Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 198
Văn bản gốc(Tây Tạng)
Trang 16 / 25 (50.000 ký tự/trang)
ཞོའི་རྒྱུན་ཡིན་ནོ། །མི་མཐུན་ཟས་ནི་ཟོས་པ་དང་། །ལྟོགས་ དང་སེམས་ནི་ཉམས་པ་དང་། །ལུས་ཟུངས་གནོད་བཅས་སྦྲུམ་མ་ཡི། །འོ་མ་བྱིས་པའི་ནད་སྐྱེད་བྱེད། །ནུ་ཞོ་མེད་ན་རའམ་བའི། །འོ་མ་བྲི་ཧ་ཏི་སོགས་རྩའམ། །སྟིར་གཉིས་བསྐོལ་ཁ་རར་བཅས། །ཡོན་ཏན་དེ་ལྡན་བླུད་པར་བྱ། །དྲུག་པའི་མཚན་མོ་ཁྱད་པར་དུ། ། བསྲུང་དང་གཏོར་མའི་བྱ་བ་བྱ། །དེ་ཡི་གཉེན་གྱིས་མེལ་ཚེ་བྱ། །ཤིན་ཏུ་དགའ་བ་ཉིད་ཀྱང་བྱ། །ཞག་བཅུ་རྫོགས་པར་འགྱུར་བ་དང་། །རང་རིག་འཚམ་པའི་ཆོ་ག་ནི། །བྱེད་དུ་གཞུག་ཅིང་བཙས་མ་བསླང་། །ལུས་ལ་ལྡོང་རོས་བ་བླ་དང་། །གི་ཝཾ་ཙནྡན་ཨ་ཀར་བཏགས། ། རྒྱུ་སྐར་ལྷ་འམ་ཉེ་དུ་ལས། །དྲས་པའི་ཡི་གེ་མཉམ་པ་ཡི། །མིང་ནི་བྱིས་པ་ལ་གདགས་བྱ། །དེ་ནས་རང་བཞིན་དབྱེ་ལས་བཤད། །གཟུགས་ཀྱི་ཚེ་ནི་ཡོངས་སུ་བརྟག །མཁས་པས་བྱིས་པའི་མལ་སྟན་ནི། །བྱང་ངམ་ཤར་དུ་མགོ་བསྟན་ལ། །སྔས་དང་གོས་ནི་ གཙང་ཞིང་བཀྲུས། །འཇམ་ཞིང་གཉེར་མ་མེད་པ་ཡི། །གོས་ལ་གདོན་ནི་འཇོམས་བྱེད་པའི། །སྨན་གྱི་དུད་པས་བདུག་པར་བྱ། །བྱ་རོག་བསད་པ་སྣུམ་གསུམ་དང་། །བཅས་པའི་དུད་པས་བདུག་པར་བསྔགས། །བསེ་རུ་ལ་སོགས་གསོན་པོ་ཡི། །རྭར་བཏགས་ ནོར་བུ་བཟང་པོ་སྤུ། །བྲམྷི་འཚོ་བྱེད་ཨིནྤྲི་སོགས། །སྨན་ནི་བཟང་པོ་གདགས་པར་བྱ། །མཆོག་ཏུ་རྟག་པར་ཤུ་ངག་ནི། །ལག་གཉིས་མགུལ་དང་སྤྱི་བོར་གདགས། །དེས་ནི་ཚེ་དང་ཡིད་གཞུངས་དྲན། །བདེ་བ་སྐྱེད་བྱེད་གདོན་ལས་བསྲུང་། །ཟླ་ བ་བདུན་ནམ་བརྒྱད་པ་ན། །ནད་མེད་ཉིན་ཞག་ཤིས་པ་ལ། །མ་མའི་པང་དུ་སྤྲོ་བསྲིངས་ལ། །དགུན་གྱི་དུས་སུ་རྣ་བ་དབུག །ཁྱེའུའི་དང་པོ་གཡས་པ་དབུག །བུ་མོའི་གཡོན་པ་དབུག་པར་བྱ། །སྨན་པས་ཁབ་ནི་གཡས་པས་གཟུང་། །གཡོན་པས་རྣ་ཤལ་བཟུང་ནས་ནི། ། རྣ་བའི་ཁྱོན་གྱི་དབུས་ལས་ནི། །མཁུར་ཚོས་ཀྱི་ནི་ཕྱོགས་དག་ཏུ། །པགས་པ་དག་ནི་ཕུག་ནས་སུ། །ཉི་མའི་འོད་ཟེར་སྣང་བ་རུ། །མི་འགྱུར་བརྟན་པོར་བཟུང་ནས་ནི། །རྒྱ་སྐྱེགས་ཀྱི་ནི་ཁུ་བས་བསྐུ། །དབུས་སུ་རང་བཞིན་གྱིས་གྲུབ་པའི། །བུ་ག་དྲང་པོར་ཅིག་ཅར་དབུག། དེ་ནས་རྩ་ནི་གཡས་པའི་ཕྱིར། །སྟེང་འོག་ངོས་གཉིས་གཏང་མི་བྱ། །ནག་པོ་གནད་འདྲ་དམར་པོ་སྟེ། །རྩ་དེ་ཕུག་ན་དམར་ཞིང་ན། །སྐྲང་ཞིང་ཚ་ལ་སྲ་བ་དང་། །གཉེའུ་རེངས་གཞན་དབང་ཅན་ནད་སྐྱེད། །དེ་རྣམས་ནད་གཞི་ཇི་བཞིན་དུ། །གསོ་བ་དག་ནི་མྱུར་དུ་བྱ། །གནད་ དུ་ཕུག་ན་ཁྲག་མེད་ཅིང་། །ནད་དང་དམར་སོགས་འབྱུང་མི་འགྱུར། །ཁབ་རྗེས་སྐུད་པ་སྣུམ་ཅན་ནི། །རྗེས་སུ་གཞུག་པ་ཉིད་དུ་བྱས། །ཏིལ་མར་རློན་པས་བསྐུ་བ་དང་། །རྒྱ་ཆེར་དེ་ནི་བསྐྱེད་པར་བྱ། །རྣ་ཤལ་ཕུག་ནས་ཕན་ཟས་བྱིན། །དེ་འོག་སྡོང་བུ་སྦོམ་པོ་གཞུག ། ཞག་གསུམ་བཞག་ནས་རྨ་འཚོབས་ནས། །རིམ་གྱིས་དེ་ནི་བསྐྱེད་པར་བྱ། །དེ་ནས་དེ་ཡི་སོ་སྐྱེས་ནས། །ནུ་ཞོ་འཐུང་ལས་རིམ་གྱིས་བཟློག །སྔར་བཤད་འོ་མ་སྦྱིན་བྱ་ཞིང་། །ཁ་ཟས་ཡང་དང་རྟས་བྱེད་བྱིན། །ནུ་ཞོ་སྤངས་ནས་བི་ཡ་ལའི། །རྐང་དང་ཤིང་མངར་འབྲས་ ཡོས་དང་། །ཀ་ར་དཀར་པོ་ལ་དུ་སྦྱིན། །བིལ་བ་གཞོན་ནུ་སུག་སྨེལ་དང་། །ཁ་ར་འབྲས་ཡོས་དྲོད་སྐྱེད་སྦྱིན། །འཁྲུ་གཅོད་ད་ཏ་ཀའི་མེ་ཏོག །ཁ་ར་འབྲས་ཡོས་སྐྱོ་མ་སྦྱིན། །གནོད་པ་སྐྱེད་པར་མི་བྱེད་པའི། །སྨན་གྱིས་དེ་ཡི་ནད་བསལ་བྱ། །ཤིན་ཏུ་དྲགས་ ནད་མ་གཏོགས་གཞན། །རྣོ་སྨན་བཀྲུ་སྨན་ཀུན་ཏུ་སྤངས། །ཚུལ་མིན་སྐྲག་པར་མི་བྱ་སྟེ། །སྐྲག་ན་གདོན་ནི་འཇུག་པར་འགྱུར། །གོས་ཀྱི་རླུང་དང་གཞན་རེག་དང་། །འགོམ་པ་ལ་ནི་དེ་བསྲུང་བྱ། །བྲམྷི་ཉུངས་ཀར་ཤུ་དག་དང་། །རྒྱམ་ཚ་རུ་རྟ་ཤ་རི་བ། །པི་པི་ལིང་བཅས་ བསྐོལ་བ་ཡི། །སྨན་མར་དྲན་དང་ཡིད་གཞུངས་སྐྱེད། །ཚེ་འཕེལ་གདོན་ནི་མི་བཟད་འཇོམས། །འབྱུང་པོ་སྨྱོ་བྱེད་ཟློག་པར་བྱེད། །སོ་མ་ར་ཛ་ཤུ་དག་དང་། །སྦལ་པ་ཉེ་ཤིང་སླེ་ཏྲེས་དང་། །ཤང་ཀ་པུཥྤ་བྲམྷི་དང་། །པྲ་མ་སོ་མ་སྲང་རེ་ནི། །ལྡེ་གུ་བརྒྱད་ཆ་མར་བྲེ་ གང་། །འོ་མ་བཞི་འགྱུར་ནང་དུ་ནི། །བསྐོལ་བ་དེ་བླུད་དཔལ་ཡོན་དང་། །ཚེ་བློ་ཡིད་གཞུངས་དྲན་པ་སྐྱེད། །ར་ཡི་འོ་མ་ཨ་རུ་ར། །ཚ་བ་གསུམ་དང་པ་ཏ་དང་། །ཤི་ཀྲུ་ཤུ་དག་ལྕེ་མྱང་ཚ། །བསྐོལ་བའི་སྨན་མར་དབྱངས་ཅན་དེ། །ཚིག་དང་བློ་གྲོས་དྲན་པ་དང་། ། ངག་གསལ་མེ་དྲོད་སྐྱེད་པར་བྱེད། །ཤུ་དག་སླེ་ཏྲེས་ཨ་རུ་ར། །ཉེ་ཤིང་བ་དང་ཤང་གི་ནི། །ཨ་པ་མརྒ་བསྐོལ་བ་ཡི། །སྨན་མར་ཡོན་ཏན་སྔ་མར་མཚུངས། །ཤུ་དག་དཀར་པོ་རུ་རྟ་གསེར། །ཨརྒའི་པུཥྤ་གསེར་དང་བཅས། །ལྕགས་རྐྱགས་དང་ནི་དུང་དང་གསེར། ། ཀ་རཉྫ་དང་ཤུ་དག་གསེར། །རྐང་པ་རེ་རེས་བཤད་པ་བཞི། །སྦྲང་རྩི་མར་དང་བཅས་ལྡེ་གུ། །ལོ་གཅིག་བྱིན་ན་ལུས་དང་བློ། །ཁ་དོག་ཉམས་སྟོབས་སྐྱེད་པར་བྱེད། །ཤུ་དག་ཤིང་མངར་ལྕེ་མྱང་ཚ། །དོང་གྲ་ཤུ་ཏི་ཨ་རུ་ར། །རུ་རྟ་ཟུར་པ་པི་པི་ལིང་། །མར་བཅས་ ལྡེ་གུ་དག་དག་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། གནས་ཀྱི་ཕྱི་མའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱིས་པའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །འོ་མ་ཟས་དང་གཉི་གས་འཚོ། །བྱིས་པ་རྣམ་པ་གསུམ་དུ་བཤད། །དེ་དག་གནོད་ མེད་ལས་བདེར་འགྱུར། །གནོད་པ་ལས་ནི་ནད་རྣམས་འབྱུང་། །གང་ཞིག་ཆུ་དང་གཅིག་ཏུ་འདྲེས། །ཉེས་པ་ཡོད་པ་མ་ཡིན་ཏེ། །འོ་མ་དེ་ནི་སྐྱོན་མེད་ཡིན། །རླུང་གིས་གནོད་གྱུར་ཆུ་སྟེང་འཕྱོ། །བསྐ་ཞིང་རྩུབ་ལ་ལྦུ་བ་ཅན། །དེ་ཡིས་བཤང་གཅི་སྲི་བར་བྱེད། ། མཁྲིས་ལས་གནོད་གྱུར་དྲོ་སྐྱུར་ཚ། །རི་མོ་སེར་སྣང་དེས་ཚ་སྐྱེད། །བད་ཀན་གྱིས་སྐ་ལན་ཚྭར་བཅས། །སྦྱིན་བག་ཅན་ལ་ཆུ་ནང་འབྱིང་། །ལྡན་པའི་མཚན་མ་འདྲེན་མ་སྟེ། །འདས་པའི་མཚན་མ་གསུམ་དང་ལྡན། །རང་གི་མཚན་མ་ཅི་འདྲ་ ལས། །དེ་འཐུངས་པས་ནི་ནད་སྐྱེད་འགྱུར། །བྱིས་པ་རྟག་ཏུ་མི་བཟད་པར། །ངུ་བ་ལ་ནི་ནད་ཤེས་བྱ། །དེ་ནི་ཕྱོགས་གང་ཤས་ཆེར་འཛིན། །གང་དུ་རེག་པར་མི་བཟོད་པ། །དེ་ན་ནད་ཡོད་ཤེས་པར་བྱ། །མགོ་ནད་མིག་འབྱེད་ལས་ཤེས་བྱ། །སྙིང་ནད་ལྕེ་མཆུ་སོས་ གནོན་དང་། །དབུགས་དང་ཁུ་ཚུར་བསྡམས་ཤེས་བྱ། །ཁོང་ནད་བཤང་གཅི་སྲི་དང་སློན། །ནུ་མ་སོས་འདེབས་རྒྱུ་མ་འཁྲུག །ལྟོ་སྦོ་རྒྱབ་ནི་འགུགས་དགྱེ་དང་། །ལྟོ་འགུགས་པས་ཀྱང་ཤེས་པར་བྱ། །ཆུ་སོ་མཚན་ནད་བཤང་གཅི་སྲི། །སྐྲག་ཅིང་ཕྱོགས་ལྟ་ལས་ཤེས་ བྱ། །དེ་ནས་མ་མ་ནད་གཞི་དང་། །སྐྱོན་ནི་ཇི་བཞིན་གསོ་བར་བྱ། །དེ་ལ་ནུ་ཞོ་རླུང་ཅན་ལ། །རྩ་བ་བཅུ་བསྐོལ་ཞག་གསུམ་བླུད། །ཡང་ན་རུ་རྟ་ཙི་ཏྲ་ཀ །པ་ཏ་ཤུ་དག་པུ་ཙེ་ཤེལ། །ག་བྲའི་རྩ་བ་ལ་ལ་ཕུད། །ཐང་ཤིང་དང་ནི་ས་ར་ལ། །བྲི་ཤྩི་ཀ་ནི་པི་པི་ལིང་། ། ན་ལེ་ཤམ་ནི་བསྐོལ་བ་བླུད། །དེ་ནས་རླུང་ནད་འཇོམས་པ་ཡི། །སྨན་མར་གང་ཡང་རུང་བ་བླུད། །དེ་རྗེས་ཆང་གི་དྭངས་མ་བླུད། །སྣུམ་འགྱུར་བཀྲུ་སྨན་འཇམ་པོ་གཏང་། །དེ་འོག་འཇམ་རྩིའི་ལས་བྱ་ཞིང་། །དུགས་སོགས་རླུང་ནད་འཇོམས་པ་བྱ། །བིལ་བ་ར་སྣ་ཏི་ མུ་ས། །ཐང་ཤིང་ས་ར་ལ་བཅས་ཕྱེ། །མར་དང་སྦྱར་བའི་ལྡེ་གུའམ། །དེ་བསྐོལ་ཁ་ར་དཀར་བཏབ་སྦྱིན། །མཁྲིས་པས་གནོད་ལ་སླེ་ཏྲས་དང་། །ཉེ་ཤིང་ནིམ་པ་པ་ཏོ་ལ། །ཙནྡན་ཤ་རི་བ་བསྐོལ་བ། །མ་མ་དང་ནི་བྱིས་པར་བླུད། །ཡང་ན་གླ་སྒང་འབྲས་བུ་གསུམ། ། རྩ་མཁྲིས་པུ་ཙེ་ཤེལ་བླུད་བྱ། །ཐལ་ཏྲེས་ལ་སོགས་ཤུག་པ་སོགས། །པ་ཏོ་ལ་སོགས་སྡེ་བསྐོལ་བླུད། །སྨན་ནི་འདི་བསྐོལ་མར་དང་ནི། །མཁྲིས་པ་སེལ་བའི་བཀྲུ་སྨན་དང་། །བསིལ་སྨན་གྱིས་བསྐུ་བྱུག་སོགས་བྱ། །བད་ཀན་ཅན་གྱི་བདག་ཉིད་ལ། །ཤིང་མངར་ རྒྱམ་ཚ་བཅས་པའམ། །རྒྱམ་ཚ་ཤིང་མངར་པི་པི་ལིང་། །མར་སྦྱར་བྱིས་པ་ལ་བླུད་བྱ། །དེ་ནས་པོ་སོན་ཆའི་མེ་ཏོག །བཏགས་པ་སྦྲང་རྩིར་བཅས་པ་ཡི། །ལྡེ་གུས་ནུ་མ་བྱིས་པའི་མཆུ། །བསྐུས་པ་བྱིན་པ་དེར་སློན་གཞུག །མ་མ་རྣོན་པོས་སློན་དུ་གཞུག །དེ་ནས་ཤག་ སོགས་རིམ་པས་སྤྱད། །གླ་སྐང་ལ་སོགས་བསྐོལ་བ་བླུད། །དེ་བཞིན་གོ་སྙོད་རྒྱ་སྤོས་དང་། །ཐང་ཤིང་དུག་མོ་ཉུང་བསྐོལ་བླུད། །ཡང་ན་གླ་སྒང་བོང་ང་དཀར། །ཤུ་དག་ཚ་བ་ལྔ་བསྐོལ་བླུད། །ནུ་ཞོ་ཉེས་གསུམ་དྲི་མ་ཅན། །དྲི་མནམ་འཁྲུ་ཞིང་དུ་དང་འདྲ། །མ་བྲེ་གང་ ཤིང་སླ་ལ་རྒྱུན་བར་ཆད། །ལྦུ་བ་ཅན་དུ་འཁྲུ་བར་འགྱུར། །བཤང་བ་ཁ་དོག་སྣ་ཚོགས་འབྱུང་། །ན་ཞིང་གཅིན་སེར་དཀར་ཞིང་སྐ། །རིམས་ནད་སྐོམ་དད་ཡི་ག་འཆུས། །སྒྲེགས་པ་སྐམ་པོ་འབྱུང་ཞིང་གླལ། །ལུས་ན་ཡན་ལག་རྐྱོང་བ་དང་། །མཁུན་ཞིང་འདར་ལ་ མགོ་འཁོར་དང་། །སྣ་མིག་ཁ་ནི་ཤུ་བ་སོགས། །ནད་ནི་གཞན་དག་དེ་ལས་འབྱུང་། །འོ་མའི་བེེ་སྣབས་ཞེས་བཤད་དེ། །གནོད་པའི་ནད་ནི་མི་བཟད་ཡིན། །དེ་ལ་མ་མ་བྱིས་པ་ལ། །སློན་སྨན་བཏང་བས་མྱུར་དུ་གསོ། །ཐུག་སོགས་རིམ་པར་བཤད་པ་ནི། །ཤུ་དག་ ལ་སོགས་སྡེ་ཚན་རྣམས། །སྐྱེར་པ་སྩོགས་པའང་བོང་ང་དཀར། །བ་ཏ་དང་ནི་པི་པི་ལིང་། །གླ་སྒང་པུ་ཙེ་ཤེལ་བསྐོལ་བླུད། །པ་ཐ་བཅའ་སྒ་པུ་ཙེ་ཤེལ། །སླེ་ཏྲེས་རྩ་མཁྲིས་ཤ་རི་བ། །ཐང་ཤིང་གླ་སྒང་མུར་བ་དང་། །དུག་མོ་ཉུང་བཅས་བསྐོལ་བ་བླུད། །ནུ་ཞོའི་ཉེས་ པ་སེལ་བའི་མཆོག །རྗེས་འབྲེལ་ནད་ལ་ཇི་བཞིན་དུ། །དུས་ཤེས་པ་ཡིས་གསོ་བར་བྱ། །སོ་འབྱུང་བ་དག་ནད་རྣམས་ནི། །ཐམས་ཅད་ཀྱི་ཡང་རྒྱུ་ཡིན་ནོ། །མཆོག་ཏུ་རིམས་དང་འཁྲུ་བ་དང་། །ལུད་པ་སློན་དང་མགོ་ནད་དང་། །བང་མིག་འཛག་པའི་ནད་དང་ནི། །ཤུ་བ་ རྣམས་ནི་སྐྱེད་པར་བྱེད། །བྱི་ལའི་སྒལ་ཚིགས་བྱེ་བ་དང་། །རྨ་བྱའི་གཙུག་ནི་འབྱུང་བ་དང་། །བྱིས་པའི་སོ་ནི་སྐྱེ་བ་ན། །མི་ན་བ་ནི་ཅུང་ཟད་མེད། །དེ་ལ་ནད་ནི་ཇི་བཞིན་དང་། །ནད་སྟོབས་ཇི་བཞིན་འཇིགས་ཇི་བཞིན། །ཡུལ་དང་དུས་སྩོགས་རྣམ་ཕྱེ་སྟེ། །སྨན་གྱི་ སྦྱོར་བས་གསོ་བར་བྱ། །གནོད་དང་གནོད་བྱ་དེ་ཉིད་དང་། །རིམས་སོགས་ནད་ཀྱང་དེ་ཉིད་འབྱུང་། །དེ་བས་སྨན་ནི་དེ་ཉིད་དེ། །གཞོན་ཤ་ཅན་དང་ལུས་ཆུང་ཕྱིར། །ཟས་ཀུན་སྟེན་པར་མི་བྱེད་པས། །འདི་ཡི་ཚད་ནི་ཆུང་ངུ་སྦྱིན། །མར་དང་འོ་མ་ལ་ བརྟེན་པས། །བྱིས་པ་རྟག་པར་ཁོང་སྣུམ་ཡིན། །དེ་བས་འཕྲལ་དུ་སྐྱུག་སྨན་ནི། །འཇམ་པོ་བློ་དང་ལྡན་པས་བླུད། །འོ་མ་འོ་མ་ཟས་བསྟེན་ལ། །ནུ་ཞོ་ངོམས་པར་བྱས་པས་སློན། །ཟས་ཟ་བ་ལ་མར་བཅས་པའི། །ཐུག་པ་སླ་བར་བླུད་པར་བྱ། །བཀྲུ་སྨན་གྱིས་གསོ་ མས་གཏོང་དང་། །ཚད་ཆུང་ཚད་ཕྲན་དག་གིས་བྱ། །བཀྲུ་སྨན་ལ་སོགས་ཇི་སྐད་བཤད། །མ་མ་ཉིད་ལ་གཏང་བར་བྱ། །མུར་བ་རྒྱ་ཤུག་ཚ་བ་གསུམ། །འབྲས་བུ་གསུམ་དང་འཛམ་བུའི་ཤུན། །ཐང་ཤིང་པ་ཏ་ཉུངས་ཀར་བཅས། །སྦྲང་རྩིར་བཅས་པའི་ལྡེ་གུ་སྦྱིན། །ནུ་ཞོའི་ ཉེས་པ་སེལ་མཆོག་ཡིན། །པི་པི་ལིང་ངམ་སྐྱུ་རུ་ར། །ད་ཏ་ཀ་ཡི་མེ་ཏོག་གི །ཕྱེ་མ་སྦྲང་རྩིར་བཅས་པ་ཡི། །ལྡེ་གུས་རྙིལ་ནི་བྱུག་པར་བྱ། །འུར་བྱ་སྲེག་པའི་ཤ་སྐམ་གྱི། །ཕྱེ་མ་སྦྲང་རྩིས་སྦྲུས་པ་ཡིས། །བྱིས་པའི་སོ་ཡི་མྱུ་གུ་ནི། །མྱུར་དུ་སྐྱེད་པར་བྱེད་པ་ཡིན། །ཤུ་དག་བྲི་ཧ་ ཏི་གཉིས་དང་། །པ་ཏ་གླ་སྒང་པུ་ཙེ་ཤེལ། །བོང་ང་མངར་བའི་སྨན་སྡེ་དག །བསྐོལ་བའི་མར་གྱིས་སོ་སྐྱེད་གྲུབ། །སྐྱེར་པ་ཐང་ཤིང་ས་རལ། །བྲི་ཧ་ཏི་གཉིས་ཉེ་ཤིང་བ། །ཀྲྀཥྞ་པརྞི་ཤྲི་ཡ་སེ། །སྦྲང་རྩི་མར་སྦྱར་ལྡེ་གུ་ནི། །ཕོ་བའི་མེ་དྲོད་སྐྱེད་པའི་མཆོག །རླུང་ནི་བདེ་བར་ རྒྱུ་བར་བྱེད། །འཁྲུ་བའི་རིམས་དང་དབུགས་མི་བདེ། །མིག་སེར་སྐྱ་རྦབ་ལུང་པ་འཇོམས། །བྱིས་པའི་ནད་ནི་ཐམས་ཅད་ལ། །ཕན་ཞིང་མདོག་དང་ཉམས་སྟོབས་སྐྱེད། །བཙོད་དང་སེང་ཕྲོམ་ད་ཏ་ཀི །ཀུ་ཏ་ནན་ཏ་བ་ལ་གཉིས། །ས་ཧ་ཆེ་ཆུང་གཉིས་དང་ནི། །མུངྒ་བིལ་བ་གཞོན་ ནུ་གཉིས། །རས་བལ་ས་བོན་བཅས་པ་དག །ཆུ་བསྐོལ་བ་དང་མར་དང་ནི། །ཐལ་སྨན་ཞོ་ག་ཆུར་བསྐོལ་བས། །སོ་སྐྱེས་ལས་བྱུང་སྣ་ཚོགས་ནད། །འདི་ཡིས་མྱུར་དུ་འཇོམས་བྱེད་དེ། །འོད་སྲུངས་རྒད་པོས་བཤད་པ་ཡིན། །བྱིས་པའི་སོ་སྐྱེས་ནད་ལ་ནི། །སྔགས་ཀྱིས་ མངོན་པར་གདབ་མི་བྱ། །སོ་སྐྱེས་པ་ཡི་ནད་གང་ཡིན། །གསོ་བས་རང་ཉིད་ཉེར་ཞིར་འགྱུར། །ཉིན་པར་གཉིད་དྲགས་ཆུ་གྲང་དང་། །ནུ་ཞོ་བད་ཀན་ཅན་བསྟེན་པས། །བྱིས་པའི་དངས་མ་རྒྱུ་བ་ཡི། །རྩ་རྒྱུན་བད་ཀན་གྱིས་བཀག་པའི། །ཡི་ག་འཆུས་དང་ཆམ་པ་དང་། ། དེ་ནས་བྱིས་པ་ལུས་སྐམས་ཤིང་། །མདོག་སྣུམ་མིག་ནི་དཀར་བར་འགྱུར། །རྒྱམ་ཚ་ཚ་གསུམ་ཤ་རང་ག །བ་ཏ་ཀོ་རི་ཀ་ཏམ་པ། །མར་དང་སྦྲང་རྩི་སྦྱར་སྐམས་དང་། །ཡི་ག་འཆུས་པ་སོགས་ལ་གཏང་། །པུ་ཙེ་ཤེལ་དང་ཨ་ཤོ་ཀ །ཚ་བ་ལྔ་བཅས་ ཕྱེ་མ་པན། །ད་ཏ་ཀི་དང་སྐྱུ་རུ་ར། །རྒྱ་ཤུག་ཕྱེ་མ་མར་བཅས་ཕན། །སཱ་ལ་པརྞི་ཤུ་དག་དང་། །བྲི་ཧ་ཏི་གཉིས་རམ་ཉེ་བ། །པི་པི་ལིང་དང་རྒྱ་སྤོས་དང་། །ལྕང་མ་ཨུཏྤལ་བ་སྤྲུ་བ། །ག་བྲའི་རྩ་བ་གླ་སྒང་རྣམས། །སྲང་རེ་ཡི་ནི་ཚད་བྱས་ནས། །མར་ནི་བྲེ་གང་བཅས་བསྐོལ་བ། ། རྩ་རྒྱུན་སྦྱོང་བའི་དམ་པ་ཡིན། །ཨ་ཤྭ་གནྡྷ་བྱེའུ་རུག་པ། །བྲི་ཧ་ཏི་དང་པི་པི་ལིང་། །བསྐོལ་བའང་ཡོན་ཏན་དེ་དང་འདྲ། །ཤིང་མངར་སེང་ཕྲོམ་པི་པི་ལིང་། །ཤུག་པ་ཙནྡན་ཨུཏྤ་ལ། །བལ་བུའི་ལོ་མ་ཤ་རི་བ། །བསྐོལ་བའི་མར་གྱིས་སྐེམས་པ་ཡི། །ནད་ནི་འཇོམས་པར་ བྱེད་པ་ཡིན། །ཤྲིང་གི་མ་དུ་ལུང་ག་དང་། །ག་བྲའི་རྩ་བ་པི་པི་ལིང་། །ཐང་ཤིང་ཨ་ཤྭ་གནྡྷ་དང་། །ར་མཉེ་བ་གཉིས་ར་སྣ་དང་། །ཟངས་རྩི་བ་དང་ཛི་བ་ཀ །མ་ཤ་མུངྒ་པརྞི་དང་། །བྱི་དང་ག་ནི་ལྡེ་གུར་བཅས། །རི་བོང་མགོ་བསྐོལ་ཁུ་བ་དང་། །བསྐོལ་བའི་མར་ནི་བླུད་གྱུར་ ན། །ལུས་སྐེམས་རྒྱས་པར་བྱེད་པའི་མཆོག །ཤུ་དག་སླེ་ཏྲེས་ཀ་ཡསྠ། །སྤང་སྤོས་ཙ་རོང་ར་ཐུག་གཅིན། །ཆང་བསྐོལ་ཏིལ་མར་བསྐུས་པ་ཕན། །རྒྱ་སྐྱེགས་ཁུ་བ་ཆ་མཉམ་དང་། །ཏིལ་མར་བྲེ་གང་ཞོ་ག་ཆུ། །བཞི་འགྱུར་ཨ་ཤྭ་གནྡྷ་དང་། །སྐྱེར་པ་ཐང་ཤིང་རུ་རྟ་དང་། ། ཧ་རེ་ཎུ་ཀ་བ་ལི་ཀ །ཙནྡན་མུར་བ་པུ་ཙེ་ཤེལ། །ར་སྣ་ཉེ་ཤིང་ཤིང་མངར་མཉམ། །བསྐོལ་བའི་ཏིལ་མར་རྒྱ་སྐྱེགས་སོགས། །ཞེས་བྱ་བསྐུས་ན་ཕན་པར་འགྱུར། །སྟོབས་སྐྱེད་རིམས་དང་ཟད་བྱེད་དང་། །སྨྱོ་བྱེད་བརྗེད་བྱེད་དབུགས་མི་བདེ། །རླུང་གི་ནད་རྣམས་སེལ་བར་ བྱེད། །གནོད་སྦྱིན་སྲིན་པོ་འབྱུང་པོ་འཇོམས། །སྦྲུམ་མ་ལ་ཡང་བསྔགས་པ་ཡིན། །བོང་ང་ཀར་ཀ་ཏ་སྲིང་གི། །པི་པི་ལིང་དང་སྦྲང་རྩིར་སྦྱར། །ལྡེ་གུ་བྱིས་པ་ལ་སྦྱིན་པ། །བོང་ང་དཀར་པོ་གཅིག་པོ་ཡིས། །ལྡེ་གུས་ལུད་པ་རིམས་སློན་བྲོ། ། བླ་བརྣན་གྱི་ནི་ནད་སེལ་བྱེད། །ནུ་ཞོ་འཐུང་ཞིང་སློན་པ་ལ། །དེ་ལ་ཞུན་མར་སྦྲང་རྩི་དང་། །ཀཎྜ་ཀ་རི་བྲི་ཧ་ཏི། །འབྲས་བུའི་ཁུ་བ་ཚ་བ་ལྔ། །སྦྱར་བའི་ལྡེ་གུ་སྦྱིན་པར་བྱ། །པི་པི་ལིང་དང་ལན་ཚྭ་ལྔ། །བ་རི་བར་བྱི་དང་ག །དེ་བཞིན་ལྡེ་གུར་སྦྱར་བ་སྦྱིན། །དེ་བཞིན་ཚ་བ་ གསུམ་རེག་འཇམ། །ཤ་རི་ད་ཏ་རྨ་བྱ་སྲམ། །ཇི་སྙེད་པགས་པ་སྤུ་བསྲེགས་ལ། །སྣག་ཚ་སྦྲང་རྩི་མར་སྦྱར་ཕན། །སེང་ལྡེང་བལ་བུ་ཨརྫུན། །རུ་རྟ་པན་ཏ་ན་ཡི་ཁུ། །འོ་མ་མར་དང་བཅས་བསྐོལ་བས། །སློན་བྲོ་ཉེ་བར་སེལ་བར་བྱེད། །གང་གི་སོ་དང་བཅས་སྐྱེས་དང་། ། གང་གི་དང་པོར་ཡ་སོ་སྐྱེས། །བཀྲ་མི་ཤིས་པ་དེ་ལ་ནི། །ཞི་བ་བྱ་ཞིང་བྲམ་ཟེ་ལ། །ཡོན་དང་བཅས་པར་སྦྱིན་པར་བྱ། །དེ་བཞིན་སྐེམ་བྱེད་མཆོད་པར་བྱ། །བད་ཀན་འཁྲུགས་པས་རྐན་གྱི་ཤར། །རྐན་གྱི་འཛེར་པ་ཞེས་བྱ་སྟེ། །དེས་ན་རྐན་གྱི་ཕྱོགས་ཀྱི་ནི། །སྤྱི་བོ་དམའ་བ་ འབྱུང་བར་འགྱུར། །རྐན་ལྷུང་ནུ་ཞོ་འགྲས་པ་དང་། །སྐ་བ་འཐུང་ཞིང་བཤང་བ་སླ། །སྐོམ་དང་ཁ་གཡའ་མིག་ན་ཞིང་། །གཉའ་བ་འདེགས་དཀའ་སློན་པར་འགྱུར། །དེ་ལ་རྐན་འདེགས་ནས་ཚིག་འཁུས། །ཐལ་བ་སྦྲང་རྩིར་སྦྱར་བ་བསྐུ། །ཡང་ན་བཅའ་སྒ་པི་པི་ལིང་། ། བ་ལང་གཅིན་ཁུ་རྒྱམ་ཚ་བསྐུ། །དོང་གྲ་སྐྱེར་པ་ཤིང་ཚ་ཡི། །ལྡེ་གུ་ནྱ་གོ་དྷའི་ལོ་མར། །གཏུམས་ལ་བ་ལང་ལྕི་བས་བྱུག །དེ་རྗེས་མེ་མར་མྱུར་དུ་བསྲེག །ཁུ་བས་རྐན་དང་ཁ་བསྐུ་ཞིང་། །མིག་ཏུ་ཡང་ནི་བླུགས་པར་བྱ། །རུ་རྟ་ཤུ་དག་ཨ་རུ་ར། །སྦྲང་རྩིར་བཅས་པའི་ལྡེ་གུ་ ནི། །ནུ་ཞོར་བཅས་པ་བྱིས་པ་བླུད། །རྐན་གྱི་འཛེར་པ་ལས་ཐར་འགྱུར། །དྲི་མས་གོས་སམ་རྡུལ་བ་ལས། །གཞང་ཁར་བད་ཀན་ཁྲག་ལས་འབྱུང་། །རྨ་ནི་ནང་དམར་གཡའ་བ་དང་། །བླ་བརྣན་མང་པོ་འབྱུང་བར་འགྱུར། །ལ་ལས་མ་མོའི་ཉེས་པར་བཤད། །གཞན་ དག་ལུས་སྲུལ་པོས་བྱས་ཟེར། །རྒྱབ་ཀྱི་ཐོར་བུ་གཞང་སྡེབས་ཟེར། །ལ་ལས་དེ་མིང་མེད་ཅེས་བཤད། །དེ་ལ་མ་མ་བད་མཁྲིས་དག །སེལ་བའི་སྨན་གྱིས་ནུ་ཞོ་སྦྱར། །ཙནྡན་དཀར་ཆུ་བསིལ་བ་དང་། །ལྡན་པའི་སྐོམ་ནི་ནང་ནས་བླུད། །དེ་དང་སྐྱེར་པའི་ཁཎྜ་ནི། ། སྦྲང་རྩིར་བཅས་པའི་རྨ་བསྐུ་བྱ། །རྒྱ་ཤུག་འབྲས་བུ་གསུམ་བླག་ཤའི། །ཤུན་པ་བསྐོལ་བའི་ཆུ་བླུགས་བྱ། །ནག་ཆུར་གི་ཝང་སྤངས་མ་དང་། །དངུལ་རྡོ་བ་བླ་ལྡོང་རོས་ནི། །སྐྱུར་དང་བཏགས་པས་བསྐུ་བྱ་ཞིང་། །ཡང་ན་ཤིང་མངར་སྐྱེར་ཁཎ་དང་། །དུང་ནི་ཞིབ་ ཏུ་བཏགས་པའམ། །དུང་གི་ལྟེ་བ་ཤ་རི་བའམ། །ཨ་ས་ན་ཡི་ཤུན་པ་ནི། །ཕྱེ་མ་བཏགས་པ་གདབ་པར་བྱ། །དམར་ཞིང་གཡའ་བའི་ཤས་ཆེ་ལ། །སྲིན་བུ་པད་པས་ཁྲག་དབྱུང་བྱ། །གཞང་སྡེབས་ནད་ལ་མཁྲིས་པ་ཡི། །རྨ་ལ་ཕན་པ་ཐམས་ཅད་བསྔགས། ། པ་ཏ་གླ་སྒང་སེར་པོ་གཉིས། །ག་བྲའི་རྩ་བ་བྱི་དོང་ག །པུརྞ་རྣ་བ་བིལ་བར་བཅས། །བྲིཤྩི་ཀ་ལི་ཚ་བ་གསུམ། །མར་བཅས་བསྐོལ་བ་ཚད་ཙམ་བལྡགས། །ས་ཟོས་ནད་ལས་ཐར་བར་འགྱུར། །ནད་ནི་གང་གི་སྨན་གང་ཡིན། །དེ་ཡིས་ནུ་མ་བསྐུས་ནས་ནི། ། ཡུད་ཙམ་འདུག་ལ་དེ་རྗེས་བཀྲུ། །བླུད་ན་ནད་ནི་དེ་དེས་སེལ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། གནས་ཕྱི་མའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱིས་པའི་གདོན་གསོ་བའི་ལེའུ་བཤད་པར་བྱའོ། །སྔོན་གྱི་སྐེམ་བྱེད་བསྲུང་བའི་ཕྱིར། ། གདོན་ནི་སྐྱེས་པའི་གཟུགས་ཅན་ལྔ། །བུད་མེད་ཀྱི་ནི་གཟུགས་ཅན་བདུན། །ལྷ་ཆེན་པོ་ཡི་སྤྲུལ་པ་ཡིན། །སྐེམ་བྱེད་ས་ག་ལུག་ཐུག་གདོང་། །ཁྱི་གདོང་ཡི་དྭགས་ཞེས་བྱ་དང་། །བྱ་གདོན་སྲུལ་མོ་གྲང་བ་ཡི། །སྲུལ་མོ་ལོང་མ་ལུས་སྲུལ་པོ། །དེ་བཞིན་བཞིན་གྱི་ རྒྱན་ཅན་མ། །ནམ་གྲུ་ནམ་གྲུ་སྐེམ་མའོ། །དེ་རྣམས་ཀྱིས་ནི་བཟུང་བའི་ཚུལ། །རྟག་ཏུ་ངུ་དང་རིམས་ཀྱིས་འདེབས། །སྤྱིའི་ཚུལ་སྐྲག་དང་གླལ་བ་དང་། །སྨིན་མ་འདེགས་ཤིང་རྨྱ་བ་དང་། །ལྦུ་བ་སློན་ཞིང་གྱེན་དུ་བལྟ། །མ་མཆུ་སོས་འདེབས་གཉིད་ཡར་དང་། །ངུ་ ཞིང་མཁུན་ལ་ནུ་ཞོ་ལ། །མི་དགའ་སྐད་ནི་འགྱུར་བ་དང་། །གློ་བུར་དུ་ནི་སེན་མོ་ཡིས། །རང་གི་མ་མའི་ཡན་ལག་འབྲད། །དེ་ལ་སྐེམ་བྱེད་ཀྱིས་ཟིན་རྟགས། །མིག་གཅིག་མཆི་མ་འཛག་པ་དང་། །ཡང་དང་ཡང་དུ་མགོ་བོ་རྡེགས། ། ཕྱོགས་གཅིག་ཉམས་ཤིང་ལུས་རེངས་ལ། །རྡུལ་བཅས་སྐྱེ་བ་རེངས་པ་དང་། །སོ་འཆའ་ནུ་ཞོ་ལ་མི་དགའ། །སྔངས་ཤིང་ངུ་ལ་སྐད་གསང་ཉམས། །ཁ་ཡོ་ཁ་ཆུ་སྐྱུགས་པ་དང་། །མི་བཟད་པར་ནི་གྱེན་དུ་བལྟ། །ཚིལ་ཁྲག་དྲི་བྲོ་ཡིད་མི་དགའ། ། བཤང་བ་ཁུ་ཚུར་ལ་བཅང་ཞིང་། །མཁུར་ཚོས་མིག་དང་སྨིན་མ་གཅིག །གཡོ་ཞིང་མིག་ནི་གཉི་ག་དམར། །དེས་ནི་ཡན་ལག་ཉེས་ཉམས་པའམ། །འཆི་བ་ཁོ་ནར་བྱེད་པར་འགྱུར། །སྐེམ་བྱེད་བརྗེད་བྱེད་མཚན་མ་ནི། །དྲན་པ་ཉམས་ཤིང་ཡང་ དང་ཡང་། །སྐྲ་འབལ་རྐེ་བ་འགུགས་པ་དང་། །རྣམ་པར་འདུད་ཅིང་གླལ་བཞིན་དུ། །བཤང་དང་གཅི་བ་འབྱིན་པར་བྱེད། །ལྦུ་བར་སྐྱུག་ཅིང་གྱེན་དུ་ལྟ། །རྐང་ལག་སྨིན་མས་གར་ཡང་བྱེད། །ནུ་མ་རང་ལྕེ་སོ་ཡིས་འདེབས། །ཀུན་ཏུ་གཡོ་ཞིང་ གཉིད་ཡང་རིམས། །ཁྲག་ནི་རྣག་གི་དྲི་བྲོ་བའོ། །ལུག་ཐུག་གདོན་གྱི་རྟགས་ཀྱི་ནང་། །སྦོ་ཞིང་རྐང་པ་ལག་པ་དག །འདར་ཞིང་ལྦུ་བ་སྐྱུགས་པ་དང་། །སྐོམ་དད་ཆེ་འཁྲུ་ཆང་པ་སྡོམ། །སྐད་གསང་དམའ་ཞིང་མདོག་མི་སྡུག །མཁུན་ཅིང་སློན་པར་བྱེད་ པ་དང་། །ལུད་པ་སྐྱིགས་བུས་འདེབས་གཉིད་ཡར། །སོ་ཡིས་མཆུ་གནོན་ཡན་ལག་སྡུད། །རེངས་ཤིང་ལུག་ཐུག་དྲི་བྲོ་ལ། །གྱེན་དུ་ལྟ་ཞིང་དགོད་པ་དང་། །བར་དུ་འགུགས་ཤིང་རིམས་ཀྱིས་འདེབས། །བརྒྱལ་ཞིང་མིག་གཅིག་སྐྲངས་པ་ཡན། ། ཁྱི་ཡི་གདོང་གི་རྟགས་གྱུར་པ། །འདར་ཞིང་བ་སྤུ་ལྡང་བ་དང་། །རྔུལ་ཞིང་མིག་ནི་འཛུམས་པ་དང་། །རྒྱབ་ཏུ་གུག་ཅིང་ལྕེ་དང་སོ། །མཆུ་དང་རྐན་སྒྲ་འབྱིན་ཞིང་སྐྱུགས། །བཤང་བའི་དྲི་འབྱུང་ཁྱི་སྐད་འབྱིན། །ཡི་དྭགས་ཀྱི་ནི་གདོན་གྱི་རྟགས། །བ་སྤུ་ལྡང་ ཞིང་ཡང་ཡང་སྡང་། །གློ་བུར་དུ་ཞིང་རིམས་ཀྱིས་འདེབས། །འཁྲུ་ཞིང་སློན་བྱེད་ལུད་པ་ལུ། །གླལ་སྐོམ་མི་རོའི་དྲི་དང་ལྡན། །ལུས་ནི་བསྐྱོད་ཅིང་གཡོ་བ་དང་། །སྐེམ་ཞིང་རེངས་ལ་མདོག་མི་སྡུག །ཁུ་ཚུར་སྡོམ་ཤིང་མཆི་མ་འཛག །བྱ་གདོན་ ལུས་ལྷོད་འཁྲུ་བར་བྱེད། །ལྕེ་རྐན་ལྐོག་མར་རྨ་འབྱུང་ཞིང་། །ཐོར་བུར་ན་ཞིང་ཚ་ལ་གནག །ཚིགས་དག་ཏུ་ནི་ཡང་ཡང་འབྱུང་། །མཚན་མོ་སྐྱེ་ལ་ཉིན་མོ་འབྲི། །ཁའམ་བཤང་སྒོ་འགགས་པ་དང་། །འཇིགས་ཤིང་བྱ་ཡི་དྲི་དང་ལྡན། ། རིམས་ཀྱིས་འདེབས་པར་བྱེད་པ་ཡིན། །སྲུལ་མོའི་སློན་ཞིང་འདར་བ་དང་། །ལུས་སྙོམ་མཚན་མོ་གཉིད་ཡར་དང་། །སྐྱིགས་བུ་ལྟོ་སྦོས་འཁྲུ་བ་དང་། །སྐོམ་ཞིང་གཅིན་ནི་སྲི་བ་དང་། །ལུས་ལྷོད་བ་སྤུ་གཤོར་བ་དང་། །ཁ་ལྟར་དྲི་ནི་མནམ་ པ་ཡིན། །གྲང་བའི་སྲུལ་མོ་འདར་བ་དང་། །ངུ་ཞིང་ཟུར་གྱིས་བལྟ་བ་དང་། །སྐོམ་ཞིང་འཁྲུ་ལ་རྒྱུ་མ་འཁྲོག །ཞག་ལྟར་དྲི་ནི་མནམ་པ་དང་། །ཡན་ལག་ལོགས་གཅིག་གྲང་བ་དང་། །ཅིག་ཤོས་དྲོ་བ་ཉིད་ཡིན་ནོ། །སྲུལ་མོ་ལོང་མའི་སློན་ པ་དང་། །རིམས་དང་ལུད་པ་གཉིད་ཆུང་དང་། །བཤང་བ་སླ་ཞིང་མདོག་མི་སྡུག །དྲི་ང་བསྐུས་པས་མྱུར་དུ་སྐམ། །མཐོང་བ་ཉམས་ཤིང་མིག་ན་གཡའ། །མིག་སྐྲངས་གློ་བར་གྱུར་པ་དང་། །སྐྱིགས་བུ་མི་དགོད་ནུ་ཞོ་འགྲས། །མདོག་མི་ སྡུག་ཅིང་ང་རོ་རྩུབ། །མདོག་ཉམས་ཉ་ཡི་དྲི་དང་ལྡན། །ཡང་ན་དྲི་ནི་སྐྱུར་བཅས་ཡིན། །བཞིན་རྒྱན་ཅན་གྱིས་རྐང་པ་དང་། །ལག་པ་གདོང་ནི་མཛེས་པ་དང་། །རྩ་ནི་ནག་པོར་སྣང་བ་ཡིས། །ལྟོ་བ་ཁྱབ་ཅིང་རིམས་ཀྱིས་འདེབས། །ཡི་ག་འཆུས་ ཤིང་ཡན་ལག་ན། །བ་གཅིན་ལྟ་བུའི་དྲི་འབྱུང་འགྱུར། །ནམ་གྲུ་གནག་ཅིང་སྔོ་བ་དང་། །མིག་དང་རྣ་བ་སྣ་མེད་ཅིང་། །མིག་འགུལ་སྐྱིགས་བུ་ལུད་པ་ལུ། །ཁ་ནི་ཡོ་ཞིང་དམར་བ་དང་། །ལུག་ཐུག་དྲིར་ལྡན་རིམས་འདེབས་སྐེམ། ། བཤང་བ་སྔོ་ཞིང་སླ་བ་ཡིན། །ནམ་གྲུ་སྐེམ་མོས་ལུས་ཀུན་ནི། །རིམས་ཀྱིས་འདེབས་པར་འགྱུར་བ་དང་། །སྐྲ་འབྱི་ཟས་ལ་མི་དགའ་དང་། །སྐད་གསང་ཞུམ་ཞིང་མདོག་མི་སྡུག །བཤང་བ་ཁ་དོག་སྣ་ཚོགས་དང་། །ལྟོ་ བར་རྩ་ཡི་མདུད་པ་ཆགས། །ངུ་ཞིང་བྱ་རྒོད་དྲི་ལྡན་ལ། །ཡུན་རིང་ན་བར་བྱེད་པ་ཡིན། །ལྟོ་བ་རྨེན་བུ་ཟླུམ་པོ་འབྱུང་། །བཤང་བ་ཁ་དོག་སྣ་ཚོགས་འབྱུང་། །ལྕེ་ཡི་དབུས་ནི་དམའ་བ་དང་། །རྐན་ནི་གནག་འགྱུར་དེ་སྤང་བྱ། །ཁ་ཟས་ མང་དུ་ཟོས་ཀྱང་ནི། །བྱིས་བ་གང་ཞིག་ལུས་སྐེམ་བྱེད། །སྐོམ་པས་ཉེན་ཅིང་མིག་ཉམས་པ། །དེ་ནི་ནམ་གྲུ་སྐེམ་མོས་གསོད། །འཚེ་བ་ལ་དགའ་མཆོད་པར་འདོད། །གདོན་རྣམས་འཛིན་པའི་རྒྱུ་ཡིན་ནོ། །དེ་ལ་འཚེ་བའི་བདག་ཉིད་ཅན། །བྱིན་ ཚེ་སྣ་ནས་འཛག་པ་དང་། །ལྕེ་ཉམས་མིག་ནི་གཏིང་དུ་འབྲོས། །འདེགས་བྱེད་མིག་ནི་མཆི་མར་བཅས། །ཉམ་ཆུང་ཚིག་ནི་དམན་པ་དང་། །དྲི་ང་བ་ནི་འབྱུང་བར་འགྱུར། །སྐེམ་ཞིང་རང་གི་བཤང་དང་གཅི། །ལག་པས་ཉེད་ཅིང་སྨོད་མི་བྱེད། ། ལག་པས་བཏེག་སྟེ་འབད་པ་ཡིས། །བདག་དང་དེ་བཞིན་གཞན་ལ་རྡེག །མཚོན་དང་ཤིང་སྩོགས་ཀྱིས་རྡེག་ཅིང་། །འབར་བའི་མེ་ལ་འཇུག་པར་བྱེད། །ཆུ་ནང་འབྱིང་ཞིང་ཁྲོན་པར་ལྟུང་། །གཞན་ཡང་དེ་འདྲར་བྱེད་བར་འགྱུར། །སྐོམ་དད་ཆེ་ ཞིང་ཚ་བས་རྣག །སློན་པར་བྱེད་པར་འགྱུར་བ་དང་། །བུ་ག་ཀུན་ནས་ཁྲག་འཛག་ཅིང་། །འཆི་ལྟས་བྱུང་བ་དེ་སྤང་བྱ། །དགའ་བ་འདོད་པས་གཟིར་གྱུར་པ། །དབེན་པར་བུད་མེད་འདོད་སྨྲ་དགའ། །དྲི་དང་མེ་ཏོག་ཕྲེང་རྒྱན་དགའ། །མགུ་ ཞིང་ཞི་བ་གསོ་བ་དཀའ། །ལྕེས་ནི་ཁ་ལ་ཉུག་པ་དང་། །མཆུ་རྐན་གྲེ་བ་སྐམས་པ་དང་། །དོགས་པས་ལྟ་ཞིང་ངུ་བ་དང་། །སེམས་ཁོང་ཆུད་ཅིང་ཞུམ་པ་དང་། །ཟས་འདོད་ལྟོགས་པར་གྱུར་ཀྱང་ནི། །བྱིན་ན་ཟ་བར་མི་འདོད་ལ། །གཏོར་མ་ འདོད་པས་ཟིན་པ་སྟེ། །དེ་ནི་གསོ་སླ་ཡིན་པར་བཤད། །གསོད་འདོད་པ་ལ་གྲུབ་པ་ཡི། །སྔགས་བཟླས་སྦྱིན་སྲེག་བྱས་པས་གཞོམ། །ཅིག་ཤོས་ལ་ནི་ཅི་འདོད་པར། །དགའ་དང་གཏོར་མ་སོགས་སྦྱིན་པས། །དེ་ནས་གསོ་རུང་གདོན་ལ་ནི། །བྱིས་པ་ ཁང་པ་དབེན་པར་བཞག །ཞག་གསུམ་ཆག་ཆག་ཕྱག་དར་བྱས། །རྟག་ཏུ་མེ་ནི་གཞག་པ་ཡི། །བུ་ཏིའི་མེ་ཏོག་བསིལ་མ་དང་། །འདབ་མ་ས་བོན་ཉུངས་ཀར་གཏོར། །གདོན་འཇོམས་ཏིལ་མར་སྦར་བ་ཡི། །མར་མེས་གདོན་ནི་འཇོམས་པར་བྱེད། ། ནད་གཡོག་ཉལ་པོ་ཆང་དང་ཤ །ཡོངས་སུ་སྤངས་པར་གྱུར་པ་ཡི། །མར་ནི་རྙིང་པས་བསྐུས་ནས་ནི། །བ་ལ་ནིམ་པ་སྟར་ཀ་རི། །དོང་གྲ་ཐང་ཤིང་ཀ་ཏང་ག །འཛམ་བུ་དང་ནི་ཏ་མ་ལ། །ཀ་ཏྲི་ན་དང་ལྕམ་པ་དང་། །ཨ་བ་མརྒ་མ་ཏ་ལི། །མ་དུ་ཤི་ ཀྲུ་ཞེས་བྱ་དང་། །ཀ་ཀ་ཛ་ཀ་ཤྭེ་ཏ་ཆེ། །བིལ་རྐང་འོ་མ་ཅན་གྱི་ཤིང་། །ཀ་དམ་བ་བཅས་ཀ་རཉྫ། །ཆུ་ནི་དྲོ་འཇམ་དག་གིས་བཀྲུ། །སྟག་དང་གཟིག་དང་སེང་གེ་སྦྲུལ། །དོམ་གྱི་པགས་པ་མར་དང་བཅས། །བདུགས་པས་ཁྲུས་བྱས་འོག་ཏུ་བདུག །པུ་ཏི་ ཉུངས་ཀར་ཤ་རཾ་ག །ཤུ་དག་གོ་བྱེ་ལ་ལ་ཕུད། །རུ་རྟ་མར་སྦྱར་བདུག་པས་ནི། །གདོན་ཀུན་ལས་ནི་ཐར་བྱེད་ཡིན། །ཡུངས་ཀར་ནིམ་པའི་ལོ་མ་དང་། །ཤུ་དག་ཀ་ར་བཱི་རའི་རྩ། །དྲོ་བ་མར་སྦྱར་བདུག་པས་ནི། །གདོན་ནི་ཐམས་ཅད་སེལ་བར་བྱེད། །བ་ ལང་རྭ་དང་རུས་པ་སྤུ། །པགས་པ་བྱི་ལའི་རྟུག་པ་དང་། །ནིམ་པའི་ལོ་མ་པུ་ཙེ་ཤེལ། །མར་དང་བྲི་ཧ་ཏི་གཉིས་དང་། །རས་བལ་ས་བོན་པོ་སོན་ཆ། །ནས་དང་ར་སྤུ་ཐང་ཤིང་དང་། །ཉུངས་ཀར་རྨ་བྱའི་སྒྲོ་དང་པོག །སྐྲ་དང་ཕུབ་མ་ཕ་བང་དང་། །རྫ་ མར་ར་ཐུག་གཅིན་དང་སྦངས། །ཞིབ་བཏགས་པ་ཡི་བདུགས་པས་ནི། །འབྱུང་པོའི་གདོན་ནི་ཐམས་ཅད་དང་། །མི་བཟད་རིམས་ནད་འཇོམས་པར་བྱེད། །བྱི་ཚེར་ཨ་མྲའི་ཚི་གུ་དང་། །རྒྱ་སྤོས་མངར་སྡེ་ན་ལེ་ཤམ། །ཀྲྀཥྞ་པརྞྀ་གླ་སྒང་རྣམས། །ལྡེ་ གུར་བྱས་པ་མར་དང་ནི། །འོ་མ་རྩ་བ་བཅུ་བསྐོལ་ཁུར། །བཅས་བསྐོལ་དེ་ནི་གདོན་འཇོམས་མཆོག །ར་སྣ་ཨཾ་ཤུ་མ་ཏི་གཉིས། །བ་ལ་རྩ་བ་ཆེན་པོ་ལྔ། །གླ་སྒང་བཏགས་ཏེ་མར་དང་བསྐོལ། །ཚ་བ་གསུམ་དང་ཙི་ཏྲ་ཀ ། ཐལ་ཏྲེས་པ་ཏྲ་བྱི་དང་ག །ཤིང་མངར་ཤིང་ཀུན་པ་ཡ་སྱ། །ཐང་ཤིང་པི་པི་ལིང་རྩ་བ། །དུག་མོ་ཉུང་དང་བཅས་པ་ཡི། །ལྡེ་གུ་མར་དང་བསྐོལ་བས་ནི། །རྟག་ཏུ་བྱིས་པ་ལ་ཕན་ཞིང་། །ནད་དང་གནོད་པ་ཐམས་ཅད་འཇོམས། །མེ་དྲོད་སྟོབས་ དང་ཁ་དོག་སྐྱེད། །ཤ་རི་བ་དང་མུ་ར་དང་། །བྲམྷི་ཤུ་དག་ཤང་ཁི་ནི། །ཉུངས་ཀར་ཨ་ཤྭ་གནྡྷ་དང་། །བྱེའུ་རུག་པ་བཅས་མར་བསྐོལ། །དེ་ནི་བཏུང་དང་བསྐུ་བ་ཡིས། །གདོན་རྣམས་ཐམས་ཅད་འཇོམས་པར་བྱེད། །མར་གད་འབྱུང་པོའི་ རིགས་པ་རུ། །འོག་ནས་བཤད་པ་དག་དང་ནི། །དེ་བཞིན་གཏོར་མ་སྦྱིན་སྲེག་དང་། །ཁྲུས་ནི་སྔགས་རྒྱུད་ཤེས་པས་སྦྱར། །པུ་ཏི་ཀ་རཉྫའི་ཤུན་པ། །བར་པ་ར་ཡི་རྩ་བ་དང་། །ཀུ་བ་ཁ་བོ་བི་ཤ་ལ། །ཀ་ཏྲ་ཀ་དང་བིལ་བ་དང་། །ཀ་པི་ཏ་ བསྐོལ་དེས་མཚན་མོ། །བྱིས་པ་བཀྲུས་ན་ཤིས་པ་ཡིན། །གདོན་དང་བྲལ་ཡང་བླ་བརྣན་ནད། །རྗེས་སུ་འབྲེལ་པ་ཐམས་ཅད་ལ། །བྱིས་པའི་ནད་གསོར་བཤད་པ་ཡི། །སྨན་གྱིས་ཇི་བཞིན་གསོ་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་ པ་ལས། །ཕྱི་མའི་གནས་ཀྱི་ལེའུ་སྟེ་གསུམ་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། བྱིས་པ་གསོ་བའི་ཡན་ལག་རྫོགས་སོ།། །།དེ་ནས་འབྱུང་པོའི་གདོན་གྱི་ནད་དམིགས་ཤེས་པ་བཤད་པར་བྱའོ། །ཤེས་ དང་རྣམ་ཤེས་ཚིག་དང་ནི། །སྤྱོད་དང་སྙིང་སྟོབས་རང་བཞིན་དག །གང་གི་རང་བཞིན་འགྱུར་བར་སྣང་། །དེ་ལ་འབྱུང་པོའི་གདོན་ཡོད་བཤད། །འབྱུང་པོའི་གཟུགས་དང་རང་བཞིན་དང་། །སྨྲ་དང་འགྲོ་སོགས་སྤྱོད་པ་དང་། །གང་ཞིག་ འདྲེ་བར་བྱེད་པ་རྣམས། །དེ་ལ་དེ་ནི་ཞུགས་པར་བཤད། །དེ་ནི་ལྷ་དང་ལྷ་མིན་སྩོགས། །དབྱེ་བ་རྣམ་པ་བཅོ་བརྒྱད་བཤད། །དེ་འཛིན་རྒྱུ་ནི་འཕྲལ་གཏམ་ནི། །སྔོན་ཆད་ཤེས་རབ་འཆལ་བ་ཡི། །བློ་ཡིས་ཉེས་པ་བྱས་གྱུར་ནས། །དེ་ཡི་ཆགས་པ་སྩོགས་ བསྐྱེད་ནས། །བརྟུལ་ཞུགས་སྤྱོད་དང་ཆོས་ལུགས་ཉམས། །མཆོད་འོས་རྣམས་ནི་བརྙས་པ་དང་། །གཞུང་ལུགས་ཉམས་པ་དེ་དག་ནི། །སྡིག་དང་བདག་ནི་གསོད་བྱེད་ནི། །གདོན་ནི་གླགས་སྐབས་ཚོལ་བྱེད་པས། །ལྷ་ལ་སོགས་པའང་རྗེས་གནོད་ བྱེད། །གླགས་ནི་སྡིག་ལ་སོགས་པ་དང་། །མི་དགེའི་ལས་ནི་སྨིན་པ་དང་། །གཅིག་པུར་ཁང་སྟོང་གནས་པའམ། །དུར་ཁྲོད་སོགས་པར་མཚན་མོ་གནས། །གཅེར་བུར་རྒྱུ་བའམ་བླ་མ་སྨོད། །འཁྲིག་པ་ཚུལ་མིན་སྤྱོད་པ་དང་། །གཙང་སྦྲ་མེད་པར་ ལྷ་མཆོད་དང་། །མི་གཙང་གཞན་དང་འདྲེས་པ་དང་། །སྦྱིན་སྲེག་སྔགས་གཏོར་མཆོད་སྦྱིན་རྣམས། །ཕྱིན་ཅི་ལོག་ཏུ་བྱེད་པ་དང་། །མདོར་ན་ཉིན་རེ་སོགས་སྤྱོད་པར། །སྤྱོད་པ་བརྟེན་པ་ལས་འདས་པའོ། །ལྷ་ཡི་གདོན་གྱིས་ཡར་ངོ་ཡི། །ཚེས་ གཅིག་བཅུ་གསུམ་དག་ལ་འཛིན། །ལྷ་མིན་གདོན་ནི་ཡར་ངོ་ཡི། །བཅུ་གསུམ་མར་ངོ་བཅུ་གཉིས་ལ། །དྲི་ཟའི་གདོན་ནི་བཅུ་བཞི་དང་། །བཅུ་གཉིས་དག་ལའང་འཛིན་པར་བྱེད། །ཀླུ་གདོན་ཚེས་ལྔ་ལ་འཛིན་བྱེད། །གནོད་སྦྱིན་གདོན་ནི་ཡར་ངོ་ཡི། །ཚེས་ བདུན་བཅུ་གཅིག་དག་ལ་འཛིན། །ཚངས་པ་སྲིན་པོས་ཡར་ངོ་ཡི། །ཚེས་བརྒྱད་བཅོ་ལྔ་དག་ལ་འཛིན། །སྲིན་པོ་ཤ་ཟ་སོགས་མར་ངོའི། །ཚེས་གཅིག་ཚེས་དགུ་བཅུ་གཅིག་ལ། །མཚུན་ལྷ་གནམ་སྟོང་ཚེས་བཅུ་དང་། །བརྒྱད་དང་དགུ་པ་དག་ ལ་འཛིན། །རྒན་པ་ལ་སོགས་གཞན་དག་ནི། །ཕལ་ཆེར་དུས་དེའི་ཐུན་མཚམས་ལའོ། །ལྷ་ཡི་གདོན་གྱིས་དབང་བྱས་པ། །གདོང་ནི་པདྨ་ཁ་བྱེ་འདྲ། །ལྟ་སྟངས་ཞི་ཞིང་ཁྲོ་བ་མེད། །ཚིག་ཉུང་དུལ་དང་བཤང་གཅི་ཉུང་། །ཁ་ཟས་ལ་ནི་འདོད་པ་མེད། ། ལྷ་དང་བྲམ་ཟེ་འབྱུང་བ་དཀའ། །གཙང་ཞིང་སཾསྐྲྀ་ཏའི་སྐད་སྨྲ། །ཡུན་རིང་ནས་ནི་མིག་འཛུམས་ཤིང་། །ལུས་དྲི་ཞིམ་ཞིང་མཆོག་སྟེར་བྱེད། །གོས་ཕྲེང་དཀར་པོ་ཆུ་བོ་དང་། །རི་མཐོ་ཁང་པ་མཐོ་ལ་དགའ། །གཉིད་མེད་ཚུགས་པ་མེད་པ་ཡིན། ། ལྷ་མིན་གདོན་གྱིས་ཟིན་པ་ནི། །ཡོན་པོར་བལྟ་ཞིང་རང་བཞིན་ངན། །ལྷ་དང་བླ་མ་བྲམ་ཟེ་དང་། །འཇིགས་མེད་ཁེངས་ཤིང་དཔའ་བ་དང་། །ཁྲོ་ཞིང་རྩོལ་བ་ཆེ་བ་དང་། །ང་ནི་དྲག་པོ་ཁྱབ་འཇུག་དང་། །སྐེམ་བྱེད་བརྒྱ་བྱིན་ཡིན་ཞེས་བཤད། །ཤ་དང་ཆང་ལ་དགའ་ ཞེས་བྱ། །དྲི་ཟའི་གདོན་གྱིས་ཟིན་པའི་རྟགས། །རང་སྤྱོད་ལ་དགའ་ལུས་དྲི་ཞིམ། །སྙིང་དགའ་གླུ་དང་གར་ཡང་བྱེད། །ཁྲུས་དང་སྐྱེད་མོས་ཚལ་ལ་དགའ། །གོས་ཕྲེང་བྱུག་པ་དམར་ལ་སྲེད། །སྒེག་དང་རྩེད་མོ་ལ་དགའོ། །ཀླུ་ཡི་གདོན་གྱིས་ཟིན་པའི་རྟགས། ། མིག་དམར་ཁྲོ་ཞིང་མི་འགྱུར་ལྟ། །ཡོན་པོར་འགྲོ་ཞིང་བལྟ་བ་དང་། །ཉིན་མཚན་དབུགས་རྒོད་ལྕེ་ལས་ནི། །ཁ་ཆུ་འཛག་ཅིང་ཁ་འགྲམ་ལྷག །བུ་རམ་འོ་མ་ཁྲུས་ལ་དགའ། །ཁ་སྦུབ་ཏུ་ནི་ཉལ་བར་བྱེད། །གདུགས་མཐོང་ན་ནི་འཇིགས་པ་ཡིན། །གནོད་ སྦྱིན་གདོན་གྱིས་ཟིན་པའི་རྟགས། །མིག་དམར་བགྲད་ཅིང་སྐྲག་ལ་འགུལ། །ལུས་ནི་དྲི་ཞིམ་གཟི་མདངས་ལྡན། །གཏམ་དང་གླུ་དང་ཁྲུས་དང་ནི། །ཕྲེང་བ་བྱུག་པ་ལ་དགའ་ཞིང་། །ཉ་ཡི་ཤ་སྲེད་དགའ་བ་དང་། །དགའ་མགུ་སྟོབས་ཆེན་ནད་མེད་ལ། །ལག་རྩེ་ བསྐྱོད་ཅིང་སུ་ཞིག་ལ། །ཅི་ཞིག་སྦྱིན་ཞེས་སྨྲ་བར་བྱེད། །གསང་ཚིག་སྨྲ་ཞིང་སྨན་པ་དང་། །བྲམ་ཟེ་ལ་ནི་བརྙས་པར་བྱེད། །ཁྲོ་བ་ཆུང་ཞིང་མགྱོགས་འགྲོ་བའོ། །ཚངས་པ་སྲིན་པོས་ཟིན་པའི་རྟགས། །དགོད་ཅིང་གར་ལ་དགའ་བ་དང་། །སྤྱོད་པ་གཏུམ་ཞིང་གླགས་ སྐབས་ཚོལ། །གཤེ་ཞིང་མྱུར་དུ་འགྲོ་བ་དང་། །སྨན་པ་བྲམ་ཟེ་ལྷ་ལ་སྡང་། །རང་ལ་ཤིང་དང་མཚོན་སོགས་བརྡེག །ཀྱེ་ཞེས་བྱ་བའི་སྒྲ་སྒྲོགས་ཤིང་། །བསྟན་བཅོས་རིག་བྱེད་འདོད་པ་ཡིན། །སྲིན་པོའི་གདོན་གྱིས་ཟིན་པའི་རྟགས། །ཁྲོ་གཉེར་བཅས་ཤིང་ཁྲོ་བར་ ལྟ། །རྟ་བས་བག་ཏུ་ནི་བྱེད་པ་དང་། །རྡེག་ཅིང་རབ་ཏུ་རྒྱུག་པ་དང་། །ངུ་ཞིང་གདོང་ནི་འཇིགས་རུང་སྟོན། །ཟས་མ་ཟོས་ཀྱང་སྟོབས་དང་ལྡན། །གཉིད་མེད་མཚན་མོ་རྒྱུ་བ་དང་། །ངོ་ཚ་གཙང་སྦྲ་མེད་ཅིང་དཔའ། །གདུག་ཅིང་ཚིག་རྩུབ་ སྨྲ་བ་དང་། །ཁྲོ་ཞིང་ཕྲེང་བ་དམར་པོ་དང་། །བུད་མེད་ཤ་ཆང་ཁྲག་ལ་དགའ། །ཤའམ་ཁྲག་ནི་མཐོང་བ་ན། །མཆུ་ནི་ལྡག་པར་བྱེད་པ་དང་། །ཟས་ཟའི་ཚེ་ན་དགོད་པ་ཡིན། །ཤ་ཟའི་གདོན་གྱིས་ཟིན་པའི་རྟགས། །སེམས་ནི་བདེ་ བར་མི་གནས་ཤིང་། །ཡོངས་སུ་རྒྱུག་པར་བྱེད་པ་དང་། །མི་གཙང་ལ་དགའ་གླུ་གར་དང་། །དགོད་དང་ཆང་དང་ཤ་རློན་དགའ། །སྤྱོས་ན་གདོང་ནི་ཞུམ་པ་དང་། །རྒྱུ་མེད་པར་ནི་ངུ་བ་དང་། །བདག་ཉིད་སེན་མོས་འབྲུད་པ་དང་། ། ཁོང་རྩུབ་ལུས་ཉམས་སྐད་གསང་དམའ། །སྡུག་བསྔལ་བ་ནི་བརྡ་སྤྲོད་ཅིང་། །འབྲེལ་དང་མི་འབྲེལ་ཚིག་མང་སྨྲ། །དྲན་པ་ཉམས་ཤིང་གནས་སྟོང་དགའ། །མི་བརྟན་གཅེར་བུ་དྲི་མ་ཅན། །སྲང་བར་འཁྱམས་ཤིང་གོས་གྱོན་ཞིང་། །རྩྭ་ ཡི་ཕྲེང་བ་རྒྱུན་ཏུ་ཐོགས། །ཤིང་འཛེག་རྟ་ལ་ཞོན་པར་བྱེད། །དེ་བཞིན་ཕྱག་དར་ཕུང་པོར་འཛེག །མང་དུ་ཟ་བར་བྱེད་པ་ཡིན། །ཡི་དགས་གདོན་གྱིས་ཟིན་པའི་རྟགས། །སྤྱོད་ཚུལ་དྲི་ནི་ཡི་དགས་འདྲ། །སྔར་ཞིང་ཟས་ལ་མི་དགའ་དང་། ། རྩ་གཅོད་བྱེད་པ་ཞེས་ཀྱང་བྱ། །གྲུལ་བུམ་གདོན་གྱིས་ཟིན་པའི་རྟགས། །ཚིག་མང་སྨྲ་ཞིང་ཁ་གདོང་གནག །དལ་གྱིས་འགྲོ་བར་བྱེད་པ་དང་། །རླིག་པ་སྐྲང་ཞིང་འཕྱང་བ་ཡིན། །མི་ནི་བྱང་སྟེམས་ཟིན་པའི་རྟགས། །ཤིང་རྡོ་བོང་བ་སྩོགས་ཐོགས་ ཤིང་། །ཚལ་པ་གྱོན་ཏེ་འགྲོ་བ་དང་། །གཅེར་བུར་རྒྱུག་ཅིང་འཇིགས་བག་ཏུ། །ལྟ་ལ་རྩྭ་ཡིས་རྒྱན་དུ་བྱེད། །དུར་ཁྲོད་གནས་ནི་སྟོང་པ་དང་། །སྲང་བར་ཤིང་གཅིག་བརྟེན་པ་དང་། །ཏིལ་ཟས་ཆང་དང་ཤ་ལ་ནི། །རྟག་ཏུ་མིག་ནི་ཚགས་པ་ དང་། །ཚིག་རྩུབ་དེ་ནི་སྨྲ་བ་ཡིན། །གཡེངས་བྱེད་ཀྱིས་ནི་ཟིན་པའི་རྟགས། །ཆུ་འདོད་ཟས་ནི་མི་སློང་དང་། །སྔངས་ཤིང་མིག་ནི་དམར་བ་དང་། །ཚིག་རྩུབ་སྨྲ་བར་ཤེས་པར་བྱ། །རོ་ལངས་གདོན་གྱིས་ཟིན་པའི་ རྟགས། །དྲི་དང་ཕྲེང་བ་ལ་དགའ་ཞིང་། །ཚིག་བདེན་སྨྲ་ལ་ཡོངས་སུ་འདར། །གཉིད་ཆེ་བར་ནི་ཤེས་པར་བྱ། །ཡི་དགས་མཚུན་ལྷའི་གདོན་གྱི་རྟགས། །མིག་མི་གསལ་ཞིང་བཞིན་རས་ཞུམ། །རྐན་ནི་སྐམ་པར་བྱེད་པ་དང་། །མིག་ དང་རྫི་མ་བསྐྱོད་པ་དང་། །གཉིད་ཆེ་མེ་དྲོད་ཆུང་བ་དང་། །གཡོན་ཕྱོགས་ནས་ནི་གོས་གྱོན་ཞིང་། །ཤ་དང་བུ་རམ་ཏིལ་ལ་དགའ། །ཚིག་འཁྲུལ་པ་ནི་ཡིན་ཞེས་བྱ། །བླ་མ་དྲང་སྲོང་རྒན་དང་གྲུབ། །དམོད་པ་སེམས་ཀྱི་རྗེས་མཐུན་པ། ། སྤྱོད་ལམ་ཁ་ཟས་རང་བཞིན་ལས། །ཅི་འདྲ་གདོན་ནི་དེ་ཡིན་བཤད། །གཞོན་ནུའི་ཚོགས་ཀྱི་རྗེས་འབྲང་ཞིང་། །གཅེར་བུ་སྐྲ་ནི་གྱེན་དུ་བརྫེས། །ཡིད་མི་བདེ་ཞིང་དུས་ཚིགས་ནི། །ཡུན་རིང་གྱུར་པའི་གདོན་དེ་སྤང་། །ཡན་ལག་བརྒྱད་པའི་ སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་གདོན་གསོ་པ་བཤད་པར་བྱའོ། །འབྱུང་པོའི་འཚེ་བ་མི་འདོད་དང་། །བཟླས་དང་སྦྱིན་སྲེག་གཏོར་མ་དང་། །བརྟུལ་ཞུགས་ཚུལ་ཁྲིམས་མཉམ་ འཇོག་དང་། །སྦྱིན་ཤེས་བརྩེ་ལ་སོགས་པས་བསལ། །ཤིང་ཀུན་བ་བླ་ཚ་བ་གསུམ། །གླ་རྩི་སྒོག་སྐྱ་ཨརྐའི་རྩ། །སྤང་སྤོས་ཨ་ཟ་ལོ་མི་དང་། །ལ་བ་འབམ་པོ་ཀུ་ཀུ་ཏི། །ཤུ་དག་གནྡྷ་པྲི་ཡང་ཀུ། །སར་པ་གནྡྷ་ཏིལ་མར་ནི། ། ཀ་ཀ་ཨན་ད་ར་མཉེ་བ། །སྣུ་ཧ་ཀ་ཀ་ཏ་ཤྲིང་གི། །སླེ་ཏྲེས་མ་ཧཱ་ན་བ་ལི། །ཡུངས་ཀར་དང་ནི་ལིག་བུ་མིག །གདོན་འཇོམས་སྨན་ནི་གཞན་དག་དང་། །བོང་བུ་རྟ་དང་ཁྱི་ལུག་དང་། །རྔ་མོ་གོ་ད་དྲེད་དང་ནི། །སྲེ་མོ་རེག་འཇམ་བྱི་ལ་གུང་། །བ་ ལང་སེང་གེ་སྟག་དང་ནི། །རྒྱ་མཚོ་ཡི་ནི་སྲོག་ཆགས་ཀྱི། །པགས་པ་མཁྲིས་པ་སེན་མོ་སོ། །སྡེ་ཚན་འདི་དང་མར་རྙིང་ངམ། །ཏིལ་མར་དང་ནི་བསྐོལ་བ་དག །བཏུང་དང་སྣར་ནི་བླུགས་པ་དང་། །བསྐུ་བའི་དོན་དུ་སྦྱར་བྱ་ཞིང་། །འདི་དག་ཕྱེ་ མས་བདུག་པར་བྱ། །འདི་ཡི་རི་ལུ་བྱས་ནས་ནི། །མིག་སྨན་སྣ་སྨན་བྱ་བ་དང་། །འདི་ཡི་ལྡེ་གུས་བྱུགས་པ་དང་། །བསྐོལ་བའི་ཁུ་བ་བླུགས་པར་བྱ། །སྦྱོར་བ་འདི་ཡིས་སྨྱོ་བྱེད་དང་། །བརྗེད་བྱེད་བཅས་པའི་གདོན་ཞི་བྱེད། །ཉུངས་ ཀར་ཧ་ཏི་པི་པི་ལིང་། པི་པི་ལིང་རྩ་ཆེ་བ་གསུམ། །སྐྱུ་རུ་ར་དང་གོ་ད་དང་། །སྲེ་མོ་བྱི་ལ་རྩ་ཤ་ཡི། །མཁྲིས་པ་དང་བཏགས་སྣ་སྨན་དང་། །བསྐུ་བྱུག་བྱུགས་སོགས་བྱས་གདོན་འཇོམས། །ཉུངས་ཀར་ཤུ་དག་ཤིང་ཀུན་དང་། །པྲི་ཡང་ ཀུ་དང་སེར་པོ་གཉིས། །གི་རི་ཀརྞི་དཀར་ནག་གཉིས། །འབྲས་བུ་གསུམ་དང་ཤྭེ་ཏ་དང་། །ནིམ་པའི་ལོ་མ་ཀ་རཉྫ། །ཤྲི་ཤ་གཉིས་དང་ས་བོན་དང་། །ཐང་ཤིང་དང་ནི་ཚ་བ་གསུམ། །མར་དང་བ་གཅིན་དེ་བཞི་འགྱུར། །བསྐོལ་བ་ དོན་གྲུབ་ཅེས་བྱ་སྟེ། །བཏུང་དང་སྣར་བླུགས་ལས་སྦྱར་ན། །གདོན་ནི་ཐམས་ཅད་མྱུར་འཇོམས་བྱེད། །མཆོག་ཏུ་ལྷ་མིན་གདོན་སེལ་བྱེད། །བརྗེད་བྱེད་དུག་དང་བཀྲ་མི་ཤིས། །སྨྱོ་བྱེད་གཤེད་བྱེད་རིམས་རྣམས་འཇོམས། །སྨན་དེ་ཉིད་ནི་ ར་ཐུག་གི། །གཅིན་དང་སྦྱར་ཏེ་བླུད་པ་དང་། །སྣར་བླུགས་མིག་སྨན་བྱུགས་པ་དང་། །ཁྲུས་དང་དྲིལ་བ་ལ་སྦྱར་བ། །སྔར་བཤད་ཡོན་ཏན་དེ་འདྲ་ཞིང་། །རྒྱལ་པོའི་སྒོར་ཡང་དོན་གྲུབ་བྱེད། །ཉུངས་ཀར་ཤུ་དག་ཚ་བ་གསུམ། །ཨ་ ཤྭ་གནྡྷ་སེར་པོ་གཉིས། །ཤིང་ཀུན་ཀུན་དོང་རྩ་བ་དང་། །ཀརཉྫ་ཡི་ས་བོན་དང་། །ཤྲི་ཤ་ཡི་མེ་ཏོག་དང་། །ཀ་བིད་ཐ་ཡི་འབྲས་བུ་དང་། །རྒྱམ་ཚ་རུ་རྟ་རྒྱ་སྤོས་དང་། །གི་རི་ཀརྞི་དཀར་པོ་དང་། །སོ་ན་ཀ་ཡི་རྩ་བར་གནས། །ར་ གཅིན་དག་དང་ལེགས་བསྒོས་ཤིང་། །བ་ལང་མཁྲིས་པ་བུ་རམ་དང་། །རི་ལུ་བྱས་པའི་སྦྱོར་བ་དེ། །མིག་བསྐུས་སྣར་བླུགས་བསྐུ་བྱས་ན། །སྨྱོ་བྱེད་རྨ་ནི་རེད་པ་དང་། །མཚན་མོ་མི་མཐོང་མུན་འཐིབས་བྱེད། །བགེགས་དང་ ལུས་ཆུར་ནུབ་པས་བརྒྱལ། །དུག་བསྐུས་མདའ་ཡིས་ཕོག་པ་དང་། །གདུག་པ་སྦྲུལ་གྱིས་ཟིན་པ་སེལ། །རས་བལ་ས་བོན་རྨ་བྱའི་སྒྲོ། །མེ་ཏོག་སྨན་མ་བྲི་ཧ་ཏི། །ཤིང་ཚ་སྤང་སྤོས་པོ་སོན་ཆ། །བྱི་ལའི་རྟུག་པ་ཕུབ་མ་དང་། །ཤུ་དག་མི་ སྐྲ་སྦྲུལ་ལྤགས་དང་། །གླང་པོའི་སོ་དང་གླང་གི་རྭ། །ཤིང་ཀུན་དང་ནི་ན་ལེ་ཤམ། །ཚ་མཉམ་བདུགས་པར་བྱས་པ་ཡིས། །སྐེམ་བྱེད་སྨྱོ་བྱེད་ཤ་ཟའི་རིགས། །སྲིན་པོ་ལྷ་ཡི་གདོན་འཇོམས་མཆོག །གནྡྷ་བྷ་དྲ་ཚ་བ་གསུམ། །གུར་ཀུམ་ པི་པི་ལིང་རྩ་བ། །ཀཎྜ་ཀ་རི་སྐྱེར་པ་དང་། །ཐང་ཤིང་དང་ནི་ཡུངས་ཀར་གཉིས། །བ་ལི་ཀ་དང་དུག་མོ་ཉུང་། །ཙནྡན་དཀར་པོ་རྒྱམ་ཚ་དང་། །འབྲས་བུ་གསུམ་དང་པུ་ཤེལ་ཙེ། །ཤུ་དག་སྤངས་མ་པུ་ཙེ་ཤེལ། །ཙནྡན་དཀར་པོ་བ་ལ་དང་། ། ཤིང་མངར་སུག་སྨེལ་ལྡོང་རོས་དང་། །ཤུག་པ་རྒྱ་སྤོས་ཤྲི་པ་ས། །མ་དུ་ཀ་ཡི་སྙིང་པོ་དང་། །བོང་ང་གཉིས་པོ་པྲི་ཡང་ཀུ། །དབྱི་མོ་རུ་རྟ་སྐྱེར་ཁཎ་དང་། །ཆ་མཉམ་ཞིབ་བཏགས་ལྡེ་གུ་དང་། །མར་རྙིང་གཅིན་ཀུན་ཆ་མཉམ་བསྐོལ། །གདོན་ ཁུས་འདེབས་ཤེས་བྱ་བར་བརྗོད། །དེ་བླུད་གདོན་འཇོམས་མཆོག་ཡིན་ནོ། །རྒྱ་སྤོས་ཤིང་མངར་ཀ་རཉྫ། །རྒྱ་སྐྱེགས་ད་ཏ་པ་ཏོ་ལ། །ཤུ་དག་ཤིང་ཀུན་པ་ཏ་ལ། །ཉུངས་ཀར་ཀཎྜ་ཀ་རི་དང་། །སེར་པོ་གཉིས་དང་པུ་ཙེ་ཤེལ། །རྒྱ་ཤུག་གནྡྷ་ པྲི་ཡང་ཀུ། །ཚ་བ་གསུམ་དང་འབྲས་བུ་གསུམ། །ཐང་ཤིང་སླེ་ཏྲེས་བྱི་དང་ག །ཀོ་ཤ་ཏ་ཀི་ཀ་ཀན་ཏ། །ཤི་ཀྲུ་ནིམ་པ་དུག་མོ་ཉུང་། །ཤྲི་ཤིའི་མེ་ཏོག་ས་བོན་དང་། །གླ་སྒང་རུ་རྟ་དན་ད་དང་། །གི་རི་ཀརྞི་ཙི་ཏྲ་ཀ །བིལ་བ་ཆ་མཉམ་ ལྡེ་གུར་བྱས། །མར་རྙིང་ཅན་གྱི་སྡེ་ཚན་བཅས། །བསྐོལ་དེ་ཡུན་རིང་བཞག་པ་དེ། །ཁུས་འདེབས་ཆེན་པོ་ཞེས་བཤད་དོ། །རིམ་པ་ཀུན་གྱིས་སྦྱར་ན་ནི། །གདོན་རྣམས་ཀུན་དང་སྨྱོ་བྱེད་དང་། །མཛེ་དང་རིམས་ནི་མྱུར་དུ་འཇོམས། །གདོན་ ནི་ཉི་མ་གང་གང་ལ། །འཛིན་པའི་ཉི་མ་དེ་དང་དེར། །མཆོག་ཏུ་སྦྱིན་སྲེག་གཏོར་མ་སོགས། །སྨན་པས་རབ་ཏུ་འབད་དེ་བྱ། །ཁྲུས་དང་གོས་དང་ཤ་དང་ཚིལ། །ཆང་དང་མར་དང་བུ་རམ་སྩོགས། །གང་ཞིག་གང་ལ་སྲེད་གྱུར་པ། །དེ་ཚེ་ དེ་ནི་དེ་ལ་སྦྱིན། །རིན་ཆེན་དྲི་དང་ཕྲེང་བ་དང་། །ས་བོན་མར་དང་སྦྲང་རྩི་དང་། །ཟས་ཀུན་ཀུན་ལ་སྦྱིན་བྱ་སྟེ། །འདི་ནི་སྤྱི་ཡི་ཆོ་གའོ། །ལྷ་དང་བླ་མ་དྲང་སྲོང་རྒན། །གྲུབ་པ་ལྷ་ཡི་གནས་སུ་སྦྱིན། །དེ་ཡང་ལྷ་ཡི་གདོན་ལ་ནི། །བྱང་གི་ཕྱོགས་ སུ་གཏོར་མ་སྦྱིན། །ལྷ་མིན་གདོན་ལ་ཅི་འདོད་པར། །མཚམས་ཀྱི་གནས་སུ་ནུབ་ཏུ་སྦྱིན། །དྲི་ཟའི་གདོན་ལ་བ་ལང་ངམ། །གོས་དང་རྒྱན་བཅས་གཏོར་མ་སྦྱིན། །མཚུན་ལྷ་ཀླུ་གདོན་འབབ་ཆུའི་འགྲམ། །ཀླུ་ལ་ཤར་ལྷོ་མཚམས་སུ་སྦྱིན། ། གནོད་སྦྱིན་རང་གི་གནས་སམ་ནི། །ཆུ་གཉིས་འདུས་པའི་གནས་སུ་སྦྱིན། །སྲིན་པོར་ལམ་གྱི་བཞི་མདོའམ། །ཚང་ཚིང་འཇིགས་སུ་རུང་བར་སྦྱིན། །སྲིན་པོ་ལྷོ་ཡི་ཕྱོགས་སུ་སྦྱིན། །ཚངས་པའི་སྲིན་པོར་ཤར་དུ་སྦྱིན། །ཤ་ཟ་ལ་ནི་ཁང་སྟོང་ དུ། །ནུབ་ཕྱོགས་སུ་ནི་གནས་ཏེ་སྦྱིན། །ཕྲེང་བ་གཙང་ཞིང་དཀར་པོ་དང་། །དྲི་དང་འོ་ཐུག་འབྲས་ཆན་དང་། །ཞོ་དང་གདུགས་ནི་དཀར་པོ་དག །ལྷ་རྣམས་ཀྱི་ནི་གཏོར་མར་འདོད། །ཤིང་ཀུན་ཉུངས་ཀར་ཤུ་དག་དང་། །ཚ་བ་གསུམ་ནི་སྲང་ ཕྱེད་ཕྱེད། །མར་བྲེ་གང་དང་བ་ཡི་གཅིན། །བཞི་འགྱུར་དང་ནི་ལྷན་ཅིག་བསྐོལ། །དེ་བཏུང་སྣར་བླུགས་བསྐུས་པ་ཡིས། །ལྷ་ཡི་གདོན་ལས་ཐར་བར་བྱེད། །ཤུ་དག་ཤིང་ཀུན་སྒོག་སྐྱ་རྣམས། །ར་གཅིན་སྦྱར་བ་སྣར་བླུགས་དང་། །མིག་ བསྐུས་ལྷ་ཡི་གདོན་ལས་ཐར། །ལྷ་མིན་གཏོར་མ་འབྲས་བུ་ནི། །མང་པོ་དག་དང་པུ་ཤེལ་ཙེ། །ཀླུ་ཡི་གདོན་ལ་ཛཱ་ཏི་དང་། །འབྲས་ཡོས་བུ་རམ་སྣུམ་ཁུར་དང་། །འབྲས་ཆན་བུ་རམ་བཅས་པ་དང་། །ཟས་མཆོག་འོ་མ་ སྦྲང་རྩི་དང་། །ས་ནག་ནཱ་ག་གེ་སར་དང་། །ཤུ་དག་པདྨ་པུ་ཤེལ་ཙེ། །ཨུཏྤལ་པདྨ་དམར་པོ་ཡི། །འདབ་མར་བཅས་པའི་གཏོར་མ་སྦྱིན། །སེང་ཕྲོམ་ལོ་མ་དཀར་པོ་དང་། །རྒྱ་སྦོས་ནཱ་ག་གེ་སར་དང་། །ཉུངས་ཀར་ཆུ་གྲང་ལ་བཏགས་པས། ། སྣར་བླུགས་མིག་ཏུ་བསྐུས་པའང་ཕན། །གནོད་སྦྱིན་གདོན་ལ་འོ་མ་ཞོ། །མར་དང་འབྲས་ཆན་བསྲེས་པ་དང་། །གུ་གུལ་པདྨ་ཐང་ཤིང་དང་། །པུ་ཤེལ་ཙེ་དང་གོས་དང་གསེར། །དབྱིག་ནི་གཏོར་མར་སྦྱིན་པར་བྱ། །མར་དང་འོ་མ་བ་གཅིན་ནི། །ཆ་མཉམ་ བསྐོལ་བ་བཏུང་བ་དང་། །སྣར་བླུགས་ལུས་ལ་བསྐུས་ན་ཕན། །ཨ་རུ་ར་དང་སེར་པོ་གཉིས། །སྒོག་སྐྱ་ཤུ་དག་ན་ལེ་ཤམ། །ནིམ་པའི་ལོ་མར་གཅིན་བཏགས། །ལྡེ་གུས་སྣ་སྨན་མིག་སྨན་བྱ། །ཚངས་པ་སྲིན་པོའི་གཏོར་མ་ནི། །ནས་བྲེ་བཞི་ནི་བཙོས་ པ་ཡིས། །ཆུ་བྲེ་བཅུ་དྲུག་ཏིལ་བཏགས་བསྲེས། །གདུགས་དང་གོས་དང་བྱུག་པ་སྦྱིན། །སེང་ལྡེང་སྲང་ནི་ཉི་ཤུ་དང་། །ཚ་བ་གསུམ་དང་འབྲས་བུ་གསུམ། །ཤིང་ཀུན་ཤུ་དག་ཤུ་ཏི་དང་། །ཉུངས་ཀར་ནིམ་པའི་ལོ་མར་བཅས། །སྒོག་སྐྱ་སྲང་ནི་ཕྱེད་ཕྱེད་ དང་། །ཞུན་མར་ཕུལ་ནི་བདུན་དག་དང་། །བ་གཅིན་སུམ་འགྱུར་བསྐོལ་བ་དེ། །བཏུང་དང་སྣར་བླུགས་བསྐུས་ན་ཕན། །སྲིན་པོའི་གདོན་ལ་ཏིལ་ཕྱེ་དང་། །མེ་ཏོག་དཀར་པོ་འབྲས་ཆན་བསྲེས། །ཤ་བཙོས་རྗེན་པ་ནིམ་པ་ལ། །ཁྲག་དང་བཅས་པའི་ གཏོར་མ་སྦྱིན། །ནག་ཏ་མ་ལ་ཤྲི་ཤ་ཡི། །ཤུན་ལྤགས་མེ་ཏོག་འབྲས་བུ་དང་། །དེ་བཞིན་པ་ཏ་ལ་ནག་པོ། །བིལ་བའི་རྩ་བ་ཚ་བ་གསུམ། །ཤིང་ཀུན་ཉུངས་ཀར་དུག་མོ་ཉུང་། །སྒོག་སྐྱ་སྐྱུ་རུ་རའི་འབྲས་བུ། །ར་གཅིན་དང་ནི་སྦྱར་བའི་སྨན། ། སྣར་བླུགས་མིག་ཏུ་བྱུགས་ནའང་ཕན། །འདི་དག་ཉིད་དང་མར་གྱིས་ནི། །བཞི་འགྱུར་བ་གཅིན་བསྐོལ་བ་ནི། །བཏུང་དང་སྣར་བླུགས་བསྐུས་པ་ཡིས། །སྲིན་པོའི་གདོན་ནི་ཟློག་པར་བྱེད། །ཤ་ཟ་ལ་ནི་བུ་རམ་ཆང་། །ཏིལ་ཚིག་ཏིལ་གྱི་ཕྱེ་མ་ ཞོ། །ལ་ཕུག་ལན་ཚྭ་ཕྱེ་ཟན་མར། །འབྱུང་པོ་འབྲས་ཆན་གཏོར་མ་སྦྱིན། །སེར་པོ་རྣམ་གཉིས་རྒྱམ་ཚ་བཙོད། །ཤུ་ཏི་དོང་གྲ་པྲི་ཡང་ཀུ། །ཤིང་ཀུན་སྒོག་སྐྱ་ཚ་བ་གསུམ། །འབྲས་བུ་གསུམ་དང་པ་ཏ་ལི། །ཤུ་དག་གི་རི་ཀརྞི་དཀར། །ཤི་རི་ ཤ་ཡི་མེ་ཏོག་དམར། །བ་གཅིན་བཞི་ཆ་བཅས་པར་བསྐོལ། །བཏུང་དང་བསྐུ་བ་བྱས་ན་ཕན། །ཡང་ན་དེ་ཉིད་ར་གཅིན་བཏགས། །མིག་བསྐུས་སྣར་ནི་བླུགས་པ་ཕན། །ལྷ་དང་དྲང་སྲོང་མཚུན་ལྷ་དང་། །དྲི་ཟའི་གདོན་ལ་སྣ་སྨན་སྩོགས། །རྣོན་ པོ་བཏང་བར་མི་བྱ་ཞིང་། །འདི་ལ་ཞུན་མར་བཏུང་ལ་སོགས། །སྨན་ནི་འཇམ་པོ་སྤྱད་པར་བྱ། །ཤ་ཟ་མ་གཏོགས་ཐམས་ཅད་ལ། །མི་མཐུན་སྦྱིན་པར་མི་བྱ་སྟེ། །མཐུ་སྟོབས་ཆེ་བ་དེ་ཁྲོས་ནས། །ནད་པ་སྨན་པ་བཅས་གསོད་བྱེད། །འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག །མགོན་པོ་ཕྱག་ནི་བཅུ་གཉིས་པ། །ནད་ཀུན་གསོ་བར་མཛད་པ་ཡི། །སྔགས་བཟླས་ན་ནི་ནད་ཀུན་སེལ། །དེ་བཞིན་སྨྱོ་བྱེད་བརྗེད་བྱེད་དང་། །གཞན་ཡང་སེམས་འཁྲུལ་བྱེད་པ་འཇོམས། །རིག་སྔགས་ རྒྱལ་མོ་རྨ་བྱ་ཆེ། །གཙང་བྱས་དེ་ལ་རྟག་ཏུ་བསྒྲགས། །འབྱུང་པོའི་བདག་པོ་ལྷ་ཆེན་དང་། །དེ་ཡི་འཁོར་གྱི་ཚོགས་མཆོད་ཅིང་། །དེ་ཡི་སྔགས་གྲུབ་བཟླས་ན་ཡང་། །གདོན་ནི་ཐམས་ཅད་སེལ་བར་བྱེད། །གང་ཡང་འོག་ནས་བཤད་པ་ཡི། ། ལེའུ་གཉིས་ལས་སྨོས་པ་དང་། །གང་འདིར་བཤད་པ་དེ་དག་ཀུན། །ཕན་ཚུན་སྦྱོར་བ་བྱས་ན་ཕན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྨྱོ་བྱེད་གསོ་བའི་ལེའུ་བཤད་པར་བྱའོ། ། སྨྱོ་བྱེད་ནད་གཞི་རེ་རེ་དང་། །འདུས་སྩོགས་དུག་ལས་གྱུར་པ་དྲུག །སྨྱོ་བྱེད་ཅེས་བྱ་ལུས་དང་ནི། །སེམས་ཀྱི་ནད་ལམ་ལོག་པ་རུ། །ཞུགས་པས་སྨྱོས་པར་གྱུར་པ་ཡིན། །བཟའ་བཏུང་གནོད་པ་དག་དང་ནི། །སྙིང་དང་མ་གོམས་དྲི་མར་བཅས། ། མང་ཉུང་མ་སྙོམས་བསྟེན་པ་དང་། །ཡིད་ཞུམ་སྙིང་སྟོབས་ཆུང་བ་དང་། །ནད་ཀྱི་ཤུགས་ཀྱིས་དཀྲུགས་པ་དང་། །རིད་ཅིང་སྤྱོད་པ་མ་སྙོམས་དང་། །མཆོད་འོས་མཆོད་པར་མི་བྱེད་དང་། །སེམས་ལས་ཀྱིས་ནི་སེམས་ཉམས་དང་། །དུག་དང་ཉེ་བའི་དུག་ལས་གྱུར། །འདི་ཡིས་ སྙིང་སྟོབས་ཞན་པ་ཡི། །སྙིང་གི་ནད་ལ་གནོད་བྱས་ཏེ། །བློ་ནི་དྲི་མ་ཅན་བྱས་ཏེ། །ཡིད་རྒྱུ་བ་ཡི་ལམ་བཀག་ནས། །སྨྱོ་བྱེད་དག་ནི་སྐྱེད་པར་བྱེད། །དེ་ཡིས་བློ་དང་རྣམ་ཤེས་དང་། །དྲན་པ་འཁྲུལ་ཞིང་ལུས་ཀྱི་ནི། །བདེ་དང་སྡུག་བསྔལ་ལས་ཉམས་ཏེ། །ཤིང་རྟ་ ཁ་ལོ་སྒྱུར་བ་ནི། །མེད་པ་ལྟ་བུར་རྩོམ་པ་ནི། །ཀུན་ཀྱང་བསམ་པ་མེད་པར་སྤྱོད། །དེ་ལ་རླུང་གྱུར་ལུས་སྦེག་ཅིང་། །རྒྱུ་མེད་ངུ་ཞིང་ཚིག་རྩུབ་སྨྲ། །དགོད་དང་འཛུམ་དང་གར་བྱེད་དང་། །གླུ་ལེན་རོལ་མོ་བྱེད་པ་དང་། །ལུས་བསྐྱོད་ཕེག་ནི་རྡོབ་པ་དང་། །གླིང་བུ་ པི་ཝང་ལ་སོགས་ཀྱི། །སྒྲ་ཡི་ལད་མོ་ཡང་ཡང་ཟློས། །རྒྱུན་དུ་ཁ་ནས་ལྦུ་བ་འཛག །ཕན་ཚུན་རྒྱུག་ཅིང་མང་དུ་སྨྲ། །རྒྱན་མིན་པས་ནི་རྒྱན་དུ་བྱེད། །བཞོན་པ་མིན་པས་འགྲོ་བ་རྩོམ། །ཁ་ཟས་ལ་ནི་གདུ་བར་བྱེད། །དེ་རྙེད་ན་ནི་མི་འདོད་བྱེད། །མིག་ཟླུམ་མིག་ནི་ དམར་བ་དང་། །ཁ་ཟས་ཞུ་ནས་ནད་ལྡང་འགྱུར། །མཁྲིས་ལས་སྤྱོ་ཞིང་ཁྲོ་བ་དང་། །ཁུ་ཚུར་བོང་བ་རྡེག་ཅིང་རྒྱུག །གྲིབ་མ་ཆུ་ནི་གྲང་མོ་འདོད། །གཅེར་བུར་འདུག་ཅིང་ལུས་མདོག་སེར། །མེད་པར་མེ་ནི་འབར་བ་དང་། །སྐར་མ་མར་མེ་མཐོང་བའོ། །བད་ཀན་སློན་ ཞིང་ཡི་ག་འཆུས། །ཁ་ཟས་རྩོལ་དང་སྨྲ་བ་ཉུང་། །བུད་མེད་འདོད་ཅིང་དབེན་ལ་དགའ། །ཁ་ཆུ་སྣབས་ནི་འཛག་པ་དང་། །འཇིགས་རུང་གཙང་སྦྲ་ལ་མི་དགའ། །གཉིད་ཆེ་གདོང་ནི་སྐྲངས་པ་དང་། །ནུབ་མོ་ཤེས་ཆེར་སྨྱོ་བ་དང་། །ཟོས་མ་ཐག་ཏུ་ལྡང་བ་ཡིན། ། འདུས་པའི་རྒྱུ་དང་མཚན་མ་ནི། །ཀུན་ལྡན་དེ་ཡི་བདག་ཉིད་ཅན། །སྨྱོ་བྱེད་མི་བཟད་པར་ཤེས་བྱ། །དེ་ནི་སྨན་པས་ཡོངས་སུ་སྤང་། །ནོར་དང་ཆུང་མ་ལ་སོགས་བྲལ། །བརྣག་དཀའ་བ་ལས་སེམས་གདུང་བས། །སྨྱོ་ཞིང་ཞུམ་ལ་ཡང་ཡང་བརྒྱལ། ། ཀྱི་ཧུད་ཀྱི་ཧུད་སྨྲེ་སྔགས་འདོན། །གློ་བུར་དུ་ནི་ངུ་ཞིང་བརྒྱལ། །དེ་ཡི་ཡོན་ཏན་མང་དུ་སེམས། །མྱ་ངན་གྱིས་གདུངས་སེམས་ཁོང་ཆུད། །གཉིད་ཡར་རྣམ་པར་འཁྱམས་པ་ཡིན། །དུག་གིས་གདོང་ནི་སྔོ་བ་དང་། །གཟི་ཉམས་དབང་པོ་སྟོབས་ཆུང་བ། ། ཤུགས་ཀྱི་བར་དུའང་འཁྲུལ་བར་བྱེད། །མིག་དམར་དེ་ནི་སྤང་བར་བྱ། །དེ་ནས་རླུང་གྱུར་སྨྱོ་བྱེད་ལ། །དང་པོ་སྣུམ་གྱི་བཏུང་བ་བླུད། །ལམ་འགགས་གྱུར་ལ་དང་པོར་ནི། །སྣུམ་བཅས་སྦྱང་བ་འཇམ་པོ་བྱ། །བད་ཀན་མཁྲིས་གྱུར་དང་པོ་ནི། །སྣུམ་དང་ དུགས་བྱ་སྐྱུག་སྨན་དང་། །བཀྲུ་སྨན་མས་གཏོང་བྱས་པ་དང་། །མགོ་བོའི་བཀྲུ་སྨན་དག་ཀྱང་བྱ། །དེ་ལྟར་ལུས་ནི་དག་བྱས་ན། །ཡིད་ནི་དྲན་པ་རྙེད་པར་འགྱུར། །དེ་ལྟ་ན་ཡང་རྗེས་འབྲངས་ན། །སྣ་སྨན་མིག་སྨན་རྣོན་པོ་གཏང་། །སེམས་དགའ་ དབུགས་འབྱུང་སྐྲག་པ་དང་། །འཇིགས་དང་རྡེག་དང་སྡིགས་མོ་བྱེད། །ལུས་དྲིས་བྱུགས་དང་བསྐུ་བ་དང་། །དུད་རྔུབ་སྨན་མར་བླུད་པ་དག །སྦྱར་ཏེ་དེ་ནི་དགའ་འགྱུར་ན། །ཡིད་ནི་ཐ་མལ་པ་ལ་སྦྱར། །ཤིང་ཀུན་དང་ནི་རྩབ་རུ་ཚ། །ཚ་བ་གསུམ་ནི་སྲང་ གཉིས་གཉིས། །མར་བྲེ་བཞི་ནི་བ་གཅིན་བཅས། །བསྐོལ་བས་སྨྱོ་བྱེད་འབྱུང་པོ་དང་། །བརྗེད་བྱེད་གདོན་ནི་སེལ་མཆོག་ཡིན། །བྲམྷིའི་བསྐོལ་ཁུ་བྲེ་དོ་དང་། །མར་བྲེ་གང་དང་ཚ་བ་གསུམ། །ཤྱ་མ་དུར་བྱིད་བིམ་པ་དང་། །ཤང་ཀ་པུཥྤ་དོང་ག་དང་། །སཔྟ་ལ་ དང་བྱི་དང་ག །ཞོ་ནི་གཉིས་གཉིས་ལྡེ་གུ་བསྐོལ། །པྲམྟིའི་སྨན་མར་ཞེས་བཤད་དེ། །མར་ནི་སྲང་རེས་བསྐྱེད་དེ་བཏང་། །ཆེ་ཚད་སྲང་བཞིའི་མར་པོས་ན། །སྨྱོ་བྱེད་བརྗེད་བྱེད་མཛེ་ཡི་ནད། །སེལ་ཞིང་མོ་གཤམ་བུ་སྐྱེད་བྱེད། །སྐད་སྙན་ཚིག་གསལ་དྲན་པ་དང་། ། ཡིད་གཞུངས་དཔལ་ནི་སྐྱེད་པར་བྱེད། །འབྲས་བུ་གསུམ་དང་བྱི་དང་ག །པ་ཏྲ་ཨེ་ལ་ཐང་ཤིང་དང་། །ཨེ་ལ་བ་ལུ་ཀ་དང་ནི། །ཐལ་ཏྲེས་རྣམ་གཉིས་སེར་པོ་གཉིས། །སྠི་ར་རྣམ་གཉིས་པྲི་ཡང་ཀུ། །རྒྱ་སྤོས་རུ་རྟ་བྲི་ཧ་ཏི། །ནཱ་ ག་གེ་སར་དོང་ག་བཙོད། །སེའུ་འབྲུ་བལ་བུའི་ལོ་མ་དང་། །ཛཱ་ཏི་ཁ་འབུས་བྱི་དང་ག། །དན་ད་ཤུ་དག་ཨུཏྤ་ལ། །ཙནྡན་དཀར་པོ་ཞོ་གཉིས་ནི། །ཞུན་མར་བྲེ་གང་བཅས་བསྐོལ་བ། །དགེ་བའི་སྨན་མར་ཞེས་བཤད་འདིས། །འབྱུང་པོའི་གདོན་དང་ སྨྱོ་བྱེད་དང་། །བརྗེད་བྱེད་ལུད་པ་སྡིག་ཅན་འཇོམས། །སྐྱ་རྦབ་གཡན་པ་སྐེམ་དང་དུག །རྨོངས་བག་གཅིན་སྙི་དབྱིག་དུག་རིམས། །ཁུ་བ་མེད་པའམ་བུ་མེད་པའམ། །དྲན་པ་གདོན་གྱིས་བརླབས་པ་དང་། །ཡིད་གཞུངས་མེད་ཅིང་ཚིག་འཁྲུལ་དང་། །དྲན་ ཉམས་མེ་དྲོད་ཆུང་ལ་ཕན། །སྟོབས་སྐྱེད་བཀྲ་ཤིས་ཚེ་རིང་ཞིང་། །མདངས་སྐྱེ་སྐལ་ལྡན་ལུས་རྒྱས་ཆེ། །བུ་སྐྱེད་བྱེད་པའི་མཆོག་ཡིན་ནོ། །འདི་ལ་ཐལ་ཏྲེས་རྣམ་གཉིས་སོགས། །ཉི་ཤུ་རྩ་གཅིག་ཆུ་དང་བསྐོལ། །དེ་ཡི་ཁུ་བ་མར་དང་བ། །ལན་ཅིག་ སྐྱེས་འོ་བཞི་འགྱུར་དང་། །མེད་རྣམ་གཉིས་ར་མཉེ་བ། །བུང་ཚང་རྡོ་དང་ཁ་སྲལ་ཕྲེའུ། །བུ་རམ་ཤིང་དང་པརྞི་གཉིས། །བསྐོལ་བ་ཡི་ནི་སྨན་མར་འདི། །དགེ་བ་ཆེན་པོ་ཞེས་བྱ་སྟེ། །བརྟས་བྱེད་འདུས་པའི་ནད་འཇོམས་ཤིང་། །སྔ་མ་བས་ཀྱང་ཡོན་ཏན་ལྷག ། སྤང་སྤོས་བུ་ཏ་ཀེ་ཤི་དང་། །ཆུ་རྩ་ཤུ་དག་ཁ་སྲལ་པྲེའུ། །ཀྱི་ལྕེ་བ་དང་རམ་ཉེ་བ། །ཙ་རོང་ཛ་ཡ་པུ་ཙེ་ཤེལ། །སླེ་ཏྲེས་ཙ་ཏྲ་པ་ར་ཧ། །ཨ་ཏི་ཙ་ཏ་ས་ཏ་ལ། །མ་ཧཱ་པུ་རུ་ཤ་དན་དང་། །ན་གུ་ལི་གཉིས་སྐྱུ་རུ་ར། །བྲི་ཀ་ལ་ཀ་དམ་པ། །སཱ་ལ་པརྞི་བཅས་ བསྐོལ་མར། །ཤ་ཟ་ཆེན་པོའི་མར་ཞེས་བྱ། །དེས་ནི་ཉིན་བཞི་པའི་རིམས་དང་། །སྨྱོ་བྱེད་བརྗེད་བྱེད་གདོན་འཇོམས་ཤིང་། །བློ་དང་ཡིད་གཞུངས་དྲན་པ་སྐྱེད། །བྱིས་པ་རྣམས་ཀྱི་ལུས་འཕེལ་བྱེད། །བདུད་རྩི་དང་ནི་འདྲ་བ་ཡིན། །བྲམྷི་ཨིནྡྲ་བྱི་དང་ཀ །ཤིང་ཀུན་ སྤང་སྦོས་མུར་བ་དང་། །ར་སྣ་སྒོག་སྐྱ་བོང་ང་དཀར། །ཤུ་དག་བྱེའུ་རུག་བི་ཤ་ལ། །ནཱ་ག་དན་ཏི་བྱི་ཚེར་བ། །ཛོ་ཏི་སྨ་ཏི་ཚ་བ་གསུམ། །ཨ་རུ་ར་དང་ས་ནག་རྣམས། །གླང་པོའི་གཅིན་བཏགས་རི་ལུར་བྱས། །གྲིབ་བསྐམས་སྣར་བླུགས་མིག་བསྐུ་ཞིང་། ། ལུས་བསྐུས་སྤོས་བདུགས་སྨྱོ་བྱེད་སེལ། །ཉུངས་ཀར་དང་ནི་སྦྱར་བ་ཡི། །སྣ་སྨན་རྣམ་པ་སྣ་ཚོགས་ཕན། །ཉུངས་མར་གྱིས་ནི་ལུས་བསྐུ་དང་། །ཉུངས་ཀར་ཕྱེ་མ་སྣར་བུད་བྱ། །མདོ་གནས་བསྟན་པའི་ཆོ་ག་བཞིན། །དུང་རྣོན་ཤིང་ཀུན་བཅས་པ་ཕན། ། ཝ་དང་རེག་འཇམ་འུག་པ་དང་། །བྱི་བ་ར་ཐུག་ཛ་ཏི་ཀའི། །གཅིན་དང་རྟུག་པ་སྤུ་དང་ནི། །པགས་པ་མཁྲིས་པ་སེན་མོ་དང་། །སྤོས་བདུགས་མིག་སྨན་ལུས་བསྐུ་དང་། །བྱུགས་དང་བླུགས་པ་བཤད་པར་བྱ། །བད་ཀན་རླུང་གྱུར་ལ་ཕལ་ཆེར། ། ཁྱི་དང་བ་ལང་ཉ་ཤ་ནི། །རུལ་བའི་བདུག་པས་བདུག་པར་བྱ། །མཁྲིས་གྱུར་ལ་ནི་ཏིག་ཏའི་མར། །འཚོ་བྱེད་སྣུམ་ནི་གཉིས་ཀྱི་མར། །བཟའ་དང་བཏུང་བ་བསིལ་བ་དང་། །མངར་བ་དང་ནི་ཡང་བ་བསྔགས། །ཇི་སྐད་བཤད་པའི་གཏར་ག་གདབ། ། ཡང་ན་ཤ་ཚོན་གྱིས་འགྲངས་བྱ། །དེ་འོག་རླུང་མེད་གནས་བསྙལ་ནས། །སེམས་མྱོས་པ་ལས་ཐར་བར་འགྱུར། །ཁྲོན་པའི་ཆུ་ནི་ཉུང་བར་གཞུག །ལྟོགས་པ་ཉིད་དུ་བྱས་ཏེ་བསྐམས། །དེ་ལ་ཆོས་དང་ནོར་ལྡན་པའི། །གཏམ་སྙན་མཛའ་བོས་སེམས་ དགའ་བྱ། །ཡང་ན་སྡུག་དང་བྲལ་བའམ། །རྨད་དུ་བྱུང་བ་བསྟན་པའམ། །བཅིངས་ལ་ཡུངས་མར་གྱིས་བསྐུས་ཏེ། །ཉི་ཚན་ལ་ནི་གན་རྐྱལ་གཞག །ཁ་སྲལ་ཕྲེའུའམ་ལྕགས་ཚའམ། །ཏིལ་མར་ཆུ་ཚན་གྱིས་རེག་བྱ། །ཡང་ན་ལྕག་གིས་ གཞུས་ནས་ནི། །བཅིངས་ཏེ་གཡང་སར་སྐྱུར་བར་བྱ། །ཡང་ན་རྡོ་དང་མཚོན་མེད་པའི། །མུན་ཁང་མི་ནི་མེད་པར་གཞུག །མཆེ་བ་སྟོན་པའི་སྦྲུལ་དང་ནི། །གླང་དང་སེང་གེ་གླང་པོ་ཆེས། །དེ་ནི་སྐྲག་ཏུ་གཞུག་པའམ། །ཡང་ན་རྒྱལ་པོའི་སྐྱེས་བུ་ ཡིས། །དམ་དུ་བཅིངས་ཏེ་ཕྱིར་ཕྱུང་ནས། །རྒྱལ་པོའི་བཀའ་ཡིས་བསྡིགས་པ་དང་། །འདི་བསད་བྱ་ཞེས་སྐྲག་ཏུ་གཞུག །ལུས་ཀྱི་སྡུག་བསྔལ་འཇིགས་པ་བས། །སྲོག་གི་འཇིགས་པར་རབ་འཇིགས་པས། །དེ་ཕྱིར་ཀུན་ཏུ་འཁྲུལ་ པའི་ཡིད། །ཉེ་བར་ཞི་བ་ཉིད་དུ་འགྱུར། །གྲུབ་པའི་སྦྱོར་བ་འདི་དག་ནི། །ནད་དམིགས་དུས་སོགས་ལྟོས་ཏེ་བྱ། །སྡུག་དང་ནོར་དང་བྲལ་བ་ལས། །གང་གི་ཡིད་ལ་གནོད་གྱུར་པ། །དེ་ལ་དེ་འདྲ་རྙེད་གྱུར་པའི། །སྤྲོ་བསྲིང་དབུགས་དབྱུང་བ་ཡིས་གསོ། ། འདོད་དང་མྱ་ངན་འཇིགས་པ་དང་། །ཁྲོ་དང་འཇིགས་པ་ཆང་ལས་གྱུར། །གཉིས་དག་གིས་ནི་གཅིག་ལ་གཅིག །དེ་དག་ཉིད་ཀྱིས་ཞི་བར་བྱ། །བཤད་པའི་མཚན་མ་ལས་ལྷག་པ། །གདོན་དང་རྗེས་འབྲེལ་ཡིན་ཞེས་བྱ། །གལ་ཏེ་སྨྱོ་བྱེད་གདོན་ ལས་གྱུར། །གདོན་གསོར་བཤད་པའི་སྨན་སྦྱར་བྱ། །ཏིལ་བཏགས་ཕྱེ་མ་ནས་དང་ཟན། །སྣུམ་ཞིང་མངར་བའི་ཁ་ཟས་དང་། །འབྲས་ནི་ཁྲག་ཏུ་སྦྲུས་པ་དང་། །ཤ་ནི་བཙེས་པ་རྗེན་པ་དང་། །འབྲུ་ཆང་སྦྱར་ཆང་མནན་པའི་ཆང་། །ཨ་ཏི་མུགྟིའི་མེ་ཏོག་ དང་། །ཛཱ་ཏི་ས་ཧ་ར་ཛ་ཡི། །མེ་ཏོག་བཅས་པའི་གཏོར་མ་ནི། །ལམ་གྱི་བཞི་མདོ་བ་ལང་ལྷས། །ཆུ་བོ་འདུས་པ་དག་ཏུ་སྦྱིན། །གང་ཞིག་ཤ་དང་ཆང་སྤངས་ཤིང་། །ཕན་ལ་བརྩོན་ཞིང་གཙང་སྦྲ་ཆེ། །སྙིང་སྟོབས་ཅན་ལ་ལྷན་ཅིག་སྐྱེས། །གློ་ བུར་སྨྱོ་བྱེད་འབྱུང་མི་འགྱུར། །དབང་པོའི་དོན་ནི་གསལ་བ་དང་། །དེ་བཞིན་བློ་དང་ཡིད་གསལ་བ། །ལུས་ཟུངས་ཐ་མལ་པར་གནས་པ། །སྨྱོ་བྱེད་དང་བྲལ་མཚན་མ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་སྟེ་ དྲུག་པའོ།། །།དེ་ནས་བརྗེད་བྱེད་གསོ་བ་བཤད་པར་བྱའོ། །བརྗེད་བྱེད་དྲན་པ་ཉམས་པ་སྟེ། །དེ་ནི་སྙིང་སྟོབས་བློ་འཁྲུལ་དང་། །སེམས་ལས་མྱ་ངན་འཇིགས་སོགས་ཀྱིས། །གནོད་གྱུར་སེམས་ལས་བྱུང་བ་ཡིན། །ལུས་སེམས་གཏོགས་པའི་ནད་ཀྱིས་ནི། ། སྨྱོ་བྱེད་བཞིན་དུ་འཁྲུག་འགྱུར་བས། །སྙིང་སྟོབས་ཉམས་ཞིང་སྙིང་དང་ནི། །འདུ་ཤེས་རྒྱུ་བའི་རྩ་སྦུབས་ཁྱབ། །མུན་པར་ཞུགས་སྙམ་སེམས་ཤིང་རྨོངས། །འཇིགས་སུ་རུང་བའི་བྱ་བ་བྱེད། །སོ་འཆའ་ལྦུ་བ་སྐྱུག་པ་དང་། །ལག་པ་རྐང་པ་གཡོབ་པ་དང་། །གཟུགས་ མེད་པར་ཡང་མཐོང་བ་དང་། །འཁྲུལ་ཞིང་ས་ལ་འགྱེལ་བ་དང་། །སྨིན་མ་མི་གཡོ་ནད་ཤུགས་དང་། །བྲལ་ནས་སད་པར་གྱུར་པ་དང་། །དེ་ནི་དུས་གཞན་དག་ཏུ་ཡང་། །དེ་བཞིན་དུ་ནི་སྤྱོད་པ་ཡིན། །རླུང་ལ་སོགས་དང་འདུས་པ་ཡི། །དབྱེ་བས་བརྗེད་བྱེད་རྣམ་ པ་བཞི། །དེ་ནི་སྐྱེ་བར་གྱུར་པའི་ཚུལ། །སྙིང་འདར་ཁོང་སྟོང་མགོ་འཁོར་ལ། །མུན་པར་མཐོང་ཞིང་སེམས་ཁོང་ཆུད། །སྨིན་མ་མི་སྡུག་མིག་འགྱུར་དང་། །སྒྲ་མི་ཐོས་ཤིང་རྔུལ་འབྱུང་ལ། །ཁ་ཆུ་སྣབས་ནི་འཛག་པ་དང་། །མི་འཇུ་ཡི་ག་འཆུས་ཤིང་བརྒྱལ། ། ལྟོ་སྦོས་ཉམས་སྟོབས་ཟད་པ་དང་། །གཉིད་མེད་སྐོམ་ཞིང་ཡན་ལག་ན། །རྨི་ལམ་གླུ་ལེན་གར་བྱེད་དང་། །ཏིལ་མར་ཆང་ནི་འཐུང་བ་དང་། །དེ་ཉིད་གཅིན་དུ་འབྱུང་བ་རྨི། །དེ་ལ་རླུང་གྱུར་བརླ་འགུལ་ཞིང་། །ཡང་དང་ཡང་དུ་འགྱེལ་བ་དང་། །ཡང་དང་ཡང་དུ་དྲན་པ་ སྟོར། །འདུ་ཤེས་རྙེད་ནས་མི་གསལ་དུ། །མིག་འབུར་ཡང་ཡང་དབུགས་འབྱིན་ཞིང་། །ལྦུ་བར་སྐྱུག་ཅིང་འདར་བ་དང་། །སོ་འཆའ་མགོ་ནི་རྡེབས་པ་དང་། །རླུང་གིས་གྲེ་བ་རྒྱས་པར་བྱེད། །ཡན་ལག་ཀུན་དུ་རྡེབས་པ་དང་། །སོར་མོ་མི་སྙོམས་འགུགས་པ་ དང་། །མིག་དང་པགས་པ་སེན་མོ་ནི། །གནག་ཅིང་རྩུབ་མོར་སྣང་བ་དང་། །གཟུགས་ནི་མི་བརྟན་རྩུབ་པ་དང་། །མི་སྡུག་བཞིན་རས་ངན་པ་ཡིན། །མཁྲིས་པ་ལས་གྱུར་བརྗེད་བྱེད་ནི། །དྲན་པ་ཡང་ཡང་ཉམས་པ་དང་། །མིག་མདོག་པགས་པ་ལྦུ་བ་སེར། ། ས་ལ་རྡེག་པར་བྱེད་པ་དང་། །འཇིགས་རུང་འབར་ཞིང་ཁྲོ་བ་ཡི། །གཟུགས་མཐོང་སྐོམ་དད་ཆེ་བ་ཡིན། །བད་ཀན་ལས་གྱུར་རིང་ནས་འཛིན། །ཡུང་རིང་ཉིད་ནས་སད་པར་བྱེད། །གཡོ་འགུལ་ཉུང་ཞིང་ཁ་ཆུ་མང་། །ཁ་མིག་པགས་པ་སེན་མོ་དཀར། །གཟུགས་ རྣམས་དཀར་པོར་མཐོང་བ་ཡིན། །མཚན་ཉིད་ཀུན་དང་ལྡན་པ་སྤང་། །དེ་ནས་བློ་སེམས་དྲན་པ་དང་། །སྙིང་གའི་སྦུབས་ནི་སད་བྱེད་པའི། །སློན་སྨན་ལ་སོགས་ལས་རྣམས་ནི། །རྣོན་པོ་ཡིས་ནི་སྦྱང་བར་བྱ། །རླུང་གྱུར་འཇམ་རྩི་མང་དུ་བྱ། ། མཁྲིས་གྱུར་ཕལ་ཆེར་བཀྲུ་སྨན་གཏང་། །བད་ཀན་ཕལ་ཆེར་སྐྱུག་སྨན་ནི། །བཏང་བས་བརྗེད་བྱེད་གསོ་བར་བྱ། །རྣམ་པ་ཀུན་ཏུ་ལེགས་དག་ཅིང་། །ལེགས་པར་སྤྲོ་ནི་བསྲིང་བ་ལ། །བརྗེད་བྱེད་ལས་ནི་ཐར་བྱའི་ཕྱིར། །ཞི་བར་བྱ་བའི་སྦྱོར་བར་ཉོན། ། བ་ལྕི་ཁུ་བ་འོ་མ་དང་། །ཞོ་དང་གཅིན་དང་མར་བསྐོལ་བ། །བརྗེད་བྱེད་རིམས་དང་སྨྱོ་བྱེད་དང་། །མིག་སེར་སེལ་བར་བྱེད་པ་བླུད། །རྩ་བ་བཅུ་པ་འབྲས་བུ་གསུམ། །དུག་མོ་ཉུང་ཤུན་སེར་པོ་གཉིས། །ཨ་པ་མརྒ་ལོ་མ་བདུན། །ནི་ལི་ནི་དང་པུ་ཙེ་ཤེལ། །དོང་ག་པུཥྐར་ མཱུ་ལ་དང་། །ཕལ་གུའི་རྩ་བ་བྱི་ཚེར་སྲང་། །གཉིས་གཉིས་ཆུ་བྲེ་བཅུ་དྲུག་ནང་། །བསྐོལ་བ་ལ་ནི་བཞི་ཆ་ལུས། །ག་བྲའི་རྩ་བ་དུ་བ་རི། །པ་ཏ་དན་ད་དུར་བྱིད་དང་། །ཚ་བ་གསུམ་དང་རོ་ཧི་ཥེ། །མུར་བ་རྩ་མཁྲིས་བུ་དི་ཁ། །ཧ་ཏི་པི་པི་ལིང་དང་ནི། །མ་དུ་ཡན་ཏེ་ཐལ་ ཏྲེས་གཉིས། །ལྕང་མ་དང་ནི་ཙི་ཏྲ་ཀ །ཞོ་ནི་གཉིས་གཉིས་མར་བྲེ་གང་། །དེ་བཞིན་སྔ་མའི་གཤེར་རྫས་བསྐོལ། །འདི་ནི་བ་ཡི་རྣམ་ལྔ་ཆེ། །བརྗེད་བྱེད་རིམས་དང་དམུ་རྫིང་དང་། །མཚན་པར་རྡོལ་བ་སེལ་མཆོག་ཡིན། །འོར་ནད་གཞང་འབྲུམ་མིག་སེར་དང་། །སྐྱ་རྦབ་སྐྲན་དང་ལུད་ པ་དང་། །གདོན་རྣམས་འཇོམས་པར་བྱེད་པ་ཡིན། །བྲམྷི་ཤུ་དག་རུ་རྟ་དང་། །ཤང་ཀ་པུཥྤ་མར་རྙིང་བཅས། །བསྐོལ་བའི་མར་ནི་ཡིད་གཞུངས་བྱེད། །སྨྱོ་བྱེད་བཀྲ་མི་ཤིས་པ་དང་། །བརྗེད་བྱེད་སྡིག་པ་འཇོམས་པར་བྱེད། །འཚོ་བྱེད་སྡེ་ཚན་སྲང་རེ་དང་། །ཏིལ་མར་ཞུན་ མར་བྲེ་རེ་བསྲེས། །འོ་མ་བྲེ་ནི་བཅུ་དྲུག་བསྐོལ། །འཐུངས་ན་བརྗེད་བྱེད་ལས་ཐར་བྱེད། །འོ་མ་བུ་རམ་ཤིང་ཁུ་བ། །བྲེ་བཞི་དང་ནི་ཏང་པལ་གྱི། །ཁུ་བ་བརྒྱད་འགྱུར་དག་དང་ནི། །འཚོ་བྱེད་སྡེ་ཚན་ཞོ་གཉིས་གཉིས། །ཞུན་མར་བྲེ་གང་བཅས་བསྐོལ་བླུད། །དེས་ ནི་རླུང་མཁྲིས་ལས་གྱུར་པའི། །བརྗེད་བྱེད་མྱུར་དུ་སེལ་བར་བྱེད། །དེ་བཞིན་འཇག་མའི་བིད་རི། །ཀུ་ཤ་བུ་རམ་ཤིང་འོ་མ། །བསྐོལ་བ་འཐུངས་པའང་དེ་དང་འདྲ། །ཀུ་སྨན་ཏ་ཡི་ཁུ་བ་མར། །བཅོ་བརྒྱད་འགྱུར་དང་ཤིང་མངར་གྱི། །ལྡེ་གུར་བཅས་པ་ བསྐོལ་བས་ནི། །བརྗེད་བྱེད་སེལ་བར་བྱེད་པ་དང་། །བློ་དང་ཚིག་གསལ་སྐད་སྙན་བྱེད། །བ་ནི་སེར་སྐྱའི་མཁྲིས་པ་ཡི། །སྣ་སྨན་བཏང་ཡང་མཆོག་ཏུ་ཕན། །ཁྱི་དང་ཝ་དང་བྱི་ལ་དང་། །སེང་གེ་སོགས་ཀྱི་མཁྲིས་པ་བསྔགས། །གོ་ད་སྲེ་མོ་གླང་པོ་ ཆེ། །བ་ལང་དྲེད་དང་པྲི་ཤ་ཏའི། །མཁྲིས་པ་ཏིལ་མར་བསྐོལ་བ་དག །ལུས་བསྐུ་སྣར་ནི་བླུགས་ནའང་ཕན། །འབྲས་བུ་གསུམ་དང་ཚ་བ་གསུམ། །ནས་ཚིག་འཁུས་ཐལ་ཀོ་ཉོན་ཚེ། །ཕ་ནི་ཛ་ཀ་སྲ་རྩི་པོག །ཨ་པ་མརྒ་ཀ་རཉྫའི། །ས་བོན་ཏིལ་མར་ར་ གཅིན་དང་། །བཅས་པ་བསྐོལ་བ་སྣར་བླུགས་པའམ། །ཕྱེ་མ་སྣ་ནས་བུས་པའང་ཕན། །སྲེ་མོ་འུག་པ་སྤྲེའུ་དང་། །བྱ་རྒོད་ཁྱི་རྟ་བྱ་རོག་སྦྲུལ། །ཆུ་དང་སྒྲོ་དང་རྟུག་པ་ཡི། །དུད་པས་འདི་ལ་བདུག་པར་བྱ། །ཏིལ་མར་སྒོག་སྐྱ་བཅས་པའམ། ། འོ་མ་ཉེའུ་ཤིང་བསྟེན་ཡང་ཕན། །བྲམྷི་འམ་རུ་རྟའི་ཁུ་བའམ། །ཤུ་དག་སྦྲང་རྩིར་ལྡན་པའང་ཕན། །ནད་གཞི་མཉམ་དུ་འཁྲུགས་པ་ལས། །ལུས་དང་སེམས་ལ་བརྟེན་འགྱུར་ནད། །སྐྱེས་པར་གྱུར་པ་གང་ཡིན་དེ། །བརྗེད་བྱེད་གནད་ནི་ཆེན་པོར་ གནས། །དེ་བས་གསོ་དཀའ་འདི་ལ་ནི། །བཅུད་ཀྱིས་ལེན་གྱིས་གསོ་བར་བྱ། །དེས་ཉེན་མེ་དང་ཆུ་ལ་སོགས། །ཡ་ང་བ་ལས་རྟག་ཏུ་བསྲུང་། །ཐར་པ་ན་ནི་ཡིད་འཁྲུལ་བས། །ཁྱེད་ཀྱིས་འདི་ལྟར་བྱས་སོ་ཞེས། །མི་བརྗོད་ཡུལ་ནི་ ཡིད་འོང་བས། །ཉམས་པའི་སེམས་ནི་བརྟ་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་སྟེ་བདུན་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། འབྱུང་པོའི་གདོན་གསོ་བའི་ཡན་ལག་རྫོགས་སོ།། །། དེ་ནས་མིག་མཆུའི་ནད་དམིགས་ཤེས་པར་བྱ་བ་བཤད་པར་བྱའོ། །ནད་ཀུན་ནད་གཞི་ལས་བཤད་པའི། །གནོད་པས་ནད་ནི་འཁྲུགས་པ་དང་། །མཆོག་ཏུ་མིག་ལ་གནོད་པ་དང་། །ཕལ་ཆེར་མཁྲིས་པ་སྐྱེད་པ་ཡིས། །རྩ་ལས་གྱེན་དུ་རྒྱུས་ནས་ནི། ། མིག་གི་ཡན་ལག་མིག་མཆུ་གྲྭ། །དཀར་ནག་མཐོང་བྱེད་རྒྱལ་མོའམ། །མིག་ཀུན་ལ་གནས་ནད་སྐྱེད་བྱེད། །དེ་ལ་རླུང་ནི་མིག་མཆུ་ཡི། །རྩ་ལ་ཞུགས་པར་གྱུར་པ་དག །ཉལ་ནས་ལྡང་ཚེ་མིག་མཆུ་ནི། །ཧར་བག་ན་དང་བཅས་པར་བྱེད། །མིག་ནི་རྡུལ་གྱིས་ གང་སྙམ་སེམས། །འཛུམས་པར་དཀའ་ཞིང་མཆི་མ་འཛག །མཉེས་ན་བདེ་བ་སྙམ་དུ་བྱེད། །དེ་ནི་འཛུམས་དཀའ་ཡིན་ཞེས་བཤད། །རླུང་གིས་མིག་མཆུ་བསྐྱོད་ནས་ནི། །ཡང་དང་ཡང་དུ་འབྱེད་ཅིང་འཛུམས། །འདི་ནི་འཛུམས་པ་ཞེས་བཤད་དོ། །གྲ་མཚམས་ ལྷོད་ཅིང་ཚོར་བ་མེད། །རྟག་ཏུ་འཛུམས་ཤིང་མིག་ཉམས་པ། །གང་ཡིན་དེ་ནི་རླུང་གནོད་ཡིན། །མཁྲིས་པས་མིག་མཆུའི་མཐའ་མར་ནི། །འབྲུམ་བུ་ཀུ་མུ་ཏ་ཡི་ནི། །ས་བོན་འདྲ་སླར་གང་གྱུར་པ། །འབྲུམ་ཕྲན་ཀུ་མུ་ཏ་ཞེས་བྱ། །ཚ་ཞིང་འདྲུལ་ལ་ནད་དང་བཅས། ། དམར་ཞིང་རེག་ན་མི་བཟོད་པ། །མཁྲིས་པས་མིག་མཆུར་སྐྱེས་པ་དེ། །མཁྲིས་པས་སྐྱེས་པ་ཡིན་ཞེས་བཤད། །མཁྲིས་པ་རྫི་མའི་ནང་གནས་ཤིང་། །གཡའ་ཞིང་ཚ་བར་བྱེད་པ་དང་། །དེ་རྗེས་རྫི་མ་འབྱི་བ་སྟེ། །རྫི་མ་འབྱི་བ་ཞེས་བཤད་དོ། །བད་ཀན་ལས་གྱུར་མིག་ མཆུའི་ནད། །འབྲུམ་ཕྲན་དཀར་པོ་ཡུངས་ཀར་འདྲ། །མཐུག་སྐྲངས་གཡའ་ན་མིག་རྡུལ་ཁེབས། །སྤྱི་བག་ཅན་འཛག་པོ་དག་ཀྱང་། །ཧར་བག་འདྲུལ་བ་རྡུ་མས་ཁེབས། །བད་ཀན་གྱིས་བསླངས་མིག་མཆུའི་ནད། །བད་ཀན་ལས་གྱུར་རྨེན་བུ་དཀར། །ན་ཞིང་སྨིན་མ་མེད་ གཡའ་སྲ། །རྒྱ་ཤུག་ཙམ་མམ་དེ་ལས་ནི། །ཅུང་ཟད་ཆུང་བ་ཆགས་པ་ཡིན། །ཁྲག་ལས་འབྲུམ་ཕྲན་དམར་བ་དང་། །དེ་མཚུངས་འབྲུམ་ཕྲན་གྱིས་ཁྱབ་པ། །བརྩེགས་པ་ཞེས་བྱ་དེས་སྐྱེད་དམར། །རེག་མི་བཟོད་པ་མིག་མཆུ་སློངས། །མིག་མཆུའི་ནང་དུ་ཤ་ལྷག་ ནི། །སྲ་ཞིང་སྣུམ་ལ་ཚ་ཞིང་ན། །མདོག་དམར་དེ་ནི་ཁྲག་འཛག་ཅིང་། །བཅད་བཞིན་འཕེལ་བྱེད་མིག་འབྲུམ་ཡིན། །མིག་མཆུའི་མཐའ་འམ་དབུས་སུ་ནི། །གཡའ་ཞིང་ཚལ་ན་བཅས་བརྟན། །མུངྒ་ཙམ་གྱི་ཁྲག་འབྲུམ་དམར། །འབྲུམ་ཕྲན་མིག་ནད་ཅེས་བྱའོ། ། ནད་ཀྱིས་མིག་མཆུའི་ཕྱི་རོལ་སྐྲངས། །ནང་དུ་བུ་ག་ཕྲ་མོས་ཁྱབ། །འཛག་བཅས་ནང་ན་ཆུ་ཡོད་དེ། །པདྨའི་རྩ་འདྲ་པད་རྩ་ཡིན། །ནད་གཞི་གསུམ་དང་ཁྲག་འཁྲུགས་པས། །མིག་མཆུའི་ནད་ནི་ལྡང་བ་དང་། །རྒྱུ་མེད་པར་ནི་གཉིད་འགྱུར་གང་། །དེ་ནི་མིག་མཆུ་ འཁྲུགས་ཞེས་བྱ། །ནད་ཀྱིས་མིག་མཆུ་དྲི་མ་ཁྲག །སྐྲངས་རྣགས་ན་བཅས་མིག་མཆུ་སྔོ། །གཡའ་ཞིང་སྐྲངས་ལ་དམར་བ་དང་། །མིག་མཆུ་འབྱར་བ་འབྱར་ཞེས་བྱ། །མིག་མཆུའི་ནད་ནི་སྲ་ཞིང་རྩུབ། །འབྲུམ་ཕྲན་བྱེ་མ་འདྲ་ཞེས་བྱ། །གནག་ཅིང་འདམ་འདྲ་ འདམ་བུའོ། །མདོག་འདྲ་ཤ་ནི་མང་པོས་རྒྱས། །ན་ཤས་ཆེ་བ་ཞེས་བྱའོ། །བྱིས་པ་སོ་སྐྱེས་ཚེ་ན་འབྱུང་། །དེས་ནི་བྱིས་པའི་མིག་སྐྲང་ཞིང་། །མིག་དམར་ལྟ་བར་མི་ནུས་ལ། །མིག་མཆུ་གཟེར་ཞིང་སྤྱི་བག་འཛག །རྣ་བ་སྣ་དང་མིག་ཉེད་བྱེད། །གང་ཡིན་དེ་ནི་སྒྲ་ངན་ ཡིན། །རྫི་འགགས་རྫི་མ་འདུས་ཤིང་ཞུམ། །མིག་མཆུའང་དེ་འདྲར་གྱུར་པ་དང་། །རྩུབ་ཅིང་ནང་དུ་ཁ་བལྟས་ལ། །སྤུ་གཞན་ཡང་ནི་ཚེར་མ་ལྟར། །རྩེ་མོ་རྣོན་པོ་སྐྱེས་གྱུར་ཅིང་། །དེས་བདར་མིག་ནི་སྐྲངས་པ་དང་། །ཚ་ཞིང་རླུང་ལ་སོགས་མི་བཟོད། །བཏོན་ན་ཅུང་ ཟད་བདེ་བར་བྱེད། །མིག་ཕུགས་གྲྭ་མཚམས་ཕྱི་རོལ་དུ། །ཐོར་བུ་སྲ་ཞིང་མཐོ་བ་དང་། །དམར་ཞིང་མཆི་མ་རྣག་ཁྲག་འཛག །ཡང་ཡང་རྒྱས་པ་སློན་པ་ཡིན། །ནད་གཞི་གསུམ་དང་ཁྲག་ལས་ནི། །མིག་མཆུའི་ནང་ན་ཤའི་དུམ་བུ། །རྨེན་བུ་སྲ་ལ་ནད་མེད་ལ། ། ཕྱི་རོལ་མི་མཉམ་གཡོ་མཛེར་པ། །དེ་ལྟར་ཉི་ཤུ་རྩ་བཞི་པོ། །མིག་མཆུ་ལ་གནས་ནད་ཡིན་ནོ། །དེ་ལ་དང་པོར་སྨན་གྱིས་གསོ། །དེ་འོག་གཉིས་དང་འབྲུམ་བུ་སྤང་། །རྫི་མ་འགགས་པ་གསོར་རུང་ཙམ། །ལྷག་མ་མཚོན་གྱིས་གསོ་བར་བྱ། །དེ་དག་ལས་ཀྱང་རྫི་ མ་འཕྱི། །གཙགས་པར་བྱ་ལ་མིག་མཛེར་གཅད། །ཆགས་དང་པད་རྩ་ཀུ་མུ་ཏ། །བརྩེགས་དང་འབྲུམ་ཕྲན་སློན་པ་འདྲལ། །མིག་མཆུའི་ཤ་སྔོ་བྱེ་མ་འདྲ། །འབྱར་དང་བསྐྱེད་བྱ་ཞེས་པ་བཞི། །འདམ་ཆས་ཤས་ཆེར་བྱས་པ་དང་། །སྒྲ་ངན་ བཅས་པ་མཚོན་གྱིས་བཞར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་བརྒྱད་པའོ།། །།དེ་ནས་མིག་མཆུའི་ནད་གསོ་བ་བཤད་པར་བྱའོ། །འཛུམས་པ་དཀའ་ལ་མར་རྙིང་ནི། །རྒུན་འབྲུའི་ལྡེ་གུ་ཆུར་བསྐོལ་བར། །ཁ་ར་བཏབ་ དང་སྣ་སྨན་དང་། །དུད་པ་མིག་སྨན་སྣུམ་ཅན་གཏང་། །ཀུ་མུ་ཏ་ལ་ཞལ་ཞལ་བཏབ། །དེ་སྟེང་རྒྱམ་ཚ་གདབ་པར་བྱ། །ཤིང་མངར་དང་ནི་སྐྱུ་རུ་ར། །པ་ཏོ་ལ་བསྐོལ་ཆུ་བླུགས་བྱ། །རླུང་མེད་གནས་ལ་གཡོག་མཁས་ཀྱིས། །སྦྱང་བྱས་གན་རྐྱལ་ཉལ་བ་ལ། ། མིག་མཆུ་བཟློག་སྟེ་དྲོ་འཇམ་ཆུར། །བསྲོས་པའི་གོས་ཀྱིས་དུགས་བྱས་ལ། །གོས་ཀྱིས་ལེགས་པར་དཀྲིས་ནས་ནི། །གཡོན་པའི་མཐེབ་མཛུབ་ཀྱིས་བཟུང་ཞིང་། །འགུལ་ཞིང་འགྱུར་བ་མེད་པར་ནི། །དེ་ནས་མིག་མཆུ་ཀུན་ཏུ་ནི། །དཀྱིལ་འཁོར་ལྟ་བུའི་མཚོན་གྱིས་ ནི། །འཕྲེད་དུ་གདབ་ཅིང་མཚན་མ་བྱས། །དེ་ཉིད་ཀྱིས་སམ་ལོ་རྩུབ་བམ། །ཤེ་པ་ལི་ཡི་ལོ་མའམ། །ཡང་ན་རྒྱ་མཚོའི་ལྦུ་བས་བྲུད། །ཁྲག་ནི་རས་བལ་ཡེའུས་ཕྱི། །ཁྲག་བཅས་ལེགས་པར་བྲུད་ཤེས་ནས། །རང་རང་སྨན་ནི་སྦྲང་རྩི་དང་། །བཅས་པ་ དེ་ལ་བསྐུ་བར་བྱ། །དེ་འོག་ཆུ་དྲོན་གྱིས་བཀྲུས་ལ། །མར་གྱིས་བླུགས་པར་བྱ་བ་དང་། །རྣ་བའི་སྟེང་དང་འོག་གི་བར། །ནས་ཀྱི་ཟན་དང་སྦྲང་རྩི་དང་། །མར་དང་བཅས་པས་དཀྲི་བར་བྱ། །ཞག་ནི་གཉིས་པ་ལ་དགྲོལ་ཏེ། །ཇི་ལྟ་བར་ནི་སྨན་བླུགས་ཤིང་། །བཞི་ པར་སྣ་སྨན་ལ་སོགས་བྱ། །ཞག་ནི་ལྔ་པ་དག་ལ་དགྲོལ། །མཉམ་ཞིང་སེན་མོ་ལྟར་དམར་ལ། །སྐྲངས་གཡའ་དྲུད་སོགས་ནད་མེད་པ། །མིག་མཆུ་སྦྱར་ལེགས་ཡིན་ཞེས་བྱ། །དེ་ལས་བཟློག་པ་སླར་བཞར་བྱ། །བཞར་དྲགས་པས་ནི་ན་བ་དང་། །རྫི་མ་འབྱི་ཞིང་མིག་ མཆུ་འགྱུར། །དེ་ལ་སྣུམ་དང་དུགས་ལ་སོགས། །རླུང་ལ་ཕན་པའི་སྦྱོར་བ་བསྔགས། །མར་སར་གྱིས་ནི་བསྐུ་བྱ་ཞིང་། །སེང་ཕྲོམ་དཀར་པོ་མར་སར་གྱིས། །ལེགས་པར་བསྐུ་བ་བྱས་ནས་ནི། །ཨེ་རཎྜ་ཡི་རྩ་བ་ཡི། །ལྡེ་གུས་བྱུགས་ཏེ་ཕུར་མས་བཙོ། །ཚོས་ པ་བཀྲུས་ཏེ་བསྐམས་ནས་ནི། །བཏགས་པ་ཐུམ་པོ་བྱས་ནས་ནི། །ར་འམ་བུད་མེད་འོ་མར་ནི། །མཉེས་པ་མིག་ཏུ་བླུགས་པར་བྱ། །དེ་ཉིད་སཱ་ལུ་ཐུག་པོ་ཆེའི། །ལྡེ་གུ་བསྐུས་ཏེ་དེ་ལྟར་བྱས། །ཞོ་དང་ཞོ་ག་ཆུས་སྤངས་པ། །མིག་ནི་བཞར་དྲགས་གྱུར་ལ་བླུགས། ། ཡང་ན་ཞོ་ག་ཆུ་ཉི་ཚེ། །བླུགས་ཤིང་སྐམ་སའི་ཤ་ཁུ་སྦྱིན། །འབྲུམ་ཕྲན་སྲ་ཞིང་མཐོ་བ་ནི། །འབྲས་ཀྱི་རྩེ་མོས་བརྟོལ་བར་བྱ། །དེ་རྗེས་བཙིར་ཏེ་ཆོ་ག་ནི། །ལྷག་མ་སྔ་མ་བཞིན་དུ་བྱ། །ཞལ་ཞལ་གདབ་དང་འདྲལ་བ་ལ། །རིམ་འདིས་མིག་མཆུའི་ནད་ཀུན་སྦྱར། ། ཁྲག་མཁྲིས་ལས་གྱུར་མངར་བ་ཡི། །སྡེ་ཚན་དང་བསྐོལ་མར་གྱིས་གསོ། །སྣུམ་གྱུར་ནས་ནི་གཏར་ག་གདབ། །དུར་བྱིད་བཀྲུ་སྨན་བཏང་བ་མཆོག །བཞར་ཞིང་ཁྲག་ནི་ཕྱུང་ནས་ཀྱང་། །ཤིང་མངར་བསྐོལ་བའི་ཆུས་བཀྲུ་ཞིང་། །ཙནྡན་དཀར་པོ་འོ་མར་བསྐོལ། ། མིག་མཆུ་ལ་ནི་བླུགས་པ་ཕན། །རྫི་མ་འབྱི་ལ་ཁབ་ཀྱིས་ནི། །བ་སྤུའི་བུ་ག་གཙགས་པའམ། །སྲིན་བུ་པད་པས་ཁྲག་དབྱུང་ངོ་། །ཡང་ན་འོ་མའམ་བུ་རམ་ཤིང་། །ཁུ་བས་སློན་བྱ་མངར་བསིལ་སྨན། །བསྐོལ་བའི་མར་ནི་གཏང་བར་བྱ། །ནག་ཚུར་དཀར་པོའི་ཕྱེ་ མ་ནི། །བྱེའུ་རུག་པའི་ཁུ་བར་བསྲེས། །ཟངས་ཀྱི་སྣོད་དུ་བཅུག་པ་སྟེ། །རྫི་མ་འབྱི་བའི་མིག་སྨན་མཆོག །མིག་མཆུའི་ཤ་བྲུད་བཅའ་སྒ་དང་། །རྒྱམ་ཚའི་ཕྱེ་མ་གདབ་པར་བྱ། །ཆུ་དྲོན་གྱིས་བཀྲུས་སེང་ལྡེང་དང་། །ན་ལེ་ཤམ་དཀར་ཏུ་པ་རི། །ཆུ་བསྐོལ་བའམ་སེར་པོ་ གཉིས། །ཤིང་མངར་དང་ནི་འབྲས་བུ་གསུམ། །ཁུ་བ་སྦྲང་རྩིར་བཅས་པ་བླུགས། །བད་ཀན་ལས་གྱུར་ཞལ་ཞལ་བྱས། །ནག་ཚུར་རྒྱམ་ཚ་པི་པི་ལིང་། །ལྡོང་རོས་སྟང་ཟིལ་ཞིབ་བཏགས་ལ། །སྦྲང་རྩིར་བཅས་པ་བསྐུ་བར་བྱ། །སྐྱུག་སྨན་མིག་སྨན་སྣ་སྨན་ནི། །བད་ ཀན་སེལ་བ་ཐམས་ཅད་ཕན། །ཆགས་པ་ལ་ཡང་འདི་དག་བྱ། །མ་ཞི་མེ་བཙའ་གདབ་པར་བྱ། །སྒྲ་ངན་ལ་ནི་སེང་ལྡེང་དང་། །ནིམ་པའི་ལོ་མ་འབྲས་བུ་གསུམ། །མར་དང་སྦྱར་བའམ་པི་པི་ལིང་། །ཤིང་མངར་རྒྱམ་ཚ་བསྐོལ་བ་ནི། །མ་མས་ བླུད་དེ་སློན་དུ་གཞུག །རྒུན་འབྲུམ་དང་ནི་ཨ་རུ་ར། །པི་པི་ལིང་བསྐོལ