Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 198

Văn bản gốc(Tây Tạng)

Trang 17 / 25 (50.000 ký tự/trang)
་བ་ཀྲུ་སྨན་སྦྱིན། །སེར་པོ་རྣམ་གཉིས་པི་པི་ལིང་། །གླ་སྒང་ལྡེ་གུས་ནུ་མ་བསྐུ། །ཉུངས་ཀར་མར་བཅས་དུད་པས་བདུག །སྦྱང་བ་བྱས་ནས་པ་ཏོ་ལ། །གླ་སྒང་དང་ནི་རྒུན་འབྲུམ་དང་། །སླེ་ཏྲེས་
འབྲས་བུ་གསུམ་བསྐོལ་བླུད། །བྱིས་པའི་མིག་མཆུ་བྲུད་པའམ། །སྲིན་བུ་པད་པས་ཁྲག་དབྱུང་བྱ། །ཨ་སྨན་ཏ་ཀ་སྐྱུ་རུ་ར། །འཛམ་བུའི་ལོ་མ་བསྐོལ་བ་བླུགས། །བྱིས་པ་འོ་མ་མར་བསྟེན་པས། །ཕལ་ཆེར་བད་ཀན་ནད་འབྱུང་བས། །དེ་བས་དང་པོར་སྐྱུག་སྨན་ཉིད། །
ནད་ཀུན་ལ་ནི་བསྔགས་པ་ཡིན། །ལྕེ་མྱང་ཚ་དང་པི་པི་ལིང་། །ཨ་པ་མརྒའི་འབྲས་བུ་མར། །འོ་མ་ཤུ་དག་སྦྲང་རྩིར་བཅས། །པོ་སོན་ཆ་ནི་ཤིང་མངར་བཅས། །འོ་མ་ཁ་ཟས་འོ་མ་དང་། །ཟས་ལ་བརྟེན་པའི་བྱིས་པ་ལ། །རིམ་བཞིན་བླུད་པས་ནད་ཀུན་ནི། །སྦྱང་པར་བྱ་ཕྱིར་
སློན་སྨན་གཏང་། །མཆོག་ཏུ་སྒྲ་ངན་ནད་ལ་ཕན། །སཔྟ་ལ་ཡི་ཁུ་བ་མར། །བསྐོལ་བ་གཉིས་ཀ་སྦྱོང་བྱེད་སྦྱིན། །སེང་ཕྲོམ་ཤིང་མངར་སེར་པོ་གཉིས། །ནིམ་པའི་ལོ་མ་པུ་ཙེ་ཤེལ། །ཟངས་ཀྱི་ཕྱེ་མར་བཅས་རེང་བུ། །སྒྲ་ངན་གྱི་ནི་ནད་ལ་ཕན། །ཡང་ན་ལྕགས་ཀྱི་
ཕྱེ་མ་བསྲེགས། །འོ་མ་སྦྲང་རྩི་མར་བཅས་ཕན། །སུག་སྨེལ་སྒོག་སྐྱ་ཀ་ཏ་ཀ །ཕ་ནི་ཛ་ཀ་ན་ལེ་ཤམ། །དུང་བཅས་ཆུ་དང་བདར་བ་དང་། །ཀད་ཕ་ལ་བཅས་རི་ལུའང་ཕན། །རྫི་མའི་འགགས་ནད་འཕེལ་བ་ལ། །སྦྱང་བ་བྱས་པར་གྱུར་པ་ནི། །སྨིན་མའི་འོག་གི་ཆ་གཉིས་དང་། །
རྫི་མའི་ཆ་གཅིག་བར་བར་ནི། །ནས་ཀྱི་ཚད་ཙམ་ནས་ཀྱི་དབྱིབས། །འཕྲེད་དུ་དབྲལ་ལ་རས་རློན་པས། །དེ་ཡི་ཁྲག་ནི་བསལ་ནས་ནི། །ཁྲག་ནི་ཆུང་བར་གྱུར་པ་དང་། །བར་མཚམས་མུངྒ་ཙམ་བཞག་ལ། །ཁབ་ནི་ཡོན་པོས་བཙེམ་པར་བྱ། །དཔྲལ་བ་རས་ཀྱིས་བཅིངས་ནས་

ནི། །དེ་བཞིན་སྐུད་པས་བཙེམ་པར་བྱ། །ཤིན་ཏུ་དམ་དང་ལྷོད་མིན་པར། །དེར་ནི་ལེགས་པར་བཙེམ་པར་བྱ། །དེ་ནས་སྦྲང་རྩིའི་མར་གྱིས་བྱུག །འདི་ལ་བཅིང་བར་མི་བྱའོ། །ན་ན་ནྱ་གྲོ་དྷ་སོགས་པའི། །ཁུ་བ་འོ་མར་བཅས་པ་བླུགས། །ཞག་ལྔ་པ་ལ་སྐུད་པ་ནི། །
བསལ་ཏེ་ཡུག་སྣམ་ཕྱེ་མ་ནི། །རྨ་ལ་ལེགས་པར་གདབ་པར་བྱ། །སྣ་སྨན་མིག་སྨན་རྣོན་པོ་གཏང་། །ཞག་བཅུའི་མཐར་ཡང་མ་སོས་ན། །མིག་མཆུར་བརྟེན་གཉེར་བཟློག་སྟེ་བསྲེག །རྫི་མའི་ལྷག་མ་ཚེར་ཟུངས་ཀྱིས། །ཕྱུང་ལ་དེ་ཡི་གནས་དག་ནི། །མེ་ཡི་མདོག་འདྲའི་
ཁབ་རྩེས་བསྲེག །ཕྱི་རོལ་རློན་པ་བསྲེགས་པ་དང་། །ཐོར་བུ་བཅད་པར་གྱུར་པ་ལ། །མེ་འམ་ཐལ་སྨན་རྣོན་པོས་བསྲེག །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་དགུ་པའོ།། །།དེ་ནས་མིག་ཟུར་དང་མིག་གི་འབྲས་བུ་དཀར་ནག་གི་
ནད་ཀྱི་དམིགས་བརྟག་པ་བཤད་པར་བྱའོ། །རླུང་འཁྲུགས་པས་ནི་ཆུ་རྒྱུ་བའི། །རྩར་སོང་ནས་ནི་ཆུ་འདྲ་བའི། །མཆི་མ་མིག་མཆུ་མིག་ཕུགས་ཀྱི། །མཚམས་ནས་མཆི་མ་འཛག་པར་འགྱུར། །དེས་ནི་ནད་མེད་རྩ་དམར་ལ། །སྐྲངས་འགྱུར་དེ་ནི་ཆུ་འཛག་ཡིན། །བད་ཀན་ལས་གྱུར་
སྤྱི་བག་མང་། །དཀར་བ་བད་ཀན་འཛག་པ་ཡིན། །བད་ཀན་གྱིས་སྐྲངས་རྩེ་མོ་རྣོ། །ལན་ཚྭའི་ཆུ་བུར་འདྲ་བ་འབྱུང་། །རྩ་བ་ཆེ་ཞིང་གཡོ་ལ་སྣུམ། །མདོག་འདྲ་འཇམ་ཞིང་སྤྱི་བག་ཅན། །ཆེ་ཞིང་སྨིན་དཀའ་གཡའ་དང་བཅས། །གཟེར་མེད་བཅིངས་པ་ལྟ་བུ་ཡིན། །ཁྲག་
ལས་མཆི་མ་ཁྲག་འཛག་དམར། །ཤས་ཆེར་དྲོ་བ་ཁྲག་འཛག་ཡིན། །མིག་མཆུ་གྲ་མཚམས་དཀར་པོ་རུ། །འབྲུམ་ཕྲན་ཚ་ཞིང་གཟེར་དང་བཅས། །དམར་ཞིང་མུངྒ་འདྲ་ལགས། །ཁྲག་འཛག་དེ་ནི་ཚིགས་ཅན་ཡིན། །རྣག་འཛག་དྲི་མ་ཁྲག་དང་བཅས། །མིག་ཕུགས་ཀྱི་
ནི་གྲ་མཚམས་ནས། །ཡང་དང་ཡང་དུ་རྣག་འཛག་ཅིང་། །ཤ་ལྤགས་འདྲུལ་བས་མཆི་མར་བཅས། །རྣག་སླ་འཛག་པ་རྨ་ཕྲ་ཞིང་། །སྐྲངས་ཤིང་གཡོ་བ་ཆེ་བ་དང་། །མིག་ཕུགས་མཚམས་སྐྲངས་རྣག་འཛག་ཅིང་། །ནད་བཅས་རྣག་གི་ཆུ་སེར་འཛག །མིག་ཕུགས་ཀྱི་

ནི་མཚམས་ནང་ན། །སྐྲངས་ཟུག་ཚ་བཅས་ཆུ་སེར་ནད། །མིག་ཟུར་རམ་ནི་མིག་ཕུགས་སུ། །གཡའ་ཞིང་རྫི་མའི་བུ་ག་ནས། །རྣག་འཛག་སྲིན་དང་རྨེན་བུ་འབྱུང་། །ན་བཅས་སྲིན་གྱི་རྨེན་བུ་ཅན། །བཅིངས་པ་ལྟ་བུའི་སྲིན་རྨེན་བུ། །རྣག་གི་ཆུ་
སེར་ཚིགས་ཅན་དག །མཚོན་གྱིས་གསོ་བྱ་ལྷག་མ་ལྔ། །འཛག་པ་ཆུ་སེར་བཅས་པ་སྤངས། །མཁྲིས་པས་དཀར་པོའི་ཐིག་ལེ་ནི། །ནག་པའམ་སྔོ་བའམ་སེར་པོ་སྐྱེད། །གུར་གུམ་མེ་ལོང་དྲི་མས་གོས། །ལྟར་སྣང་ན་དང་ཚ་བ་མེད། །འཁྲུ་ཞིང་སྐོམ་དད་རིམས་དང་བཅས། །
ནད་གཞི་ཉ་ཕྱིས་ཅན་ཞེས་བྱ། །བད་ཀན་ལས་དཀར་ཤ་ལྷག་དཀར། །རིང་ནས་འཕེལ་བ་མིག་མཛེར་དཀར། །ནད་མེད་པ་ལ་སྐྲངས་པ་དང་། །མདོག་དཀར་ལྷུན་ཆེན་འཇམ་པ་དང་། །ལྕི་སྣུམ་ཆུ་ཡི་ཐིགས་པ་འདྲ། །བད་ཀན་མདུད་པ་ཞེས་བྱར་བཤད། །ཐིག་ལེ་
འབྲས་ཕྱེ་ལྟར་དཀར་བ། །མཐོ་བ་འབྲས་ཕྱེ་འདྲ་ཞེས་བཤད། །དཀར་པོའི་རི་མོ་དམར་པོས་ཁྱབ། །ཚ་ཞིང་ན་དང་བཅས་པ་དང་། །སྐྲངས་ཤིང་མཆི་མས་གོས་པ་མེད། །ཁྲག་གྱུར་རྩ་ཡི་ངེས་པར་བཤད། །རྩའི་ཉེས་ཡལ་བར་བོར་ན་ནི། །དམར་རིས་དེ་ཉིད་འཕེལ་བར་
འགྱུར། །ཁྲག་བཅས་རྩ་ནི་བརྩེ་བར་བྱེད། །དེ་ཡིས་མིག་གིས་བལྟ་མི་ནུས། །རྩ་ཡི་དྲ་བས་གཡོགས་ཤིང་སྟུག །མཐོ་བ་རྩ་ཡི་དྲ་བ་ཡིན། །ཁྲག་གིས་མིག་མཛེར་འཇམ་ཞིང་མཉམ། །པདྨ་འདྲ་བ་ཤ་ལྷག་ཡིན། །ནད་མེད་རི་བོང་ཁྲག་ལྟར་དམར། །ཐིག་ལེ་ལིང་
ཐོག་དམར་པོ་ཡིན། །འཇམ་ཤིང་ནད་མེད་མྱུར་དུ་འཕེལ། །དཀར་པོར་ཁྱབ་བྱེད་དམར་ནག་ནི། །ཁྱབ་པའི་མཛེར་པ་ཞེས་བྱའོ། །དྲི་མ་ཁྲག་བཅས་རྩའི་མཛེར་པ། །རྩ་རྒྱུས་དང་འདྲ་རྩ་མཛེར་ཡིན། །ཁྲག་སྐམ་གོང་བུ་ལྟར་གནག་ཅིང་། །ཤ་ནི་ཆེ་ཞིང་རྒྱས་པ་གང་། །དེ་ནི་
ཤ་ལྷག་མཛེར་པ་ཡིན། །ཚ་ཞིང་རེག་ན་རྩུབ་པ་དང་། །རྩས་གཡོགས་མིག་འབྲས་ནག་དང་ཉེ། །འབྲུམ་ཕྲན་ཉུངས་ཀར་ལྟ་བུས་རྩ། །ཉ་ཕྱིས་རྩ་བརྩེ་རྩའི་ཉེས་པ། །འབྲས་ཕྱེ་འདུས་པའི་ལིང་ཏོག་དམར། །དྲུག་པོ་སྨན་གྱིས་གསོ་བར་བྱ། །ལྷག་མ་བདུན་པོ་མཚོན་

གྱིས་གསོ། །དེ་ཡང་སར་པ་སྨན་གྱིས་གསོ། །མཛེར་པ་བཤད་པ་ལྔ་པོ་གང་། །རྒྱུས་པ་དང་ནི་རྩས་གཡོགས་པ། །ནག་པོར་ཕྱིན་ཞིང་པགས་གས་འདྲ། །མཐོན་པོ་གཅད་པར་བྱ་བ་ཡིན། །མཐོང་བྱེད་སྟེང་དུ་ཕྱིན་པ་སྤང་། །ནག་པོའམ་མཐོང་བྱེད་ལ་མཁྲིས་པས། །
པགས་པ་བརྟོལ་ཏེ་ལིང་ཏོག་ནི། །ཟུག་དམར་མཆི་མར་བཅས་པ་སྐྱེད། །དེ་ཡིས་མིག་འབྲས་དཀྱིལ་འཁོར་རྣག །འཛམ་བུ་སྨིན་པ་འདྲར་སྣང་ཞིང་། །དམའ་བ་རྨ་ཡི་ལིང་ཏོག་སྟེ། །དེ་ནི་གསོ་དཀའ་རིམ་གཉིས་དག །བརྟོལ་བ་གསོ་བ་ཙམ་ཡིན་ནོ། །དེར་ནི་ཟུག་པ་ལ་
སོགས་མང་། །ནག་པོ་ཁབ་ཀྱིས་ཕུག་སྙམ་བྱེད། །རིམ་པ་གསུམ་ནི་བརྟོལ་བ་དང་། །རྨ་ཡིས་ཁྱབ་པ་གསོར་མི་རུང་། །བད་ཀན་ལས་གྱུར་དུང་ལྟར་དཀར། །ཤས་ཆེར་མི་ན་གསོ་སླ་དཀར། །དམར་ཞིང་མཆི་མ་སྤྱི་བག་འཛག །འབྲུམ་ཕྲན་དམར་ཞིང་ཤིན་ཏུ་ན། །
ར་ཡི་རིལ་མ་འདྲ་ཞིང་འབུར། །ཁྲག་སྐྱེས་ར་རིལ་འདྲ་བ་སྤང་། །ནད་ཁྲག་བཅས་པས་རྩའི་ལིང་ཏོག །དེ་ཡིས་མིག་འབྲས་ནག་པོ་ཁེབས། །ན་ཞིང་ཚ་ལ་དམར་བ་ཡི། །རྩ་ཡིས་ཀུན་ཏུ་རྒྱས་གྱུར་ལ། །རྒྱུ་མེད་མཆི་མ་གྲང་དྲོ་དང་། །སྐ་སླ་འཛག་པ་དེ་སྤང་བྱ། །ནད་གཞི་
ཁྲག་ལས་མཐོང་བཅས་རྣག །འབྲས་བུ་དཀར་པོར་སྒྱུར་བྱེད་དེ། །སྤྲིན་དཀར་གྱིས་ནི་གཡོགས་འདྲ་ཞིང་། །ནིམ་པ་བ་ནི་བཀས་པ་འདྲ། །ཤིན་ཏུ་མི་བཟད་ན་ཞིང་དམར། །ཚ་ཞིང་སྐྲངས་པས་གཟིར་བ་དག །སྨིན་པས་ཉེན་པའི་ལིང་ཏོག་སྟེ། །མི་བཟད་ན་བ་སྤང་བར་
བྱ། །གང་གིས་མཚན་མ་ཉམས་པའམ། །ནང་སྔོ་བའམ་དམར་བཅས་པས། །ཤིན་ཏུ་འབུར་བའམ་གཏིང་རིང་པ་འམ། །མཆི་མར་བཅས་ཤིང་རྩའི་རྨས་ཁྱབ། །རྙིང་པའམ་མཐོ་དམའ་ཅན་དག་གམ། །དབུས་ཆང་ལིང་ཏོག་སྤང་བར་བྱ། །ནག་པོའི་ནད་ནི་གསོར་རུང་དང་། །
མི་རུང་དབྱེ་བ་རྣམ་ལྔ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་པའོ།། །།དེ་ནས་མིག་ཟུར་དང་མིག་གི་འབྲས་བུ་དཀར་པོ་དང་ནག་པོའི་ནད་གསོ་བ་བཤད་པར་བྱའོ། །མིག་ནད་བཅིངས་པ་སྨན་པ་ཡིས། །དུགས་བྱས་

