས། །འདོད་པ་ཕྲེལ་ནས་ཐབས་ཀྱིས་འབྱོལ་བའི་ལག་ཏུ་ཤོར་ར་རེ། །བླ་མ་

སློབ་དཔོན་ཁུངས་གསང་ནས། །རང་གི་ཆེ་བ་འདོན་ཅིང་ང་རྒྱལ་ཆེ་བའི་ལག་ཏུ་ཤོར་ར་རེ། །ཁྲེལ་མེད་ཟ་ཚོལ་བྱེད་ཅིང་མན་ངག་འཚོང་བའི་ལག་ཏུ་ཤོར་ར་རེ། །ཞེ་འདོད་ཁོག་ཏུ་བཅུག་ནས་འདོད་པ་ཆེ་བའི་ལག་ཏུ་ཤོར་ར་རེ། །རིན་ཆེན་རྩོད་པའི་འཁོར་ལོའི་གཏད་ས་བསྟན་
པ་ནི། །ཞེ་འདོད་ཆུང་ལ་དད་པ་ཆེ་བ་དང་། །སློབ་དཔོན་སྙིང་ལྟར་བརྩེ་བ་རྣམས་ལ་གཏད། །སློབ་དཔོན་མིག་ལྟར་འཚོ་བ་རྣམས་ལ་གཏད། །སློབ་དཔོན་ཆུ་ལྟར་སྐྱོང་བ་རྣམས་ལ་གཏད། །ལུས་དང་སྲོག་ལ་ཕངས་པ་མེད་ཅིང་གཏོང་ཕོད་ཆེ་བ་རྣམས་ལ་གཏད། །རིན་པོ་ཆེ་རྩོད་པའི་
འཁོར་ལོའི་གཏད་རྒྱ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ཡང་མངའ་བདག་ཆེན་པོས་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། རིན་ཆེན་རྩོད་པའི་འཁོར་ལོ་འདི་བྲིས་པས། །བཀྲ་ཤིས་སྨོན་ལམ་གདབ་ཅིང་བྱིན་རླབས་ཆེན་པོ་ཞུ། ཞེས་ཞུས་སོ། །སློབ་དཔོན་ཆེན་པོས་བཀའ་སྩལ་བ།
མངའ་བདག་ཆེན་པོ་ཉོན་ཅིག །རིན་ཆེན་རྩོད་པའི་འཁོར་ལོ་འདི་བྲིས་པས། །ཐེག་པ་འདི་ཡི་སྒོ་རུ་ཞུགས་པ་རྣམས། །ཡེ་ཤེས་ཆེན་པོའི་དོན་དང་མཇལ་བར་ཤོག །རིན་ཆེན་རྩོད་པའི་འཁོར་ལོ་འདི་བྲིས་པས། །འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི། །ལྟུང་བའི་སྡུག་བསྔལ་ཞི་
བར་ཤོག །རིན་ཆེན་རྩོད་པའི་འཁོར་ལོ་འདི་བྲིས་པས། །འགྲོ་བ་མི་ཡི་ཞེ་སྡང་ཞི་བར་ཤོག །རིན་ཆེན་རྩོད་པའི་འཁོར་ལོ་འདི་བྲིས་པས། །ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟད་པ། །སྐད་ཅིག་ཙམ་གྱིས་བརླག་ཅིང་ཞི་བར་ཤོག །རིན་ཆེན་རྩོད་པའི་འཁོར་ལོ་འདི་བྲིས་པས། །
ཁྲི་སྲོང་ལྡེ་བཙན་ཡབ་སྲས་འཁོར་བཅས་རྣམས། །ཚེ་ལ་བར་ཆད་མེད་ཅིང་དོན་དང་མཇལ་བར་ཤོག །རིན་ཆེན་རྩོད་པའི་འཁོར་ལོ་འདི་བྲིས་པས། །འདྲི་མཁན་སློབ་མའི་ཚོགས་རྣམས་ཀུན། །ཚེ་ལ་བར་ཆད་མེད་ཅིང་དོན་དང་མཇལ་བར་ཤོག །རིན་ཆེན་རྩོད་པའི་འཁོར་ལོ་ཞེས་བྱ་བ་
རྫོགས་སོ།། །།༄། །གཅེས་པ་བསྡུས་པའི་འཕྲིན་ཡིག་བོད་རྗེ་འབངས་ལ་བརྫངས་པ་བཞུགས། །༄༅༅། །གཅེས་པ་བསྡུས་པའི་འཕྲིན་ཡིག་བཙུན་པ་ཆེན་པོ་དཔལ་དབྱངས་ཀྱིས་བོད་རྗེ་འབངས་ལ་བརྫངས་པ། བདག་རྟོག་སྐྱོན་གྱི་ཕུང་པོ་བཤིག །ལེགས་པའི་ཡོན་ཏན་

མཐར་ཕྱིན་པ། །འགྲོ་བའི་གཉེན་གཅིག་དེད་དཔོན་གཙོ། །མ་ལུས་མཁྱེན་ལ་བདག་ཕྱག་འཚལ། །རྒྱལ་པོ་རྣམས་དང་དགེ་སློང་དང་། །བློན་པོ་ལས་ཀྱི་སྣ་ལ་གཏོགས། །སོ་སོའི་དེད་དཔོན་དབང་བྱེད་དང་། །ཞིང་པ་ཚོང་པ་ཞོ་ཤས་འཚོ། །མི་ཡི་སྐྱེ་བ་བླངས་པ་ཡི། །དལ་འབྱོར་རྙེད་དང་མ་རྙེད་
དང་། །བུད་མེད་རོལ་མོ་མཁན་རྣམས་དང་། །དབུང་མཐའི་བོད་ནི་རྗེ་འབངས་ལ། །འདི་དང་ཕྱི་མར་ཕན་པའི་ཕྱིར། །དགེ་བ་བཅུ་དང་བཅུ་དྲུག་དང་། །བསམ་བ་བཅུ་དང་ཆོས་སྤྱོད་བཅུ། །ཕ་རོལ་ཕྱིན་དྲུག་སྤྱད་པ་ཡིས། །ཚེ་རབས་མང་པོ་བགྲངས་པར་ཡང་། །ལེགས་པའི་གཞུང་གཟུགས་
བདེ་འགྲོ་དང་། །མཐར་ནི་སངས་རྒྱས་སྒྲུབ་པའི་ཕྱིར། །ཞལ་ནས་གསུངས་པའི་མདོ་སྡེ་དང་། །དགེ་བཤེས་པ་རྣམས་མཉེས་པར་མཛད། །ཀླུ་སྒྲུབ་སྙིང་པོ་བློ་གྲོས་དང་། །མ་ལ་བྱམས་པས་མཛད་པ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། །བཤེས་ཤིང་མཛའ་བའི་འཕྲིན་ཡིག་དང་། །
རིན་ཆེན་ཕྲེང་བ་ལ་སོགས་པའི། །ནང་ནས་ཕན་པའི་གདམས་ངག་དང་། །མང་ཞིང་ཟབ་མོའི་དོན་རྣམས་ནི། །རྒྱས་པར་བཤད་ན་མི་རྟོགས་པས། །དེ་ལས་བསྒྲུབ་སླ་གཟུང་བདེ་རྣམས། །ཉུང་ཟད་ཙམ་ཞིག་བདག་གིས་བསྡེབས། །དུལ་བའི་དཔལ་ནི་བསྐྱེད་ནས་ཀྱང་། །བདུད་རྩི་འཐུང་བ་
བཞིན་དུ་ཉོན། །དགེ་བཅུ་རྨད་དུ་བྱ་བ་ཡི། །མདོ་སྡེ་ལས་ནི་འདི་སྐད་འབྱུང་། །ལུས་ཀྱི་སྤྱོད་པ་རབ་བསྡམས་ནས། །སྲོག་གཅོད་རྐུ་དང་གཡེམ་མི་བྱ། །ཕྲ་མ་བརྫུན་དང་ཚིག་རྩུབ་དང་། །ཀྱལ་པ་སྨྲ་བར་མི་བྱའོ། །འདོད་པ་རྣམས་ལ་མི་ཆགས་ཤིང་། །ཞེ་སྡང་སེམས་ཀྱང་མེད་པར་བྱ། །
ལོག་པར་ལྟ་བ་ཀུན་སྤངས་ན། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། །ཞེས་འབྱུང་། མི་དགེ་བ་བཅུ་སྤྱད་པའི་རྣམ་པར་སྨིན་པ་ཅིར་འགྱུར་ཞེ་ན། རིན་པོ་ཆེའི་ཕྲེང་བ་ལས། གསོད་པ་ཡིས་ནི་ཚེ་ཐུང་ཞིང་། །དམྱལ་བའི་གནས་སུ་ཡུན་རིང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང་། །ཚེ་