རྩེ་མོ་འབྲས་འདྲས་དབུག །རྩེ་མོ་དཀྱིལ་འཁོར་འདྲ་བས་བཞར། །དེ་འོག་རྒྱམ་ཚ་པི་པི་ལིང་། །སྦྲང་རྩི་སྦྱར་བས་བསྐུ་བར་བྱ། །དེ་ནས་སྔ་མ་བཞིན་དུ་བཅིངས། །པ་ཏོ་ལའི་ལོ་སྐྱུ་རུ་ར། །བསྐོལ་བའི་སྨན་ཁུ་ཐིགས་པས་བླུགས། །ཚིགས་ཅན་
ལྕགས་ཀྱུའི་ཆ་སྤྱད་ཀྱིས། །ཕྱི་ཡི་མཚམས་ཀྱི་ཚ་གསུམ་གཟུང་། །འཕེལ་གཙགས་ཀྱིས་ནི་ཕྱེད་གཅད་བྱ། །གཞན་དུ་མཆི་མ་རྒྱུ་ལ་གནོད། །སྦྲང་རྩི་རྒྱམ་ཚས་བསྐུས་ནས་ནི། །མིག་མཛེར་ལྟ་བུར་གསོ་བར་བྱ། །ཆུ་སེར་རྣག་འཛག་གཏར་ག་གདབ། །དེ་ནས་དེ་ནི་
བཅིང་བར་བྱ། །མིག་རྣགས་ཆོ་གར་བཤད་པ་ཡི། །ལས་ཀུན་ཆོ་ག་ཇི་བཞིན་བྱ། །རྒྱམ་ཚ་སྒེའུ་གཤེར་ནག་ཚུར་དང་། །ལྕགས་དང་ཟངས་ནི་ཞིབ་བཏགས་པའི། །ཕྱེ་མའི་མིག་སྨན་བཏང་བའམ། །སྦྲང་རྩིར་བཅས་པའི་ཁུ་བ་བླུགས། །སྲིན་གྱི་རྨེན་བུ་ལྕི་བ་ཡིས། །དུགས་
བྱས་བརྟོལ་ཏེ་ཕྱི་བར་བྱ། །ནག་ཚུར་རྒྱམ་ཚ་འབྲས་བུ་གསུམ། །སྦྲང་རྩིར་སྦྱར་བས་བསྐུ་བར་བྱ། །ཉ་ཕྱིས་མཁྲིས་མཆི་འཛག་ལྟར་གསོ། །བད་ཀན་འདུད་པ་འབྲས་ཕྱེ་གཉིས། །གཏར་ག་མ་གཏོགས་བད་ཀན་གྱི། །མཆི་མ་འཛག་པ་བཞིན་དུ་གསོ། །ཚ་བ་གསུམ་དང་
ཀད་ཕ་ལ། །བ་ལུང་ཁུ་བའི་མིག་སྨན་གཏང་། །རྒྱམ་ཚ་ཛཱ་ཏི་ཁ་འབུས་པ། །ཐང་ཤིང་བཅའ་སྒ་བཏགས་པའི་ཕྱེ། །ཆང་གི་དངས་མས་རི་ལུར་བྱས། །མིག་སྨན་སྐྲངས་དང་གཡའ་བ་སེལ། །རྩ་ཉེས་རྩ་བརྩེ་ལིང་ཏོག་དམར། །རྩ་དྲ་ཁྲག་འཛག་ལྟ་བུར་གསོ། །རྩ་ཡི་
ཉེས་ལ་ཁྱད་པར་དུ། །མར་དང་སྦྲང་རྩིའི་མིག་སྨན་བསྐུ། །རྩ་བརྩེ་བ་ལ་སྦྲང་རྩི་དང་། །སྐྱེར་པའི་ཁཎྜ་ཞིབ་བཏགས་བསྐུ། །ལིང་ཏོག་དམར་པོ་ཞོ་ག་ཆུ། །སྦྲང་རྩི་ཁ་རའི་ཐིགས་པ་བླུགས། །ཤེལ་དང་གུར་གུམ་ཤིང་མངར་དུང་། །སྦྲང་རྩི་སྦྱར་བའི་མིག་སྨན་གཏང་། །
ཡང་ན་སྦྲང་རྩི་དུང་སྦྱར་བའམ། །ཁ་ར་རྒྱ་མཚོའི་ལྦུ་བ་ཕན། །མཛེར་པར་བཤད་པ་རྣམ་ལྔ་ལས། །དུད་པ་ལྟ་བུའི་རྙོག་ཅན་དང་། །གང་ཡང་དམར་ཞིང་ཞོ་འདྲ་བ། །དེ་སྨན་ལིང་ཏོག་བཞིན་དུ་བྱ། །ཅིག་ཤོས་གན་རྐྱལ་བཞག་དུགས་བྱས། །ཁ་ལུང་དང་ནི་རྒྱམ་ཚ་དག །སྦྱར་

བའི་མིག་སྨན་བསྐུས་ནས་ནི། །མིག་བཙུམས་ནས་ནི་མཉེ་བར་བྱ། །དེ་ལྟར་མིག་ནི་འཁྲུགས་བཅས་པ། །ཤ་ལྷག་སྐྱེས་པ་བསྐྱོད་ནས་ནི། །མགོ་བོ་མི་འགྱུར་དམ་དུ་གཟུང་། །མིག་མཆུ་མཆོག་ཏུ་མི་འགུལ་བྱ། །མིག་ཟུར་དུ་ནི་བལྟ་བཞིན་དུ། །མིག་ཕུག་མཚམས་
ནས་མཛེར་པ་མཐོ། །གང་དུ་གཉེར་མ་འདུས་གྱུར་པ། །དེར་ནི་ལྕགས་ཀྱུས་དམ་བཟུང་བའམ། །ཧ་ཅང་མི་ཆེ་མུ་ཙི་ཏྲའམ། །ཁབ་བམ་སྐུད་པས་བླངས་ནས་ནི། །ཀུན་ནས་དཀྱིལ་འཁོར་འདྲ་བས་འདྲལ། །དེ་ནས་བཏོན་ཏེ་དྲལ་ནས་ཀྱང་། །མིག་ཕུག་མཚམས་
སུ་བསྙེན་ནས་ནི། །ཆ་བཞི་ལུས་པར་གཅད་བྱ་སྟེ། །མིག་ཕུག་རྩ་དང་མཆི་མ་ནི། །འཛག་པའི་རྩ་ལ་མི་གནོད་བསྲུང་། །མིག་ཕུག་ཟུར་བཅད་མཆི་མ་འཛག །མིག་གི་རྩ་སྦུབས་རྨ་ཅན་འགྱུར། །མིག་འགྲམ་མཛེར་པ་ཆེར་སྐྱེས་ལ། །མིག་ཕུག་ཟུར་དུ་བལྟས་ཏེ་བྱ། །
ལེགས་པར་བཅད་དེ་ཚ་བ་གསུམ། །རྒྱམ་ཚ་སྦྲང་རྩིར་བཅས་པ་བསྐུ། །ཞུན་མར་དྲོན་མོ་བླུགས་པ་དང་། །སྦྲང་རྩི་མར་སྦྱར་བསྐུས་ཏེ་བཅིངས། །དེ་ནས་ཞག་གསུམ་ལ་སོགས་ནས། །བཀྲོལ་ནས་ཀ་རཉྫའི་ས་བོན། །འོ་མ་བསྐོལ་བ་དེ་བཞིན་བླུགས། །སེར་པོ་རྣམ་
གཉིས་པ་ཏོ་ལ། །ཤིང་མངར་དང་ནི་རྒྱ་སྐྱེགས་ཤིང་། །ཀ་རཉྫ་ཡི་མེ་ཏོག་ནི། །ཁ་འབུས་སྦྲང་རྩིར་བཅས་བསྐོལ་བླུགས། །ཞག་བདུན་ནས་ནི་དེ་དགྲོལ་བྱ། །ལེགས་པར་བཅད་ན་ནད་མེད་འགྱུར། །བཅད་དྲགས་མཆོད་ལས་ནད་འགྱུར། །སྨན་ཁུ་བླུགས་དང་མིག་སྨན་སོགས། །
ཕྱི་བ་དང་ནི་བརྟ་བས་གསོ། །ཁ་ར་ལྡོང་རོས་ཨེ་ལི་ཡ། །རྒྱམ་ཚ་བཅའ་སྒ་ཞོ་རེ་དང་། །སྐྱེར་པའི་ཁཎྜ་སྲང་ཕྱེད་དང་། །སྦྲང་རྩི་སྦྱར་བའི་མིག་སྨན་གྱིས། །བད་ཀན་ལས་གྱུར་རབ་རིབ་དང་། །ཆུ་སེར་གྱིས་གང་ལིང་ཏོག་དང་། །མིག་མཛེར་བཅས་པའི་ཤ་ལྷག་སེལ། །འབྲས་བུ་
གསུམ་ནི་གང་རུང་བའི། །ཤུན་པ་ཆུར་བཏགས་ལྡེ་གུར་བྱས། །ཁམ་ཕོར་སྦྱར་བའི་ནང་དུ་བསྲེགས། །དེ་ནས་ཚིག་ནས་ཕྱེ་མར་བཏགས། །སྨན་ནི་ལྷག་མའི་ཁུ་བ་ཡིས། །སོ་སོར་ལེགས་པར་བསྒོས་ནས་ནི། །སྣག་ཚ་དེ་བསྐམས་སླར་ཡང་བཏགས། །རྒྱམ་ཚ་ཉིས་འགྱུར་བཅས་

པ་ཡི། །མིག་སྨན་གསུམ་པོ་དེ་དག་ནི། །ཕྱི་བའི་མཆོག་ཏུ་མུ་ཁྱུད་འཆད། །རྩ་ཡི་དྲས་གཡོགས་རྩ་གང་ཞིག །སྲ་བས་ཕྱི་བའི་སྨན་དག་གིས། །མ་ཞི་འབྲུམ་ཕྲན་དེ་ལ་ནི། །མིག་མཛེར་ཆོ་ག་བཞིན་དུ་གསོ། །ལིང་ཏོག་ནད་གཞིའི་དབང་ལས་ནི། །སྣུམ་
རྩུབ་འབྲས་བུ་གསུམ་སྦྱིན་ཞིང་། །ཏིག་ཏ་ཆེན་པོའི་སྨན་མར་སྦྱིན། །གཏར་ག་བཀྲུ་སྨན་ཁུ་བ་ཡི། །ཐིགས་པ་བླུགས་པ་ལ་སོགས་བྱ། །སྣད་པའི་ལིང་ཏོག་དུར་བྱིད་ཆུ། །ལན་གསུམ་བསྐོལ་བའི་མར་བླུད་བྱ། །དེ་འོག་གཏར་གའམ་པད་པ་ཡིས། །མིག་ལས་ཁྲག་ནི་དབྱུང་བར་
བྱ། །ཨུཏྤལ་རྒུན་འབྲུམ་ར་མཉེ་བ། །ཤིང་མངར་བི་ད་རི་བསྐོལ་བ། །ཁ་ར་ར་ཡི་འོ་མ་འམ། །ཆུ་བསྐོལ་ཐིགས་པ་བླུགས་པར་བྱ། །མིག་དམར་མཆི་མ་ནད་ཞི་ནས། །དེ་རྗེས་ཕྱི་བའི་མིག་སྨན་ཕན། །ཛཱ་ཏི་ཁ་འབུས་རྒྱ་སྐྱེགས་དང་། །ཡུག་སྣམ་ཙནྡན་རི་ལུར་བྱས། །ཁྲག་
དང་མཁྲིས་པ་དངས་བྱེད་ཅིང་། །སྣད་པ་ལས་གྱུར་ལིང་ཏོག་སེལ། །ཕག་དང་རྔ་མོ་གླང་པོ་ཆེ། །བ་ལང་ར་རྟ་བོང་བུའི་སོ། །རྒྱ་མཚོའི་ལྦུ་བ་མུ་ཏིག་དང་། །ན་ལེ་ཤམ་ནི་བཞི་པར་སྦྱར། །སོ་ཡི་རི་ལུས་སྣད་པ་ཡི། །ལིང་ཏོག་གིས་ཁྱབ་སེལ་བར་བྱེད། །ཏ་མའི་ལོ་མ་བ་ལང་
སོ། །རྒྱ་མཚོའི་ལྦུ་བ་བོང་བུའི་རུས། །ཟངས་མ་དུང་གཅིན་རི་ལུར་བྱས། །ལིང་ཏོག་ཐམས་ཅད་སེལ་བར་བྱེད། །རིན་ཆེན་སོ་དང་རྭ་དང་ནི། །ཁམས་དང་སུག་སྨེལ་ཚ་བ་གསུམ། །སྒོག་སྐྱ་ཀ་རཉྫའི་ས་བོན། །རྨ་ལ་ཕན་པའི་སྨན་རྣམས་ནི། །རྨ་བཅས་རྨ་མེད་གཏིང་ཟུག་
དང་། །པགས་གནས་ལིང་ཏོག་འཇོམས་སྨན་ཡིན། །སྣ་སྨན་སྣུམ་བླུད་ཤ་ཁུ་ནི། །བླུད་པས་དམའ་བ་བསྟོད་པར་བྱ། །ནད་མེད་ལིང་ཏོག་དམའ་བ་ནི། །ཕུར་མ་བཙོས་དང་བརྟ་བས་བསྟོད། །ལིང་ཏོག་དཀར་པོ་སྐྱེས་པ་དང་། །ཤིང་མངར་ཐལ་ཏྲེས་སེང་ཕྲོམ་ཆུ། །བླུགས་
པས་སེང་ཕྲོམ་གཏུམས་པ་ནི། །ཆུ་དྲོན་ལ་སྤངས་ཐིགས་པ་བླུགས། །ཤིང་མངར་བྲི་ཧ་ཏིའི་རྩ་བ། །རྒྱམ་ཚ་དོང་གྲ་ཟངས་མ་ནི། །སྐྱུ་རུ་རའི་འབྲས་ཆུ་དང་བཏགས། །ལྡེ་གུ་ཟངས་མའི་སྣོད་ལ་བསྐུ། །ནས་མར་སྐྱུ་རུ་རའི་ལོ་མ། །དུད་པས་དེ་འོག་མང་དུ་བདུགས། །དེ་ནས་རི་

ལུར་བྱ་བ་ནི། །དེ་ནི་ཆུ་དང་སྦྲང་རྩིར་བཏགས། །མཐོན་ཀ་ཆེན་པོ་ཞེས་བྱ་སྟེ། །ལིང་ཏོག་དཀར་པོ་སེལ་མཆོག་ཡིན། །ལིང་ཏོག་བརྟན་ཞིང་མཐུག་པ་ལ། །ཁྲག་ནི་ལན་མང་དབྱུང་བར་བྱ། །མགོ་དང་ལུས་ཀྱི་བཀྲུ་སྨན་གཏང་། །ཕུར་མ་བཙོས་པའང་ལན་མང་གཏང་། །པི་པི་
ལིང་དང་ན་ལེ་ཤམ། །རྒྱམ་ཚ་ཤྲི་ཤའི་འབྲས་བུའམ། །འབྲས་བུ་གསུམ་བསྐོལ་རྒྱམ་ཚར་བཅས། །བླུད་པས་གནས་ལས་བསྟོད་པར་བྱ། །དུང་དང་རྒྱ་ཤུག་ཀ་ཏ་ཀ །རྒུན་འབྲུམ་ཤིང་མངར་སྦྲང་རྩི་དང་། །མུར་སོ་ཡི་དྲི་མ་ཡི། །ཤྲི་ཤ་ཡི་ནི་མེ་ཏོག་བཅས། །ཚིགས་
བཅད་ཕྱེད་ཀྱིས་བཤད་པ་འདི། །མིག་སྨན་སྦྱོར་བ་གཏང་བར་བྱ། །སྐྱུ་རུ་པ་ནི་ཛའི་ཁུ་བར། །ལང་ཀ་ལི་ཡི་ཐལ་བ་ནི། །ནུབ་གཅིག་སྤངས་ཏེ་བསྐམས་པའི་ཕྱེ། །ལིང་ཏོག་བསྐྱོད་པའི་མིག་སྨན་ཡིན། །མུངྒ་སྤུན་པ་མེད་བཏགས་པ། །དུང་དང་སྦྲང་རྩིར་བཅས་པའང་ཕན། །
སྦྲང་རྩི་མ་དུ་ཀའི་སྙིང་པོའམ། །བ་རུ་ར་རྐང་སྦྲང་རྩིར་བཅས། །བ་ལང་རྟ་བོང་རྔ་མོའི་སོ། །དུང་དང་རྒྱ་མཚོའི་ལྦུ་བ་དང་། །ཨརྫུ་ནེའི་ཆུས་རི་ལུར་བྱས། །བསྐྱོད་པའི་ལིང་ཏོག་འཇིག་པར་བྱེད། །བསྟོད་པའམ་ཟུག་རྔུར་བཅས་པ་ཡི། །ལིང་ཏོག་སྤུ་ལ་སོགས་པས་ཕྱི། །
རྩ་ཡི་ལིང་ཏོག་མཐོང་གནོད་མེད། །སྣད་པའི་ལིང་ཏོག་ལྟ་བུར་གསོ། །ཤིང་མངར་སྟག་ཚེར་ར་མཉེ་བ། །བྲི་ཧ་ཏི་དང་ཨ་ཀ་རུ། །སྐྱེར་པའི་མིག་སྨན་རའི་འོ་མ། །བཏགས་པའི་ལྡེ་གུ་ནས་དང་མར། །བཅས་པའི་དུད་པས་བདུག་པར་བྱ། །སྐྱུ་རུ་ར་ཡི་ལོ་མ་དང་། །རི་ལུར་བྱས་
པ་མིག་སྨན་མཆོག །མ་སོས་ར་ཡི་རིལ་མ་འདྲ། །མཛེར་པ་ལྟ་བུར་མཚོན་གྱིས་གསོ། །རའི་རིལ་གསོར་ནི་མི་རུང་དང་། །ལིང་ཏོག་དེ་འདྲ་དེ་བཞིན་གཞན། །ནད་མ་ཞི་ན་སྣུམ་བླུད་ཅིང་། །གཏར་ག་གདབ་པ་ལ་སོགས་བྱ། །སྨད་བྱས་དེ་ནི་བསལ་བྱས་ཤིང་། །དཀར་ཞིང་
མཐོ་བ་གསོ་བར་བྱ། །རྒྱ་སྟར་གོ་བྱེ་ལུང་ཐང་དང་། །ཏ་ལ་སྨྱིག་མ་ཀ་རི་ར། །བསྲེས་པའི་ཐལ་ཆུ་བཙགས་པ་དང་། །རྔ་མོའི་རུས་པའི་ཕྱེ་མ་བསྲེ། །མིག་སྨན་ལིང་ཏོག་གསོ་དཀའ་དང་། །མདོག་མི་སྡུག་པ་འཇོམས་པར་བྱེད། །གསོ་སླ་ལ་ཡང་འདི་ཉིད་ནི། །བསྟེན་

པས་སེལ་བར་ནུས་པ་ཡིན། །ར་ཡི་རིལ་མ་ངོས་གཉིས་ནས། །ཁབ་ཀྱིས་ཕུག་སྟེ་ཆུ་གཟགས་ནས། །མཐེ་བོས་མཉམ་དུ་བཙིར་ནས་ནི། །རྨ་ཡི་ནང་ནི་ཤ་ཕྱེ་དང་། །ཚིལ་ནི་རློན་པས་བཀང་ནས་ནི། །དཀྲི་ཞིང་དཀྲི་ཞིང་དགང་བར་བྱ། །ཞག་བདུན་ནས་ནི་རྨ་
འབྱོར་ནས། །མིག་འབྲས་ནག་པོ་མཉམ་བརྟན་ལ། །མིག་སྨན་སྣུམ་ཅན་གཏང་བྱ་ཞིང་། །མར་དང་འོ་མའི་སྣ་སྨན་བླུགས། །དེ་ལྟ་ན་ཡང་རྒྱས་གྱུར་ན། །དབུག་དང་བཅད་སོགས་བྱ་བ་བྱས། །བཅད་དྲགས་པ་ཡིས་མིག་ནང་དུ། །ཞུགས་པར་མི་འགྱུར་ཅི་རིགས་བྱ། །ལིང་ཏོག་
ལ་ནི་རྟག་པར་རང་གི་སྨན། །བསྐོལ་བའི་མར་བླུད་སྣ་སྨན་བསྟེན་པ་དང་། །ཅི་ནས་མཐོང་བ་ཉམས་པར་མི་འགྱུར་བར། །མིག་སྨན་རྣོན་པོ་རྟག་ཏུ་བསྟེན་པར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་གཅིག་པའོ།། །།དེ་ནས་
མཐོང་བར་བྱེད་པའི་མིག་ནད་ཀྱི་ནད་དམིགས་ཤེས་པར་བྱ་བ་བཤད་པར་བྱའོ། །ནད་ནི་རྩ་ཡི་ནང་ཞུགས་པ། །རིམ་པ་དང་པོར་གནས་ནས་ནི། །གཟུགས་ནི་མི་གསལ་མཐོང་འགྱུར་ཞིང་། །རྒྱུ་མེད་པར་ཡང་གསལ་བར་མཐོང་། །རིམ་པ་གཉིས་པར་ཕྱིན་པ་ན། །མེད་པ་དག་
ཀྱང་མཐོང་འགྱུར་ཞིང་། །ཡོད་ཅིང་ཉེ་བར་བསྒྲིབས་ན་མཐོང་། །རིང་ནས་ཕྲ་བ་མཐོང་བར་འགྱུར། །ཉེ་དང་རིང་བར་གནས་པའི་གཟུགས། །ཕྱིན་ཅི་ལོག་ཏུ་ཤེས་པར་འགྱུར། །ནད་ཀྱིས་ཟླུམ་པོའི་དབྱིབས་འདྲ་པར། །ཟླུམ་པོ་ཉིད་དུ་མཐོང་བར་འགྱུར། །མཐོང་བྱེད་དབུས་གནས་
གཅིག་གཉིས་མཐོང་། །མང་དུ་གནས་ན་དུ་མ་མཐོང་། །མཐོང་བྱེད་ནང་དུ་ཞུགས་པ་ནི། །ཆེ་ཆུང་གོ་ནི་བཟློག་པར་མཐོང་། །འོག་ཏུ་གནས་པས་ཉེ་མི་མཐོང་། །སྟེང་དུ་གནས་པས་རིང་མི་མཐོང་། །ངོས་ལ་གནས་པས་གཡས་གཡོན་མིན། །ནད་འདི་རབ་རིབ་ཅེས་བྱར་བཤད། །
ནད་ནི་རིམ་པ་གསུམ་པར་བརྟེན། །སྔོན་པོ་ཉིད་དུ་འགྱུར་བ་ཡིན། །དེ་ཡིས་སྟེང་མཐོང་འོག་མི་མཐོང་། །གོས་སྲབ་ཀྱིས་གཡོགས་ལྟར་མཐོང་ཞིང་། །ཁ་དོག་ཇི་བཞིན་འགྱུར་བ་དང་། །རིམ་གྱིས་མཐོང་བ་ཉམས་པར་འགྱུར། །དེ་ལྟ་ན་ཡང་ཡལ་བར་དོར། །རིམ་པ་བཞི་པར་

ཕྱིན་ནས་ནི། །མཐོང་བྱེད་མཚན་མོ་ཉམས་བྱེད་ཅིང་། །མིག་གི་རྒྱལ་མོ་ཁེབས་པར་བྱེད། །དེ་ལ་རླུང་གྱུར་རབ་རིབ་ནི། །ལོང་ལོང་པོར་ནི་མཐོང་བ་དང་། །གཡོ་ཞིང་རྙོག་ཅན་རྩ་དམར་སྣང་། །ཆད་འགའ་གསལ་བར་མཐོང་བ་དང་། །དྲ་བ་སྐྲ་ཤད་སྦྲང་བུ་དང་། །འོད་མཐོང་དེ་ནི་
ཡལ་བར་བོར། །སྔོན་པོར་གྱུར་ལ་མིག་དམར་ལ། །བཞིན་ལ་སྣ་ནི་མེད་པར་མཐོང་། །ཟླ་བ་མེད་སོགས་དུ་མར་མཐོང་། །ཡོན་པོའང་དྲང་པོར་མཐོང་བར་འགྱུར། །སྔོན་པོ་འཕེལ་ན་མཐོང་བྱེད་ནི། །རྡུལ་གྱིས་ཁེབས་པ་ལྟ་བུར་མཐོང་། །གསལ་ཞིང་དམར་བའམ་རྒྱ་ཆེ་བའམ། །
ཕྲ་བའམ་མཐོང་བ་ཉམས་པར་འགྱུར། །དེ་ནི་མཐོང་བ་ཉམས་པ་ཡིན། །རླུང་གིས་མིག་གི་རྩ་འཁུམས་འགྱུར། །མཐོང་བྱེད་གཏིང་དུ་ཞུགས་པ་དག །འདི་ནི་གཏིང་རིང་ཞེས་བྱར་བཤད། །མཁྲིས་གྱུར་རབ་རིབ་གློག་དང་ནི། །སྲིན་བུ་མེ་ཁྱེར་མེ་སྒྲོན་འོད། །རྨ་བྱ་
སྲེག་པའི་སྒྲོ་དང་འདྲ། །ཕལ་ཆེར་སྔོན་པོར་མཐོང་བར་འགྱུར། །མཐོང་བྱེད་མིག་ནི་འཁར་གཡའ་འདྲ། །དེ་ལྟ་བུ་ནི་མཐོང་བ་དང་། །ཉི་ཟླ་འཁྱིམས་དང་མེ་དང་ནི། །སྨིག་རྒྱུ་འཇའ་ཚོན་མཐོང་བར་འགྱུར། །བུང་བ་ལྟར་སྔོ་མཐོང་བ་མེད། །འབྲས་བུ་སྣུམ་པ་མཐོང་ཉམས་ཡིན། །མཁྲིས་པ་མིག་
ནི་ཆུང་ཞེས་བཤད། །ཆུང་མཐོང་དེ་ནི་ཐུང་ངུ་ཡིན། །སེར་ཞིང་དངོས་པོ་སེར་པོར་མཐོང་། །མཁྲིས་པས་ཚིག་པར་གྱུར་ཞེས་བྱ། །བད་ཀན་རབ་རིབ་ཕལ་ཆེར་ནི། །སྣུམ་ཞིང་དཀར་བར་མཐོང་བ་དང་། །དུང་དང་ཟླ་བ་ཀུནྡ་དང་། །ཀུནྡའི་མེ་ཏོག་ལྟ་བུས་ཁྱབ། །སྔོན་པོ་འོད་མེད་ཉི་
ཟླ་དང་། །སྒྲོན་མེས་ཁྱབ་པ་ལྟ་བུར་མཐོང་། །མིག་འབྲས་དཀར་པོར་སྣང་བར་འགྱུར། །བད་ཀན་མཐོང་ཉམས་དེས་མངོན་ཁྱབ། །སྣུམ་ཞིང་མཐོང་བ་ཉམས་འགྱུར་ལ། །ཆུ་ཡི་ཐིགས་པ་པདྨ་ཡི། །འདབ་མའི་སྟེང་ན་གནས་ལྟར་གཡོ། །དྲོ་ན་ཞུམ་པར་འགྱུར་བ་དང་། །གྲང་
བས་ཡོངས་སུ་ཁྱབ་པར་བྱེད། །ཟླ་བ་མེ་ཏོག་ཀུནྡ་དུང་། །ཤེལ་ལྟར་སྣང་ཞིང་དཀར་བ་ཡིན། །ཁྲག་གི་རབ་རིབ་དམར་བ་དང་། །མུན་པར་གྱུར་པ་མཐོང་བ་ཡིན། །སྔོན་པོ་དམར་བ་གནག་པར་ནི། །མིག་གིས་དེ་ལྟར་མཐོང་བ་ཡིན། །མཚན་མ་ཉམས་པ་དེ་འདྲར་མཐོང་། །

འོད་མེད་མཐོང་བ་ཉམས་པ་ཡིན། །ལྡན་པ་འམ་ནི་འདུས་པ་ཡི། །རབ་རིབ་ལ་སོགས་མཚན་མ་ནི། །འདྲེན་མ་ཡིན་པར་ཤེས་པར་བྱ། །གློ་བུར་དུ་ནི་རབ་རིབ་དག །གསལ་དང་མི་གསལ་འཁྲུགས་པར་བྱེད། །ལྷག་མ་དག་གིས་མཐོང་བྱེད་ནི། །དམར་ཞིང་
སྣ་ཚོགས་དག་ཏུ་སྣང་། །གང་གིས་མཐོང་བྱེད་ནད་ཀྱིས་ཁྱབ། །སྲེ་མོའི་མིག་འདྲར་སྣང་བར་འགྱུར། །དེ་ནི་ཉིན་མཐོང་མཚན་མོ་མིན། །ནེེའུ་ལེ་ལོང་བ་ཞེས་དེ་བཤད། །ཉི་མ་ནུབ་པར་གྱུར་པ་ན། །འོད་མི་སྣང་ཚེ་རེངས་འགྱུར་ཞིང་། །མཐོང་བྱེད་ཉམས་པར་བྱེད་པ་ནི། །ནད་ཀྱི་ལོང་
བ་གཉིས་པ་ཡིན། །ཉི་མའི་ཟེར་གྱིས་ཕོག་པ་ན། །མཐོང་བའི་ལམ་ནས་དྲི་མ་ནི། །ཞུ་ཞིང་མེད་པར་གྱུར་ནས་ནི། །ཉིན་མོ་གསལ་བར་མཐོང་བར་བྱེད། །ཚ་བས་གདུངས་ཏེ་མོད་ལ་ནི། །ཆུ་གྲང་ནང་དུ་ཞུགས་གྱུར་ན། །ནད་གཞི་གསུམ་དང་ཁྲག་འཁྲུགས་ཏེ། །དྲོད་ནི་གྱེན་འགྲོ་
དེ་ནས་མིག །ཚ་ཞིང་ན་དཀར་དྲི་མ་ཅན། །ཉིན་མོ་ལོང་ལོང་པོར་མཐོང་ཞིང་། །མཚན་མོ་ལོང་བར་གྱུར་པ་དག །དེ་ནི་དྲོ་བས་ཚིག་ཅེས་བྱ། །ཤས་ཆེར་སྐྱུར་ཟོས་ནད་དང་ནི། །ཁྲག་དང་བཅས་པས་མིག་ཁྱབ་འགྱུར། །འདྲུལ་ཞིང་གཡོ་ལ་དྲི་མ་ཅན། །དེ་ནི་སྐྱུར་གྱིས་ཚིག་
ཅེས་བྱ། །མྱ་ངན་རིམས་དང་མགོ་ནད་ཀྱིས། །རླུང་སོགས་གདུངས་པར་གྱུར་པ་ལས། །རླུང་སོགས་འཁྲུགས་ཤིང་དུད་འཐུལ་མཐོང་། །དེ་ནི་དུད་པ་ཅན་ཞེས་བྱ། །སྙིང་སྟོབས་ཆུང་བས་གློ་བུར་དུ། །ངོ་མཚར་ཅན་གྱི་གཟུགས་མཐོང་བའམ། །ཉི་མ་འོད་ཅན་སོགས་མཐོང་
ནས། །མིག་ལ་བརྟེན་པའི་རླུང་ལ་སོགས། །གཟི་བརྗིད་ཉམས་པས་མིག་གི་ནི། །མཐོང་བ་ཉམས་པར་བྱེད་པར་འགྱུར། །བཻ་ཌཱུརྱའི་མདོག་མཁྲང་བག་དང་། །རང་བཞིན་གནས་ལྟར་ནད་མེད་འགྱུར། །འདི་ནི་ཕྲད་པ་ལས་བྱུང་བའི། །མཚན་མ་ཉམས་པ་ཞེས་བྱར་བཤད། །
འདི་ལས་བད་ཀན་མ་གཏོགས་མཚན། །ཉམས་དང་ཐུང་ངུ་གཏིང་ཞེན་སྤང་། །མིག་སྔོན་དྲུག་དང་ནེེའུ་ལེའི། །ལོང་བ་འཚོ་ཙམ་ལྷག་མ་ནི། །བཅུ་གཉིས་པོ་ནི་གསོ་བར་བྱ། །དེ་ལྟར་མིག་ནད་ཉི་ཤུ་ནི། །རྩ་བདུན་དག་ཏུ་བསྟན་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་

པ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་གཉིས་པའོ།། །།དེ་ནས་རབ་རིབ་གསོ་བ་བཤད་པར་བྱའོ། །རབ་རིབ་སྔོན་པོ་ཉིད་འགྱུར་ཞིང་། །སྔོན་པོ་མ་བཅོས་ལོང་བར་འགྱུར། །དེ་བས་མིག་ནད་ལ་རབ་རིབ། །མི་བཟད་མྱུར་དུ་གསོ་བར་བྱ། །འཚོ་བྱེད་སྲང་བརྒྱ་ཆུ་པྲེ་
ནི། །བཅུ་དྲུག་ནང་བསྐོལ་བཞི་ཆ་ལུས། །ཁུ་བ་འོ་མ་བྲེ་དོ་དང་། །མར་ནི་བྲེ་གང་ལྷན་ཅིག་བཙོ། །སྟག་ཚེར་བ་དང་ར་མཉེ་བ། །སེང་ཕྲོམ་རྒྱམ་ཚ་པི་པི་ལིང་། །ཤུ་ཏི་ཤིང་མངར་རྒུན་འབྲུམ་དང་། །ཐང་ཤིང་ཁ་ར་འབྲས་བུ་གསུམ། །ཞོ་ནི་གཉིས་གཉིས་བཏབ་བསྐོལ་ཏེ། །
མཚན་འཐུངས་རབ་རིབ་སེལ་མཆོག་ཡིན། །རྒུན་འབྲུམ་བཙོད་དང་ཙནྡན་དཀར། །ར་མཉེ་བ་གཉིས་ཛི་བ་ཀ །ཁ་ར་ཉེའུ་ཤིང་མེ་ད་དང་། །ཤིང་མངར་ཨུཏྤལ་པུཎྜ་རཱི། །ཞོ་ནི་གཉིས་གཉིས་མར་རྙིང་ནི། །བྲེ་གང་འོ་མ་དེ་མཉམ་བསྐོལ། །དེ་ཡིས་མིག་སྔོན་རབ་རིབ་དང་། །མར་
གྱིས་མགོ་ནད་རབ་རིབ་འཇོམས། །ནིམ་པ་སྐྱེར་པ་པ་ཏོ་ལ། །པུ་ཙེ་ཤེལ་དང་པུ་ཤེལ་ཙི། །འབྲས་བུ་གསུམ་དང་བ་ཤ་ཀ །བྱི་ཚེ་རབ་དང་ཀྱི་ལྕེ་བ། །པར་པ་ཏ་ནི་སྲང་རེ་ཡིན། །སྐྱུ་རུ་ར་ནི་བྲེ་གང་དང་། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བྲེ་བཞི་ལུས་པར་གླ་སྒང་དང་། །རྩ་མཁྲིས་
ཤིང་མངར་དུག་མོ་ཉུང་། །བ་ལུ་ཀ་དང་ཙནྡན་དང་། །པི་པི་ལིང་སྲང་ཕྱེད་ཕྱེད་དང་། །མར་བྲེ་གང་དང་བཅས་བསྐོལ་བ། །དེས་ནི་རྣ་མིག་སྣ་ནད་དང་། །ཁོང་འབྲས་རིམས་དང་མཛེར་པ་དང་། །འབྲུམ་ཕྲན་ཤུ་བ་མཛེ་ནད་སེལ། །མཆོག་ཏུ་ལིང་ཏོག་རབ་རིབ་དང་། །མཚན་ལོང་དྲོ་བས་
ཚིག་པ་འཇོམས། །འབྲས་བུ་གསུམ་ནི་སྲང་བརྒྱད་དག །ཆུ་བྲེ་བཞི་བསྐོལ་བཞི་ཆ་ལུས། །འོ་མ་དེ་དང་ཆ་མཉམ་དང་། །འབྲས་བུ་གསུམ་གྱི་ལྡེ་གུ་ནི། །སྲང་གཅིག་ཞུན་མར་བྲེ་ཕྱེད་བསྐོལ། །ཁ་རའམ་སྦྲང་རྩིར་བཅས་པའམ། །འབྲས་བུ་གསུམ་གྱི་ཁུ་བར་བཅས། །འཐུངས་
ན་རབ་རིབ་ཐམས་ཅད་འཇོམས། །ཤིང་མངར་ར་མཉེ་བ་གཉིས་དང་། །ཀཎྜ་ཀཱ་རི་པི་པི་ལིང་། །ཨ་རུ་ར་དང་ཨུཏྤ་ལ། །ཁ་ར་རྒུན་འབྲུམ་སྲང་རེར་བཅས། །ར་ཡི་འོ་མ་མར་བྲེ་རེ། །འབྲས་བུ་གསུམ་དང་བ་ཤ་ཀ ། བྲིང་ག་ར་ཛའི་ཁུ་བར་བསྐོལ། །འདི་ནི་འབྲས་བུ་གསུམ་ཆེན་མོའི། །

མར་དེ་མིག་ནད་ཀུན་སེལ་མཆོག །འབྲས་བུ་གསུམ་དང་མར་རམ་ནི། །འབྲས་བུ་གསུམ་དང་ཤིང་མངར་བཅས། །སྦྲང་རྩི་ཡིས་ནི་སྦྲུས་གྱུར་པ། །མཚན་མོ་ཟོས་པར་གྱུར་ན་ནི། །ཟླ་གཅིག་ཕན་པའི་ཟས་བསྟེན་ཞིང་། །སྐྱུ་རུ་ར་ཡི་ཆུ་འཐུངས་ན། །མཁའ་
ལྡིང་ལྟ་བུའི་མིག་ཐོབ་ཅེས། །དྲང་སྲོང་མུ་ཁྱུད་ཀྱིས་བཤད་དོ། །ཏ་བྱ་ཤིང་མངར་ལྕགས་དང་གསེར། །ཁ་ར་སྦྲང་རྩི་མར་རྙིང་དང་། །འབྲས་བུ་གསུམ་དང་ཅི་འདོད་སྦྱར། །བསྟེན་པས་རབ་རིབ་འཇོམས་མཆོག་ཡིན། །ཡང་ན་འབྲས་བུ་གསུམ་བསྐོལ་མར། །རབ་རིབ་ཅན་གྱིས་བསྟེན་
བྱའམ། །སྣུམ་ཁུར་ཕྱེའམ་སྲན་ཚོད་ནི། །འབྲས་བུ་གསུམ་གྱི་ཕྱེ་བཅས་པའམ། །འོ་ཐུག་འབྲས་བུ་གསུམ་བཅས་པ། །བསྒྲངས་ཏེ་ཁ་ར་སྦྲང་རྩི་བཏབ། །ཟས་མ་ཟོས་པའམ་ནང་པར་ནི། །རྒུན་འབྲུམ་ཁ་ར་སྦྲང་རྩི་དང་། །ཨ་རུ་ར་ནི་སོ་སོར་བཟའ། །རྟག་ཏུ་རབ་རིབ་ཅན་
གྱིས་བསྟེན། །ལིག་བུ་མིག་ཆ་དྲུག་ཅུ་བཞི། །ཟངས་དང་དངུལ་དང་གསེར་གྱི་ཆ། །རེ་རེ་གཅིག་ཏུ་སྦྱར་བ་ནི། །ཀོང་བུ་ཁ་སྦྱར་ནང་དུ་གཞུག །འདྲེས་པར་གྱུར་གྱི་བར་དུ་བུད། །དེ་ནས་དེ་ཡི་རོ་དྲུག་གི། །ཚོགས་ཀྱི་ཁུ་བ་ལན་བདུན་དང་། །སོ་སོར་དེ་ལ་བླུགས་པར་བྱ། །མུ་ཏིག་དུང་
དང་བེེ་ཌཱུརྱ། །ཚ་བ་གསུམ་དང་དེ་ནས་བསྲེ། །ཕྱེ་མའི་མིག་སྨན་དེ་གཏང་བྱ། །རབ་རིབ་ཐམས་ཅད་སེལ་བྱེད་ཡིན། །རྒུན་འབྲུམ་པདྨའི་རྩ་བ་ཡི། །ཁུ་བ་འོ་མ་ཆང་དང་ཞག །ཆར་པ་དེ་བཞིན་ལིག་བུ་མིག །བསྐོལ་ཞིང་བསྐུ་བ་བྱས་ནས་ནི། །ཕྱེ་མ་དེ་ནི་དུང་དང་གཞུག །མཐོང་
བ་གསལ་བྱེད་མིག་སྨན་ཡིན། །མིག་ནད་ཐམས་ཅད་ལ་བསྔགས་ཞེས། །ལུས་འཕགས་རྒྱལ་པོས་བཤད་པ་ཡིན། །སྤངས་མ་སྲང་གཉིས་རྒྱ་ཤུག་གི། །སོལ་བར་བསྲེགས་ལ་ར་ཡི་ནི། །འོ་མ་མར་དང་སྦྲང་རྩི་ཡི། །ནང་དུ་ལན་ནི་བདུན་བདུན་བཅུག །ཏ་བྱ་དང་ནི་ན་ལེ་ཤམ། །
ལིག་བུ་མིག་དང་པུ་ཙེ་ཤེལ། །སྤང་སྤོས་རྒྱམ་ཚ་ཨ་རུ་ར། །སེང་ཕྲོམ་ལྡོང་རོས་པི་པི་ལིང་། །སུག་སྨེལ་རྒྱ་མཚོའི་ལྦུ་བ་དང་། །སྟང་ཟིལ་ཞོ་ནི་གཉིས་གཉིས་དང་། །ཤིང་མངར་སྲང་གཅིག་བཅས་པ་ནི། །ཀོང་བུ་ཁ་སྦྱར་ནང་བསྲེགས་བཏགས། །མིག་སྔོན་མཚན་མོ་ལོང་