རབས་ཀུན་དུ་སྡུག་བསྔལ་འགྱུར། །རྐུ་བ་ཡིས་ནི་ལོངས་སྤྱོད་ཉམས། །ཚེ་རབས་ཀུན་དུ་ཡི་དགས་སྐྱེ། །བྱི་པོ་བྱེད་པས་དགྲ་དང་བཅས། །ཆུང་མ་སྙིང་ནི་རིང་བར་འགྱུར། །བརྫུན་དུ་སྨྲ་བས་སྐུར་པ་མང་། །ཚིག་ནི་ནམ་དུའང་མི་བཙུན་འགྱུར། །ཕྲ་མ་ཡིས་ནི་བཤེས་དང་འབྲལ། །བདག་ལ་སླུ་

བ་བྱེད་པ་མང་། །ཚིག་རྩུབ་ཀྱིས་ནི་མི་སྙན་ཐོས། །མང་པོའང་ངན་པ་སྨྲ་བར་འགྱུར། །འཁྱལ་པ་ཡིས་ནི་དོན་མི་རྙེད། །བདག་ལའང་རྐྱལ་པ་བྱེད་པར་འགྱུར། །བརྣབ་སེམས་ཡིད་ཀྱི་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །
ཆང་གིས་འཇིག་རྟེན་མྱོས་འགྱུར་ཏེ། །ནོར་ཤོར་དོན་རྣམས་ཡལ་བ་དང་། །བྱ་བ་མ་ཡིན་ཐམས་ཅད་བྱེད། །དེས་ན་ཆང་ནི་ཚོད་ཟིན་བྱ། །ཞེས་འབྱུང་ངོ་། །མི་ཆོས་བཅུ་དྲུག་ནི། དཀོན་མཆོག་གསུམ་ལ་གཅིག་ཏུ་དད། །དགེ་སྦྱོང་འཛིན་ཅིང་བྲམ་ཟེར་འཛིན། །དྲང་ཞིང་དྲང་བའི་རང་བཞིན་ཅན། །བྱས་
གཟོ་བྱས་ལ་ཕན་འདོགས་དང་། །ཕ་དང་མར་ནི་འཛིན་པ་དང་། །རིགས་ཀྱི་རྒན་རིམས་གུས་པར་བྱེད། །ཚེས་གྲངས་རྒྱུད་ལ་མཁས་པ་དང་། །དུས་ཚིགས་གསོ་སྦྱོང་བྱེད་པ་དང་། །བྲེ་སྲང་འཇལ་ལུགས་གཡོ་སྒྱུ་མེད། །ཕན་ཚུན་འགྲན་སེམས་གནོད་མི་བྱེད། །འདི་ཆེད་ཕྱི་མ་བསྙོམས་ནས་སྤྱོད། །
དགེ་བཅུའི་སྟེང་དུ་འདི་བསྣན་ཏེ། །ཚུལ་བཞིན་བསྲུངས་ན་ལྷ་མི་ཡི། །ལུས་ཐོབ་དོན་ཡོད་ཆུད་མི་ཟ། །དེ་ཕྱིར་ཐུབ་པ་ཆེན་པོ་ཡིས། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དག་ཏུ། །ངན་འགྲོར་ལྟུང་བར་མི་འགྱུར་རོ། །ཞེས་འབྱུང་། རྟག་ཏུ་བསམ་
པ་བཅུ་ནི། ངེས་པར་འཆི་བསམ་ལས་ཀྱི་བསགས་པ་བགྲང་། །དཀོན་མཆོག་གསུམ་བསྟེན་ངོ་བོ་གཉིས་མེད་མོས། །བྱང་ཆུབ་སེམས་བརྟན་ཐེག་ཆེན་ཞུགས་ལ་བྱམས། །རྟགས་བསམ་དོན་ཆེན་དཔལ་གྱི་ཕྲེང་བས་བསྔགས། །ཞེས་མདོ་སྡེ་དཔལ་ཕྲེང་ལས་འབྱུང་སྟེ། རྟག་ཏུ་བསམ་