བར་བཅས། །དམར་རིས་དེ་བསྟེན་པ་ཡིས་འཇོམས། །ཕྱེ་མས་མཆོག་ཏུ་རབ་རིབ་ནད། །ཉི་མས་མུན་པ་ལྟ་བུར་སེལ། །སྤང་སྤོས་དྲི་བཟང་གསུམ་དང་ལྕགས། །གུར་གུམ་ཨུཏྤལ་སྔོན་པོ་དང་། །ཁ་ར་སྤངས་མ་ཨ་རུ་ར། །རྒྱ་མཚོའི་ལྦུ་བ་འཆིང་བུ་དཀར། །ན་ལེ་ཤམ་དང་
པི་པི་ལིང་། །སྟང་ཟིལ་ཤིང་མངར་དུང་དང་བཅས། །ཐ་སྐར་ཟླ་བའི་ཚེ་ན་ནི། །ཕྱེ་མ་མིག་གཉིས་ལ་བསྐུས་ན། །མིག་མཛེར་རབ་རིབ་དམར་རིས་དང་། །གཡའ་དང་མིག་སྔོན་སོགས་ཞི་བྱེད། །ན་ལེ་ཤམ་དང་རྒྱམ་ཚ་ནི། །ཆ་རེ་པི་པི་ལིང་དང་ནི། །རྒྱ་མཚོའི་ལྦུ་བ་ཆ་གཉིས་དང་། །
སྐྱེར་པའི་ཁ་ཎྜ་ཆ་དགུ་ནི། །ནག་པ་ལ་བབ་ཚེ་ན་བཏགས། །མིག་བསྐུས་བད་ཀན་རབ་རིབ་འཇོམས། །སྤངས་མ་བསྲེགས་ཏེ་ལན་མང་དུ། །བ་གཅིན་ར་ཐུག་ཁུ་བ་དང་། །སྐྱུར་རྩབས་བུད་མེད་ནུ་ཞོ་དང་། །དུག་གི་ཁུ་བ་སྦྲང་རྩི་མར། །བཅུག་པར་གྱུར་པ་གང་ཡིན་པ། །ཕྱེ་མར་བྱས་དེས་
མི་ཡི་མིག །མཁའ་ལྡིང་མིག་ལྟར་གསལ་བར་འགྱུར། །བྲིང་ག་ར་ཛ་འབྲས་བུ་གསུམ། །དུག་དང་ཤིང་མངར་ཁུ་བ་དང་། །མར་དང་ར་ཡི་འོ་མར་ནི། །ཞ་ཉེ་ལན་ནི་བདུན་བདུན་དུ། །བསྲེགས་ཤིང་བསྲེགས་ཤིང་བཙོས་པ་ཡི། །མིག་སྨན་ཐུར་མར་བྱས་པ་དེ། །མིག་སྨན་བསྐོལ་
བ་འམ་མ་བསྐོལ་བའམ། །བྱུགས་ན་རབ་རིབ་མིག་མཛེར་ནད། །ཆུ་སེར་འཛག་དང་འབྱར་བག་ཅན། །གཡའ་དང་ཚོར་བ་མེད་པ་དང་། །རི་མོ་དམར་པོར་སྣང་བ་འཇོམས། །དངུལ་ཆུ་རོ་ཉེ་ཆ་མཉམ་བྱ། །དེ་གཉིས་སྟང་ཟིལ་མཉམ་བྱས་ལ། །ག་པུར་ཅུང་ཟད་བཏབ་པ་ཡི། །མིག་
སྨན་རབ་རིབ་སེལ་མཆོག་ཡིན། །བྱ་རྒོད་དུས་སུ་ཤི་བའི་མགོ་བོ་ནི། །ཉི་མ་འཆར་ཀའི་མདོག་འདྲ་གང་ཡིན་དེ། །བ་ལང་ལྕི་བས་བསྲེགས་ཐལ་ལིག་བུ་མིག །ཆ་མཉམ་བཏགས་པར་གྱུར་པའི་ཕྱེ་མ་ཡི། །སྦྱོར་འདིས་མིག་གི་གསལ་སྟོབས་བྱ་རྒོད་ལྟ་བུར་བྱེད། །སྦྲུལ་ནག་མགོར་ནི་
ལིག་པུ་མིག །མར་བཅས་དུད་པ་མ་ཤོར་བསྲེགས། །སྤང་སྤོས་གནྡྷ་བྷ་དྲ་དང་། །ལྷན་ཅིག་བཏགས་པས་མིག་འབྲས་ནི། །རྡོལ་ཡང་མིག་ནི་སྲུང་བར་བྱེད། །སྦྲུལ་ནག་ཤི་བའི་རོ་དང་ནི། །སྡིག་པ་ཤི་བའི་རོ་བཞི་ནི། །འོ་མའི་བུམ་པར་ཞག་ཉི་ཤུ། །རྩ་གཅིག་བཅུག་

སྟེ་བསྲུལ་ལ་བསྲུབ། །དེ་ལས་མར་སར་གང་བྱུང་བས། །ཁྱིམ་བྱ་གསོས་ཏེ་དེ་ཡི་ནི། །རྟུག་པས་མིག་ནི་བསྐུས་གྱུར་ན། །ལོང་བས་ཀྱང་ནི་ལེགས་པར་མཐོང་། །སྦྲུལ་ནག་པོ་ཡི་ཞག་དང་དུག །སྟང་ཟིལ་ཀ་ཏ་ཀའི་འབྲས་བུ། །ཁུ་བར་བྱས་པའི་སྦྱོར་བ་
ཡིས། །ལོང་བའང་མྱུར་དུ་མཐོང་བར་བྱེད། །ན་ལེ་ཤམ་ནི་རྡོག་མ་བཅུ། །དྲུབ་མར་ཅང་ནི་སྲང་ཕྱེད་དང་། །སྤངས་མ་སྲང་གཅིག་ཤིང་མངར་ནི། །ཞོ་གཉིས་འོ་མའི་ནང་དུ་སྦངས། །དུ་བ་མ་ཤོར་བསྲེགས་མིག་སྨན། །ཁུ་བ་མཉམ་མེད་ཅེས་བྱ་སྟེ། །རབ་རིབ་འཇོམས་པའི་
མཆོག་ཡིན་ནོ། །བ་རུ་ར་ཡི་ཚི་གུ་ན་ལེ་ཤམ། །སྐྱུ་རུ་ར་དང་སྤངས་མ་ཤིང་མངར་ནི། །ཆུ་ཐག་བྱས་པའི་རི་ལུ་གྲིབ་མར་བསྐམས། །རབ་རིབ་མྱུར་དུ་འཇོམས་པར་བྱེད་པ་ཡིན། །ན་ལེ་ཤམ་དང་སྐྱུ་རུ་ར། །རྒྱ་མཚོའི་ལྦུ་བ་སྤངས་མ་དང་། །དངུལ་རྡོ་དང་ནི་དྲུབ་མར་བཅས། །གོ་
རིམས་བཞིན་དུ་ཆ་རེས་བསྐྱེད། །དྲུབ་མར་ཆ་ནི་དྲུག་པ་སྟེ། །སྦྱོར་འདིས་རབ་རིབ་ལིང་ཏོག་མཛེར། །གནག་དང་མིག་སྔོན་གཡའ་བ་སེལ། །རིན་ཆེན་དངུལ་དང་ཤེལ་དང་གསེར། །ལིག་བུ་མིག་དང་ཟངས་དང་ལྕགས། །ཙནྡན་དམར་པོ་ཡུག་སྣམ་དམར། །ཕྱེ་མའི་མིག་
སྨན་ནད་ཀུན་སེལ། །ཏིལ་མར་བ་རུ་ར་ཡི་མར། །བྲིང་ག་ར་ཛ་ཨ་ས་ནའི། །ཁུ་བ་ལྕགས་ཀྱི་སྣོད་དུ་བསྐོལ། །སྣར་བླུགས་མིག་ནི་གསལ་སྟོབས་སྐྱེད། །ནད་ཀྱི་ཚུལ་ལས་དེ་ལ་ལན་མང་དུ། །སྣུམ་བླུད་གཏར་ག་བཀྲུ་སྨན་སྣ་སྨན་དང་། །མིག་སྨན་མགོ་བོའི་བཀྲུ་སྨན་མས་གཏོང་
དང་། །ཉམས་བརྟས་བྱུགས་དང་བླུགས་པས་ཅི་རིགས་གསོ། །འདི་ནི་སྤྱི་ཡི་གསོ་བ་ཡིན། །ད་ནི་རེ་རེའི་མཉན་པར་གྱིས། །དེ་ལ་རླུང་གྱུར་རབ་རིབ་ལ། །རྩ་བ་བཅུ་བསྐོལ་ཁུ་བ་མར། །འོ་མ་བཞི་འགྱུར་འབྲས་བུ་གསུམ། །ལྡེ་གུ་བསྐོལ་བ་བླུད་པར་བྱ། །དེ་འོག་འབྲས་བུ་གསུམ་
དང་ནི། །རྩ་བ་ལྔའི་ཁུ་འོ་མ་དང་། །ཨེ་རཎྜ་ཡི་ཏིལ་མར་བཅས། །བཀྲུ་སྨན་ཉེ་བར་གཏང་བར་བྱ། །ཛི་བན་ཏི་ཡི་ཡལ་གར་བཅས། །སྲང་བརྒྱ་ཆུ་བྲེ་བཅུ་དྲུག་བསྐོལ། །བརྒྱད་ཆ་ལུས་པ་དེ་ནང་དུ། །ཏིལ་མར་འོ་མ་བྲེ་རེ་དང་། །བ་ལ་གསུམ་དང་ཛི་བན་ཏི། །ཉེའུ་ཤིང་རྩ་བ་སྲང་

རེ་དང་། །ཤིང་མངར་སྲང་ནི་བཞི་དང་བཅས། །ལྕགས་ཀྱི་སྣོད་དུ་བསྐོལ་བར་བྱ། །ལྕགས་སྣོད་ཉིད་དུ་ཟླ་གཅིག་གཞག །སྣ་སྨན་ནམ་ཚོད་ཡན་ཆད་ཀྱི། །རླུང་ནད་མཁྲིས་པའི་ནད་འཇོམས་ཤིང་། །མཆོག་ཏུ་མིག་ལ་གནས་པ་སེལ། །སྐྲ་གདོང་གཉའ་བ་ཕྲག་ནད་
སེལ། །རྒྱས་ཤིང་གཟི་མདངས་མཛེས་པར་བྱེད། །ཨེ་རཎྜ་དཀར་རྩ་བ་དང་། །ཐང་ཤིང་བྲི་ཧ་ཏིའི་འབྲས་བུ། །ཤུ་དག་རྒྱ་སྤོས་ཙི་ཏྲ་དང་། །བིལ་བའི་རྩ་བ་ཏིལ་མར་དང་། །འོ་མར་བཅས་བསྐོལ་སྣར་བླུགས་ན། །ནམ་ཚོང་ཡན་ཆད་རླུང་དང་ནི། །བད་ཀན་གྱི་ནི་ནད་ཀུན་སེལ། །
སྟག་དང་ཕག་དང་བྱ་རྒོད་དང་། །སྦྲུལ་དང་ཁྱིམ་བྱའི་ཚིལ་དང་ནི། །ཤིང་མངར་སོ་སོར་སྦྱར་ཏེ་བསྐོལ། །མིག་སྨན་བསྐུས་པར་བསྔགས་པ་ཡིན། །དེ་རྗེས་མིག་སྨན་ལིག་བུ་མིག །ཤ་ཁུ་འོ་མ་མར་རིམ་བཞིན། །སྔ་མ་བཞིན་དུ་བླུགས་ན་ནི། །རབ་རིབ་འཇོམས་བྱེད་
མཆོག་ཡིན་ནོ། །དེ་ལྟར་བྱས་ཀྱང་མ་ཞི་ན། །དེ་འོག་བརྟ་བའི་ཆོ་ག་སྤྱད། །ཤུ་ཏི་རུ་རྟ་སྤང་སྤོས་དང་། །ཤིང་མངར་རམ་ཉེ་བ་གཉིས་དང་། །སྟག་ཚེར་བ་དང་ས་ར་ལ། །པི་པི་ལིང་དང་ཐང་ཤིང་ནི། །མར་གྱི་བརྒྱད་འགྱུར་འོ་མར་བསྐོལ། །མིག་བརྟ་བ་ཡི་མཆོག་ཡིན་ནོ། །རི་
དག་ཨེ་ནེ་ཡའི་ཚིལ་ནི། །འོ་མར་བསྐོལ་ཏེ་གཟར་བུས་དཀྲུགས། །དེ་ཡི་དངས་མ་ཤིང་མངར་དང་། །ཙནྡན་པུ་ཤེལ་ཙེ་དེ་བཞིན། །ཤྭ་བིད་རེག་འཇམ་གོ་ད་དང་། །ཁྱིམ་བྱ་སྲེག་པ་རྨ་བྱའི་ཚིལ། །རེ་རེ་ཞིང་ནི་ཆོ་ག་དག །འདི་དག་གིས་ནི་བརྟ་བར་བྱ། །གསལ་བར་བྱ་དང་
སྣུམ་དང་ནི། །སྨན་ཕུར་བཙོས་པའི་ཐིགས་པའང་བླུགས། །འདིར་ནི་རླུང་འགྱུར་ཆམ་པ་བཞིན། །ནི་རུ་ཧ་དང་འཇམ་རྩི་བྱ། །མཁྲིས་པ་ལས་གྱུར་རབ་རིབ་ལ། །འཚོ་བྱེད་འབྲས་བུ་གསུམ་དང་ནི། །བསྐོལ་བའི་མར་ནི་བླུད་བྱ་ཞིང་། །སྣུམ་གྱིས་ཞེན་པར་གཏར་ག་གདབ། །
ཁ་ར་དུར་བྱིད་སུག་སྨེལ་ཕྱེ། །སྦྲང་རྩི་སྦྱར་བའི་བཀྲུ་སྨན་གཏང་། །རབ་བསིལ་སྨན་ཆུ་བླུགས་བྱུག་སོགས། །གདོང་དང་མིག་དང་སྤྱི་བོར་བྱ། །ཐལ་ཏྲེས་ཤུག་པ་པུ་ཤེལ་ཙི། །མུ་ཏིག་སེང་ཕྲོམ་ཙནྡན་དཀར། །རི་ལུའི་མིག་སྨན་བསྐུས་ན་ཕན། །དེ་བཞིན་གནྡྷ་བྷ་དྲ་

དང་། །ནཱ་ག་པུཥྤ་ཨུཏྤ་ལ། །ག་པུར་ཤིང་མངར་ཡུག་སྣམ་ཕན། །སྐྱེར་ཁཎྜ་དང་སྦངས་མ་དང་། །ཀརྐ་ཏ་ཡི་སྲིང་གི་དང་། །སྐྱུ་རུ་ར་ཡི་འབྲས་བུ་ཤེལ། །ག་པུར་ཆ་ནི་ལྔ་ལྔ་དང་། །ཆ་གསུམ་ཆ་རེ་སྦྱར་བ་ཡིན། །མིག་སྨན་རབ་རིབ་འཇོམས་པར་
བྱེད། །འཚོ་བྱེད་ཁ་ར་ཨུཏྤ་ལ། །འོ་མ་མར་བསྐོལ་སྣ་སྨན་གཏང་། །བད་ཀན་ལས་གྱུར་སླེ་ཏྲེས་དང་། །འབྲས་བུ་གསུམ་དང་པི་པི་ལིང་། །མར་བསྐོལ་སྣུམ་བླུད་གཏར་ག་གདབ། །དེ་རྗེས་དནྡ་དུར་བྱིད་བསྐོལ། །གླ་གོར་ཞོ་ཤ་ཨ་རུ་ར། །བཅའ་སྒ་པི་པི་ལིང་ཕྱེ་
གདབ། །བཀྲུ་སྨན་དག་ནི་གཏང་བར་བྱ། །རྩ་བ་བཅུ་པའི་ཁུ་བར་ནི། །བ་ལེ་ཀ་དང་སེར་པོ་གཉིས། །ཐང་ཤིང་པི་པི་ལིང་འོ་མ། །ཏིལ་མར་བསྐོལ་བའི་སྣ་སྨན་གཏང་། །དུང་དང་གླ་རྩི་པྲི་ཡང་ཀུ། །རྩ་བ་གསུམ་དང་འབྲས་བུ་གསུམ། །དྲི་མེད་རི་ལུས་མིག་གསལ་བྱེད། །
ལྕགས་ནག་ཕྱེ་མ་ཚ་བ་གསུམ། །རྒྱམ་ཚ་འབྲས་བུ་གསུམ་མིག་སྨན། །རི་ལུ་ནག་པོས་མིག་གསལ་བྱེད། །རི་བོང་བོང་བུ་སེང་གེ་གླང་། །རྔ་མོའི་སོ་དང་དཔྲལ་བའི་རུས། །བ་ལང་དཀར་སྤུན་ལེ་ཤམ། །རྒྱ་མཚོའི་ལྦུ་བ་ཙནྡན་དུང་། །ནུ་ཞོ་ར་ཡི་འོ་མར་བཏགས། །རི་ལུས་
རབ་རིབ་ལིང་ཏོག་སེལ། །ཁྲག་གྱུར་མཁྲིས་པ་ལྟ་བུར་གསོ། །བསིལ་ཆོས་བྱ་ཞིང་གཏར་ག་གདབ། །རྒུན་འབྲུམ་སྤང་སྤོས་སེང་ཕྲོམ་དང་། །ཤིང་མངར་ཙནྡན་སྤངས་མ་དུང་། །པདྨ་ཤུག་པ་ཨུཏྤལ། །ར་ཡི་འོ་མས་རི་ལུར་བྱས། །ཁྲག་གྱུར་རབ་རིབ་མྱུར་དུ་སེལ། །
ལྡན་པ་འདུས་པ་ལས་གྱུར་པ། །ནད་གཞི་ཆ་ནི་ཇི་བཞིན་གསོ། །མ་དུ་ཀ་དང་བྱི་དང་ག །ན་ལེ་ཤམ་དང་སྒྲོན་ཤིང་དང་། །འོ་མ་ཏིལ་མར་བསྐོལ་བའམ། །བཏགས་པའི་སྣ་སྨན་གདོང་བསྐུ་བྱ། །རྒྱ་སྤོས་ཨུཏྤལ་ཨ་ནནྟ། །ཤིང་མངར་སུ་ནི་ཤན་ཀཻ །ཏིལ་མར་བསྐོལ་
བའི་སྣ་སྨན་དང་། །མགོ་བསྐུ་འཇམ་རྩི་བྱ་བ་བསྔགས། །པུ་ཤེལ་ཙི་བསྐོལ་ཁུ་བའི་ནང་། །རྒྱམ་ཚ་པི་པི་ལིང་ཕྱེ་གདབ། །དེ་བཙགས་སླར་ཡང་མར་བཅས་པར། །བསྐོལ་ལ་སྐ་གྱུར་བསྒྲངས་ནས་ནི། །སྦྲང་རྩི་བཅུག་པའི་མིག་སྨན་ནི། །འདུས་པ་ལས་གྱུར་རབ་རིབ་སེལ། །

ནུབ་མོ་རྒྱུ་བའི་སེམས་ཅན་གྱི། །རུས་པ་རྐང་གིས་གང་བ་དང་། །ལིག་བུ་མིག་དང་བཅས་པ་ནི། །འབབ་ཆུའི་ནང་དུ་ཟླ་གཅིག་གམ། །ཞག་ནི་ཉི་ཤུའི་བར་དུ་གཞག །དེ་ནས་ཕྱུང་སྟེ་སྐམས་ནས་ནི། །ལུག་རུ་ཡི་ནི་མེ་ཏོག་དང་། །ཤིང་མངར་བཅས་པའི་ཕྱེ་མར་བྱས། །
མིག་བསྐུས་འདུས་པ་ལས་གྱུར་པའི། །རབ་རིབ་སེལ་བར་བྱེད་མཆོག་ཡིན། །མིག་སྔོ་གསོ་བའང་འདི་ཉིད་ལས། །གཏར་ག་གདབ་པར་མི་བྱ་སྟེ། །ནད་དེས་ལོང་བར་གྱུར་པ་ཡིན། །སྲིན་བུ་པད་པས་ཁྲག་དབྱུང་བྱ། །བུ་རམ་རྒྱ་མཚོའི་ལྦུ་བ་དང་། །པི་པི་ལིང་དང་ན་ལེ་
ཤམ། །གུར་གུམ་སྦྲང་རྩི་ལིག་བུ་མིག །སྤྲིས་གཡོགས་འཚོ་བ་ཙམ་མིག་སྨན། །འདུས་གྱུར་ནེེའུ་ལེ་ལྟ་བུར་ལོང་། །རབ་རིབ་སྐབས་བཤད་ཆོ་གར་སྦྱར། །མར་དང་སྦྲང་རྩི་བ་ལང་གི །ལྕི་བའི་ཁུ་བ་སྐྱེར་ཁཎྜ། །ཡུག་སྣམ་བལ་བུའི་ཕྱེ་མར་སྦྱར། །མིག་
སྨན་མཚན་མེ་ལོང་ལ་ཕན། །ན་ལེ་ཤམ་ནི་ཞོ་དང་སྦྱར། །མཚན་མོ་མི་མཐོང་མིག་སྨན་མཆོག །ཨུཏྤལ་ཡུག་སྣམ་ཀ་རཉྫ། །པདྨ་གེ་སར་བ་ལང་གི །ལྕི་བའི་ཁུ་བ་དང་སྦྱར་བའི། །རི་ལུས་མཚན་མོ་ལོང་བ་སེལ། །ཧ་རེ་ཎུ་ཀ་པི་པི་ལིང་། །རྒྱམ་ཚ་དང་ནི་ལིག་
བུ་མིག །ར་གཅིན་རི་ལུར་བྱས་པ་ཕན། །པྲི་ཡང་ཀུ་དང་ཚ་བ་གསུམ། །ལྡོང་རོས་བ་བླ་འབྲས་བུ་གསུམ། །རྒྱ་མཚོའི་ལྦུ་བ་རའི་འོ་མ། །རི་ལུ་བྱས་པའི་མིག་སྨན་གྱིས། །མཚན་མོ་ལོང་བའི་མིག་ནད་སེལ། །མཆེར་པའི་ནང་དུ་པི་པི་ལིང་། །བཅུག་སྟེ་མ་ཚོས་བར་
བཙོས་ལ། །དེ་བསྐམས་སྦྲང་རྩིར་བཏགས་པ་ནི། །མཚན་མོ་མི་མཐོང་མིག་སྨན་མཆོག །མ་ཧེའི་མཆིན་པ་མཆེར་པ་དང་། །ཏིལ་མར་མར་ནི་ལྷན་ཅིག་བཟའ། །འཚོ་བྱེད་སྣ་བཅུ་ལོ་མ་ནི། །མར་དང་ལྷན་ཅིག་བསྐོལ་བ་བཟའ། །ཨ་ཏི་མུག་ཏ་ཨེ་རཎྜ། །ཉེའུ་ཤིང་
ལང་ག་ལིའི་ལོ་མ། །མར་དང་བརྔོས་པ་བཟའ་བར་བྱ། །དྲོ་ན་པུཥྤ་མར་དང་བརྔོས། །བཟའ་དང་བཏུང་བར་སྦྱར་བའང་ཕན། །དུད་འཐུལ་མཁྲིས་པ་སྐྱུར་བྲོ་བས། །ཚིག་ལ་མར་ནི་རྙིང་པ་དག །སྣུམ་གྱུར་བསིལ་བའི་བཀྲུ་སྨན་གཏང་། །བསིལ་སྨན་གྱིས་ནི་ཀུན་ཏུ་བྱུག །བ་

ལང་ལྕི་ཁུ་འོ་མ་མར། །བསྐོལ་བ་ཡི་ནི་མིག་སྨན་ནམ། །བལ་བུའི་ལོ་མ་ཡུག་སྣམ་བསྐལ། །ཕྱེ་མ་བཏབ་པའི་མིག་སྨན་ཕན། །མེད་སེང་ཕྲོམ་ཨ་ནནྟ། །སྐྱེར་པ་བཙོད་དང་ཤིང་མངར་ནི། །མར་གྱི་བརྒྱད་འགྱུར་འོ་མ་བསྐོལ། །ཏིལ་མར་བསྐོལ་
བའི་སྣ་སྨན་ཕན། །འོ་མ་མར་སར་གྱིས་བརྟ་བྱ། །དེས་མ་ཞིན་གཏར་ག་གདབ། །སེམས་ལས་ནད་དང་མྱ་ངན་འཇིགས། །ཟས་རྩུབ་ཙོག་ཙོག་པོར་འདུག་དང་། །སྐྱུག་སྨན་བཀྲུ་སྨན་སྣ་སྨན་དང་། །སྨན་ཐིགས་བླུགས་སོགས་ཉེས་པ་དང་། །ཁ་ཟས་ཕྱེད་ཞུ་སློན་པ་དང་། །བཀྲེས་
སྐོམ་ལ་སོགས་བརྣགས་པ་དང་། །མིག་ནད་མ་བཅོས་ཡུན་རིང་ལས། །རབ་རིབ་ནད་ལྡན་བརྟ་བར་བྱ། །དེ་ལ་ནད་གཞི་སོགས་བརྟགས་ཏེ། །རང་གི་སྨན་ནི་ཇི་བཞིན་སྦྱར། །ཉི་མ་གཟས་ཟིན་མེ་འོད་གློག་ལ་སོགས། །བལྟས་པས་མིག་ནི་ཉམས་པར་གྱུར་པ་དག །
དེ་ལ་བསིལ་སྨན་སོགས་ཀྱིས་བརྟ་བྱ་ཞིང་། །དེ་བཞིན་གསེར་བདར་མར་གྱི་མིག་སྨན་གཏང་། །མི་ཡིས་ཇི་སྲིད་འཚོ་ཡི་བར་དུ་ནི། །རྟག་ཏུ་མིག་བསྲུང་བ་ལ་འབད་པར་བྱ། །ཉིན་དང་མཚན་མོ་འདྲ་བར་གྱུར་པ་ཡི། །མི་ལ་ནོར་ཡོད་གྱུར་ཀྱང་དོན་མེད་ཡིན། །འབྲས་བུ་གསུམ་
བསྟེན་གཏར་ག་སྤྱང་བྱ་དང་། །སེམས་དགའ་མིག་སྨན་སྣ་སྨན་བཅས་བསྟེན་ན། །བྱ་ཤ་ཟ་ཞིང་རྐང་པའི་རིམ་གྲོ་དང་། །ཞུན་མར་བཏུང་བས་རྟག་ཏུ་མིག་བསྲུང་བྱ། །ཁ་ཟས་མི་འཕྲོད་ཟ་བ་རྟག་ཏུ་སྤང་། །རབ་ཕྲ་འཚེར་དང་གཡོ་བ་མི་ལྟ་ཞེས། །སྐྱེས་བུའི་མིག་ནི་མཆོག་
ཏུ་བསྲུང་བའི་ཐབས། །དྲང་སྲོང་ཆེན་པོ་མུ་ཁྱུད་འཛིན་གྱིས་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་གསུམ་པའོ།། །།དེ་ནས་མཐོང་བ་ཉམས་པ་གསོ་བ་བཤད་པར་བྱའོ། །བད་ཀན་ལས་གྱུར་སྤྲིས་གཡོགས་པ། །
རྦ་ཀློང་ལ་སོགས་བླ་བརྣན་ནི། །དྲུག་པོ་མེད་པར་གྱུར་པ་དང་། །ལེགས་སྨིན་མཐོང་བ་མེད་པ་དབྱེ། །དེ་སྨིན་མ་གྱུར་མི་སྙོམས་ལ། །ཞོ་ག་ཆུ་འདྲ་སྲབ་པ་ནི། །ཐུར་མ་ཡིས་ནི་དྲངས་གྱུར་ཀྱང་། །སླར་ཡང་གྱེན་དུ་འབྱུང་བར་འགྱུར། །ནད་ནི་མི་བཟད་སྐྱེད་བྱེད་ཅིང་། །མཐོང་

བྱེད་སླར་ཡང་འགེབས་པར་བྱེད། །དེ་ནི་ཟས་བཅས་བླ་བརྣན་བཅས། །བད་ཀན་ཅན་གྱིས་མྱུར་དུ་སྐྱེད། །བད་ཀན་གྱིས་ནི་མཐོང་ཉམས་པ། །བད་ཀན་དཀར་བས་དཀར་བ་ཡིན། །དེ་ནི་ནད་གཞན་གྱིས་ཟིལ་གནོན། །ཀུན་ཏུ་སྔོ་བའི་ནད་དུ་འགྱུར། །དེ་ལ་རླུང་གྱུར་མིག་
གཡོ་ཞིང་། །རྦ་ཀློང་གཡོ་ཞིང་དམར་སྐྱར་འདུག །གསེག་མ་ཨརྒའི་འོ་མ་ནི། །ཐིག་ཕྲན་ཁྱབ་འདྲ་མཐུག་པ་ཡིན། །གྲ་མ་ལྟ་བུའི་མིག་འབྲས་ནི། །འབྲས་ཀྱི་གྲ་མ་འབྲས་ཁྱབ་ཡིན། །གྲ་མ་བཅད་པ་གྲ་མ་ཚིག །བཅད་པ་ལྟར་སྣང་ན་བ་ཡིན། །རྨ་སྒྲོ་རྨ་བྱའི་མཇུག་སྒྲོ་
འདྲ། །ཁར་བའི་མདོག་ཏུ་སྣང་བ་ཡིན། །གདུགས་འདྲ་ཁ་དོག་སྣ་ཚོགས་པ། །སྤྲིས་གཡོགས་གདུགས་ཅན་ཞེས་བྱའོ། །གཏར་ག་མི་བྱ་ཆམ་པ་དང་། །ལུད་པ་ཅན་ནི་དབྱེ་མི་བྱ། །མ་ཞུ་སྔར་མ་སྐྱུགས་པ་དང་། །རྣ་མིག་མགོ་གཟེར་ཅན་མི་དབྱེ། །དེ་ནས་ཐུན་མོང་དུས་
སུ་ནི། །སྦྱང་བྱས་ཟས་ཟོས་པ་ལ་ནི། །ས་ཕྱོགས་གསལ་བར་སྔ་དྲོ་ནི། །སྨན་པ་པུས་མཉམ་ཁྲི་ལ་འདུག །ནད་པ་འདུག་ཅིང་བསྡམ་བྱས་ལ། །ཁ་ཡི་དབུགས་ཀྱིས་དུགས་བྱ་ཞིང་། །མཐེ་བོས་མིག་ནི་མཉེས་བྱས་ནས། །ནད་ནི་གཡོས་པར་མཐོང་བ་དང་། །མི་འགུལ་བར་
ནི་མགོ་ནས་བཟུང་། །རང་གི་སྣ་ལ་བལྟ་བཞིན་དུ། །ནག་པོ་སོར་ཕྱེད་མ་གཏོགས་ཤིང་། །མིག་འགྲམ་བཞི་ཆ་དོར་བ་རུ། །མཛུབ་མོ་གུང་མོ་མཐེབ་མོ་ཡིས། །མིག་ཐུར་དམ་དུ་བཟུང་ནས་ནི། །རང་གྲུབ་བུ་གནས་འཕྲེད་དུ། །གཟུགས་ཤིང་གྱེན་མཉེ་དྲང་པོར་བྱས། །
མིག་གཡོན་ལག་པ་གཡས་པས་དབུག །མིག་གཡས་ལག་པ་གཡོན་པས་དབུག །ལེགས་པར་ཕུག་ན་སྒྲ་འབྱུང་འགྱུར། །ནད་མེད་ཆུ་ནི་ཉུང་ཞིང་འབྱུང་། །དེ་རྗེས་ནད་པ་སྤྲོ་བསྲིངས་ལ། །མིག་ཏུ་ནུ་ཞོ་བླུགས་པར་བྱ། །དེ་ནས་ཐུར་མའི་རྩེ་མོ་ཡིས། །གནོད་པ་མེད་པར་
དལ་གྱིས་ནི། །མིག་གི་འབྲས་བུ་དབྱི་བྱས་ལ། །སྣ་ནས་དལ་གྱིས་ཕུལ་བར་བྱ། །མིག་ན་གནས་པའི་བད་ཀན་ནི། །སྣ་ནས་བརྔུབས་པས་བསལ་བར་བྱ། །ནད་མི་འགུལ་བའམ་འགྱུར་ན་ནི། །མིག་གི་ཕྱི་རོལ་ནས་དུགས་བྱ། །དེ་ནས་གཟུགས་ནི་མཐོང་གྱུར་ནས། །ཐུར་

མ་རིམ་གྱིས་དབྱུང་བར་བྱ། །མར་ལ་སྦངས་པའི་རས་བལ་གཞུག །མིག་དཀྲིས་ནས་ནི་དེ་འོག་ཏུ། །དེ་ལས་ལོགས་ནི་ཅིག་ཤོས་དབབ། །གཉིས་ཀ་ཕྱེ་ན་གན་རྐྱལ་བཞག །རླུང་མེད་མལ་དུ་མགོ་བོ་དང་། །རྐང་བསྐུ་ཕན་པའི་ཟས་བསྟེན་བྱ། །
སྦྲིད་པ་ལུད་པ་སྒྲེགས་པ་དང་། །མཆིལ་མ་འདོར་དང་ཆུ་འཐུང་དང་། །ཐུར་དུ་གཏོང་བ་ཁྲུས་བྱེད་དང་། །སོ་ཤིང་འཆའ་བར་བྱེད་པ་དག །ཞག་བདུན་བར་དུ་སྤང་བྱ་ཞིང་། །སྣུམ་འཐུང་ཆོ་ག་བཞིན་དུ་བསྡམ། །ཆུ་དྲོན་གྱིས་ནི་ཉེར་སྤྱོད། །ཅི་ནུས་སྨྱུང་བྱ་ན་གྱུར་ན། །མར་ཁུ་དྲོ་
འཇམ་བླུགས་པར་བྱ། །ནས་ཆན་སླ་བའམ་ཐུག་པ་སྐ། །ཚ་གསུམ་སྐྱུ་རུ་ར་མར་སྦྱིན། །ཞག་གསུམ་ནས་ནི་དེ་བཀྲོལ་ལ། །རླུང་འཇོམས་པ་ཡི་སྨན་གྱི་ནི། །ཁུ་བ་མིག་ཏུ་བླུགས་པར་བྱ། །ཞག་བདུན་ནས་ནི་མིག་དེ་ཉིད། །རྣམ་པ་ཀུན་ཏུ་དགྲོལ་བར་བྱ། །ཇི་སྲིད་མི་
གསལ་བརྟན་གྱུར་པ། །བསྡམས་ལ་འབད་དེ་གནས་པར་བྱ། །གཟུགས་ནི་ཕྲ་དང་འཚོར་བ་དག །མོད་ལ་བལྟ་བར་མི་བྱའོ། །དབུག་ཉེས་མི་མཐུན་ཟོས་པ་ལས། །སྐྲང་དང་ན་དང་དམར་ལ་སོགས། །མིག་ནད་གདུང་བ་འབྱུང་བར་འགྱུར། །ནད་ཚུལ་དེ་བཞིན་དེ་གསོ་བྱ། །ནད་
དང་དམར་བཞི་བྱའི་ཕྱིར། །དཱུར་བ་ནས་དང་ཡུག་སྣམ་དང་། །ཐལ་ཏྲེས་མར་དང་ལྡན་པ་ཡི། །ལྡེ་གུས་གདོང་ནི་བསྐུ་བར་བྱ། །དེ་བཞིན་ཏིལ་དང་ཡུངས་ཀར་བཅས། །ཁ་ལུང་ཁུ་བས་སྦྲུས་པའང་ཕན། །ཐལ་ཏྲེས་ལོ་མ་པ་ཡ་སྱ། །བཙོད་དང་ཤིང་མངར་ར་ཡི་ནི། །འོ་
མར་སྦྱར་བའི་ལྡེ་གུ་ནི། །དྲོ་འཇམ་བདེ་བར་བྱེད་མཆོག་ཡིན། །སེང་ཕྲོམ་རྒྱམ་ཚ་རྒུན་འབྲུ་དང་། །ཤིང་མངར་ར་ཡི་འོ་མར་བསྐོལ། །ཐིགས་པ་མིག་ཏུ་བླུགས་པ་ནི། །ན་དང་དམར་བ་འཇོམས་པར་བྱེད། །ཤིང་མངར་རུ་རྟ་ཨུཏྤལ། །རྒུན་འབྲུ་རྒྱ་སྐྱེགས་ཁ་རར་བཅས། །རླུང་
འཇོམས་སྨན་བསྐོལ་འོ་མ་ནི། །མར་གྱི་བཞི་འགྱུར་བསྐོལ་བ་དང་། །ཤུག་པ་ལ་སོགས་ལྡེ་གུས་བཏབ། །ལས་ཀུན་ལ་ནི་བསྔགས་པ་ཡིན། །དེས་མ་ཞི་ན་སྣུམ་ཆོས་དང་། །དུགས་བྱས་གཏར་ག་གདབ་པར་བྱ། །གདུང་བའི་གསོ་བ་དག་ཀྱང་བྱ། །དབུག་འདྲུབ་མིག་སྨན་འཇམ་