པ་བཅུ་པོ་འདི་དག་དང་ལྡན་ན་ཡོན་ཏན་ཅི་འཐོབ་ཅེ་ན། ཡང་མདོ་དག་ལས། དུས་གསུམ་རྒྱལ་བ་རྣམས་ཀྱིས་འདི་དགོངས་པས། །དུག་གསུམ་སྐྱེ་བའི་ལྗོན་པ་རྩ་ནས་བཅད། །ཉོན་མོངས་བུད་ཤིང་སྐམ་པོ་ཚང་ཚིང་ལ། །ཡེ་ཤེས་མེ་སྟག་རང་རིག་གསལ་འབར་བ། །བློ་ལས་བྱུང་ནས་ཐལ་བ་
བཞིན་དུ་བསྲེགས། །བདུད་བཞིའི་དམག་དཔུང་གཡུལ་བཟློག་བཀན་ཕུབ་ནས། །བདུད་ཀྱི་གནས་ཁང་ཀུན་གཞི་གཏན་ནས་བླངས། །དེ་དག་ཕྱིན་ཆད་ང་ནི་རྒྱལ་བ་མངོན་ཕྱུང་སྟེ། །ལྷ་མི་ཀུན་གྱི་བདེ་སྟོན་དཔལ་གྱི་སྡོང་པོ་དང་། །རྟག་ཏུ་བསམ་པར་བྱ་བ་བསམས་པས་ན། །དེ་ཕྱིར་སངས་རྒྱས་

ཞེས་ནི་མཚན་གསོལ་ཏོ། །ཞེས་འབྱུང་ངོ་། །ཆོས་སྤྱོད་རྣམ་པ་བཅུ་ནི། མགོན་པོ་བྱམས་པས་དབུས་མཐའ་ལས། །ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་འཛིན་དང་ཀློག་པ་དང་། །འཆད་དང་ཁ་དོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། །འདི་བཅུ་ཆོས་ཀྱི་སྒོ་མོ་སྟེ། །འདྲེན་པ་རྣམས་
ཀྱི་གཤེགས་ཤུལ་ཡིན། །རིག་པའི་གནས་ལྔ་ཀུན་མཁྱེན་པས། །ཐམས་ཅད་མཁྱེན་པར་མཚན་གསོལ་ཏོ། །དེ་ཕྱིར་རིགས་ལྡན་སྐྱེས་བུས་ཀྱང་། །གཉིད་དང་སྙོམ་ལས་ལེ་ལོ་དང་། །འདུ་འཛི་ཆགས་ཕྱིར་ཁྱིམ་ལ་དགའ། །བྲེ་མོའི་གཏམ་དང་བསྲུང་ལྡེབས་དང་། །རྒྱན་པོ་འགྱེད་དང་འདུས་
ལ་ལྟ། །སྡིག་པའི་གྲོགས་དང་འགྲོགས་པ་དང་། །ཆང་དང་མཚན་མོ་འགྲོ་བ་དང་། །ལོང་ཡོད་སྙམ་པའི་འདུ་ཤེས་སྤང་། །དེང་བྱ་སང་བྱ་མ་སེམས་པར། །བང་བྱ་བརྟོད་དེ་མ་འབད་ན། །འཆི་བདག་བདུད་ནི་དྲུང་ན་བྱ་ར་བྱེད། །ཅེས་འབྱུང་ངོ་། །ཕ་རོལ་ཏུ་ཕྱིན་པ་བཅུ་ནི། སྦྱིན་པ་དང་ནི་ཚུལ་
ཁྲིམས་དང་། །བཟོད་དང་བརྩོན་འགྲུས་བསམ་གཏན་དང་། །ཤེས་རབ་ཐབས་ལ་སོགས་པ་རྣམས། །སྲིད་པའི་རྒྱ་མཚོ་སྒྲོལ་བའི་གྲུ། །ཞེས་འབྱུང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་མ་སྤྱད་ན་སྒོ་གཞན་ནས་ཐབས་མེད་དམ་ཞེ་ན། མདོ་ལས། ཡུན་རིངས་འགྲོན་པོའི་རྒྱགས་སུ་སྦྱིན་པ་
སྨེ། །ལུས་སེམས་རྒྱན་དང་ཆས་སུ་ཚུལ་ཁྲིམས་བརྗོད། །ཉོན་མོངས་དགྲ་ཚོགས་འཇོམས་པར་བཟོད་པ་དཔའ། །འཕགས་ལམ་བདེ་འགྲོད་བཞོན་པར་བརྩོན་འགྲུས་བཟང་། །ཡང་དག་དོན་ཆེན་རྟོགས་པར་བསམ་གཏན་མྱུར། །མ་རིག་མུན་པ་བསལ་བར་ཤེས་རབ་གསལ། །ཞེས་པ་དང་།
རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། །སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་དགེ་བས་བརྗིད། །བསམ་གཏན་གྱིས་ནི་བློ་གྲོས་འཕེལ། །སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །བདུན་པོ་འདི་དག་མ་ལུས་པར། །ཅིག་ཅར་ཕ་རོལ་ཕྱིན་སྤྱད་པས། །ས་ཐོབ་མ་གྱུར་བར་
དུ་ཡང་། །འཁོར་བའི་བདེ་བ་ཕུན་སུམ་ཚོགས། །ངན་སོང་མིང་ཡང་མི་གྲག་ཅིང་། །མི་ཁོམ་བརྒྱད་པོ་གཏན་དུ་སྤངས། །དེ་ནས་རིམ་པར་ས་ཐོབ་ནས། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། །ཞེས་འབྱུང་ངོ་། །ད་ནི་དེ་ལྟར་དགེ་བ་བཅུ་དང་མི་ཆོས་བཅུ་དྲུག་དང་། རྟག་ཏུ་བསམ་པ་བཅུ་དང་།

ཆོས་སྤྱོད་རྣམ་པ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཉམས་སུ་བླངས་ནས་སྤྱད་དགོས་པ་མདོ་ཙམ་བསྟན་ནས་ད་ནི་ཆོས་འདི་དག་ཚིག་ཙམ་དུ་བཟླས་པས་མི་ཕན་པར་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ནང་ནས། སྨན་པའི་ངག་མ་མཉན་ན་
སྨན་དག་གིས། །བཅོས་དགོས་ནད་པ་སོས་པར་ག་ལ་འགྱུར། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་ལ་ནི་དེ་ཕན་ནམ། །ཞེས་འབྱུང་སྟེ། རྒྱལ་པོ་ཆེན་པོ་ལ་གདམས་ངག་གསོལ་པ་ཡང་རྒྱལ་པོ་ཀ་ནི་ས་ཀ་ལ་གསོལ་བའི་འཕྲིན་ཡིག་ལས། གདམས་བགྱི་མང་པོར་མཆིས་མོད་ཀྱང་། །
ཐམས་ཅད་གདམས་པར་སུས་རྔོ་ཐོགས། །མདོ་ཙམ་དུ་ནི་གདམས་བགྱི་ན། །དེ་ལྟར་སྙན་གཏོད་ཉིད་ཀྱི་ཆེད། །བདག་གིས་གསོལ་བ་འདི་གསོན་ཏེ། །བསྒྲུབ་དང་གཏང་བའི་ཕྱོགས་གཉིས་ལས། །གང་རིགས་དེ་ནི་ཉམས་སུ་བཞེས། །གཏང་བར་བགྱི་བ་གཏན་མ་མཛད། །ས་བདག་ཚེར་མའི་
ཤིང་ལས་སྦྲང་རྩི་ལྟར། །དགྲ་བོ་ལས་ཀྱང་ལེགས་པར་སྨྲས་པ་གཟུང་། །གསེར་གྱི་རི་ལ་དུག་རྒྱུན་ཇི་བཞིན་དུ། །ཡིད་འོང་སྐྱེ་བོའི་ཚིག་ངན་སྤང་འཚལ་ཏེ། །མདོ་ཙམ་གསོལ་བ་འདི་དག་ཉམས་སུ་བཞེས། །རྒྱལ་སྲིད་འཇིག་རྟེན་ཕ་རོལ་ནས། །བསྣམས་ཏེ་མ་བྱོན་བསྣམས་མི་འགྱུར། །