པོ་བསྐུ། །ཏུ་པ་རིའི་རྩ་ན་ལེ་ཤམ། །བ་བླ་སྐྱེར་པའི་ཁཎྜ་བསྐུ། །མིག་ཕྱེད་བུ་རམ་རི་ལུ་ནི། །ཆར་པའི་ཆུ་དང་བདར་བ་གཏང་། །ཛཱ་ཏི་ད་བ་ཤི་རི་ཤ།།ཀརྐ་ཏ་སྲིང་གི་མེ་ཏོག །མུ་ཏིག་འབྲས་བུ་བཻ་ཌཱུརྱ། །ར་ཡི་འོ་མར་བཏགས་པ་ནི། །ཟངས་མའི་སྣོད་ལ་སླ་བར་བསྐུ། །ཞག་བདུན་
ནས་བསྐོལ་སླར་ཡང་ནི། །འོ་མ་དང་བཏགས་ལྡེ་གུར་བྱས། །རི་ལུ་གྲིབ་མ་ལ་བསྐམས་པ། །མིག་བསྐུས་ཕྱེ་བ་མཐོང་བ་ནི། །གསལ་ཞིང་སྟོབས་ནི་སྐྱེད་པར་བྱེད། །བྱི་རུ་ལྡོང་རོས་ལིག་བུ་མིག །རྒྱ་མཚོའི་ལྦུ་བ་ན་ལེ་ཤམ། །སྣ་ནས་བཏང་བའི་སྨན་སྦྱར་ན། །བཤད་
པའི་ཡོན་ཏན་མཚུངས་པར་བསྟན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅུ་བཞི་པའོ།། །།དེ་ནས་མིག་ནད་ཐམས་ཅད་ཀྱི་ནད་ཀྱི་དམིགས་བརྟག་པ་བཤད་པར་བྱའོ། །རླུང་གིས་མིག་ནད་མཆི་མ་འཛག །སྣ་རྒྱས་ཅུང་ཟད་སྐྲངས་
པ་དང་། །མུར་འགྲམ་དཔྲལ་མིག་སྨིན་མ་ཁ། །ན་ཞིང་ཟུག་ལ་འཕར་བ་དང་། །རྔུ་མ་སྐམ་ཞིང་མཆི་མ་གྲང་། །སླ་ཉུང་ན་བ་ལྡང་དུབ་ཅན། །འབྱེད་དང་འཛུམས་པར་དཀའ་བ་དང་། །སྲིན་བུ་འགྲོ་བ་སྙམ་དུ་སེམས། །མིག་ནི་བུས་པ་ལྟ་བུར་སྣང་། །ཟུག་རྔུ་ཕྲ་མོས་ཁྱབ་སྙམ་
བྱེད། །སྣུམ་དང་དྲོ་བས་ཉེར་ཞིར་འགྱུར། །མཆི་མ་འཛག་པ་ཞེས་བྱའོ། །དེ་མ་བཅོས་ན་གདུང་བར་འགྱུར། །རྣ་བ་སྒྲ་འབྱུང་མགོ་འཁོར་དང་། །དཔྲལ་བ་མིག་དང་སྨིན་མ་སོགས། །གཙུབ་ཤིང་གིས་ནི་གཙུབས་སྙམ་བྱེད། །དེ་ཡང་བག་མེད་ཡལ་བར་བོར། །གདུང་བས་
བཅོམ་གྱུར་ནད་དེ་ཡིས། །སྣ་ཚོགས་ཚུལ་ནི་འབྱུང་འགྱུར་ཞིང་། །མིག་མཐོང་ཉམས་བྱེད་རྨ་འབྱུང་འགྱུར། །མུར་འགྲམ་ཁ་དང་མཇིང་པ་ལས། །རླུང་ནི་གཞན་དུ་འཇུག་འགྱུར་ཞིང་། །མི་བཟད་ན་ལ་གནག་པ་དང་། །དམར་ཞིང་སྐྲངས་ལ་མིག་མི་སྡུག །ཞུམ་ཞིང་ཀུན་ནས་
མཆི་མ་འཛག །དེ་ནི་རླུང་གིས་གཞན་གྱུར་ཡིན། །དེ་བཞིན་མིག་ནི་ཡོན་པོ་དང་། །ཆུང་བ་རླུང་གིས་ཕྱིན་ཅི་ལོག །མཁྲིས་པའི་མཆི་འཛག་མཚན་མ་ནི། །ཚ་གྲང་དུ་བ་འབྱུང་སྙམ་སེམས། །མིག་ཆུའི་ཕྱི་རོལ་གནག་པ་དང་། །ནང་ན་རྣག་འདྲུལ་མཆི་མ་ཚ། །སེར་ཞིང་མིག་དམར་

སེར་པོར་མཐོང་། །རྨ་ལ་ལན་ཚྭས་བཏབ་སྙམ་སེམས། །མེ་མདག་གཏོར་བ་འདྲ་བ་དང་། །མཆེར་པའི་གོང་བུ་ལྟ་བུར་སྣང་། །མིག་ནད་གདུང་བར་གྱུར་པ་ཡིན། །བད་ཀན་ལས་གྱུར་མཆི་འཛག་ནི། །ཚོར་བ་མེད་སྐྲངས་རབ་ཏུ་གཡའ། །གཤེར་ཞིང་སྣུམ་ལ་
ཤས་ཆེར་དཀར། །མིག་གདུང་སྤྱི་བག་འཛག་པ་ཡིན། །གདུང་བ་དེས་ནི་ནག་པོ་དམའ། །འབྲས་བུ་དཀར་པོ་མཐོ་བ་དང་། །ཆམ་པས་ཐེབས་ཤིང་སྣ་རྒྱས་ལ། །མིག་ནི་རྡུལ་གྱིས་གང་སྙམ་བྱེད། །ཁྲག་གྱུར་དམར་རིས་མིག་ཏུ་དམར། །མིག་འབྲས་དཀར་པོ་དམར་བ་དང་། །
ཁྲག་འཛག་དམར་པོ་མཐོང་བ་དང་། །མཁྲིས་པའི་མཆི་འཛག་མཚན་ཉིད་ཡིན། །གདུང་བ་མིག་ནི་མཐའ་དམར་ཞིང་། །ཕྱུང་བ་དང་ནི་མཚུངས་པར་ན། །མེ་ཏོག་བན་དུ་ཀ་ལྟར་དམར། །ཤིན་ཏུ་ན་ཞིང་རེག་མི་བཟོད། །ལུང་ཏང་ཁྲག་ཏུ་ནུབ་པ་འདྲ། །གནག་ཅིང་མེ་ལྟར་སྣང་བ་
ཡིན། །གདུང་བ་རང་གི་ཇི་བཞིན་དུ། །ཐམས་ཅད་འཛག་པ་ལས་ལྷག་ན། །མུར་འགྲམ་སོ་དང་མཁུར་ཚོས་དང་། །མགོ་བོ་ལྷག་པར་ན་བར་བྱེད། །རླུང་མཁྲིས་ཤས་ཆེར་དྲུད་སྙམ་སེམས། །ཟུག་ཅིང་ན་ལ་ཕུལ་སྙམ་སེམས། །ཤིན་ཏུ་རྩུབ་ཅིང་མིག་མཆུ་མིག །འཛུམས་
དང་འབྱེད་པར་དཀའ་བ་དང་། །ན་ཞིང་སྐམས་པར་གྱུར་པ་དང་། །གྲང་འདོད་སྨིན་ཞིང་སྐམ་དང་བཅས། །མིག་སྐམ་སྨིན་པ་ཞེས་བྱའོ། །ནད་གཞི་གསུམ་ནི་ཁྲག་བཅས་ལ། །སྐྲང་འགྱུར་དེ་ནི་རབ་སྐྲངས་ཤིང་། །ན་དང་ཚ་དང་འཛག་དང་བཅས། །ཨུ་དུམ་བཱ་རའི་འབྲས་སྨིན་འདྲ། །
མིག་འབྲས་དཀར་པོར་འབྱུང་བར་འགྱུར། །མཆི་མ་གྲང་ཞིང་དྲོ་བ་དང་། །སྤྱི་བག་སྐ་སླ་རེས་ཀྱིས་འབྱུང་། །སྐྲངས་ཆུང་ཅུང་ཟད་སྐྲང་ཞེས་བྱ། །དེ་བཞིན་མཚན་ཉིད་གཞན་གྱིས་སྨིན། །མིག་སྨིན་པས་ཉེན་སྐྲང་བ་ཡི། །རྩོམ་ཆེ་མཆི་མ་རྙོག་ཅན་འཛག །བད་ཀན་གྱིས་བསྒོས་
མིག་འབྲས་ནི། །དཀར་པོ་དམར་ཞིང་འདྲུལ་བ་དང་། །ཚ་ཞིང་མཐོང་བ་ཉམས་པ་དང་། །ནད་ནི་མལ་ན་མི་གནས་ཡིན། ཁྲག་མཁྲིས་ཤས་ཆེའི་ནད་ཀྱིས་ནི།། ཟས་ཀྱི་དངས་མ་སྐྱུར་པོར་འགྱུར། །མིག་གི་རྩར་ནི་སོང་ནས་ནི། །མིག་ནི་དམར་པོར་བྱེད་པར་འགྱུར། །སྐྲང་ཚ་

སྨིན་ཞིང་མཆི་མ་འཛག །ཤིན་ཏུ་ལང་ལོང་པོར་མཐོང་ན། །སྐྱུར་གྱིས་བསྐྱེད་པའི་ནད་ཅེས་བྱ། །དེ་ལྟར་ཀུན་གཏོགས་ནད་བཅུ་དྲུག །དེ་ལ་གདུང་བས་བཅོམ་པ་ནི། །མིག་སྨིན་བཅས་པ་སྤང་བར་བྱ། །རླུང་གྱུར་ཞག་ལྔས་མིག་ལ་གནོད་པར་བྱེད། །བད་ཀན་ལས་གྱུར་གདུང་
བས་ཞག་བདུན་གྱིས། །དེ་བཞིན་ཁྲག་གྱུར་ཞག་གསུམ་གྱིས་འཇོམས་བྱེད། །མཁྲིས་གྱུར་འཕྲལ་དུ་ལོག་སྤྱོད་ཀྱིས་གནོད་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་བཅོ་ལྔ་པའོ།། །།དེ་ནས་མིག་ནད་ཐམས་ཅད་གསོ་བ་
བཤད་པར་བྱའོ། །མཆི་འཛག་སྔར་བྱུང་ཚུལ་ཉིད་ལ། །མཁུར་བཀང་སྣ་སྨན་རྣོན་པོ་གཏང་། །རླུང་འཁྲུགས་མ་གཏོགས་ནད་གཞན་ལ། །སྨྱུང་བ་དག་ཀྱང་བྱ་བ་ཡིན། །ཚ་དང་དམར་དང་གོས་པ་དང་། །སྐྲང་སོགས་ཞི་ཕྱིར་ཀུན་ལ་ནི། །སུག་སྨེལ་གནྡྷ་བྷ་དྲ་དང་། །ན་ལེ་
ཤམ་དང་བཙག་ཡུག་སྣམ། །ལྡེ་གུར་བྱས་པས་བསྐུ་བར་བྱ། །རླུང་གྱུར་རྒྱམ་ཚ་སྐྱེར་ཁཎྜ། །ཤིང་མངར་རྒྱ་སྤོས་ཙནྡན་ནམ། །རྒྱམ་ཚ་དོང་གྲ་སྐྱེར་ཁཎྜ། །མར་གྱི་ཉིང་ཁུ་བདར་བའམ། །ཡང་ན་སེང་ཕྲོམ་སྦྱར་བ་གཏང་། །ཁྲག་མཁྲིས་གྱུར་ལ་སྤང་སྤོས་དང་། །ཤུག་པ་
ཤིང་མངར་ར་མཉེ་བ། །བད་ཀན་ལས་གྱུར་པྲི་ཡངྐུ། །ལྡོང་རོས་སྦྲང་རྩི་སྦྱར་བས་བསྐུ། །འདུས་པ་ལས་གྱུར་ཀུན་གྱིས་བསྐུ། །ན་ལེ་ཤམ་ནི་དཀར་པོ་ཆ་གཅིག་དང་། །ལྡོང་རོས་ཆ་བཞི་སེང་ཕྲོམ་ཆ་བཅུ་དྲུག །ཞིབ་ཏུ་བཏགས་ཏེ་རས་གཙང་ཕུར་མས་གཏུམས། །ནད་ལྡང་
མོད་ལ་མིག་ཏུ་གདབ་པར་བྱ། །རྒྱ་སྲན་ནག་པོ་བ་ལྕི་རའི་རིལ་ཁུ། །ལེགས་བཙོས་སེན་མོས་ཤུན་པ་བཤུས་གྱུར་པ། །དེ་ཡིས་མཚན་མོ་ལན་ཅིག་བསྐུས་པ་ཡིས། །མིག་ནད་འཁྲུགས་པ་མྱུར་དུ་ཞི་བར་བྱེད། །ཤུ་ཏི་ཤིང་མངར་སྤངས་མ་ཨ་རུ་ར། །ཞིབ་བཏགས་རས་ཀྱི་ཐུམ་པོ་ལྷོད་
པར་བཅིང་། །ཟངས་ཀྱི་སྣོད་དུ་སྐྱུར་རྩབས་ནང་དུ་བཅུག །མིག་ཏུ་བཞག་ན་མིག་ནད་སྣ་ཚོགས་སེལ། །སྐྱེར་པ་སྲང་གཅིག་ཆུ་བྲེ་ཕྱེད་དུ་ཡང་། །ཁུ་བ་བརྒྱད་ཆ་ལུས་པར་སྦྲང་རྩི་བཏབ། །དེ་བཞིན་མིག་ཏུ་བསྐུས་པར་གྱུར་ན་ནི། །ནད་གཞི་ཐམས་ཅད་འཁྲུགས་པའི་མིག་ནད་སེལ། །

ཤི་ཀྲུའི་ལོ་མའི་ཁུ་བ་སྦྲང་རྩིར་བཅས། །མིག་ཏུ་བླུགས་ན་རླུང་དང་མཁྲིས་པ་དང་། །བད་ཀན་འདུས་པ་ལས་གྱུར་མིག་ནད་རྣམས། །མིག་ནད་མང་པོ་དག་ཀྱང་མྱུར་དུ་སེལ། །ཨེ་རཎྜ་ནི་གཞོན་ནུའི་ལོ་མ་དང་། །རྩ་བ་བརྡུངས་ཏེ་ར་ཡི་འོ་མར་བསྐོལ། །བླུགས་
སམ་ཟན་དྲོན་མིག་ཏུ་གླན་པ་ཡིས། །རླུང་གྱུར་མཆི་འཛག་ནད་ནི་མོད་ལ་འཇོམས། །རླུང་གྱུར་བ་ལ་བིལ་བ་སྩོགས། །བསྐོལ་བའི་སྨན་ཐིགས་བླུགས་པའམ། །ཨེ་རཎྜའི་རྩ་བྲི་ཧ་ཏི། །མ་དུ་ཤི་ཀྲུ་དྲོ་འཇམ་བླུགས། །ཤ་རང་གཥྚ་བ་ལ་ཀ །རྒྱ་སྤོས་ཨུ་དུམ་ཝཱ་རའི་ཤུན། །ཆུ་དང་
འོ་མ་བཅས་བསྐོལ་བའི། །ཐིགས་བླུགས་གཟེར་ནི་སེལ་མཆོག་ཡིན། །བཙོང་དང་སྐྱེར་པ་རྒྱ་སྐྱེགས་དང་། །རྒུན་འབྲུམ་ཨུཏྤལ་ཤིང་མངར་གཉིས། །བསྐོལ་ཏེ་བསྒྲངས་པར་ཁར་གདབ། །མིག་བླུགས་ཁྲག་མཁྲིས་མིག་ནད་སེལ། །ཤིང་མངར་ཀ་ཤེ་རུའི་ཕྱེ་མ། །རས་མ་འཇམ་
པོས་ལྷོད་པར་བཅིང་། །ཆར་ཆུའི་ནང་དུ་སྦངས་པ་ནི། །ཁྲག་མཁྲིས་ལས་གྱུར་མཆི་འཛག་སེལ། །ཤིང་མངར་སྐྱེར་པ་སྟག་ཚེར་བ། །ཐུམ་པོ་ནུ་ཞོ་ཁ་རར་བཅས། །ར་ཡི་འོ་མར་སྦངས་པ་བླུགས། །ཚ་ན་མདོག་དམར་མཆི་འཛག་སེལ། །སེང་ཕྲོམ་དཀར་པོ་ཤིང་མངར་བཅས། །མར་
བརྔོས་ལེགས་པར་བཏགས་པ་ནི། །རས་ལ་གཏུམས་ཏེ་ནུ་ཞོར་མཉེ། །ཁྲག་མཁྲིས་སྣད་པའི་མིག་ནད་སེལ། །དོང་གྲ་ནིམ་པ་འབྲས་བུ་གསུམ། །སེང་ཕྲོམ་བ་ཤ་ཀའི་ཁུ་བ། །དྲོ་འཇམ་བླུགས་པས་བད་ཀན་སེལ། །འདུས་པར་འདི་དག་བསྲེས་པས་ཕན། །རླུང་ལ་མར་
ནི་རྙིང་པ་དང་། །མཁྲིས་པར་ཁ་རར་བཅས་པ་དང་། །བད་ཀན་ལ་ནི་ཚ་བ་གསུམ། །བསྐོལ་དང་ཐལ་སྨན་བཅས་པ་བླུད། །དེ་འོག་ཁྲག་ཀྱང་དབྱུང་བ་དང་། །དེ་ནས་སྣུམ་གྱུར་བཀྲུ་སྨན་གཏང་། །དྲོ་བས་ཚ་སྟེ་གཟེར་བ་ལ། །སྐམ་སའི་སྲོག་ཆགས་ཤ་བཏགས་པས། །
མགོ་དང་གདོང་བསྐུ་ཚ་བ་ལ། །འོ་མ་མར་བཅས་གྲང་མོས་བསྐུ། །རབ་རིབ་གསོ་བའི་ཆོ་ག་ཡང་། །བརྟགས་ཏེ་ཇི་བཞིན་གསོ་བར་བྱ། །ཆོ་ག་འདི་དག་ཐམས་ཅད་ནི། །གདུང་བ་ལ་སོགས་རྣམས་ལ་ཕན། །གདུང་བ་ཡོང་ཡེ་མ་ཞི་ན། །སྨིན་མའི་སྟེང་དུ་མེ་བཙའ་གདབ། །