བསོད་ནམས་རྒྱུན་ལས་བསྒྲུབས་པ་སྟེ། །དེ་ཡང་ཡུད་ཙམ་ཅིག་ཏུ་བས། །གཡུང་དྲུང་བཙུགས་པར་མ་དགོངས་ཤིག །དགེ་བའི་བཤེས་གཉེན་བསྟེན་བགྱི་ཞིང་། །གུས་དང་ཞེ་སར་བཅས་པ་ཡིས། །དམ་པའི་ཆོས་ནི་གསན་པར་མཛོད། །གསན་པའི་ཆོས་རྣམས་རྣམ་དཔྱད་དེ། །དཔྱད་པ་
ལ་ནི་མཁས་པར་མཛོད། །མྱ་ངན་གྱིས་ནི་མ་གདུངས་ཤིག །ན་གཞོན་ནད་མེད་ལོངས་པ་ཡི། །དངོས་པོ་ད་ལྟར་བྱུང་བ་ཡི། །བློ་གྲོས་ལ་ནི་མི་ནུས་མེད། །ལོངས་སྤྱོད་སྲིད་ལམ་ཡེངས་པར། །མཁས་པ་རྣམས་ལས་དུས་སུ་གསོན། །འོན་ཏང་རིམ་གྱིས་མཁྱེན་པར་འགྱུར། །ཉུང་དུའང་
བསྩགས་ན་ངེས་པར་ནི། །རིང་པོར་མི་ཐོགས་མང་པོར་འགྱུར། །རྟག་ཏུ་ཆུ་ཐིགས་རེ་རེའི་རྒྱུན། །བར་ཆད་མེད་པར་བབ་པ་ཡིས། །གང་ཞིག་གང་བར་མི་འགྱུར་བའི། །སྣོད་དེ་ཇི་ལྟ་བུ་ཞིག་མཆིས། །ཇི་ལྟར་དཔེ་གསལ་དེ་ལྟ་བུ། །རྒྱལ་པོས་ཚད་མར་མཛད་ནས་ནི། །དམ་པའི་ཆོས་ནི་གསན་

པ་ལ། །རྟག་པར་དགྱེས་པ་ཉིད་དུ་མཛད། །ཞམ་རང་བློན་པོའི་པུ་ཚུགས་ནི། །ཡོན་ཏན་ནོར་གྱི་གཉེར་ལ་གཉེན། །མཁས་ཤིང་སྙིང་རྗེའི་བདག་ཉིད་ཅན། །བྱས་གཟོ་ཕོངས་ཆོས་མི་བགྱིད་པ། །བཟང་པོ་ཁྱོད་ཀྱི་སླད་དུ་ཞོག །མི་གང་དཀའ་བ་སྤྱོད་བྱེད་དང་། །དོར་བར་བྱ་དཀའ་འདོར་བ་
དང་། །བཟོད་པར་དཀའ་བ་བཟོད་བྱེད་དང་། །བཀུར་དཀའ་ཉམས་སུ་ལེན་པ་དང་། །རིང་པོར་བལྟ་ཞིང་ངེས་པ་དང་། །འཕྲལ་བློ་མྱུར་ཞིང་སྡུག་པ་དང་། །ཁོང་སྲན་ཆེ་ཞིང་དཔའ་བ་དང་། །བསླུ་བར་མི་ཚུགས་གསང་ཐུབ་དང་། །ཆོས་ཀྱིས་རྒྱལ་སྲིད་སྐྱོང་དགའ་དང་། །དམ་ཆོས་མཛད་ལ་མི་འཁོར་
བ། །རིན་གྱིས་འཇལ་ཡང་མི་ཕམ་གྱིས། །ཐུགས་བརྟན་མཛོད་ལ་སྤྱན་སྔར་ཞོག །ཁྱོད་ཀྱིས་བླུན་དང་ཕོངས་ཆོས་ཅན། །གཞུང་ངན་གདོང་གང་བྱེད་པ་དང་། །བརྐམ་ཞིང་བྱས་པ་མི་གཟོ་དང་། །ཁ་གཅམ་གཏུམ་པོ་མི་བཟང་བ། །ཡུལ་ནའང་གནས་སུམ་སྩལ་ཅིག །གལ་ཏེ་གཞུང་ལུགས་
བཟང་དགྱེས་ན། །གོང་ནས་གོད་དུ་འབར་བར་འགྱུར། །གལ་ཏེ་ངན་པ་སྤྱོད་མཛད་ན། །འོག་ནས་འོག་ཏུ་ལྟུང་བར་འགྱུར། །ཁྱུ་མཆོག་དང་ནི་ཁྱུས་འགྲོ་བཞིན། །ཁྱོད་ནི་གྱ་གྱུ་ལ་ཞུགས་ན། །གྱ་གྱུ་ཁོ་ནའི་རྗེས་འབྲངས་ཏེ། །སྐྱེ་དགུ་ཁྱོད་ཀྱི་རྗེས་འབྲངས་པས། །རྒྱལ་ཁམས་ངན་པར་འོང་