བ་ཞོ་སྣུམ་མེད་ཀྱིས་དངུལ་སྣོད། །བྱུགས་ཏེ་སྔོན་པོར་གྱུར་པ་དང་། །སྐམས་ནས་ཞོ་ག་ཆུ་རི་ལུར། །བྱས་པས་རླུང་གྱུར་མིག་ནད་འཇོམས། །ཛཱ་ཏིའི་མེ་ཏོག་ཁ་འབུས་དུང་། །ཤིང་མངར་བ་ལ་འབྲས་བུ་གསུམ། །ཆར་ཆུ་དང་བཏགས་རི་ལུར་བྱས། །ཁྲག་མཁྲིས་ལས་
གྱུར་མིག་ནད་སེལ། །རྒྱམ་ཚ་འབྲས་བུ་ཚ་བ་གསུམ། །རྒྱ་མཚོའི་ལྦུ་བ་དུང་སྙིང་པོ། །ཨེ་ལ་བ་ལུ་སྲ་རྩི་པོག །རི་ལུས་བད་ཀན་མིག་ནད་སེལ། །ཤིང་མངར་པྲ་པུཎྜ་རཱི་ཀ །སྐྱེར་པ་སྲང་ནི་བརྒྱད་བརྒྱད་དག །ཆུ་བྲེ་བཅུ་དྲུག་ནང་བསྐོལ་བཙགས། །སླར་བསྐོལ་སྐ་བར་
གྱུར་པ་ནི། །ར་གན་དུད་པ་སྲང་བཅུ་དང་། །ན་ལེ་ཤམ་ཕྱེ་ཞོ་གཉིས་གཞུག །དེ་ལ་རི་ལུའམ་ཕྱེ་མར་བྱས། །བསྐུས་ན་མཆི་འཛག་ཐམས་ཅད་དང་། །དམར་ན་དྲུད་པ་བྱེད་སྙམ་འཇོམས། །འཕྲལ་དུ་མིག་ནི་གསལ་བར་བྱེད། །སྦྱོར་འདི་ཕྱུག་བདག་ཅེས་བྱ་སྟེ། །སྨན་
པ་རྣམས་ཀྱི་གསང་བ་མཆོག །མིག་སྨིན་སྐམ་པ་མར་བླུད་ཅིང་། །འཚོ་བྱེད་ཀྱི་ནི་སྨན་མར་ནི། །བླུད་ཅིང་མིག་ནི་བརྟ་བྱ་དང་། །ཏིལ་མར་ཆུང་ངུའི་སྣ་སྨན་གཏང་། །འདི་ལ་འོ་མ་རྒྱམ་ཚར་བཅས། །དྲོ་འཇམ་ཐིགས་པ་བླུགས་པའང་ཕན། །བཅའ་སྒ་བུད་མེད་ནུ་ཞོར་
བཏགས། །མར་སྦྱར་མིག་ཏུ་བསྐུས་ནའང་ཕན། །ཡང་ན་རླན་ཅན་ཤ་ཡི་ཞག །དོང་གྲ་རྒྱམ་ཚ་ཅུང་ཟད་བཏབ། །སྐྲ་ནི་མར་བསྐུས་མེ་ལོང་གིས། །མཉེས་ཏེ་ཁམ་ཕོར་ཁ་སྦྱར་བཅུག །བསྲེགས་ཏེ་ལྕགས་སྣོད་མར་དང་བཅས། །སྣག་ཚ་དེ་ནི་མིག་སྨན་མཆོག །སྐྲང་
བཅས་ཅུང་ཟད་སྐྲངས་པ་ལ། །སྣུམ་ཆོས་བྱས་ཏེ་གཏར་ག་གདབ། །སྣུམ་བྱས་རྒུན་འབྲུམ་ཨ་རུ་ར། །དུར་བྱིད་མར་བཅས་བཀྲུ་སྨན་གཏང་། །སེང་ཕྲོམ་དཀར་པོ་མར་ལ་བརྔོས། །ཕྱེ་མར་བྱས་ཏེ་རས་ལ་གཏུམས། །ཆུ་དྲོན་ལ་མཉེས་ཐིགས་པ་བླུགས། །གཟེར་འཇོམས་
པ་ཡི་མཆོག་ཡིན་ནོ། །སྐྱེར་པ་པྲ་པུཎྜ་རཱི་ཀ །བསྐོལ་བའི་ཐིགས་པ་བླུགས་པས་ཕན། །མཆི་འཛག་ན་ཞིང་དྲུད་སྙམ་བྱེད། །སྦྱར་སྨན་འདི་དག་གཏང་བར་བྱ། །ལྕགས་ཀྱི་སྣོད་དུ་ཟངས་མ་བ་གཅིན་སྦྱར། །མར་བདུག་མིག་བསྐུས་གཟེར་ནི་འཇོམས་པར་བྱེད། །

ཟངས་མའི་སྣོད་དུ་བ་ཞོའི་སྤྲིས་མ་བདར། །རྒྱམ་ཚ་པི་པི་ལིང་དང་བཅས་པ་མཆོག །ཟངས་མའི་སྣོད་དུ་ནུ་ཞོ་དུང་བདར་ལ། །དོང་གའི་ལོ་མ་མར་བཅས་དུད་པས་བདུག །སྦྱར་སྨན་ཞེས་བྱ་མིག་ཏུ་བསྐུས་ན་ནི། །དྲུད་སྙམ་བྱེད་སོགས་མི་བཟད་ནད་མྱུར་
སེལ། །ཨུ་དུམ་ཝཱ་རའི་འབྲས་བུ་ནི། །ལྕགས་སྣོད་ནང་དུ་ནུ་ཞོ་བདར། །ཤ་མའི་ལོ་མ་མར་དུད་བདུག །མཆི་འཛག་གཟེར་དམར་དྲུད་པ་འཇོམས། །ཤི་ཀྲུའི་ལོ་མའི་ཁུ་བ་ནི། །ཟངས་མ་གཉིས་ཀྱི་བར་དུ་བདར། །མར་དུད་བདུགས་པས་སྐྲངས་པ་དང་། །གཡའ་དང་མཆི་
འཛག་ནད་རྣམས་འཇོམས། །ཏིལ་གྱི་ཆུ་དང་ཁར་བ་ནི། །ཁམ་ཕོར་བདར་ཏེ་ནིམ་པ་ཡི། །འོ་མ་མར་བསྐོལ་དུད་པས་བདུག །གཟེར་རམ་མཆི་འཛག་དྲུད་སྙམ་སེལ། །སྦྱར་སྨན་གྱིས་ནི་མིག་བསྐུས་ཏེ། །སྨན་ཤུགས་ཟུག་གཟེར་དང་བྲལ་ནས། །བུད་མེད་ནུ་ཞོའི་ཐིགས་
པ་བླུགས། །ལན་གསུམ་ཕན་ཆད་དེ་མི་བསྐུ། །བལ་བུའི་ལོ་མ་པི་པི་ལིང་། །རྒྱ་སྤོས་ལྕགས་ཕྱེ་སྟང་ཟིལ་དང་། །ཛཱ་ཏི་ཁ་འབུས་ནག་ཚུར་དང་། །རྒྱམ་ཚ་བ་གཅིན་བཏགས་པ་ཡི། །ལྡེ་གུས་ཟངས་ཀྱི་སྣོད་བསྐུས་ལ། །ཞག་བདུན་བཞག་སྟེ་བ་གཅིན་དང་། །བཏགས་
ཏེ་རི་ལུར་བྱས་ནས་ནི། །དེ་འོག་གྲིབ་མ་ལ་བསྐམས་ཏེ། །བུད་མེད་ནུ་ཞོ་དང་བདར་བསྐུ། །དྲུད་སྙམ་བྱེད་དང་མཆི་མ་འཛག །སྐྲང་དང་གཡའ་བ་སེལ་བར་བྱེད། །ཀཎྜ་ཀ་རིའི་ཤུན་པ་དང་། །ཤིང་མངར་ཟངས་མའི་ཕྱེ་མ་ནི། །ར་ཡི་འོ་མས་ལྡེ་གུར་བྱས། །ཤ་མི་
སྐྱུ་རུ་རའི་ལོ་མ། །མར་གྱིས་བསྐུས་པའི་དུད་པས་བདུག །བསྐུས་ན་སྐྲངས་དང་གཟེར་ནད་སེལ། །སྐྱུར་གྱིས་བསྐྱེད་ལ་མཁྲིས་པ་ཡི། །མཆི་མ་འཛག་པའི་ཆོ་གས་གསོ། །བད་ཀན་ཁྲག་མཁྲིས་ཀྱིས་བསྐྱེད་དང་། །འདུས་པས་བསྐྱེད་དང་སྒྲ་ངན་དང་། །རྫི་མ་འགགས་དང་
མིག་སྨིན་སྐམ། །རྣག་གི་ཆུ་སེར་པདྨའི་རྩ། །མིག་མཆུའི་ཤ་དང་སྐྱུར་སྐྱེད་ཅུང་། །མཆི་འཛག་གདུང་བ་རླུང་མ་གཏོགས། །བཅྭ་བརྒྱད་པོ་དག་ཆག་པར་བཤད། །ཡུན་རིང་དུ་ནི་ན་བ་ཡིན། །འདི་དག་གསོ་བ་སོ་སོ་ཡི། །ལེའུའི་ནང་དུ་བཤད་པ་ཡིན། །དེའི་འོག་མིག་ཚག་

སྤྱི་ཡི་བཤད། །དེ་ནས་མིག་ཚག་ནད་པ་ནི། །སྣུམ་ཆོས་སློན་ནི་བྱས་ནས་ཀྱང་། །གཏར་ག་གདབ་སྟེ་ཁྲག་དབྱུང་བྱ། །བཀྲུ་སྨན་བཏང་ཞིང་མིག་ཆུ་ནི། །དག་པར་གྱུར་གྱི་བར་དུ་བཞར། །སྤངས་མ་སྲང་གཅིག་ན་ལེ་ཤམ། །དཀར་པོ་སྲང་ནི་ཉི་ཤུ་དང་། །སྐྱུར་རྩབས་སྲང་ནི་
སུམ་ཅུ་དག །བཏགས་ཏེ་ཟངས་མའི་སྣོད་དུ་གཞུག །ལོ་མང་ལོན་པའི་མིག་ཚག་པའམ། །ཆུ་སེར་འཛག་སོགས་ཞི་བར་བྱེད། །གོས་དང་ཚ་དང་མཆི་མ་འཛག །གཡའ་སྐྲངས་དེ་བླུགས་པ་ཡིས་སེལ། །བྱེའུ་རུག་ཀ་རཉྫའི་ས་བོན། །ཛཱ་ཏིའི་མེ་ཏོག་ཁ་འབུས་པ། །
བརྡུངས་ཏེ་བསྐོལ་ལ་བཙགས་ནས་ནི། །ཁུ་བར་བྱས་པ་དེ་དང་ནི། །སྟང་ཟིལ་དང་སྦྱར་མིག་སྨན་ནི། །མིག་ཚག་གཡའ་དང་ཆུ་སེར་འཛག །གཡའ་ཞིང་འདྲུལ་བ་སེལ་མཆོག་ཡིན། །སྐྱེར་པའི་ཁཎྜ་སྲ་རྩི་པོག །ར་གན་དུད་པ་ལྡོང་རོས་དང་། །རྒྱ་མཚོའི་ལྦུ་བ་
རྒྱམ་ཚ་དང་། །ན་ལེ་ཤམ་དང་བཙག་ཡུག་སྣམ། །སྦྲང་རྩི་བཏགས་པའི་མིག་སྨན་ནི། །མིག་ཚག་འདྲུལ་གཡའ་སེལ་བར་བྱེད། །རྒྱ་སྤོས་ཨ་རུ་རའི་ཁུ་བར། །དངུལ་རྡོ་བཏགས་པས་མིག་ཚག་སེལ། །ཐང་ཤིང་སྣུམ་དང་བཅས་པ་ནི། །ར་གཅིན་ནང་དུ་སྦངས་པའང་
ཕན། །རྒྱམ་ཚ་འབྲས་གསུམ་པི་པི་ལིང་། །དུང་གི་སྙིང་པོ་པུ་ཙེ་ཤེལ། །ཟངས་མའི་ཕྱེ་མ་བཅས་རི་ལུ། །མིག་ཚག་ལིང་ཏོག་སེལ་བར་བྱེད། །ཡང་ན་ནག་ཚུར་ཕྱེ་མ་ནི། །བྱེའུ་རུག་པའི་ཁུ་བར་སྦངས། །ཟངས་མའི་སྣོད་དུ་ཞག་བཅུ་བཞག །དེ་ཡིས་མིག་ཚག་ཆུ་སེར་འཛག །
རྫི་མ་འབྱི་བ་སེལ་བར་བྱེད། །ལྡོང་རོས་དང་ནི་སྐྱེར་པའི་ཁཎྜ་དང་། །དེ་མཉམ་ཟངས་མའི་ཕྱེ་མ་ཞིབ་ཏུ་བཏགས། །ཕྱེ་མ་མིག་སྨན་ཐུར་མ་གཅིག་གིས་ཀྱང་། །རྫི་མ་བསྐྱེད་ཅིང་མིག་ཚག་འདིས་སེལ་བྱེད། །རྒྱ་སྐྱེགས་བྲིང་ག་སྐྱེར་པ་ནི་རྒུནྠི། །ཁུ་བར་རས་ཀྱི་དུམ་བུ་ལན་
བདུན་སྦངས། །སྡོང་བུ་མར་མེ་དེ་བུས་ལས་བྱུང་བའི། །སྣག་ཚ་མིག་ཚག་སེལ་བར་བྱེད་མཆོག་ཡིན། །མིག་མཆུ་མང་དུ་ཞལ་ཞལ་བྱ། །དེ་བཞིན་གཏར་ག་བྱ་བ་དང་། །བཀྲུ་སྨན་ཡང་ཡང་བྱ་བ་ནི། །མིག་ཚག་ཅན་གྱི་ནད་པས་བསྟེན། །རྣག་གི་ཆུ་འཛག་མ་ཞིའི་མཐར། །ཐུར་

མ་ཕྲ་མོས་བསྲེག་པར་བྱ། །དེ་ལྟར་མིག་ནད་དགུ་བཅུ་བཞི། །ནད་གཞི་མཚན་ཉིད་གསོ་བ་དག །ཕན་ཚུན་འདྲེས་པ་མེད་པར་ནི། །མ་ལུས་པར་ནི་བཤད་པ་ཡིན། །སྐྱེས་བུ་ནད་མེད་པ་ཡིས་ཀྱང་། །ནས་དང་གྲོ་རྙིང་དྲུག་ཅུ་པ། །སཱ་ལུ་ཁྲེ་རྒོད་རྙིད་པ་
དང་། །མུངྒ་ལ་སོགས་བད་མཁྲིས་འཇོམས། །ཞུན་མར་མང་དུ་བཏབ་པ་དང་། །ཚོད་མ་དེ་འདྲ་སྐམ་ས་ཡི། །ཤ་དང་སེ་འབྲུ་ཁ་ར་དཀར། །བསྟེན་ཞིང་ཆར་ཆུ་བཏུང་བ་དང་། །གདུགས་བཅང་ལྷམ་ནི་བགོ་བ་དང་། །ཆོ་ག་བཞིན་དུ་ནད་སྦྱང་བ། །རྣམ་པ་ཀུན་ཏུ་བསྟེན་པར་བྱ། །
ཤུགས་བཀག་པ་དང་མ་ཞུར་ཟ། །ཕྱེད་ཞུ་ཟ་དང་རྟུག་འགགས་ཟ། །ཚ་དང་ཕྱི་ས་འགགས་བྱེད་པའི། །ཟས་དང་སྤྱོད་ལམ་སྨན་ཀུན་སྤང་། །རྐང་པ་གཉིས་ཀྱི་དབུས་ན་རྩ་སྦོམ་པོ། །གཉིས་གནས་དེ་ཡིས་མིག་ནི་ནང་དུ་ཁྱབ། །དེ་བསྐུས་བྱུག་དང་དྲིལ་བ་ལ་སོགས་
པ། །རྐང་པར་བྱས་ན་མིག་ཏུ་འགྲོ་བར་འགྱུར། །དྲི་མ་ཚ་དང་སྣད་པ་ལ་སོགས་པས། །དེ་གནོད་གྱུར་ན་མིག་ལ་གནོད་པར་འགྱུར། །དེ་བས་མིག་ལ་ཕན་འདོད་ལྷམ་དང་ནི། །བསྐུ་དང་དྲིལ་དང་བྱུག་པ་སོགས་བསྟེན་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་
མའི་གནས་ཀྱི་ལེའུ་བཅུ་དྲུག་པའོ།། །།དེ་ནས་རྣ་བའི་ནད་ཀྱི་དམིགས་ཤེས་པ་བཤད་པར་བྱའོ། །ཆམ་པས་བཏབ་དང་ཆུ་ལ་རྩེ། །རྣ་བ་བྲུད་པས་རླུང་འཁྲུགས་ཤིང་། །སྒྲ་ཡི་ལོག་པའི་སྦྱོར་བ་དང་། །ལྡང་བའི་རྒྱུ་གཞན་གྱིས་འཁྲུགས་ནས། །རྣ་བའི་རྩར་ནི་རླུང་ཞུགས་ཏེ། །རྣ་བའི་བུ་གར་
ཤུགས་དྲག་གཟེར། །གཞོགས་ཕྱེད་ན་ཞིང་རེངས་པ་དང་། །གྲང་བ་དག་ནི་མི་འཕྲོད་ཅིང་། །རིང་ནས་རྣགས་ཤིང་སྨིན་ནས་ཀྱང་། །ཆུ་སེར་ཅུང་ཟད་འཛག་པར་བྱེད། །རྒྱུ་མེད་རྣ་བ་སྟོང་སྙམ་སེམས། །ཞུམ་དང་རྒྱས་པ་སྙམ་དུ་བྱེད། །མཁྲིས་གྱུར་ཚ་བཅས་ན་ཞིང་གཟེར། །
གྲང་འདོད་སྐྲང་ཞིང་རིམས་ཀྱིས་འདེབས། །མྱུར་དུ་སྨིན་ཞིང་སྨིན་ནས་ཀྱང་། །ཆུ་སེར་སེར་པོར་འཛག་པར་བྱེད། །ཆུ་སེར་དེས་ནི་གང་གང་དུ། །རེག་པ་དེ་དང་དེར་རྣགས་འགྱུར། །བད་ཀན་ལས་གྱུར་མགོ་འགྲམ་པ། །མགྲིན་པ་ལྕི་ཞིང་ནད་ཤུགས་དལ། །གཡའ་ཞིང་

གྲང་ལ་དྲོ་བ་འདོད། །སྨིན་ནས་རྣག་དཀར་སྐ་བ་འཛག །སྣད་ལ་སོགས་པས་གནོད་གྱུར་པ། །རྣ་བ་གཟེར་བར་བྱེད་པར་འགྱུར། །ཁྲག་དང་མཁྲིས་པ་ལྟར་ན་དང་། །མཚན་ཉིད་ཅུང་ཟད་ལྷག་པ་ཡིན། །ནད་གཞི་འདུས་པས་གཟེར་བ་དང་། །སྐྲངས་བཅས་རིམས་འདེབས་མི་བཟད་
ན། །རེས་ཀྱིས་གྲང་དང་དྲོ་བ་འདོད། །འོན་པ་ལྟ་བུ་ཉིད་དུ་འགྱུར། །སྨིན་ནས་རྣག་ནི་དཀར་དང་ནག །དམར་དང་སྐ་བ་འཛག་པར་འགྱུར། །སྒྲ་ཐོས་རྩར་ནི་རླུང་ཞུགས་པ། །རྒྱུ་མེད་པར་ནི་སྣ་ཚོགས་པའི། །སྒྲ་ནི་ཡང་དང་ཡང་དུ་ཐོས། །དེ་ནི་རྣ་བའི་སྒྲ་ཞེས་བྱ། །རླུང་ནི་བད་ཀན་
དང་འདྲེས་པའི། །རྣ་སྒྲ་ཡལ་བར་བོར་ན་ནི། །སྐད་གསང་མཐོན་པོར་སྨྲས་པ་ཐོས། །རིམ་གྱིས་འོན་པ་ཉིད་དུ་འགྱུར། །རླུང་གིས་བད་ཀན་བསྐམས་གྱུར་པས། །དེ་ལ་རྣ་བར་གོས་གྱུར་ན། །ན་ཞིང་ལྕི་ལ་འགགས་གྱུར་པ། །དེ་ནི་རྣ་བ་འགགས་ཞེས་བཤད། །བད་ཀན་
ལས་ནི་རྣ་བ་གཡའ། །སྐྲང་སྲ་དེ་ཡི་མིང་གིས་བཤད། །མཁྲིས་པས་བད་ཀན་ཚིག་གྱུར་པ། །ནད་བཅས་པའམ་ནད་མེད་ཀྱང་། །རྣག་སྐ་འཛག་ཅིང་མང་དུ་འདྲུལ། །རྣ་བ་རྣག་ཅན་བྱེད་པར་འགྱུར། །རླུང་སོགས་པ་ཡིས་རྣ་བའི་ཤ །ཁྲག་ལ་གནོད་གྱུར་འདྲུལ་བར་ཟ། །
སྲིན་བུས་བསྐྱོད་ཅིང་མི་བཟད་ན། །རྣ་ནད་སྲིན་བུ་ཅན་ཞེས་བྱ། །རྣ་བ་ཕུག་པའི་རྨ་ལས་བྱུང་། །རྨ་ནི་སྔ་མའི་མཚན་ཉིད་ཅན། །ཁོང་འབྲས་འགྱུར་བའམ་གཞན་དུའང་འགྱུར། །ཐོར་བུ་འབྲུམ་བུ་སྐྲངས་ལས་འབྱུང་། །དེ་ལས་རྣ་བ་རྣགས་པ་དང་། །འོན་པར་བྱེད་པས་གནོད་པར་
འགྱུར། །མངལ་དུ་རླུང་གིས་རྣ་བའི་ཤ །ཞུམ་འགྱུར་འཁུམས་པ་ཞེས་བྱའོ། །མངལ་དུ་ཤ་མཛེར་སྲ་ན་མེད། །པི་པི་ལིང་འདྲ་མང་པོའང་གཅིག །ནད་མེད་པི་པི་ལིང་ཞེས་བྱ། །འདུས་པ་ལས་གྱུར་གས་པ་ནི། །མདོག་འདྲ་ན་ཞིང་སྲ་བ་དང་། །སྐྲང་འགྱུར་དེ་ནི་མ་གསོས་
ན། །སྨིན་ནས་ཉུངས་མར་ལྟ་བུར་ནི། །འཛག་ཅིང་འཚོ་བ་དཀའ་བར་འགྱུར། །རྨ་འཚོ་བས་ཀྱང་ངེས་པར་ནི། །རྣ་བའི་ཤ་ནི་ཞུམ་པར་འགྱུར། །རྩ་ལ་གནས་པའི་རླུང་གིས་ནི། །རྣ་ཤལ་སྐམ་པ་དེ་མིང་ཅན། །རྣ་ཤལ་པི་ཝང་རྒྱུད་ལྟར་པྲ། །སྲ་བ་རྒྱུད་ཅན་ཞེས་བྱའོ། །

གཞོན་ཤ་ཅན་ནི་ཡུན་རིང་དུ། །བཏང་སྙོམས་བོར་ནས་འཕྲལ་དུ་བསྐྱེད། །རྣ་ཤལ་སྐྲངས་ཤིང་ནད་བཅས་ལ། །དམར་ཞིང་འབྱར་བར་གྱུར་པ་ནི། །དེ་ནི་རླུང་གིས་འབྱར་ཞེས་བྱ། །གནོད་འགྱུར་རྒྱན་ལྕི་ཁུར་སོགས་ཀྱིས། །ཁྲག་དང་མཁྲིས་པ་འཁྲུགས་
གྱུར་པས། །དམར་ཞིང་ཚན་སྨིན་པ་དང་། །སྐྲང་དང་འབྲུམ་བུ་འབྲུམ་ཕྲན་དང་། །དམར་ཞིང་ཚལ་རྣགས་པ་ཡིན། །རླུང་དང་བད་ཀན་གྱིས་རྣ་ཤལ། །སྐྲང་ཞིང་ནད་མེད་སྲ་བ་དང་། །བརྟན་ཞིང་མདོག་འདྲ་གཡའ་བ་དང་། །དེ་ནི་མཉེ་བ་ཞེས་བྱར་བཤད། །ཕུག་ཉེས་རྣ་བ་བརྒྱངས་
པ་ལས། །གཡའ་བཅས་ཚ་གྲང་སྨིན་ཞིང་ན། །འདུས་པ་ལས་གྱུར་སྐྲངས་བ་དེ། །སྡུག་བསྔལ་འཕེལ་བྱེད་ཅེས་བྱའོ། །བད་ཀན་ཁྲག་གྱུར་སྲིན་བུ་ཕྲ། །གཡའ་ཞིང་གནག་ལ་རྣག་བཅས་པ། །སྲིན་བུ་ཕྲ་མོས་བལྡགས་ཞེས་བྱ། །དེ་མ་གསོས་ན་རྣ་ཤལ་ཟ། །དེ་ལས་
འདུས་གྱུར་པི་པི་ལིང་། །གཟེར་ཅན་གས་འཁུམས་གསོར་མི་རུང་། །རྒྱུད་ཅན་གཅིག་པུ་འཚོ་བ་ཙམ། །ལྷག་མ་རྣམས་ནི་གསོ་བར་བྱ། །དེ་ལྟར་རྣ་བའི་ནད་ཀྱི་ནི། །དབྱེ་བ་ཉི་ཤུ་རྩ་ལྔར་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་
བཅུ་བདུན་པའོ།། །།དེ་ནས་རྣ་བའི་ནད་གསོ་བ་བཤད་པར་བྱའོ། །རླུང་ལས་གྱུར་པའི་རྣ་ནད་ལ། ཤ་ཁུ་བླུད་ཅིང་རླུང་འཇོམས་པའི། །སྨན་བསྐོལ་མར་ནི་མཚན་མོ་བླུད། །རྣ་བ་དུགས་བྱས་དེ་རྗེས་ལ། །ཨ་ཤྭཏྠ་དང་ཨེ་རཎྜ། །བིལ་བ་ཨརྐའི་ལོ་མ་
དང་། །ཏིལ་མར་རྒྱམ་ཚར་བཅས་པ་དང་། །ཕུར་མ་བཙོ་བ་བྱས་པ་ཡི། །ཁུ་བ་དྲོ་འཇམ་ཙམ་མམ་ནི། །ལ་ཕུག་གུ་གུལ་རྣ་བ་དགང་། །རླུང་འཇོམས་སྡེ་ཚན་སྐྱུར་རྣམས་དང་། །གཅིན་གྱི་ནང་དུ་སྣུམ་ཆེན་ནི། །བསྐོལ་བ་དེ་ནི་རྣ་བའི་ནད། །མི་བཟད་པ་ཡང་མྱུར་དུ་སེལ། །རྩ་བ་ཆེན་
པོ་ལྔ་ཡི་ཤིང་། །གང་ཡང་རུང་བ་གསེ་མས་དཀྲི། །ཏིལ་མར་གྱིས་བསྐུས་འབར་བའི་རྩེ། །སྣུམ་འཛག་འཕྲལ་དུ་ནད་སེལ་བྱེད། །དེ་བཞིན་ཐང་ཤིང་རུ་རྟ་དང་། །སྒྲོན་ཤིང་ལས་ཀྱང་དེ་བཞིན་བྱ། །རླུང་ནད་ཆམ་པ་ལ་བཤད་པའི། །གསོ་བས་འདིར་ཡང་ཕན་པ་ཡིན། །

མགོ་བོ་བཀྲུ་དང་ཆུ་གྲང་བཏུང་། །ཉིན་མོའང་ཡོངས་སུ་སྤང་བར་བྱ། །མཁྲིས་གྱུར་ཁ་ར་དཀར་པོར་བཅས། །མར་གྱིས་སྣུམ་བྱས་བཀྲུ་སྨན་གཏང་། །རྒུན་འབྲུམ་ཤིང་མངར་ནུ་ཞོ་བསྐོལ། །རྣ་བ་བཀང་བའང་བསྔགས་པ་ཡིན། །ཤིང་མངར་ཙནྡན་དཱུར་བ་དཀར། །པུ་ཤེལ་
ཙེ་དང་ར་མཉེ་བ། །སེང་ཕྲོམ་པདྨའི་རྩ་བ་དང་། །པདྨའི་སྡོང་བུ་ཛི་བ་ཀ།།བཙོད་དང་ཐལ་ཏྲེས་བསྐོལ་བ་དང་། །ཤིང་མངར་ཁུ་བ་བྲེ་གང་དང་། །འོ་མ་བྲེ་དོ་བཅས་པ་དག །ཏིལ་མར་ཕུལ་གང་བསྐོལ་བ་དང་། །འདི་ཡིས་རྣར་བླུགས་རྣ་དགང་བསྐུ། །ཡང་ན་སྦྲང་རྩི་ཉི་ཚེས་དགང་། །
གཟེར་དང་ཚ་དང་ན་བ་སེལ། །ཤིང་མདང་ལ་སོགས་མར་དང་བཅས། །རྣ་བ་ཀུན་ཏུ་བྱུགས་ནའང་ཕན། །བད་ཀན་ལས་གྱུར་པི་པི་ལིང་། །མར་བསྐོལ་སྣུམ་གྱུར་སྐྱུག་ཏུ་གཞུག །བད་ཀན་སེལ་བའི་སྣ་སྨན་དང་། །མཁུར་བཀང་དུགས་དང་དུད་པ་བརྔུབ། །སྒོག་སྐྱ་སྒེའུ་
གཤེར་ཤི་ཀྲུ་དང་། །ལ་ཕུག་ཆུ་ཤིང་མུ་རང་ག །བསྐོལ་བའི་ཁུ་བ་དམ་པ་ནི། །དྲོ་འཇམ་རྣ་བར་བླུགས་ནའང་ཕན། །ཨརྐའི་མྱུ་གུ་སྐྱུར་ཁུར་བཏགས། །ཏིལ་མར་རྒྱམ་ཚར་བཅས་པ་གང་། །སྣུ་ཧའི་ཤིང་བུ་བྲུས་པར་ནི། །བཅུག་ལ་ཨརྐའི་ལོ་མས་གཡོགས། །ཕུར་
མ་བཙོས་པའི་ཚུལ་དུ་བསྲེག །དེ་ཡི་ཁུ་བ་གཟེར་འཇོམས་མཆོག །མ་དུ་ལུང་གའམ་ཀ་པིད་ཏའི། །ཁུ་བས་བཀང་བ་བྱས་ནའང་ཕན། །ཡང་ན་ཚས་བཀང་དེ་རྗེས་ལ། །རྒྱ་མཚོའི་ལྦུ་བའི་ཕྱེ་མས་གདབ། །ར་ལུག་གཅིན་དང་འོད་མའི་ཤུན། །ཏིལ་མར་བསྐོལ་བས་
བཀང་ན་ཕན། །ཡང་ན་ཉུངས་མར་ཤིང་ཀུན་དང་། །ཨེ་རཎ་དོང་གྲ་བསྐོལ་བ་བླུགས། །ཁྲག་གྱུར་མཁྲིས་པ་ལྟ་བུར་གསོ། །གཏར་ག་མྱུར་དུ་གདབ་པར་བྱ། །སྨིན་ཞིང་རྣ་བ་ཁྲག་འཛག་ལ། །དུད་པ་མཁུར་བཀང་སྣ་སྨན་སྦྱར། །སྦུ་གུའི་ཆོ་ག་དག་དང་ནི། །རྨ་རེད་ཆོ་ག་
གང་ཡིན་བྱ། །གོས་པར་ཡེའུས་དུས་གཉིས་སུ། །རྣ་བ་ཕྱི་ཞིང་དག་པར་བྱ། །གུ་གུལ་དུད་པས་བདུགས་ནས་ཀྱང་། །སྦྲང་རྩི་ཡིས་ཀྱང་དགང་བར་བྱ། །བྱེའུ་རུག་ཁུ་བ་བསྐོལ་བ་དང་། །བུ་རམ་ཁུ་བས་བསྐོལ་བ་ཡི། །རས་བལ་ཡེའུ་རབ་ཕྲས་བྱུག །དེ་ཡི་ཕྱེ་མ་གདབ་

པར་བྱ། །གཟེར་དང་རྣགས་དང་ལྕི་བ་ལ། །ཆོ་ག་འདིས་ནི་བཟློག་པར་བྱ། །པྲི་ཡངྐུ་དང་ཨམ་པཤྠ། །ཤིང་མངར་དང་ནི་ད་ཏ་ཀི །ཨུཏྤ་ལ་ཡི་ལོ་མ་དང་། །བཙོད་དང་སེང་ཕྲོམ་རྒྱ་སྐྱེགས་དང་། །ཀ་པིད་ཏ་ཡི་ཁུ་བ་དང་། །ཏིལ་མར་བསྐོལ་ཏེ་དེ་བླུགས་
ན། །རྣག་འཛག་པ་ནི་མྱུར་འཆད་བྱེད། །སྒྲ་བཅས་འོན་པ་དག་ལ་ནི། །རླུང་གི་གཟེར་འཇོམས་སྨན་གཏང་བྱ། །བད་ཀན་ལས་གྱུར་བད་ཀན་ནི། །སློན་སྨན་སོགས་ཀྱིས་དང་བོར་བསལ། །ཨེ་རཎྜ་དང་ཤི་ཀྲུ་དང་། །ལ་ཕུག་གཞོན་ནུའི་ལོ་མ་དང་། །ཁུ་བ་ཏིལ་མར་བཞི་
འགྱུར་དང་། །ལོ་མ་བརྒྱད་འགྱུར་བཅས་པ་དང་། །ཤིང་མངར་རམ་ཉེ་བའི་ལྡེ་གུ། །བཅས་པར་བསྐོལ་བ་རྣར་བླུགས་དང་། །བསྐུ་དང་རྣ་བ་བཀང་བ་ཡིས། །སྒྲ་བཅས་འོན་དང་གཟེར་བ་འཇོམས། །ཤིང་ཀུན་བོང་ང་དཀར་པོ་དང་། །ཤུ་ཏི་སྐྱེར་ཤུན་ས་རྫི་ཀ །ཏིལ་མར་
ཚ་དང་བཅས་བསྐོལ་བས། །བཀང་ན་གཟེར་དང་ཆུ་སེར་འཛག །སྒྲ་བཅས་འོན་པ་སེལ་བར་བྱེད། །རྣ་བ་སྒྲ་དང་བཅས་པ་ལ། །ཉུངས་མར་གྱིས་ནི་བཀང་ན་ཕན། །ལ་ཕུག་སྐམ་པའི་དུམ་བུ་ཡི། །ཐལ་བ་ཤིང་ཀུན་བཅའ་སྒ་དང་། །ཤུ་ཏི་རུ་རྟ་ཤུ་དག་དང་། །ཐང་ཤིང་ཤི་ཀྲུ་
སྐྱེར་ཁཎྜ། །ཡ་བཀྵ་ར་རྩབས་རུ་ཚ། །རྒྱམ་ཚ་རྔུལ་ཚ་སརྫི་ཀ །སྟག་པའི་ཚེར་མ་ཁ་རུ་ཚ། །གླ་སྒང་རྒུན་ཚ་བཞི་འགྱུར་དང་། །ཁ་ལུང་ཁུ་བ་དེ་དང་འདྲ། །ཆུ་ཤིང་ཁུ་བ་མཉམ་བསྐོལ་བའི། །ཏིལ་མར་བཀང་བས་རྣ་བའི་ནད། །གཡའ་དང་སྒྲ་བཅས་འོན་པ་དང་། །རྣག་
འཛག་གཟེར་ཞིང་སྲིན་བུ་ཅན། །ཤིན་ཏུ་གསོ་དཀའ་ཐལ་སྨན་གྱི། །ཏིལ་མར་གྱིས་ནི་མྱུར་དུ་འཇོམས། །ཁ་དང་སོ་ཡི་ནད་ལའང་ཕན། །དེ་ནས་ཚོར་བ་མེད་པ་ལ། །ཉེ་བ་ལ་ནི་གཏར་ག་གདབ། །སྐྲང་ཞིང་རྣགས་ལ་ཐོས་པ་ནི། །མི་གསལ་གྱུར་ལ་སྐྱུག་སྨན་བཏང་། །བྱིས་
པ་རྒན་དང་ཡུན་རིང་དུ། །ལོན་པའི་འོན་པ་སྤང་བར་བྱ། །སྒྲ་བཅས་རྣགས་པར་གྱུར་པ་ལ། །སྣུམ་དང་དུགས་བྱས་དག་པར་བྱ། །རྣ་བ་སྦྱངས་ནས་དེ་རྗེས་ལ། །རྣ་བ་སྦྱངས་པའི་ཏིལ་མར་དག །ཁ་ལུང་ཁུ་བ་རྒྱམ་ཚ་དང་། །ཚ་དང་སྦྲང་རྩིར་བཅས་པའང་བླུགས། །དག་བྱས་

རྩུབ་པར་གྱུར་ན་ནི། །མར་གྱི་ཉིང་ཁུས་དགང་བར་བྱ། །རིམ་འདི་རྣ་སྤབས་གང་ལའང་བྱ། །གཡའ་དང་སྐྲང་ལ་རྣ་སྨན་སོགས། །བད་ཀན་སེལ
Luận tạng Tây Tạng (Tengyur) — Tập 198 | Tra cứu Kinh điển | Tàng Kinh Việt