འགྱུར་རོ། །ཟླ་བ་མར་གྱི་ངོ་བཞིན་དུ། །ཉེས་པའི་ཚོགས་རྣམས་འགྲིབ་པར་མཛོད། །ཟླ་བ་ཡར་གྱི་ངོ་བཞིན་དུ། །རྒྱལ་ཁམས་ལེགས་པར་རྒྱས་པར་མཛོད། །དམ་ཆོས་བསྐྱང་བའི་ཁྲིམས་རྣམས་མཛོད། །དམ་ཆོས་འཇིག་པའི་སྐྱེ་བོ་དང་། །བཀའ་ཁྲིམས་འདྲལ་བའི་ངན་པ་རྣམས། །ལོ་ཐོག་
རྩི་ཐོག་རྒྱས་པ་ལ། །ཐོག་དང་སེར་བ་བཞིན་དུ་ཕོབ། །འོན་དང་ངན་མིག་འགག་པར་འགྱུར། །ལེ་ལོ་ཉམ་བུ་ཤེད་མ་མཛད། །འཆི་བདག་སུ་དང་མི་བཤེས་པ། །གློ་བུར་དག་ཏུ་འབབ་འགྱུར་བས། །སང་དག་བྱ་ཞེས་མ་གཞེས་པར། །དམ་པའི་ཆོས་ལ་སྨྱུར་ཏེ་མཛོད། །འཆི་བདག་གིས་ནི་
དྲངས་པ་ན། །དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བས། །མཁྱེན་པར་མཛོད་ལ་ལེགས་པར་སྤྱོད། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། །རྒྱལ་པོ་བདེ་སྤྱོད་བཟང་པོ་ལ། །བརྫངས་པའི་འཕྲིན་ཡིག་དག་ལས་ཀྱང་། །

ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཁྱོད་ཀྱིས་དགེ་སློང་བྲམ་ཟེ་ལ་དང་ནི། །མགྲོན་དང་ཡབ་ཡུམ་སྲས་དང་བཙུན་
མོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །མཚོན་བཞིན་འཕྲལ་དུ་ལུས་ལ་མི་གཅོད་ཀྱང་། །གང་དུ་ཕྱིན་པའི་ས་ཕྱོགས་དེ་ན་སྡོད། །ཐར་པ་དག་ལ་རག་ལུས་འདི་ལ་ནི། །གཞན་གྱིས་
གྲོགས་བགྱིར་ཅིར་ཡང་མ་མཆིས་ཀྱིས། །དེ་ལྟར་ཉིད་ཀྱ་རྩལ་གྱིས་འབད་པར་མཛོད། །ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་སྟེ། །དབུགས་རྔུབ་དབུགས་ཕྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་དག་ངོ་མཚར་ཆེ། །ལུས་མཐའ་ཐལ་བ་མཐར་
སྐམ་མཐར་འདྲུལ་ཞིང་། །ཐ་མར་མི་གཙང་སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་དེ། །སོ་སོར་གྱེས་ཆོས་ཅན་དུ་རིག་པར་མཛོད། །རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་འཐོབ་དཀའ་བས་མི་དབང་གིས། །
དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡི། །སྣོད་དུ་ངན་སྐྱུགས་ཕྱག་དར་བགྱིད་པ་བས། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །སྲས་དང་བཙུ