Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 198
Văn bản gốc(Tây Tạng)
Trang 6 / 25 (50.000 ký tự/trang)
།སྐད་འགགས་རླུང་གི་ནད་རྣམས་དང་། །བད་ཀན་བེ་སྣབས་འཁྱིལ་ཞིང་ལྕི། །ལུས་རེངས་རྐེད་པ་རྩིབ་ལོགས་དང་། །སྒུར་དང་ལྟོ་ནད་འགྲམ་ནད་དང་། །རླིག་ནད་སྐྲངས་དང་ད་རྒན་དང་། །རྩོལ་དང་རླུང་ནད་ཀྱིས་ཟུག་དང་། །གཅིན་འགགས་ ཐོར་བུ་རྨེན་བུ་དང་། །ཁུ་བ་བཀག་དང་རླུང་འཁྱིམས་ལ། །དེ་ཡི་སྨན་གྱི་དབྱེ་བ་ཡིས། །དུགས་ནི་སོ་སོ་ཇི་བཞིན་བྱ། །དུགས་ཕན་མེ་ཡིས་བསྲོ་མིན་པ། །རླུང་ནད་ཚིལ་དང་བད་ཀན་ཅན། །རླུང་མེད་ཁང་པར་རྩོལ་བ་དང་། །གོས་ལྕི་བ་དང་འཇིགས་པ་དང་། །དཀྲི་དང་ སྟོབས་འགྱེད་ཁྲོ་བ་དང་། །ཆང་མང་བཀྲེས་དང་ཉི་ཚན་བཞག །ནད་གང་ནད་ཁྲོལ་གནས་པའི་ལུས་ཟུངས་གནས། །རྩར་སོང་རྐང་ལག་རུས་པའི་ནང་སོང་བའི། །ནད་དེ་དུགས་ཀྱིས་བསྲུང་བར་བྱས་ནས་ནི། །ཁོང་དུ་བསྡུས་ལ་སྦྱང་བས་དཔྱིས་དབྱུང་བྱ། །ཡན་ལག་ བརྒྱད་པའི་སྙིང་པོ་བསྡུས་པ་ལས། མདོའི་གནས་ཀྱི་ལེའུ་བཅུ་བདུན་པའོ།། །།དེ་ནས་སྐྱུགས་སྨན་དང་བཀྲུ་སྨན་གཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །བད་ཀན་ནད་དམ་འདྲེས་པ་ཡི། །བད་ཀན་རྒྱས་ལ་སྐྱུགས་སྨན་གཏང་། །དེ་བཞིན་མཁྲིས་པ་བཀྲུ་སྨན་བྱ། །རིམས་ སར་ཚད་འཁྲུ་ཐུར་དུ་ནི། །མཁྲིས་པ་ཁྲག་འཁྲུ་གློ་གཅོང་དང་། །མཛེ་དང་གཅིན་ནད་འབྲུམ་ཐོར་བུ། །རྐང་བམ་མི་དྲན་ལུད་པ་ཅན། །དབུགས་མི་བདེ་སྙིང་འཕར་འབྲས་མཆེད། །ནུ་མའི་ནད་དང་རོ་སྟོད་ནད། །ཁྱད་པར་དུ་ནི་སྐྱུག་སྨན་བྱ། །སྐྱུག་སྨན་ མི་གཏོང་སྦྲུམ་ཁོང་རྩུབ། །བཀྲེས་དང་རྟག་ཏུ་སྡུག་བསྔལ་བ། །བྱིས་པ་རྒན་སྐེམ་སྦོམ་སྙིང་ན། །གློ་སྐམ་སྨྲས་དང་ཉམ་ཆུང་དང་། །རྟག་ཏུ་སློན་དང་མཆེར་པ་ན། །རབ་རིབ་ལྟོ་ན་སྲིན་བུ་ཡོད། །རླུང་ཁྲག་འདྲེན་མར་གྱེན་དུ་འབྱུང་། །སོ་ནམས་གཏོང་སྐད་འཛེར་དང་། ། གཅིན་སྲི་དམུ་རྫིང་སྐྲན་ཅན་དང་། །སློན་དཀའ་དྲོད་ཆེ་གཞང་འབྲུམ་ཅན། །རྟུག་སྐམ་མགོ་འཁོར་རྩིབ་ལོགས་སྲ། །རྩིབ་ལོགས་ཟུག་དང་རླུང་ཅན་ནོ། །དེ་དག་དུག་འཐུངས་མ་ཞུ་དང་། །མི་འཕྲོད་ཟས་ཟོས་མ་གཏོགས་སོ། །རྟག་ཏུ་སློན་པ་ཡན་ཆད་དང་། །ཕལ་ཆེར་ མ་ཞུའི་རིམས་དག་དང་། །མ་ཞུ་བ་ནི་ཐམས་ཅད་ལའང་། །དུད་པས་བདུག་པའི་ལས་ཀུན་སྤངས། །བཀྲུ་སྨན་གྱིས་གསོ་སྐྲན་གཞང་འབྲུམ། །འབྲུམ་བུ་མིག་སེར་གཞོགས་ཕྱེད་ལྕི། །རིམས་རྙིང་དམུ་རྫིང་དབྱིག་དུག་དང་། །སྐྱུགས་དང་མཆེར་ནད་སྐྱ་རྦབ་དང་། །ལོང་ནད་རབ་ རིབ་སྔོན་པོར་གྱུར། །མཆི་འཛག་ཞུ་བའི་གནས་ན་ཟུག །མངལ་དང་ཁུ་བའི་གནས་ཀྱི་ནད། །ཁོང་ནད་གཏོགས་དང་སྲིན་ནད་རྨ། །དྲེག་ནད་ནམ་ཚོང་ཡན་ཆད་ནད། །གཅིན་སྲི་བཤང་བ་འགགས་པ་དང་། །སློན་བྱ་མཛེ་གཅིན་ནད་སོགས་ཡིན། །ཁྲུས་མི་བྱ་བ་རིམས་ གསར་དང་། །དྲོད་ཆུང་ཁྲག་མཁྲིས་ཐུར་དུ་འབྱུང་། །རྨས་དང་གཞང་ནད་ཚད་པས་འཁྲུ། །ཁོང་དུ་མཚོན་ལུས་ལྟོ་སྲ་དང་། །སྣུམ་ཆེས་པ་དང་སྐེམ་ཆེས་པའོ། །དེ་ནས་ཐུན་མོང་དུས་སུ་ནི། །ཆོ་ག་བཞིན་དུ་སྣུམ་གྱིས་ཉེན། །ཉ་དང་མ་ཤ་ཏིལ་སོགས་ཀྱིས། །ནང་པར་ སློན་བྱའི་བད་ཀན་སྐྱེད། །མཚན་མོ་གཉིད་ལོག་ཟས་ལེགས་ཞུ། །སྔ་དྲོའི་དང་པོར་བཀྲ་ཤིས་བྱས། །ཟས་མ་ཟོས་པའམ་ཅུང་ཟད་སྣུམ། །ཐུག་པ་ཞུན་མར་ལྡན་པར་བཏུང་། །བྱིས་པ་རྒན་པོ་ཉམས་སྟོབས་ཆུང་། །སྨན་སྟོབས་ཆུང་བ་ནད་དབང་ལས། །ཆང་འོ་བུ་རམ་ ཤིང་ཤ་ཁུ། །ནད་དམིགས་ཇི་སྐད་བཤད་པ་བཞིན། །སྦྲང་རྩི་རྒྱམ་ཚ་དང་ལྡན་པ། །སྨན་ཚད་ལྟོ་བ་ལས་དཔགས་ཏེ། །སྨན་ལ་སྔགས་ནི་མངོན་བཟླས་ལ། །ལྐོག་མར་ཕྱིན་བའི་བར་དུ་བླུད། །ཚངས་པ་སྐྱེ་དགུའི་བདག་དང་ཐ་སྐར་བུ། །དྲག་པོ་དབང་པོ་ཉི་ཟླ་ས་མེ་རླུང་། ། དྲང་སྲོང་རྣམས་ཀྱི་ཚོགས་དང་བཅས་པ་དང་། །འབྱུང་པོའི་ཚོགས་ཀྱིས་ཁྱེད་ནི་བསྲུང་བར་ཤོག །དྲང་སྲོང་རྣམས་ཀྱི་བཅུད་ཀྱིས་ལེན་པ་དང་། །ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང་། །ཀླུ་མཆོག་རྣམས་ཀྱི་བདུད་རྩི་ལྟ་བུར་ནི། །ཁྱོད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག །ཨོཾ་ན་མོ་བྷ་ག་བ་ ཏེ། བྷཻ་ཥ་ཛྱ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ། །ཏ་ཐཱ་ག་ཏཱ་ཡ། ཨརྟ་ཏེ། སཾ་མྱག་སཾ་བུདྡྷཱ་ཡ། །ཏདྱ་ཐཱ། །ཨོཾ་བྷཻཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ། རཱ་ཛ་ས་མུངྒ་ཏེ་སྭཱཧཱ། ཤར་དུ་ཁ་བསྟན་འཐུང་དུ་བཞུག །འཐུངས་ནས་དེ་ལ་སེམས་དམིགས་ཏེ། །ཡུད་ཙམ་བསྡད་ལ་དང་གར་ འཁྱིལ། །མཆིལ་མ་དེ་ནས་སློན་དུ་གཞུག །མ་གནོད་པར་ནི་སོར་མོས་སམ། །ཡང་ན་ཆུ་བ་འཇམ་པོ་ཡིས། །ལྐོག་མ་ལྕེའུ་ཆུང་མ་སྣང་བྱ། །སྐྱུག་མི་བྲོ་བར་མི་དྲང་ངོ་། །འབྱུང་བར་བཟློག་པ་སློན་པར་བྱ། །པུས་མོ་དང་མཉམ་སྟན་ལ་གནས། །དེ་ནི་སློན་ཚེ་གློ་གཉིས་ དང་། །འཕྲལ་བ་དག་ནས་བརྟེན་པར་བྱ། །དེ་བཞིན་ལྟེ་བ་བཙིར་བ་དང་། །རྒྱབ་ནས་གྱེན་དུ་མཉེ་བར་བྱ། །དེ་ལྟར་བད་ཀན་རྣོ་དྲོད་ཁ། །མཁྲིས་པ་མངར་དང་བསིལ་བས་སློན། །རླུང་འདྲེས་བད་ཀན་སྣུམ་པ་དང་། །སྐྱུར་དང་ལན་ཚྭ་དག་གིས་སློན། །ཇི་སྲིད་བད་ ཀན་རྒྱུན་ཆད་པའམ། །མཁྲིས་པ་སྣང་གི་བར་དུ་སྐྱུགས། །ཤུགས་དལ་པི་པི་ལིང་སྐྱུ་རུ། །ཡུངས་ཀར་རྒྱམ་ཚ་ཆུ་དག་གིས། །ཡང་དང་ཡང་ནི་སློན་དུ་གཞུག །དེ་ནི་སློན་པར་མ་གྱུར་པའམ། །སྡོད་པ་དང་བཅས་སློན་པའམ། །སྨན་ནི་འབའ་ཞིག་བྱུང་གྱུར་ན། །སྦྱོར་ ཉེས་དེ་ནི་མཆིལ་མ་མང་། །གཡན་པ་ཐོར་པུ་རིམས་སོགས་འབྱུང་། །བདེར་སྐྱུགས་བད་ཀན་མཁྲིས་པ་དང་། །རླུང་ནི་རིམ་གྱིས་འབྱུང་བར་འགྱུར། །སྦྱོར་བ་ལེགས་ཡིན་སྦྱོར་དྲགས་པས། །དབུ་བ་ཚོན་ཅན་ཁྲག་འདྲར་སྣང་། །སློན་ནས་ཁོང་རྨྱ་ལུས་ཚ་དང་། །ལྐོག་ སྐམ་མགོ་འཁོར་མིག་མི་མཐོང་། །རླུང་ནད་མི་བཟད་ལྡན་གྱུར་ཞིང་། །སྲོག་གི་ཁྲག་འབྱུང་འཆི་བར་འགྱུར། །སྦྱོར་བ་ལེགས་པས་སློན་ན་ནི། །ཡུད་ཙམ་ངལ་གསོ་དུད་པ་གསུམ། །གང་ཡང་རུང་བས་བདུགས་པ་དང་། དེའི་འོག་སྣུམ་གྱི་སྤྱོད་པ་ བསྟན། །དེ་ནས་དགོངས་ཀའམ་ནང་པར་ནི། །བཀྲེས་ཚེ་ཆུ་དྲོན་གྱིས་བཀྲུ་ལ། །སཱ་ལུ་རྩ་སྣར་འབྲས་ཀྱི་ནི། །ཐུག་པ་ལ་སོགས་རིམ་བཞིན་བསྟེན། །ཐུག་པ་གར་གཡོས་མ་བྱས་པའི། །ཁུ་བ་ཤ་ཁུ་གསུམ་དང་གཉིས་དང་གཅིག །མཆོག་དང་བར་མ་ཐ་མའི་སྦྱོང་བས་ སྦྱང་། །མི་ཡིས་ཟས་ཀྱི་དུས་སུ་རིམ་བཞིན་སྤྱད། །དཔེར་ན་མེ་ཆུ་རྩྭ་དང་ལྕི་སོགས་ཀྱིས། རྣམ་པར་སྦར་ན་རིམ་གྱིས་མཆེད་པ་ན། །ཆེ་ཞིང་བརྟན་ལ་ཐམས་ཅད་མཆེད་པར་ནུས། །སྦྱངས་པའི་ནང་མེ་ཐུག་སོགས་ཀྱིས་དེ་བཞིན། །སློན་ཚད་ཆུང་དང་འབྲིང་དང་ཆེན་པོ་ ནི། །བཞི་དང་དྲུག་དང་ལན་བརྒྱད་སློན་པར་འདོད། །དེ་ཉིད་བཅུ་དང་ཉིས་ལྡབ་སུམ་ལྡབ་འཁྲུ། །བྲེ་གང་དེ་བཞིན་ཉིས་ལྡབ་བཞི་ལྡབ་འགྱུར། །སྐྱུག་སྨན་མཐར་མཁྲིས་བཀྲུ་སྨན་ལས་བྱེད་དང་། །བད་ཀན་མཐར་དབྱུང་འཁྲུ་བ་མཆོག་ཏུ་བཤད། །འཁྲུ་བ་གཉིས་གསུམ་ བཤང་དང་བཅས་མ་གཏོགས། །འཁྲུ་བ་གཞལ་ཏེ་སློན་ལ་འཐུངས་མ་གཏོགས། །དེ་ནས་སློན་པ་དེ་ལ་ནི། །སླར་ཡང་སྣུམ་དང་དུགས་བྱས་ཏེ། །བད་ཀན་དུས་འདས་ལྟོ་ཤེས་ནས། །ལེགས་པར་བཀྲུ་སྨན་གཏང་བར་བྱ། །མཁྲིས་པ་མང་ཞིང་ལྟོ་སྙི་ལ། །འོ་མས་བྱང་ནི་ བཀྲུ་བར་བྱེད། །རླུང་ཤས་ཆེ་ཤིང་ལྟོ་སྲ་ན། །དུར་བྱིད་སོགས་ཀྱིས་ཀྱང་བཀྲུ་དཀའ། །བཀྲུ་སྨན་མཁྲིས་ལ་མངར་དང་བསྐ། །བད་ཀན་ལ་ནི་ཁ་བས་བྱ། །རླུང་ལ་སྣུམ་བྲོ་ལན་ཚྭ་ཅན། །མི་འཁྲུན་ནི་ཆུ་ཚན་བླུད། །ལག་པ་བསྲོས་པས་དེ་ཡི་ནི། །ལྟོ་བ་ལེགས་པར་ དུགས་བྱའོ། །མ་འཁྲུས་དེ་ཞག་ལྡང་ཟས་ཟོས། །ཉི་མ་གཉིས་པར་སླར་ཡང་བཏུང་། །ལྟོ་བ་རབ་སྲ་སྣུམ་དག་ནི། །ཞག་བཅུའི་བར་དུ་ཡང་བཏུང་བས། །སླར་ཡང་སྣུམ་དང་དུགས་ཀྱིས་ནི། །ལུས་སྦྱངས་ནས་ནི་བཀྲུ་སྨན་གྱིས། །སྦྱོར་བ་ལེགས་པར་བརྟགས་པ་དང་། །སྔར་ གྱི་ཉེས་པ་དྲན་པར་བྱ། །སྙིང་དང་ལྟོ་ན་ཡི་ག་འཆུས། །བད་ཀན་མཁྲིས་པ་གློངས་པ་དང་། །གཡན་པ་ལུས་ཚ་ཐོར་བུ་དང་། །ཆམ་པས་འདེབས་ཤིང་བཤང་རླུང་འགགས། །སྦྱོར་བ་ཉེས་པའི་མཚན་ཉིད་ཡིན། །སྦྱོར་ལེགས་ཇི་སྐད་བཤད་གོ་བཟློག །བཤང་བ་མཁྲིས་པ་ བད་ཀན་རླུང་། །རིམ་གྱིས་འཁྲུ་ཞིང་འབྱུང་བ་ན། །བད་ཀན་མཁྲིས་པ་མེད་ཆུ་འཁྲུ། །སྐྱ་ཞིང་རྣག་དང་ཁྲག་དང་བཅས། །ཡང་ན་ཤ་བཀྲུས་ལྟ་བུའམ། །ཚིལ་གྱི་དུམ་བུ་འདྲ་ཉིད་དམ། །གཞང་འབྱུང་སྐོམ་དད་ཆེ་བ་དང་། །མགོ་འཁོར་མིག་ནི་ཕུགས་སུ་བྲོས། ། བཀྲུ་སྨན་དྲགས་པས་འབྱུང་བ་ཡིན། །དེ་བཞིན་སྐྱུག་སྨན་དྲགས་ནད་འབྱུང་། །ལེགས་པར་འཁྲུས་པ་དེ་ལ་ནི། །དུད་པས་བདུག་པ་མ་གཏོགས་པའི། །ཆོ་ག་སྐྱུག་སྨན་དང་མཚུངས་པས། །དེ་ནས་སློན་དང་འདྲ་བར་བྱ། །ཟས་ལ་རིམ་གྱིས་སྤྱད་ནས་ནི། །དེ་འོག་ནར་ མའི་ཁ་ཟས་བསྟེན། །སྨན་འཐུངས་མེ་དྲོད་ཆུང་བ་དང་། །མ་དག་ནད་ཀྱིས་རྨྱ་བ་དང་། །ཞུ་བའི་མཚན་མ་མ་མཐོང་ན། །དེ་ནི་ཉིན་པར་སྨྱུང་བྱས་ལ། །སྣུམ་དང་དུགས་དང་སྨན་རྣམས་ཀྱིས། །གློངས་པའི་ནད་ཀྱིས་ཉེན་མི་འགྱུར། །སྦྱངས་དང་ཁྲག་ནི་འབྱུང་བ་དང་། །སྣུམ་མཆོག་ ལ་སྦྱར་སྨྱུང་བ་ཡིས། །མེ་དྲོད་ཞན་པ་ཉིད་འགྱུར་ཏེ། །དེ་བས་ཐུག་སོགས་རིམ་གྱིས་སྤྱད། །བད་ཀན་མཁྲིས་པ་བྲི་ཞིང་ཆུང་། །ཆང་འཐུངས་རླུང་དང་མཁྲིས་པ་ཆེ། །དེ་ལ་ཐུག་པ་མི་བླུད་ཀྱི། །བརྟ་བ་ལ་སོགས་རིམ་པ་ཕན། །སྐྱུག་སྨན་ མ་ཞུ་བར་ནད་འབྱིན། །བཀྲུ་སྨན་ཞུ་ནས་འབྱིན་པ་ཡིན། །དེ་ཡི་ཕྱིར་ན་སྐྱུག་སྨན་དག །ཞུ་བ་ལ་ནི་བསྡད་མི་དགོས། །སྟེང་དང་འོག་ཏུ་འབྱུང་རིགས་པས། །གང་ཚེ་ཕྱིན་ཅི་ལོག་གྱུར་ན། །དེ་ཚེ་སྐྱུགས་ལ་རྐང་པར་ནི། །ཆུ་དྲོན་དག་གིས་བླུགས་པར་བྱ། །ལུས་ཀྱི་སྟོད་ ནི་ཆུ་གྲང་བླུགས། །འཁྲུ་བ་ལ་ནི་དེ་ལས་བཟློག །གང་ཞིག་ཉམ་ཆུང་ནད་མང་དང་། །ནད་སྨིན་པ་ཡིས་རང་ཉིད་ནི། །འཁྲུ་བར་བྱེད་ལ་འཁྲུ་བ་ནི། །ཁ་ཟས་བྱིན་ལ་དེར་འཁྲུར་གཞུག །སྔར་སྦྱངས་པས་ནི་ཉམ་ཆུང་དང་། །ནད་ཀྱི་དཀྱེལ་ཆུང་ལུས་ཟད་མི། །ལྟོ་བསྲ་ སྙི་མི་ཤེས་ལ། །སྨན་ནི་འཇམ་ཞིང་ཆུང་ངུ་བླུད། །དེ་མང་འཐུངས་པ་མཆོག་ཡིན་གྱི། །གཞན་དུ་དགོས་པ་བཅས་མི་རུང་། །ཉམ་ཆུང་པ་ཡི་ནད་མང་པོ། །གཡོས་གྱུར་ཅུང་ཟད་ཅུང་ཟད་ཅིག །སྨན་ནི་འཇམ་པོས་ལན་མང་ཞིག །དེ་ནི་ཉུང་འགྱུར་ཞི་ བར་བྱ། །མ་བཙལ་དེ་ནི་ཡུན་རིང་དུ། །ཉོན་མོངས་པའམ་གསོད་པར་འགྱུར། །མེ་དྲོད་ཆུང་དང་ལྟོ་སྲ་ལ། །ཐལ་སྨན་རྒྱམ་ཚ་མར་བཅས་པས། །མེ་ཡི་དྲོད་ནི་བསྐྱེད་ནས་སུ། །རླུང་དང་བད་ཀན་བསལ་བར་བྱ། །རྩུབ་ཅིང་རླུང་མང་ལྟོ་སྲ་དང་། །རྟག་ཏུ་རྩོལ་བའི་ཚུལ་ཅན་ དང་། །མེ་དྲོད་རབ་ཏུ་ཆེ་ལ་སྨན། །མི་འཁྲུ་བར་ནི་ཞུ་བར་འགྱུར། །དེ་ལ་སྔར་ནི་འཇམ་རྩི་བཏང་། །དེ་ནས་སྣུམ་པའི་བཀྲུ་སྨན་བྱ། །སྨན་ནི་རྣོན་པོའི་རེང་བུ་ཡིས། །བཤང་བ་ཅུང་ཟད་དབྱུང་བར་བྱ། །དྲི་མ་ལེགས་པར་འཁྲུས་ནས་ནི། །སྣུམ་འཁྲུ་བདེ་བར་འབྱུང་བར་ འགྱུར། །དུག་གིས་ཕོག་ན་ཐོར་བུ་འབྱུང་། །མཛེ་དང་འོར་ནད་མེ་དཔལ་དང་། །མིག་སེར་སྐྱ་རྦབ་ཟ་ཁུས་ཉེན། །ཧ་ཅང་སྣུམ་ཆེས་སྦྱང་མི་བྱ། །ཀུན་ལ་བཀྲུ་སྨན་སྣུམ་བག་གཏང་། །སྣུམ་གྱིས་ཞེན་ལ་རྩུབ་པ་གཏང་། །སྐྱུག་སྨན་ལ་སོགས་ལས་རྣམས་ལ། །སླར་ཡང་བར་ སྐབས་བར་སྐབས་སུ། །སྣུམ་དང་དུགས་ཀྱི་ཆོ་ག་བྱ། །སྣུམ་རྗེས་ལ་ནི་སྟོབས་བསྐྱེད་བྱ། །ལུས་ལས་ནད་རྣམས་བསལ་བ་ན། །གོས་ཀྱི་དྲི་མ་འཁྲུ་དང་མཚུངས། །སྣུམ་དང་དུགས་དག་མ་བྱས་པར། །གང་ཞིག་སྦྱང་བའི་ལས་བྱེད་པ། །ཤིང་སྐམ་འགུགས་པར་བྱེད་པ་ལྟར། ། དེ་ཡི་ལུས་ནི་མ་རུངས་འགྱུར། །སྦྱང་བ་ལེགས་པར་ཉེ་བར་བསྟན་པས་ནི། །བློ་གྲོས་གསལ་ཞིང་དབང་པོ་སྟོབས་དང་ལྡན། །ལུས་ཟུངས་བརྟན་ཞིང་ཁོང་པའི་མེ་དྲོད་འབར། །ན་ཚོད་དག་ཀྱང་རིང་དུ་འཇོག་པར་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ ལེའུ་བཅྭ་བརྒྱད་པའོ།། །།དེ་ནས་མས་གཏོང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །རླུང་ཤས་ཆེ་བའི་ནད་རྣམས་སམ། །རླུང་ལ་མས་གཏོང་བསྔགས་པ་སྟེ། །དེ་ནི་གསོ་བ་ཐམས་ཅད་ཀྱི། །མཆོག་སྟེ་དེ་ཡང་རྣམ་པ་གསུམ། །བཀྲུ་དྲགས་འཇམ་རྩི་མས་གཏོང་གོང་། །དེ་ཡིས་ གསོ་བྱ་སྐྲན་དང་ནི། །ལྟོ་སྦོས་དྲེག་ནད་མཆེར་པ་དང་། །འཁྲུ་བ་འབའ་ཞིག་གཟེར་ནད་དང་། །རིམས་རྙིང་བྱིང་དང་ཆམ་པ་དང་། །ཁུ་བ་རླུང་དང་དྲི་མ་འགགས། །རླིག་རླུགས་རྡེའུ་ནད་ཟླ་མཚན་འཇིག །རླུང་གི་ནད་ནི་མི་བཟད་གསོ། །བཀྲུ་དྲགས་མི་བྱ་སྣུམ་དྲགས་དང་། །གློ་རྡོལ་ཤིན་ཏུ་ སྐེམས་པ་དང་། །བེེ་སྣབས་འཁྲུ་དང་སློན་བྲོ་དང་། །སྦྱང་བྱས་སྣ་སྨན་བཏང་བ་དང་། །དབུགས་མི་བདེ་ལུད་ཆམ་གཞང་འབྲུམ། །སྐྱིགས་བུ་ལྟོ་སྦོས་མེ་དྲོད་ཆུང་། །གཞང་སྐྲངས་ཁ་ཟས་ཟོས་ཟིན་དང་། །ལྟོ་འགགས་བུ་ག་ཆུ་ཡོད་དང་། །མཛེ་ཅན་གཅིན་ནད་སྦྲང་མདོག་དང་། །སྦྲུམ་མ་ཟླ་ བདུན་ཡན་ཆད་དོ། །བཀྲུ་དྲགས་བྱ་ཉིད་འཇམ་རྩི་བྱ། །ཁྱད་པར་དུ་ནི་མེ་དྲོད་ཆེ། །རྩུབ་དང་རླུང་ནད་གཅིག་པུས་ཉེན། །འཇམ་རྩི་མི་བྱའང་དེ་ཉིད་དོ། །དེ་བཞིན་སྐྱ་རྦབ་མིག་སེར་དང་། །ཚིལ་ཆེ་ཆམ་བཏབ་ཟས་མ་ཟོས། །བཤང་བར་འཁྲུ་བར་བྱེད་པ་དང་། །ལྟོ་ལྕི་ལྟོ་ནད་བད་ཀན་ ཅན། །མཆིལ་མ་མང་དང་ཤིན་ཏུ་སྦོམ། །ལྟོ་ན་སྲིན་ཡོད་རླུང་འཁྱིམས་དང་། །དུག་དག་འཐུངས་དང་འབྲུམ་བུས་བཏབ། །རྐང་བམ་ལྐོག་མའི་ཝ་བ་ཅན། །དེ་གཉིས་སྦུ་གུ་གསེར་སོགས་དང་། །ཤིང་རུས་འོད་མ་ལས་བྱས་པ། །བ་ལང་མཇུག་འདྲ་བུག་རྡོལ་མེད། །འཇམ་ཞིང་དྲང་ལ་ ཁ་ཟླུམ་པའོ། །ལོ་གཅིག་མ་ལོན་སོར་ལྔ་པ། །ལོ་ཚད་ལོ་བདུན་པ་ཡི་བར། །ཚད་ནི་སོར་དྲུག་ཡིན་པར་བཤད། །ལོ་བདུན་པ་ཡི་བདུན་ཉིད་དེ། །བཅུ་གཉིས་པ་ལ་སོར་བརྒྱད་བྱ། །བཅུ་དྲུག་ཡན་ཆད་སོར་དགུ་སྟེ། །ཉི་ཤུ་ཡན་ཆད་སོར་བཅུ་གཉིས། །ལོ་གཞན་དག་ལ་ན་ཚོད་དང་། ། སྟོབས་དང་ལུས་ཚད་བརྟགས་ནས་ནི། །ཚད་ནི་མངོན་པ་བསྐྱེད་པར་བྱ། །རྩ་བ་རང་གི་མཐེ་བོང་མཉམ། །རྩེ་མོ་མཐེའུ་ཆུང་ཚད་དུ་བྱ། །ལོ་གཅིག་ལོན་སོར་ནས་བཟུང་སྟེ། །དེ་ཡིས་ཕྱེད་ཕྱེད་ཀྱིས་བསྐྱེད་བྱ། །གང་ཞིག་རྩ་བའི་བུ་གའི་ཚད། །སོར་མོ་གསུམ་རྩེ་ཤོང་བ་མཆོག །མུངྒ་མ་ཤ་ སྲན་མ་བཙོས། །རྒྱ་ཤུག་འབྲས་ཤོང་རིམ་བཞིན་བྱ། །རྩ་བའི་བུ་གའི་ཚད་ཀྱིས་ནི། །མཐར་ནི་བུག་པ་འགེགས་པར་བྱ། །ལྕེ་རྩེ་རང་གི་སོར་གཉིས་ཀྱིས། །ཆོད་པར་འགག་པ་གཉིས་པ་བྱ། །དེར་ནི་རྐྱལ་བུ་གདགས་བྱ་བ། །ར་ལུག་མ་ཧེ་ལ་སོགས་པའི། །ལྒང་པ་ལེགས་མཉེས་སྲ་ བ་དང་། །དམར་བཙོས་བུ་ག་ཐག་ཐུག་མེད། །དྲི་ང་རྩ་རིས་མེད་སྲབ་པར། །སྨན་ནི་ལེགས་པར་བླུགས་བྱས་ལ། །སྲད་བུས་དམ་པར་བཅིང་བར་བྱ། །ལྒང་མེད་རྐྱལ་པའི་དཔུང་པའམ། །བྱིན་པའི་པགས་པའམ་རས་སྟུག་བཟང་། །ནི་རུ་ཧ་ཚད་དང་པོ་ནི། །ལོ་གཅིག་པ་ལ་ སྲང་གཅིག་མཆོག །ཇི་སྲིད་སྲང་ནི་བཅུ་གཉིས་པར། །ལོ་རེ་སྲང་རེས་བསྐྱེད་པར་བྱ། །བཅུ་གཉིས་པ་ནས་བཅྭ་བརྒྱད་པར། །དེ་ཡང་བདུན་ཅུའི་བར་ཆད་འདི། །དེ་ཕན་ཚད་སྲང་ཉི་ཤུ་ཉིད། །བཀྲུ་སྨན་དྲག་ཚད་ཇི་ལྟ་བ། །དེ་ཡི་བཞི་ཆ་འཇམ་རྩི་ཚད། །བཀྲུ་སྨན་དྲག་བྱ་སྣུམ་དུགས་བྱ། ། སྦྱང་བྱས་ནས་ཀྱང་སྟོབས་ཐོབ་པ། །འཇམ་རྩི་གཏང་འོས་པར་ཤེས་ནས། །ཐོག་མ་ཉིད་དུ་འཇམ་རྩི་གཏང་། །དགུན་དཔྱིད་ཉིན་པར་གཏང་དེ་ལས། །གཞན་དུ་མཚན་གཏང་ལ་ལ་འདོད། །བསྐུ་བྱུག་ཁྲུས་བྱ་སྔོན་ཐང་ལས། །བཞི་གསུམ་ཕན་ཞིང་ཡང་བ་དང་། །སྣུམ་དང་རྩུབ་ཆེས་མ་ཡིན་ བཟའ། །ཁུ་བ་ལ་སོགས་ཟོས་རྗེས་བཏུང་། །བཅགས་ལ་བཤང་གཅི་བསལ་ནས་ནི། །མལ་དུ་བདེ་བར་གནས་བྱས་ལ། །མཐོ་དམན་མེད་པར་མགོ་སྨད་དེ། །གློ་གཡོན་གྱིས་ནི་ཕབ་ནས་སུ། །རྐང་པ་གཡས་པ་བཀུག་ནས་ནི། །རྐང་པ་གཡོན་པ་བརྐྱང་བར་བྱ། །དེ་ནས་དེ་ལ་གཅེའུ་ཁ་དང་། །གཞང་ སྒོ་སྣུམ་གྱིས་བསྐུས་ནས་ནི། །གཅེའུ་ལྒང་པའི་དབུགས་བཏོན་ལ། །ཁ་བཅིངས་ལག་པ་མི་འདར་བར། །རྒྱབ་ཀྱི་ལོགས་སུ་འདུག་ནས་ནི། །ཤིན་ཏུ་མྱུར་དང་བུལ་མིན་དང་། །ཧ་ཅང་ཤུགས་དྲག་དལ་མིན་པར། །རན་པར་ལན་ཅིག་ཁོང་ན་བཙིར། །རླུང་ནི་ལྷག་པར་གནས་པས་ན། ། ལྷག་མ་ཅུང་ཟད་ལུས་པར་བྱ། །བཏང་ནས་ལུས་ནི་གན་རྐྱལ་བཞག །རྐུབ་ཚོས་ལག་པས་བརྡབ་པར་བྱ། །རྟིང་པས་མཇུག་ཙོས་བརྡུང་བྱ་ཞིང་། །རྟིང་པ་བཏེག་ལ་ལན་གསུམ་གསིག །དེ་ནས་ལུས་ནི་བརྐྱངས་ནས་སུ། །སྔས་དང་བཅས་པའི་རྟིང་པར་ནི། །ཁུ་ཚུར་གྱིས་བརྡུང་ལུས་ ཀྱང་ནི། །སྣུམ་གྱིས་བསྐུས་ལ་མཉེ་བར་བྱ། །ཚོར་བས་ཉེན་པས་སྣུམ་དག་ནི། །མྱུར་དུ་ཕྱིར་འབྱུང་མི་བྱེད་དོ། །གལ་ཏེ་མྱུར་དུ་ཕྱིར་བྱུང་ན། །ཕན་མི་བྱེད་པས་གཞན་དག་གཏང་། །མེ་དྲོད་ཆེ་ཞིང་སྣུམ་བྱུང་ན། །དགོངས་ཀ་ཁ་ཟས་ཡང་བ་སྦྱིན། །དབྱུང་བའི་དུས་ཀྱི་དམ་པ་ནི། །ཐུན་གསུམ་ ཡིན་ཏེ་དེ་ཕན་ཆད། །ཉིན་མཚན་གཅིག་ནི་བསྡད་ནས་སུ། །དེ་ཡི་འོག་ཏུ་རེང་བུ་ཡིས། །སྣུམ་དབྱུང་ཕྱིར་ནི་འབད་བྱ་བའམ། །མས་གཏོང་བ་ནི་རྣོན་པོ་བྱ། །ཤིན་ཏུ་རྩུབ་པས་མ་བྱུང་ཞིང་། །སྙོམ་བག་ལ་སོགས་ནད་མེད་ན། །བཏང་སྙོམས་སུ་ནི་གཞག་པར་བྱ། །དེ་ནས་མཚན་འདས་ནང་ པར་ནི། །བཅའ་སྒ་འུ་སུ་བསྐོལ་ཆུ་འམ། །ཡང་ན་ཆུ་ཚན་འབའ་ཞིག་བཏུང་། །འཇམ་རྩི་བཏང་ནས་ཉིན་གསུམ་མམ། །ཉིན་ལྔ་ལོན་ནས་སླར་གཏང་བའམ། །ཇི་སྲིད་སྣུམ་ནི་འཇུག་གྱུར་པའམ། །ཡང་ན་རླུང་ནི་ཤས་ཆེ་དང་། །རྟག་ཏུ་རྩོལ་བྱེད་མེ་དྲོད་ཆེ། །ཁོང་རྩུབ་པ་ལ་ཉིན་རེ་གཏང་། ། དེ་ལྟར་སྣུམ་ནི་གསུམ་མམ་བཞི། །སྣུམ་གྱུར་རྩ་སྒོ་སྦྱང་བའི་ཕྱིར། །མས་གཏོང་ཁྲུས་ཀྱིས་སྦྱང་བ་དང་། །སྣུམ་མེད་ལུས་ནི་སྣུམ་གྱུར་གཏང་། །ཉི་མ་གསུམ་མམ་ཉིན་ལྔ་ན། །ཚེས་གྲངས་བཟང་ཞིང་དགེ་བ་ལ། །ཉིན་ཕྱེད་ཅུང་ཟད་ཡོལ་བའི་ཚེ། །གཏོར་མ་བཀྲ་ཤིས་ཆོ་ག་བྱ། ། སྣུམ་བསྐུས་དུགས་བྱ་བཤང་གཅི་ནི། །བསལ་ཞིང་ཤིང་ཏུ་བཀྲེས་མིན་ལ། །སྐྱེས་བུའི་ནད་དམིགས་སྨན་ལ་སོགས། །འབད་དེ་ཤེས་པར་བྱས་ནས་ནི། །སྨན་པ་དེ་ལ་མཁས་པ་ནི། །མར་དང་ལྷན་ཅིག་མས་གཏོང་སྦྱར། །སྨན་གྱི་སྲང་ནི་ཉི་ཤུ་དང་། །བོ་སོན་ཆ་བརྒྱད་ལྷན་ཅིག་ བསྐོལ། །བསྐོལ་བ་དེ་ཡི་བཞི་ཆ་ཡིས། །སྨན་མར་རླུང་ལ་རྗེས་སུ་སྦྱར། །མཁྲིས་པ་བདེ་བར་གནས་དྲུག་ཆ། །བད་ཀན་ཤས་ཆེ་བརྒྱད་ཆ་གཅིག། ཡང་ན་ཀུན་ལ་སྨན་གྱི་ནི། །བརྒྱད་ཆ་གཅིག་གམ་ཅི་ནས་ཀྱང་། །མས་གཏོང་སྐ་སླར་མི་འགྱུར་བྱ། །བུ་རམ་དག་ནི་སྲང་གཅིག་ ཙམ། །རིགས་པས་སྦྲང་རྩི་རྒྱམ་ཚ་སོགས། །ལྷག་མ་དེ་ཀུན་སྣོད་ཅིག་བླུགས། །བུམ་པར་ཆུ་བསྐོལ་རླངས་པ་ཡིས། །བསྲོ་ཞིང་གཟར་བུས་དཀྲུགས་ནས་ནི། །རྐྱལ་པའི་ནང་བླུགས་མཇུག་མར་ནི། །གཏོང་ཚེ་ཤིན་ཏུ་ཚ་གྲང་མིན། །ཤིན་ཏུ་སྣུམ་མིན་རྩུབ་པའང་མིན། །ཤིན་ཏུ་རྣོ་མིན་ འཇམ་པའང་མིན། །ཤིན་ཏུ་སྐ་མིན་སླ་བའང་མིན། །ཤིན་ཏུ་མང་ཉུང་ཚད་མེད་པའང་། །ཚ་ཆེ་སྐྱུར་བའང་དེ་དང་འདྲ། །དེ་ལ་མཁས་པ་གཞན་སྨྲ་བ། །སྣུམ་དང་སྦྲང་རྩི་གཉིས་སོ་སོར། །སྲང་ནི་གསུམ་གསུམ་བྱས་ནས་སུ། །རྒྱམ་ཚ་དག་ནི་ཞོ་གཉིས་དང་། །ནད་མེད་ལ་བཏང་སྨན་སྲང་གཉིས། །ཁུ་བའི་ སྨན་ནི་ལྷག་མ་ཀུན། །སྲང་བཅུ་ཡོངས་སུ་སྦྱར་བར་བྱ། །སྦྲང་རྩི་རྒྱམ་ཚ་སྣུམ་རྣམས་དང་། །སྨན་ཕྱེ་ཁུ་བའི་རིམ་པ་ནི། །མས་གཏོང་རྐྱལ་བར་བཅུག་བྱས་ཏེ། །འདི་ནི་སྦྱོར་བའི་ཆོ་གར་བཤད། །གན་རྐྱལ་བཞག་ནས་བཏང་མ་ཐག །སྔས་ཀྱིས་བརྟེན་ཏེ་མས་གཏོང་ལ། །ཡིད་ནི་གཞན་ དུ་མ་ཡེངས་པས། །འཁྲུ་བ་ཙོག་པུས་གཏང་བར་བྱ། །འོང་དུས་དམ་པ་ཡུད་ཙམ་སྟེ། །དེ་ལས་གཞན་དུ་འཆི་བྱེད་ཡིན། །དེ་ལ་བཅོས་པའི་ཐབས་གྱུར་སྣུམ། །ཐལ་སྨན་བ་གཅིན་ཁུ་སྐྱུར་སྦྱར། །མྱུར་བས་སྣུམ་ལ་རྣོ་དྲོ་བའི། །མང་གཏོང་གཞན་དག་གཏང་བར་བྱ། །ཡང་ན་སྨན་གྱི་རེང་བུ་ དག །གཏོང་ཞིང་དུགས་ལ་སོགས་པ་བྱ། །རང་ཉིད་འོངས་པར་གྱུར་ན་ནི། །མས་གཏོང་གཉིས་པ་གཏང་བའམ། །ལན་གསུམ་ལན་བཞིའི་བར་དུ་ནི། །ཇི་སྲིད་ལེགས་པར་གྱུར་པར་གཏང་། །དེ་ཡིས་སྦྱོར་སོགས་བཀྲུ་སྨན་དང་། །འདྲ་བར་ཤེས་བྱ་སྦྱོར་ལེགས་ན། །ཆུ་དྲོན་འཇམ་པོས་ བཀྲུས་ནས་ནི། །ཤ་ཁུ་འབྲས་ཆན་ཉུང་ཟད་སྦྱིན། །མས་གཏོང་དྲག་པོས་ནད་རྣམས་ཀྱི། །དྲི་མ་བསྐྱོད་པས་བྱུང་གྱུར་པ། །དེ་ནི་ཆུ་དྲོན་གྱིས་བཀྲུ་དང་། །ཁ་ཟས་ཚུལ་བཞིན་ཐོས་བས་འབྱུང་། །གལ་ཏེ་རླུང་གིས་ཉམ་ཐག་ན། །སླར་ཡང་འཕྲལ་དུ་འཇམ་རྩི་གཏང་། །དེ་ནི་ལེགས་དང་མ་ ལེགས་དང་། །གྲགས་པ་སྣུམ་འཐུངས་འདྲར་ཤེས་བྱ། །གང་ཞིག་དུས་ནི་ཅུང་ཟད་གནས། །བཤང་དང་བཅས་པར་འབྱུང་འགྱུར་ཞིང་། །ཐུར་དུ་དབུགས་དང་སྣུམ་ལྷན་ཅིག །འབྱུང་འགྱུར་འཇམ་རྩི་ལེགས་པ་ཡིན། །བད་ཀན་ལ་ནི་མས་གཏོང་བའི། །འཇམ་རྩི་གཅིག་གམ་གསུམ་ གཏང་བྱ། །མཁྲིས་པ་ལ་ནི་ལྔའམ་བདུན། །རླུང་ལ་དགུའམ་བཅུ་གཅིག་གཏང་། །སླར་ཡང་དེ་ལ་ཟུང་མིན་པ། །མས་གཏོང་རྗེས་ལ་བྱ་བ་ཡིན། །བད་མཁྲིས་རླུང་ལ་རིམ་བཞིན་ཟས། །ཡུ་ཤ་འོ་མ་ཤ་ཁུ་གཏང་། །རླུང་འཇོམས་སྨན་ནི་ལེགས་བསྐོལ་བ། །དུར་བྱིད་རྒྱ་མཚར་བཅས་པར་ བྱ། །སྣུམ་མངར་སྐྱུར་ཤ་ཁུ་དྲོན་སྦྱར། །མས་གཏོང་གཅིག་ནི་རླུང་ལ་ཕན། །ནྱ་གྲོ་དྷ་སོགས་སྡེ་ཚན་བསྐོལ། །ཤུག་སོགས་ཀར་དཀར་དང་བཅས། །མངར་བསིལ་བུ་རམ་ཤིང་ཁུ་མར། །འོ་མ་སྦྲང་རྩིར་བཅས་མཁྲིས་སེལ། །དོང་ག་ལ་སོགས་བསྐོལ་བ་དང་། །དུག་མོ་ཉུང་སོགས་བཅས་པ་ གསུམ། །རྩུབ་དང་སྦྲང་རྩི་བ་གཅིན་བཅས། །རྣོ་ཞིང་དྲོ་ཁ་བད་ཀན་སེལ། །གསུམ་པོ་འདུས་པའི་ནད་ལ་ཡང་། །གང་ཕྱིར་རིམ་བཞིན་སེལ་བ་ཡིན། །གསུམ་པོ་དེ་ལས་གཞན་པ་ཡིན། །མས་གཏོང་གསོ་ཞེས་གཞན་མི་འདོད། །གང་ཕྱིར་སླར་ཡང་སྦྱིན་བྱ་བའི། །ཉེས་པ་བཞི་ པོ་ཡོད་མ་ཡིན། །ནད་བསྐྱོད་དག་པར་བྱེད་པ་དང་། །ཞི་བར་བྱ་བའི་རིམ་པ་ཡིས། །མས་གཏོང་གསུམ་པོ་ཉིད་བརྟག་ཅེས། །དེ་སྐད་གཞན་དག་སྨྲ་བ་ཡིན། །ནད་དང་སྨན་སོགས་སྟོབས་ལས་ནི། །འདི་དག་ཐམས་ཅད་ཚད་མས་གཞལ། །བསྐྲུ་སྨན་དྲག་བཏང་ལེགས་མཚན་མ། །མ་མཐོང་ བར་དུ་འཕྲོ་མི་བཅད། །དང་པོར་སྣུམ་གཅིག་ཐ་མར་ལྔ། །བཀྲུ་སྨན་དྲག་པོ་བཅུ་གཉིས་ཏེ། །འཇམ་རྩིར་བཅས་བ་མས་གཏོང་བའི། །ལས་ནི་སུམ་ཅུར་བཤད་པ་ཡིན། །དུས་ནི་བཅོ་ལྔ་འདིར་གཅིག་ནི། །ཐོག་མའི་སྣུམ་སྟེ་ཐ་མར་གསུམ། །དུགས་དང་མས་གཏོང་ལྔ་པར་བཤད། །མས་ གཏོང་སྦྱོར་འདིར་བརྒྱད་ཡིན་ཏེ། །ནི་རུ་ཧ་དང་སྣུམ་གསུམ་དང་། །ཐོག་མ་ཐ་མ་གཉིས་ཀའོ། །འཇམ་རྩིའམ་བཀྲུ་སྨན་མས་གཏོང་དྲག །གཅིག་པུ་ལྷག་པར་བསྟེན་མི་བྱ། །འཇམ་རྩིས་ནད་སློངས་མེ་དྲོད་འཇོམས། །ནི་རུ་ཧས་རླུང་སྐྱེད་འཇིགས་ཡོད། །དེ་བས་སྣུམ་རྗེས་བཀྲུས་དྲགས་གཏང་། །ཁྲུས་དྲག་ བཏང་ནས་འཇམ་རྩི་བྱ། །དེ་ལྟར་རིམ་པས་སྣུམ་སྦྱང་བྱ། །མས་གཏོང་ལས་ནི་ཉེས་གསུམ་སེལ། །སྣུམ་གྱི་ཚད་ནི་ཆུང་ངུ་ཡི། །ཚད་དང་དེ་ནི་མཉམ་བྱས་པའི། །སྣུམ་ཚད་འཇམ་རྩིའི་ཚད་དུ་བཤད། །དེ་ནི་བྱིས་རྒན་ལམ་དང་ཁུར། །བུད་མེད་རྩོལ་ཞེན་པས་དུ་བ་དང་། །རླུང་ནད་ཀྱིས་གཞོམ་མེ་ དྲོད་ཆུང་། །རྒྱལ་པོ་ཕྱུག་པོ་ལ་བདེ་བ། །ཡིན་པས་རྟག་ཏུ་བསྟེན་པར་བྱ། །ནད་འཇོམས་ཡང་བ་མེད་པ་དང་། །སྟོབས་སྐྱེད་བཤང་བ་བདེ་བར་འབྱུང་། །མས་གཏོང་བུད་མེད་རོ་སྨད་ཀྱི། །མངལ་དང་མོ་མཚན་ནད་རྣམས་ལ། །བཀྲུས་དྲགས་གཉིས་གསུམ་གྱིས་དག་པར། །མས་གཏོང་ གོང་མས་གཏང་བར་བྱ། །དེ་ཡི་གཅེའུ་ནད་པ་ཡི། །སོར་ཚད་བཅུ་གཉིས་ཚད་དུ་བྱ། །ཟླུམ་ཞིང་བ་ལང་མཇུག་མ་འདྲ། །རྩ་བ་དབུས་སུ་གག་པ་གདགས། །རྩེ་མོ་ཡུངས་ཀར་ཤོང་བ་ཙམ། །འཇམ་པ་གསེར་ལ་སོགས་ལས་བྱས། །ཀུནྡ་སྲི་ཞིང་སོ་མན། །མེ་ཏོག་རྩེ་མོ་ལྟར་ཟླུམ་ཕྲ། །དེ་ཡི་རྐྱལ་བུ་འཇམ་ ཞིང་ཡང་། །ཚད་སྲང་ཕྱེད་དམ་གང་རིགས་བྱ། །དེ་ནས་ཁྲུས་བྱས་ཟས་ཟོས་ལ། །འཇམ་རྩི་གཏོང་བའི་ཆོ་ག་བྱ། །ཁྲི་སྟེགས་བུས་མཉམ་འཇམ་པ་ལ། །དྲང་ཞིང་བདེ་བར་འདུག་ནས་ནི། །ཕོ་མཚན་བཏེག་ཅིང་དྲང་བར་བྱ། །སྦུབས་སྦྱང་ཕྱིར་ནི་ཐུར་མ་ནི། །འཇམ་པ་རིམ་གྱིས་གཞུག་ པར་བྱ། །དེ་དག་ཕོ་མཚན་དང་འཚམ་པ། །འབྲས་བུའི་མཐར་ཐུག་བར་གཏང་བ། །མི་འདར་འཇམ་རྩི་བཏང་ལྟར་བྱ། །བཙིར་ཏེ་བཏང་ལ་སྣུམ་རྗེས་བྱ། །འཇམ་རྩིའི་རིམ་པ་བཞིན་དུ་བྱ། །མས་གཏོང་ཆོ་ག་འདི་ཡིས་ནི། །གསུམ་མམ་བཞི་ཡི་བར་དུ་གཏང་། །ལྷག་མ་འཇམ་རྩི་ཇི་ལྟ་བར། །འདི་ལ་ ཐམས་ཅད་སྦྱར་བར་བྱ། །བུད་མེད་ཟླ་མཚན་དུས་སུ་ནི། །མངལ་བྱེ་བ་ལས་ཆགས་པར་འགྱུར། །དེ་ཕྱིར་དེ་ཚེ་གཏང་བྱ་ལ། །རབ་ན་དུས་མིན་པར་ཡང་གཏང་། །མོ་མཚན་ཉམས་དང་གཟེར་བ་དང་། །མངལ་ཁྲག་རྟག་ཏུ་འབྱུང་གཏོང་བ། །གཅེ་བུ་སོར་བཅུ་རྩེ་མོ་ཡི། །བུ་ག་མུངྒ་ཤོང་སོར་བཞི། །མངལ་ གྱི་གནས་སུ་གཏང་བར་བྱ། །སོར་གཉིས་གཅིན་འབབ་ལམ་དུ་བཏང་། །གཅིན་འགགས་པ་ཡི་ནད་རྣམས་ལ། །བུ་མོ་རྣམས་ལ་སོར་གཅིག་གཏང་། །འབྲིང་ཚད་སྲང་ནི་གཅིག་པ་སྟེ། །བུ་མོ་རྣམས་ལ་སྲང་ཕྱེད་ཉིད། །མལ་དུ་གན་རྐྱལ་འདུག་ནས་ནི། །བརླ་ནི་ལེགས་པར་བསྐུམས་ནས་སུ། ། པུས་མོ་བསྟོད་དེ་ཉིན་ཞག་ནི། །གཅིག་ལ་ལན་གསུམ་ལན་བཞི་གཏང་། །དེ་ལྟར་མས་གཏོང་ཞག་གསུམ་ལ། །སྣུམ་གྱི་ཚད་ནི་བསྐྱེད་པར་བྱ། །དེ་ནས་ཞག་གསུམ་ངལ་བསོ་ནས། །སླར་ཡང་ཞག་གསུམ་གཏང་བར་བྱ། །སྐྱུག་སྨན་བྱས་ཟླ་ཕྱེད་བཀྲུ་སྨན། །དེ་ནས་ཟླ་ཕྱེད་ནས་བཀྲུས་ དྲགས། །བཀྲུས་དྲགས་འཕྲལ་ལ་འཇམ་རྩི་གཏང་། །ཁྲུས་བཏང་ཞག་བདུན་ནས་འཇམ་རྩི། །དཔེར་ན་ལེབ་རྒན་སོགས་བཙོས་པའི། །གོས་ནི་ཆུ་ལས་ཚོས་ལེན་ལྟར། །དེ་བཞིན་བངས་པར་བྱས་ལུས་ལ། །མས་གཏོང་བས་ནི་ནང་རྣམས་འབྱིན། །ལུས་ཀྱི་ཡན་ལག་ནང་ཁྲོལ་དག་ཏུ་སོང་ནད་ དང་། །གནད་དང་ལུས་སྟོད་ཡན་ལག་ཀུན་ཁྱབ་ནད། །གང་ཞིག་ཡོད་པ་དེ་ལས་སྐྱེ་བའི་རྒྱུ། །རླུང་མ་གཏོགས་པ་གཞན་དག་ཡོད་མ་ཡིན། །བཤང་དང་བད་ཀན་མཁྲིས་སོགས་ནད་སོགས་པ། །གང་ཕྱིར་འཐོར་ཞིང་སྡུད་པར་བྱེད་པ་ཡིན། །དེ་ནི་རབ་འཕེལ་གྱུར་ལ་ཞི་བའི་ཕྱིར། །འཇམ་ རྩི་མ་གཏོགས་སྨན་གཞན་གང་ཡང་མེད། །དེ་བས་གསོ་བ་མ་ལུས་ལས་མ་བཏང་། །གསོ་བའི་ཕྱེད་ཡིན་ཞེས་ནི་ལ་ལ་འདོད། །དེ་བཞིན་ནད་རྙིང་གློ་བུར་སྐྱེད་བྱེད་ལ། །གཏར་ག་ཁྲག་དབྱུང་སྨན་ཉིད་འགྱུར་བ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། མདོའི་གནས་ཀྱི་ལེའུ་ བཅུ་དགུ་པའོ།། །།དེ་ནས་སྨན་སྣ་ནས་གཏོང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །ནམ་ཚོང་ཡན་ཆད་ནད་རྣམས་ལ། །ལྟག་པར་སྣ་ནས་བཏང་བ་ཕན། །སྣ་ནི་ཀླད་པའི་སྒོ་ཡིན་ཏེ། །དེས་ན་དེ་ནས་ནད་དེ་འཇོམས། །བཀྲུ་སྨན་ཀླད་པའི་ནད་རྣམས་དང་། །གློང་བག་ལྐོག་ནད་ མཆི་མ་འཛག །སྐྲང་དང་ཐོར་བུ་སྲིན་རྨེན་བུ། །མཛེ་སྙོམ་ཆམ་པས་བཏབ་ལ་གཏང་། །བརྟ་བ་རླུང་ལས་བྱུང་གཟེར་དང་། །གླད་པ་ཕྱེད་ནས་སྐད་འགགས་དང་། །སྣ་དང་ཁ་སྐོམ་ཚིག་མི་ཐོན། །མིག་དབྱེ་དཀའ་དཔུང་བསྐྱོད་དཀའ་གཏང་། །ཞི་བ་མིག་སྔོན་གདོང་པགས་ནད། །སྐྲ་ཡི་ སྐྱོན་མིག་དམར་ལ་གཏང་། །དང་པོ་རང་སྦྱོར་ཇི་ལྟའི་སྣུམ། །སྨན་གྱི་ལྡེ་གུ་སོགས་བསྐོལ་དང་། །ཤིང་མངར་རྒྱམ་ཚ་ཆང་རྙིང་སོགས། །ཅི་རིགས་པ་ནི་བསྐོལ་བ་གཏང་། །བརྟ་བ་འུ་སུའི་ཁུ་བ་དང་། །ཤ་ཁུ་ཁྲག་དང་ཐང་ཆུའང་སྦྱར། །ཞི་བ་སྔ་མ་འོ་མ་དང་། །ཆུ་དང་བཅས་པར་སྦྱར་བར་བྱ། ། ཚད་ཆེན་དང་ནི་ཚང་ཕྲན་ཏེ། །འདི་ཡི་སྣུམ་ཚད་རྣམ་པ་གཉིས། །ལྡེ་གུ་ལ་སོགས་བཙིར་བ་ཡི། །རྣོ་དེ་སྤྱི་བོའི་བཀྲུ་སྨན་ཡིན། །ཕྱེ་མ་བུད་པའི་བཀྲུ་སྨན་ཏེ། །སྦུ་གུ་སོར་དྲུག་ཁ་གཉིས་པ། །ནང་ན་སྨན་དང་བཅས་པ་དག །ཁ་ཡི་དབུགས་ཀྱིས་བུས་ཏེ་གཏང་། །དེས་ནི་མགོ་ནད་མང་པོ་ཡང་། ཕྱེ་མ་ཡིན་པས་འབྱེན་པར་བྱེད། །མཛུབ་མོའི་ཚིགས་ནི་གཉིས་བའི་བར། །སྨྱུགས་པའི་ཕྱིར་བྱུང་གྱུར་པ་ལས། །ཐིགས་པ་བཅུའམ་བརྒྱད་དམ་དྲུག །ཇི་སྲིད་འཛགས་པར་གྱུར་པ་དག །སྣ་ནས་གཏོང་ཚད་ཆེ་འབྲིང་ཆུང་། །རིམ་པ་དེ་ཉིད་ཀྱིས་ཤེས་བྱ། །ལྡེ་གུ་ལ་སོགས་ཐིགས་པ་ནི། ། གཉིས་ཀྱིས་ཕྲི་སྟེ་གཏང་བར་བྱ། །ཆུ་དང་ཆང་དང་སྦྱར་དུག་མར། །འཐུངས་པའམ་འཐུང་བར་འདོད་པ་དག །ཁ་ཟས་ཟོས་དང་མགོ་བཀྲུས་དང་། །འཁྲུ་བར་འདོད་དང་གཏར་ག་བྱས། །ཆམ་པ་ཤུགས་འོངས་ཀྱིས་གཟིར་དང་། །བུ་བཙས་ལུད་པ་དབུགས་མི་བདེ། །སྦྱང་བྱས་མས་གཏོང་ཆོ་ག་བྱས། །དེ་བཞིན་ དུས་མིན་ཡུལ་རྨུགས་ལ། །སྣ་སྨན་གཏང་བར་མི་བྱ་སྟེ། །ཚབས་ཆེན་ནད་དང་སོགས་མ་གཏོགས་སོ། །དེ་ནས་སྣ་ནས་སྨན་གཏང་བ། །བད་ཀན་ནང་པར་མཁྲིས་ཉིན་ཕྱེད། །རླུང་ཅན་ཕྱི་འབྲེད་མཚན་མོ་གཏང་། །ནད་མེད་པ་ལ་སྟོན་ཀ་དང་། །དཔྱིད་ཀྱི་ཚེ་ན་སྔ་དྲོ་གཏང་། །དགུན་ནི་ཕྱེད་དུས་སོ་ གའི་ཚེ། །ཕྱི་འབྲེད་དབྱར་ནི་ཉི་དྲོན་བཅས། །གླད་པ་རླུང་ནད་ཀྱིས་ཐེབས་དང་། །སྐྱིགས་བུས་བཏབ་དང་མགོ་འདར་དང་། །གཉེའུ་རེངས་སྐད་ནི་འགགས་པ་ལ། །ཉིན་རེ་ནང་པར་དགོངས་ཀ་གཏང་། །གཞན་ལ་ཉིན་རེས་བར་བཅད་ལ། །ཉི་མ་བདུན་དུ་དེ་སྤྱད་བྱ། །རྟག་ཏུ་བྱ་བའི་ལས་བྱས་ནས། །དང་པོར་མགོ་སྣུམ་ བསྐུ་དུགས་བྱས། །རླུང་མེད་མལ་དུ་གནས་ནས་ནི། །ནམ་ཚོང་ཡན་ཆད་དུགས་ཀྱང་བྱ། །དེ་ནས་གན་རྐྱལ་ལུས་དྲང་བརྐྱང་། །རྐང་པ་ལག་པ་ལེགས་བརྐྱངས་ལ། །རྐང་པ་ཅུང་ཟད་བསྟོད་ནས་སུ། །མགོ་བོ་ཡིད་ཙམ་སྨད་པར་བྱ། །སྣ་ཁུང་གཅིག་ནི་རབ་བཀག་ལ། །རིམ་གྱིས་ཡོངས་སུ་བླུགས་བྱ་བ། །སྨན་ ནི་ཆུ་དྲོན་གྱིས་བསྲོས་ལ། །སྦུ་གུའམ་རས་བལ་གྱིས་བླུགས་བྱ། །བླུགས་ནས་རྐང་མཐིལ་ཕྲག་པ་དང་། །ལག་པ་རྣ་བ་ལ་སོགས་མཉེ། །རིམ་གྱིས་བརྔུབས་ལ་གློ་གཉིས་སུ། །མཆིལ་མ་དོར་བ་དེ་ནས་ནི། །སྨན་ནི་ཟད་པར་འགྱུར་གྱི་བར། །ལན་གཉིས་ལན་གསུམ་སྣར་བཏང་སྤྱད། །གལ་ཏེ་བརྒྱལ་གྱུར་ བསིལ་བའི་ཆུས། །མགོ་མ་གཏོགས་པར་གཏོར་བར་བྱ། །བཀྲུ་སྨན་འོག་ཏུ་སྣུམ་དག་ནི། །ནད་སོགས་ཚུལ་ལས་དཔགས་ཏེ་གཏང་། །སྣ་སྨན་བཏང་མཐར་གན་རྐྱལ་དུ། །གྲངས་བརྒྱར་དེ་ལས་བསྡད་པར་བྱ། །དུད་པ་བརྡུབས་ལ་ཆུ་དྲོན་འཇམ། །གྲེ་བ་མཚུལ་པ་དག་ཕྱིར་བྱ། །སྣུམ་བཏང་ལེགས་གྱུར་ དབུགས་བདེར་རྒྱུ། །གཉིད་ལོག་སད་བདེ་དབང་པོ་གསལ། །ཉེས་པས་མགོ་རྩུབ་མི་འགྱུར་སྐམ། །སྣ་དང་ཁ་སྐམས་ཀླད་སྟོང་སྙམ། །སྣུམ་དྲགས་གཡན་དང་ལྕི་བ་ཉིད། །མཆིལ་མང་ཆམ་འདེབས་ཡི་ག་འཆུས། །ལེགས་བཀྲུས་མིག་གསལ་ཡང་བ་དང་། །ཁ་དང་སྐད་ནི་དག་པར་འགྱུར། །བཀྲུས་ ཉེན་ནད་ནི་འཕེལ་བར་འགྱུར། །བཀྲུས་དྲགས་ཁོང་ནི་རྨྱ་བར་འགྱུར། །ཚད་ཕྲན་གློ་རྡོལ་རིད་པ་དང་། །བྱིས་པ་རྒན་པོ་སྐྱིད་པར་གནས། །དུས་མིན་ཆར་འབབ་པར་ཡང་གཏང་། །དེ་ནི་ཆམ་པས་དྲག་བཏབ་དང་། །ཆང་འཐུངས་རྣ་བ་འོན་པ་དང་། །ཀླད་རྒྱས་སྲིན་བུ་ཞུགས་པ་དང་། །ནད་བསྡུས་ཕྱིར་ནི་མ་ཕྱུང་ ལ། །ཚད་ཕྲ་བ་ནི་གཏང་མི་བྱ། །ཉིན་མཚན་ཟས་ཟོས་སློན་གཉིད་ཉལ། །མཐའ་དང་བུད་མེད་ལམ་ངལ་དུབ། །མགོ་བསྐུས་མཁུར་བཀང་དབོ་བའི་རྗེས། །བཤང་གཅི་མིག་སྨན་བཏང་རྗེས་དང་། །སོ་ཤིང་གི་རྗེས་དགོད་པ་ཡིན། །རྗེས་ལ་ཐིགས་པ་གཉིས་པ་གཏང་། །ལྔ་ཡིས་དབང་པོའི་བུ་ག་དག ། གསུམ་གྱིས་རིམ་བཞིན་ངལ་བ་སེལ། །ལྔ་ཡིས་མིག་ནི་གསལ་བར་བྱེད། །སོ་བརྟན་རླུང་ནད་ཞི་བར་འགྱུར། །སྣ་སྨན་ལོ་བདུན་མ་ལོན་དང་། །བརྒྱད་ཅུ་འདས་ལ་གཏང་མི་བྱ། །བཅྭ་བརྒྱད་མ་ལོན་དུད་མི་བདུག །མཁུར་བཀང་ལྔ་མ་ལོན་ལ་མིན། །ལོ་བཅུ་མ་ལོན་སྦྱང་མི་གཏང་། །བདུན་ཅུ་འདས་ལའང་ མི་བྱའོ། །སྐྱེས་ནས་རྒས་པའི་བར་དུ་ནི། །ཚད་ཕྲན་མས་གཏོང་ལྟ་བུར་བསྔགས། །དེ་ནི་རྟག་ཏུ་བསྟེན་གྱུར། །ཚད་ཆེ་བ་ལྟར་ཡོན་ཏན་སྐྱེད། །འདི་ལ་བདམ་པ་གང་ཡང་མེད། །གནོད་ལས་ཚད་ཆེན་ལྟར་འཇིགས་མེད། །སྣ་སྨན་དོན་དུ་ཏིལ་མར་ཉིད། །རྟག་ཏུ་བསྟེན་པ་བསྔགས་པ་ཡིན། །མགོ་ནི་བད་ ཀན་གནས་ཡིན་ཕྱིར། །སྣུམ་གཞན་བདེ་གནས་ལ་མི་བསྔགས། །མྱུར་བྱེད་རིང་ཞིག་བྱེད་པ་དང་། ཡོན་ཏན་ཆེ་དང་ཆུང་བྱེད་པའི། །ཁྱད་པར་ཚད་ཆེན་ཚད་ཕྲན་ལ། །གལ་ཏེ་མེད་པར་གྱུར་ན་ནི། །གང་ཞིག་སྤང་བྱས་གནོད་བྱས་པའི། །ཚད་ཆེན་ངག་ནི་སུ་ཞིག་སྟོན། །སྣུམ་དངས་བཏུང་བ་རྟག་བཤད་ དུ། །སྤྱིལ་བུ་རླུང་དང་ཚད་པར་གནས། །འཇམ་རྩི་ཚད་ཆེན་མས་གཏོང་ཚད། །དེ་དང་འདྲ་བར་རྣམ་པར་བསྟན། །ཛ་ལ་སྒྲོན་ཤིང་ཛི་བནྟི། །གླ་སྒང་ཤིང་ཚ་པུ་ཤེལ་ཙེ། །གོ་བི་ཙནྡན་སྐྱེར་པའི་རྩ། །ཤིང་མངར་གླ་བ་ཨ་ཀ་རུ། །ཉེའུ་ཤིང་བིལ་བ་པུཎྜ་རཱི། །ཨུཏྤལ་མུར་བ་པརྞི་གཉིས། །བྲི་ཧ་ཏི་གཉིས་ བྱི་དང་ག །གནྡྷ་བྷ་དྲ་སུག་སྨེལ་དང་། །ཧ་རེ་ཎུ་ཀ་པདྨ་ཡི། །གེ་སར་དང་ནི་བ་ལ་སྟེ། །སྨན་ནི་འདི་རྣམས་ཆ་མཉམ་ལ། །ཆར་པའི་ཆུས་ནི་བསྐོལ་བར་བྱ། །ཏིལ་མར་ལས་ནི་སྨན་གྱི་ཁུ། །བཅུ་འགྱུར་ལྷག་བྱས་དེ་ལ་ནི། །ཏིལ་མར་ཆུ་དང་བསྐོལ་བ་བྱ། །ལན་བཅུ་ཉིད་ནི་བསྐོལ་ནས་ནི། །ཚོས་པ་ཡི་ནི་བཅུ་ཆ་ ལ། །དེ་མཉམ་ར་ཡི་འོ་མ་བླུགས། །སྣར་བཏང་ཏིལ་མར་ཡོན་ཏན་ཆེ། །ཐིགས་ཕྲན་ཞེས་བྱ་འདི་བསྟེན་བྱ། །སྣ་ནས་བཏང་བའི་སྨན་བསྟེན་པས། །ཕྲག་པ་མགྲིན་པ་དཔུང་མགོ་ནི། །མཁྲེགས་ཤིང་མཐོལ་པ་གས་མདོག་གསལ། །དབང་བརྟན་སྐྲ་དཀར་མེད་པར་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་ བསྡུས་པ་ལས། མདོའི་གནས་ཀྱི་ལེའུ་ཉི་ཤུ་པའོ།། །།དེ་ནས་སྨན་གྱི་དུད་པ་གཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །ནམ་ཚོང་ཡན་ཆད་བང་རླུང་ལས། །བྱུང་བའི་ནད་རྣམས་མི་སྐྱེ་དང་། །སྐྱེས་པ་རྣམས་ནི་བསལ་བའི་ཕྱིར། །མཁས་པས་རྟག་ཏུ་དུད་པ་བརྔུབ། །དེ་ནི་འཇམ་དང་བར་མ་ རྣོ། །རླུང་དང་བད་རླུང་བད་ཀན་ལ། །གཏང་ངོ་མཁྲིས་ཁྲག་གིས་ཉེན་དང་། །བཀྲུས་དང་དམུ་རྫིང་ཟ་ཁུ་དང་། །རབ་རིབ་སྦོས་དང་སྟོད་རླུང་ནད། །ལྐོག་ནད་མས་གཏོང་བྱས་པ་དང་། །ཉ་དང་ཆང་དང་འོ་མ་ཞོ། །སྦྲང་རྩི་མར་དང་དུག་འཐུངས་སོགས། །མགོ་ནད་སྐྱ་རྦབ་ནད་ཅན་ནི། །མཚན་གཉིད་མ་ ལོག་ལ་མི་གཏང་། །གལ་ཏེ་དུད་པ་ཆེར་བརྔུབས་ན། །ཁྲག་དང་མཁྲིས་འཕེལ་འོན་དང་ལོང་། །སྐོམ་དང་བརྒྱལ་དང་རྨོངས་པར་བྱེད། །དེར་ནི་བསིལ་བའི་ཆོ་ག་ཕན། །བཀྲེས་སྦྲིད་གླལ་དང་བཤང་གཅི་བསལ། །བུད་མེད་བསྟེན་དང་གཏར་ག་བཏབ། །དགོད་དང་སོ་ཤིང་བཅས་པ་ཡི། །མཐར་ནི་ དུད་པ་འཇམ་པོ་གཏང་། །དུས་འདི་དག་ནས་མཚན་ཟས་ཟོས། །སྣ་སྨན་རྗེས་ལ་བར་མ་བརྔུབ། །གཉིད་ལོག་སྣ་སྨན་མིག་སྨན་ཁྲུས། །སློན་པའི་རྗེས་ལ་རྣོན་པོས་བཀྲུ། །མས་གཏོང་གཅེའུ་འདྲར་བྱས་པ་ཡི། །དུད་གཅེའུ་སྦུབས་གསུམ་དྲང་པོར་བྱ། །རྩ་བ་མཐེབ་ཤོང་རྩེ་མོ་ནི། །རྒྱ་ཤུག་ཤོང་བའི་ ཚད་དུ་བྱ། །དེ་ཡི་ཚད་ནི་རྔུབ་བྱེད་པའི། །སོར་ནི་ཉི་ཤུ་སུམ་ཅུ་གཉིས། །བཞི་བཅུ་རྣོ་དང་བར་མ་དང་། །འཇམ་པོ་ལ་ནི་རིམ་བཞིན་བྱ། །དྲང་པོར་འདུག་ཅིང་དེ་ལ་སེམས། །ཁ་གདངས་ནས་ནི་ལན་གསུམ་བརྔུབ། །སྣ་ཁུང་རེ་རེ་བཀག་ནས་ནི། །སྣར་ནི་དུད་པ་བརྔུབ་པར་བྱ། །མགོ་དང་སྣར་གཏོགས་ནད་ བསྐྱོད་པ། །དང་པོར་སྣ་ནས་བརྔུབ་པར་བྱ། །བསྐྱོད་པའི་དོན་དུ་ཁོ་ནས་བརྔུབ། །གྲེ་བར་གཏོགས་པ་དེ་ལས་བཟློག། །དུ་བ་ཁ་གཉིས་ནད་སློན་གྱི། །སྣར་སློན་མིག་ལ་གནོད་པར་བྱེད། །དུ་བ་རྔུབ་དང་འབྱིན་པ་ཡིས། །ལན་ནི་གསུམ་གསུམ་བརྔུབ་པར་བྱ། །འཇམ་པོ་ཉིན་གཅིག་ལན་གཅིག་གཏང་། །བར་མ་ལན་གཉིས་ སྦྱོར་བ་ནི། །ལན་གསུམ་ལན་བཞི་གཏང་བར་བྱ། །དེར་སྨན་གུ་གུལ་ཨ་ཀ་རུ། །གླ་སྒང་རྡོ་དྲེག་སྠོ་ནི་ཡ། །སྤང་སྤོས་ཨུར་ཤི་བ་ལ་ཀ །ཤིང་ཚ་ཀོན་ཏི་ཤིང་མངར་དང་། །བིལ་རྐང་ཨེ་ལ་བ་ལུ་ཀ །པོག་དཀར་ཤྲི་བེ་ཏ་ཀ་དང་། །གླ་བ་སྦྲ་ཚིལ་བྱ་མ་ཀ །པོག་ནག་གུར་གུམ་མ་ཤ་དང་། །ཀུན་ཏུ་རུ་དང་ནས་དང་ཏིལ། །སྣུམ་བཅས་ འབྲས་བུ་སྙིང་པོ་དང་། །ཚིལ་དང་རྐང་དང་ཞག་དང་མར། །ཞི་བ་པོག་ནག་རྒྱ་སྐྱེགས་དང་། །རྒུན་འབྲུམ་པདྨ་ཨུཏྤལ། །ནྱ་གྲོ་དྷ་དང་ཨ་ཤྭད་ཐ། །ཨུ་དུམྦཱ་ར་བླག་ཤ་དང་། །སེང་ཕྲོམ་ཤུན་པ་ཁ་ར་དང་། །ཤིང་མངར་ཀླུ་ཤིང་ཤུག་པ་བཙོད། །དྲི་ལས་རྒྱ་སྤོས་རུ་རྟ་བསྐོལ། །རྣོན་པོ་ཛོ་ཏི་སྨ་ཏི་དང་། །སྐྱེར་པ་དང་ནི་རྩ་བ་བཅུ། ། ལྡོང་རོས་བ་བླ་རྒྱ་སྐྱེགས་དང་། །གི་རི་གར་ཀར་འབྲས་བུ་གསུམ། །དྲི་ཡི་སྨན་ལ་རོ་རྣོ་བའི། །མགོ་བོའི་བཀྲུ་སྨན་སྡེ་ཚན་ནོ། །དེ་དག་ཞག་གཅིག་ནུར་སྤངས་ལ། །དུད་པའི་སྨན་རྣམས་བཏགས་ནས་ནི། །ཐུར་མ་སོར་ནི་བཅུ་གཉིས་ལ། །ལན་ལྔའི་བར་དུ་བྱུག་པར་བྱ། །གདར་བུ་མཐེ་བོང་ཙམ་སྦོམ་ལ། །ནས་ཀྱི་ དབྱིབས་དང་འདྲ་བར་བྱ། །གྲིབ་མར་སྐམ་ཞིང་ཁོང་སྟོང་མེད། །སྣུམ་གྱིས་ཇི་བཞིན་བསྐུས་བྱས་ལ། །བརྔུབ་ཕྱིར་མེ་ཡིས་བསྲེགས་ནས་ནི། །དུད་པའི་གཅེའུ་སྦྱར་བར་བྱ། །ཁམ་ཕོར་ཁ་སྦྱར་བུ་གར་ནི། །གཅེའུ་སོར་བཅུའམ་སོར་བརྒྱད་པ། །བཅུག་པ་ཁ་ནས་དུད་པ་ནི། །ལུད་པ་ཅན་གྱིས་བརྔུབ་པར་བྱ། ། དུད་པ་བརྔུབས་ལ་ལུད་པ་དབུགས་མི་བདེ། །སྐད་འགགས་རྣག་དང་དྲི་མི་ཞིམ་གདོང་སྐྱ། །སྐྲ་སྐྱོན་རྣ་མིག་འཛག་གཡའ་རྨོངས་བག་དང་། །སྙོམ་དང་སྐྱིགས་བུ་ཆམ་པའི་ནད་མི་འབྱུང་། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ སྨན་གྱི་ཁུ་བས་མཁུར་བ་དགང་བ་ལ་སོགས་པའི་ཆོ་གའི་ལེའུ་བཤད་པར་བྱའོ། །མཁུར་བཀང་རྣམ་པ་བཞི་ཡིན་ཏེ། །སྣུམ་དང་ཞི་བྱེད་སྦྱོང་རྨ་འཚོབ། །དེ་ལས་གསུམ་ནི་རླུང་ལ་སོགས། །གསུམ་གཏང་ཐ་མ་རྨ་ལ་ཕན། །འདིར་སྨན་མངར་སྐྱུར་ལན་ཚྭ་དང་། །ཚ་དང་སྣུམ་ནི་བསྐོལ་བ་ཡིན། །ཞི་བྱེད་ ཁ་བསྐ་མངར་སྨན་བསྐོལ། །སྦྱོང་བ་ཁ་དང་ཚ་དང་སྐྱུར། །རྨ་འཚོབ་བྱེད་པ་ཁ་བ་དང་། །བསྐ་བའི་སྨན་ནི་བསྐོལ་བར་བྱ། །དེ་ལ་སྣུམ་དང་འོ་མ་དང་། །སྦྲང་རྩི་ཆུ་དང་ཚ་དང་ཆང་། །བ་གཅིན་འབྲུ་ཡི་ཁུ་བ་རྣམས། །སྨན་ནི་ཇི་ལྟ་ཇི་ལྟ་དང་། །ལྡེ་གུར་བཅས་པ་བསྐོལ་བ་ནི། །ཇི་ཙམ་བཟོད་པ་རྣམ་པར་ སྦྱར། །སོ་བརྩེ་སོ་ནི་འགུལ་བ་དང་། །རླུང་ལས་གྱུར་པའི་ཁ་ནད་ལ། །དྲོ་འཇམ་ཙམ་མམ་བསིལ་བ་ཡི། །ཏིལ་ཆུས་མཁུར་བ་བཀང་བ་ཕན། །རྟག་ཏུ་མཁུར་བ་བཀང་སྟེ་གཞག །ཏིལ་མར་དག་གམ་ཤ་ཁུ་བསྔགས། །ཁ་དྲོད་ཆེ་ཚ་ཚོས་པ་དང་། །འཕྲལ་དུ་རྨ་ནི་བྱུང་བ་དང་། །དུག་ དང་ཐལ་སྨན་མེས་ཚིག་ལ། །ཞུན་མར་དག་གོམ་འོ་མས་དགང་། །སྦྲང་རྩི་མཁུར་བཀང་བྱས་པས་ནི། །ཁ་ཡི་དྲི་མ་སྦྱོང་བྱེད་ཅིང་། །ཁ་ཡི་རྨ་ནི་འཚོབ་བྱེད་ཡིན། །ཁ་ཚ་སྐོམ་དད་རབ་ཞི་བྱེད། །རོ་མི་ཚོར་དང་དྲི་མ་ཆེ། །ཁ་མནམ་འབྲས་རྩབས་བཀང་བས་སེལ། ། དེ་ཉིད་ཅུང་ཟད་ཚ་བཅས་བསིལ། །ཁ་སྐམས་སེལ་བའི་དམ་པ་ཡིན། །ཐལ་སྨན་རྣོན་ཁུས་མཁུར་བཀང་བས། །བད་ཀན་སོགས་པ་མྱུར་དུ་སེལ། །ཆུ་ཚན་དྲོ་འཇམ་མཁུར་བཀང་བས། །ཁ་ནི་ཡང་ཞིང་བདེ་བར་བྱེད། །རླུང་མེད་ཉི་ཚན་བཅས་པར་ནི། །ཕྲག་པ་མཇིང་བར་དུགས་ བྱ་མཉེ། །མཁུར་བ་བཀང་ནས་གདོང་པ་ནི། །ཅུང་ཟད་བཏེག་སྟེ་ཇི་སྲིད་ན། །བད་ཀན་གྱིས་ནི་ཁ་གང་བའང་། །སྣ་མིག་འཛག་པའི་བར་དུ་གཞག །ཁ་བཀང་མི་སྤོ་བཞག་མཁུར་བཀང་། །གཞན་དུ་ཁར་བརྔུབ་པར་འགྱུར་རོ། །ཁར་བརྔུབས་པ་ཡིས་ཁྱད་པར་གསོ་བ་ནི། །གཉེའུ་ རེངས་མགོ་མིག་རྣ་ནད་ཁ་ནག་དང་། །མཆིལ་མང་གྲེ་ནད་སྙིང་ག་སྲ་བ་དང་། །སྙིང་འཕར་སྙམ་དང་ཆམ་པ་ཡི་ག་འཆུས། །མཁུར་བཀང་བཤད་པའི་སྨན་རྣམས་ཀྱི། །ལྡེ་གུ་སྨན་ཁུ་ཕྱེ་མ་སྟེ། །ཁ་མུར་བྱ་བ་རྣམ་གསུམ་ཡིན། །དེ་ནི་བད་ཀན་ནད་ལ་གཏང་། ། གདོང་བསྐུས་གསུམ་སྟེ་ནད་སེལ་དང་། །དུག་སེལ་ཁ་དོག་བཟང་བྱེད་པའོ། །དེ་དྲོད་བད་ཀན་རླུང་ལ་བསྔགས། །ལྷག་མ་ལ་ནི་རབ་བསིལ་བ། །དེ་ཡི་ཚད་དཔངས་སོར་བཞི་ཆ། །སུམ་ཆ་ཕྱེད་དེ་རྣམ་པ་གསུམ། །མ་བསྐམས་བར་དུ་དེ་བཞག་གི། །བསྐམས་ན་པགས་ པ་ལ་གནོད་འགྱུར། །དེ་ནས་སྤངས་ནས་བཀྲུ་བར་བྱ། །དེ་ཡི་རྗེས་ལ་བསྐུ་བྱུག་བྱ། །ཉིན་པར་གཉིད་ལོག་མང་སྨྲ་ཁྲོ། །མེ་ཚན་ཉི་ཚན་མྱ་ངན་སྤང་། །དེ་ནི་ཆམ་པ་སྣ་སྨན་གཏང་། །མ་ཞུ་འགྲམ་འཐམས་ཡི་ག་འཆུས། །མཚན་གཉིད་མ་ལོག་ལ་མི་གཏང་། །དེ་ནི་ལེགས་པར་ སྤྱོད་པ་ཡིས། །དུས་མིན་སྐྲ་དཀར་ངོ་ཁབས་དང་། །གཉེར་མ་རབ་རིབ་མིག་སྔོ་སེལ། །རྒྱ་ཤུག་སྙིང་པོ་བ་ཤའི་རྩ། །སེང་ཕྲོམ་ཡུངས་ཀར་དཀར་པོ་རྣམས། །སིང་ཧིའི་རྩ་བ་ཏིལ་ནག་དང་། །སྐྱེར་བའི་ཤུན་པ་རྨེའུ་རྣམས། །འཇག་རྩ་ཙནྡན་ཨུར་ཤིར། །ཤིཪྴ་ཤ་ཏ་པུས་པ་འབྲས། །ཀུ་མུད་ཨུཏྤལ་ ཀ་ལ་ཧ། །དཱུར་བ་ཤིང་མངར་ཙནྡན་རྣམས། །ཀ་ལི་ཡ་ཀ་ཨུར་ཤི་ཏི། །སྤང་སྤོས་རྒྱ་སྤོས་ཤུག་པ་རྣམས། །ད་ལིས་ཀུན་དྲ་པུཎྜ་རཱི། །ཤིང་མངར་རྒྱ་སྤོས་ཨ་རུ་ར། །དེ་ལྟར་ཚིགས་བཅད་ཕྱེད་ཀྱིས་བཤད། །བསྐུ་བ་དགུན་སྟོད་སོགས་དྲུག་སྦྱར། །གདོང་བསྐུ་བ་ལ་གོམས་པ་རྣམས། །མཐོང་བ་བརྟན་ པར་འགྱུར་བ་དང་། །གདོང་ནི་ཡོངས་སུ་མི་རྙིང་ལ། །འཇམ་ཞིང་པདྨ་འདྲ་བར་འགྱུར། །བསྐུ་དང་བླུགས་དང་རས་བལ་ཅན། །པགས་པས་གཡོགས་དང་རྣམ་པ་བཞི། །དེ་ནི་སྤྱི་བོའི་ཏིལ་མར་ཏེ། །ཕྱི་བཞིན་དུ་ནི་ཡོན་ཏན་ཆེ། །དེ་ལ་བྱུགས་པ་རྩུབ་པ་དང་། །གཡའ་དང་དྲི་མ་ཅན་ལ་སྦྱར། །རླུགས་པ་གློག་ པ་གླད་གཟེར་དང་། །ཆ་དང་རྨ་སྨིན་རྣགས་ལ་གཏང་། །རས་བལ་སྣུམ་ཅན་སྐྲ་འབྱི་དང་། །གཟའ་ཞུགས་མིག་ནི་རེངས་ལ་གཏང་། །བགས་བཅིབས་མགོ་བོ་ཚོར་བ་མེད། །ཁ་ཡོ་གཉིད་ནི་ཡར་བ་དང་། །ཁ་དང་སྣ་སྐམ་རབ་རིབ་དང་། །མི་བཟད་མགོ་ནད་དག་ལ་སྦྱར། །དེ་ཡི་ཆོ་ག་འདུག་པ་ལ། །ཁྲིའུ་པུས་མཉམ་འཇམ་ པ་ལ། །ལུས་བཀྲུས་བསྐུ་ཞིང་དུགས་བྱས་ལ། །དགོངས་ཀ་བའམ་མ་ཧེ་ཡི། །པགས་པ་མགོ་བོ་དང་མཉམ་ལ། །རྒྱར་ནི་སོར་ནི་བཅུ་གཉིས་པ། །རྣ་བའི་མཐར་ཐུག་བར་བཅིངས་པ། །འཕྲལ་བ་གོས་ཀྱིས་དཀྲིས་པ་ནི། །གོས་སམ་ལན་བུས་བཅིངས་བྱས་ལ། །མ་ཤའི་ལྡེ་གུས་བསྐུ་བར་བྱ། །དེ་ནས་ནད་དམིགས་ཅི་ འདྲ་ལ། །སྣུམ་བསྐོལ་བ་ནི་དྲོ་འཇམ་ཙམ། །དེ་ནི་སྤྱི་བོ་མན་ཆད་ནས། །སྐྲ་དྲུང་སོར་གཅིག་ནུབ་ཙམ་བླུགས། །ཁ་དང་སྣམ་ཚུལ་ཕྱིན་པར་གཞག །དེ་ནི་རླུང་སོགས་ནད་རྣམས་ལ། །སྟོང་ཕྲག་བཅུ་དང་བརྒྱད་དྲུག་གཞག །ནད་མད་ས་ལ་སྟོང་ཕྲག་གཅིག །མར་གསར་ཕྲག་པ་ལ་སོགས་མཉེ། །དེ་ལྟར་ཞག་ བདུན་བླུགས་པར་བྱ། །རྣ་བ་གང་བར་བླུགས་ཏེ་གཞག །རྣ་བའི་རྩ་ལ་མཉེ་བར་བྱ། །ནད་རྩེ་ཞིལ་གྱི་བར་བྱ་ཞིང་། །རྣ་བ་སེ་གོལ་བརྒྱ་པར་གཞག །པུས་མོ་གཡས་པའི་ལྷ་ང་ནི། །ལག་རྩེས་བསྐོར་བའི་བར་དང་ནི། །མིག་འབྱེད་འཇུམས་དང་མཉམ་པ་ཡི། །ཡུན་ནི་གྲངས་ཀྱི་ཚད་དུ་བཤད། །སྤྱི་བོའི་ ཏིལ་མར་སྦྱར་བ་བསྐུས་པས་ནི། །སྐྲ་དཀར་དམར་སེར་སྐྲ་འབྱི་གཟའ་ཞུགས་དང་། །མགོ་བོའི་རླུང་ནད་སེལ་ཞིང་དཔང་པོ་གསལ། །སྐད་གདངས་འགྲམ་པ་མགོ་ཡི་སྟོབས་སྐྱེད་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་སྨན་གྱི་ཐིགས་པ་མིག་ཏུ་བླུགས་པ་དང་སྨན་གྱིས་མིག་བསྐུ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །མིག་ནད་དག་ནི་ཐམས་ཅད་ལ། །དང་པོར་སྨན་ཐིགས་བླུགས་པས་ནི། །ཟུག་ན་གཡའ་དྲུད་མཆི་མ་འཛག །མིག་ཚ་མིག་དམར་རྣམས་ལ་ཕན། །རླུང་ ལ་དྲོན་པོ་བད་དྲོ་འཇམ། །ཁྲག་མཁྲིས་ལ་ནི་དེ་བསིལ་བསྔགས། །རླུང་མེད་གནས་སུ་འདུག་ནས་ནི། །ལག་པ་གཡོན་པས་མིག་ཕྱེ་ལ། །ཉ་ཕྱིས་ནང་སྦྱར་རས་བལ་ནི། །བསྙད་པའི་ཐིགས་བ་བླུགས་བྱ་བ། །སོར་གཉིས་ཙམ་སྤངས་ལས་མིག་གྲྭ། །ཐིགས་པ་བཅུའམ་བཅུ་ གཉིས་བླུགས། །དེ་ནས་གོས་འཇམ་དག་གིས་ཕྱི། །རླུང་དང་བད་ཀན་ཅན་དག་ལ། །གོས་འཇམ་གཞན་ནི་ཆུ་དྲོན་ལ། །སྦངས་པས་དུགས་ནི་འཇམ་པོ་བྱ། །མིག་སྨན་བླུགས་པ་རབ་ཚ་རྣོས། །ན་ཞིང་མིག་དམར་རྟུལ་བར་འགྱུར། །ཤིན་ཏུ་གྲང་བས་ཟུག་པ་དང་། ། འཛུམས་མི་ཤེས་དང་ན་བར་འགྱུར། །དྲགས་པས་མིག་མཆུ་དམར་དང་དྲུད། །རྩུབ་ཅིང་མིག་ནི་འབྱེད་དཀར་འགྱུར། །ཤིན་ཏུ་ཆུང་བས་ནད་དཀྱེལ་སྐྱེད། །མ་ཕོ་བས་ནི་ཐུ་བར་བྱེད། །བསྐུས་ལེགས་ནད་རྩ་སྣ་སུལ་དང་། །ཁ་ཡི་སྦུབས་སུ་སྨན་གྱིས་ཁྱབ། །སྤྱི་བོར་གཏོགས་ པའི་ནད་ཀྱི་ནི། །དྲི་མ་དཔྱིས་ནི་འབྱིན་པར་བྱེད། །དེ་ནས་ལུས་སྦྱངས་མིག་སྨན་བསྐུ། །མིག་ཙམ་ལ་ནི་གནས་གྱུར་པ། །ཅུང་ཟད་སྐྲངས་དང་ཤིན་ཏུ་གཡའ། །རྡུ་མ་ཆགས་པས་སྨིན་ཤེས་ཤིང་། །ཅུང་ཟད་དྲུད་དམར་མཆི་མ་འཛག །མིག་རྡུ་སྟུག་ལ་གཏང་བར་བྱ། ། བད་ཀན་དང་ནི་ཁྲག་མཁྲིས་དང་། །མཆོག་ཏུ་རླུང་གིས་གཟིར་ལ་བསྐུ། །མིག་སྨན་ཕྱི་དང་རྨག་སོ་དང་། །གསལ་བར་མཐོང་སྟེ་རྣམ་པ་གསུམ། །དེ་ལ་ཕྱི་བའི་མིག་སྨན་ནི། །བསྐ་དང་སྐྱུར་དང་ཚ་དང་ཁ། །རྨ་གསོ་སྨན་ནི་ཁ་བ་སྟེ། །གསལ་སྨན་མངར་དང་བསིལ་བ་ཡིན། ། ཐུར་མ་སོར་བཅུ་དབུས་ཕྲ་ལ། །རྩེ་མོ་སྲི་ཞིང་ཁ་འབུས་འདྲ། །ཕྱི་བའི་ཐུར་མ་ཟངས་ཀྱི་བསྔགས། །རྨ་གསོ་ལྕགས་ནག་བྱས་སོར་ཙམ། །བཟང་པོ་གསལ་བར་བྱེད་པ་ནི། །གསེར་དང་དངུལ་ལས་བྱས་པ་བསྔགས། །གདར་བུ་ཁུ་བ་ཕྱེ་མས་ཏེ། །མིག་སྨན་རྣམ་གསུམ་ཉིད་དུ་ བརྟག །དེ་ནི་མིག་ནད་ལྕི་འབྲིང་དང་། །ཡང་བ་ལ་ནི་རིམ་བཞིན་སྦྱར། །མཚན་མོ་ཉལ་དང་ཉི་མའི་གུང་། །ཟོས་འཐུངས་ཉི་མ་ཚ་བ་ཡིས། །མིག་གི་ནད་ནི་འཕེལ་བ་དང་། །དཀྱེལ་ནི་སྐྱེ་དང་འཁྲུགས་པར་འགྱུར། །དེ་བས་དེ་ཞི་ཕྱིར་ན་དགོངས། །ཉི་མ་སྤྲིན་བྲལ་དུས་སུ་བསླུ། ། གཞན་དག་སྨྲ་བ་ཉིན་པར་ནི། །མིག་སྨན་རྣོན་པོ་གཏང་མི་བྱ། །བཀྲུས་པས་ཉམ་ཆུང་གྱུར་པའི་མིག །ཉི་མ་བལྟས་ན་གནོད་པར་འགྱུར། །མཚན་མོ་གཉིད་ནི་ལོག་པ་དང་། །ཟླ་དུས་ཡིན་པས་རྟས་འགྱུར་ཏེ། །མིག་ནི་མེ་ཡི་རང་བཞིན་པས། །བསིལ་བས་གནད་མེད་བསྟེན་ པར་འགྱུར། །མིག་ནད་བད་ཀན་ཤས་ཆེ་བའམ། །ཕྱི་ཞིང་གསལ་བར་བྱ་བ་ལས། །རབ་ཆ་མིན་པའི་ཉིན་པར་ཡང་། །མིག་སྨན་རྣོན་པོ་བླུགས་པར་འདོད། །ལྕགས་ནི་རྡོ་ལས་འབྱུང་བ་ཡིན། །རྣོ་བ་དེ་ཉིད་ལས་བྱུང་ཡང་། །དེ་ཉིད་ཀྱིས་ནི་གནོད་བྱེད་ནུས། །མིག་གི་རང་ བཞིན་དེ་དང་འདྲ། །དགུན་ཚེ་མཚན་མོ་མིག་སྨན་ནི། །རྣོན་པོ་ཕན་པ་མ་ཡིན་ཏེ། །འཛག་མི་འགྱུར་བས་མིག་རེངས་དང་། །གཡའ་དང་མི་གསལ་ལ་སོགས་སྐྱེད། །མིག་སྨན་མི་གཏང་འཇིགས་དང་སློན། །ཁྲུས་བཏང་ཟན་ཟོས་ཤུགས་ཀྱིས་ཉེན། །ཁྲོས་དང་རིམས་བཏབ་མིག་ཕྱིར་བྱུང་། །བླང་ ནད་མྱ་ངན་གཉིད་མ་ལོག །ཉི་མ་མ་མཐོང་མགོ་བཀྲུས་དང་། །ཆང་འཐུངས་དུད་པ་བརྔུབས་པ་དང་། །ཁ་ཟས་མ་ཞུ་ཉི་ཚན་གདུངས། །ཉིན་ཉལ་སྐོམ་པ་ལ་མི་གཏང་། །མིག་སྨན་རབ་རྣོ་འཇམ་དང་ཉུང་། །མང་སླ་སྐ་དང་རྩུབ་པ་དང་། །ཤིན་ཏུ་བསིལ་དང་ཚ་བ་ཡི། །མིག་སྨན་བསྐུ་བར་མི་ བྱའོ། །དེས་ན་མིག་ནི་མ་ཕྱེ་བར། །དལ་གྱིས་ནང་དུ་ཁྱབ་པར་བྱ། །མིག་སྨན་བསྐུས་ནས་མིག་མཆུ་ནི། །ཅུང་ཟད་བསྐྱོད་ལ་མིག་སྨན་ནི། །རྣོན་པོས་མྱུར་དུ་ཁྱབ་པར་འགྱུར། །དབྱེ་དང་འཛུམས་པར་མི་བྱའོ། །མིག་མཆུ་གཉིས་ནི་བསྡམ་པ་དང་། །བཀྲུ་བ་དག་ནི་མི་བྱའོ། ། གང་ཚེ་མིག་སྨན་གྱིས་བསྐུས་པའི། །སྨན་གྱི་རྩོམ་པ་ཞི་གྱུར་ན། །ནད་ཀྱི་དམིགས་དང་མཐུན་པ་ཡི། །ཆུ་ཡིས་དེ་ཚེ་བཀྲུ་བར་བྱ། །དེ་ནས་གོས་འཇམ་བཅས་པ་ཡི། །མཐེ་བོང་དང་ནི་མཛུབ་མོ་གཉིས། །མིག་ནི་ཅི་རན་ཕྱེ་སྟེ་ཕྱི། །གཡོན་པས་གཡས་པ་ཕྱི་བར་བྱ། ། གཞན་དུ་མིག་སྨན་བླུགས་པ་ཡིས། །མིག་མཆུ་ཁྱབ་པས་ནད་སྐྱེད་འགྱུར། །སྨན་གྱིས་གཡའ་བའམ་རྟུལ་གྱུར་ན། །རྣོན་པོའི་དུད་བརྔུབ་པར་བྱ། །མིག་སྨན་རྣོན་པོས་ཚ་གྱུར་ན། །སླར་འཆོས་མིག་སྨན་བསིལ་བྱེད་གཞུག །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་ པ་ལས། མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་མིག་བརྟ་བའི་ཆོ་ག་དང་། མིག་སྨན་གྱི་ཕུར་མ་བསྲེགས་ཤིང་བཙོས་པའི་ཁུ་བ་མིག་ཏུ་བླུགས་པའི་ཆོ་གའི་ལེའུ་བཤད་པར་བྱའོ། །མིག་འཛུམས་མི་ཤེས་རེངས་བག་དང་། །སྐམ་དང་རྩུབ་དང་སྣད་པ་ དང་། །རླུང་མཁྲིས་ནད་གྱུར་ཞུམ་བག་དང་། །རྫི་མ་བྱི་ཞིང་གཡོགས་པར་མཐོང་། །དབྱེ་དཀའ་རྩ་ནི་བརྩེ་བ་དང་། །མིག་ནི་རྩ་འགྱུར་མི་མཐོང་དང་། །དམར་ཞིང་མཆི་འཛག་ཀླད་ཕྱེད་ན། །རླུང་ནད་ཀུན་འགྲོ་ལིང་ཏོག་ཅན། །མིག་ནད་བརྩེ་ཞིང་མཆི་མ་འཛག །ན་ཞིང་ དམར་ལ་མིག་རྡུ་ཆགས། །ཐུན་མོང་དུས་སུ་ནང་པར་རམ། །དགོངས་ཀ་གན་རྐྱལ་ཉལ་ནས་ནི། །ལུས་དང་མགོ་སྦྱང་རླུང་མེད་པའི། །གནས་སུ་བརྟ་བའི་སྨན་གཏང་ངོ་། །ནས་སམ་མ་ཤའི་རྗེན་ཟན་གྱིས། །མིག་སྦུབས་མཐའ་བསྐོར་མཉམ་པ་ནི། །དཔངས་སུ་སོར་གཉིས་ རྟེན་བྱས་ལ། །ནད་དམིགས་ཇི་བཞིན་སྨན་བསྐོལ་ལ། །ཞུན་མར་ཆུ་ཚན་ལ་བསྲོས་ཏེ། །མིག་ནི་བཙུམས་པར་བླུགས་པར་བྱ། །མཚན་མོ་མི་མཐོང་རླུང་རབ་རིག །དབྱེ་དཀའ་སྩོགས་ལ་ཚིལ་ཞུན་བླུགས། །རྫི་མའི་རྩེ་ནུབ་བར་བཀང་ལ། །དེ་ནས་བསྐྱོད་ཅིང་དབྱེ་བ་ནི། །དེ་ ནི་དལ་གྱིས་བྱེད་དུ་གཞུག །ཚད་བགྲང་བྱ་བ་དེ་ལ་ནི། །མིག་མཆུ་མིག་འགྲམ་དཀར་ནག་ནད། །གྲངས་བརྒྱ་སུམ་བརྒྱ་ལྔ་བརྒྱ་དང་། །བརྒྱ་ཕྲག་བདུན་དང་བརྒྱད་རིམ་བཞིན། །དཀྲུགས་དང་རླུང་ལ་གྲངས་སྟོང་སྟེ། །མཁྲིས་པ་ནད་མེད་ལ་དྲུག་བརྒྱ། །བད་ཀན་ལ་ནི་ལྔ་ བརྒྱ་གཞག །དེ་ནས་མིག་འགྲམ་འཛག་སྒོ་བྱ། །སྨན་མར་སྣོད་དུ་གཟགས་བྱས་ལ། །དུད་པ་བརྔུབས་ནས་ནམ་མཁའ་དང་། །གཟུགས་འཚེར་བ་ནི་བལྟ་མི་བྱ། །དེ་ལྟར་རླུང་ལ་ཉིན་རེ་བྱ། །མཁྲིས་པ་ཉིན་རེའི་བར་དུ་གཅོད། །བད་ཀན་བདེར་གནས་གཉིས་པར་བཅད། །ཚིམ་ པར་འགྱུར་གྱི་བར་དུ་གཏང་། །ཚིམ་པས་གསལ་བར་མཐོང་ནུས་ཤིང་། །བདེ་ཞིང་མིག་ཡང་དྲི་མ་མེད། །མ་ཚིམ་པ་ལས་གོ་བཟློག་ཡིན། །ཚིམ་དྲགས་བད་ཀན་ནད་སྐྱེད་འགྱུར། །དེ་ནི་ལུས་ཀྱིས་སྣུམ་འཐུངས་ལྟར། །མི་གསལ་མཐོང་བ་ཉམ་ཆུང་འགྱུར། །དེ་བས་ལྟ་བའི་རྗེས་ལ་ནི། །མཐོང་བའི་སྟོབས་ནི་སྐྱེད་ བྱེད་ལ། །སྔར་བཤད་པ་ཡི་མིག་ནད་ལ། །ཕུར་མ་བཙོས་པ་སྦྱར་བར་བྱ། །དེ་ནི་རླུང་ལས་སྣུམ་ཅན་ཏེ། །བད་ཀན་བཅས་ཏེ་ཕྱི་བ་བན། །མཐོང་ཉམས་རླུང་དང་མཁྲིས་བཅས་དང་། །ཁྲག་མཁྲིས་བདེ་གནས་ལ་གསལ་བྱེད། ཁུང་ནས་མཐུས་ཚོལ་རླན་ཅན་གྱི། །ཚིལ་དང་ རྐང་དང་ཞག་ཤ་རློན། །འོ་མ་དག་དང་བཏགས་པ་དང་། །འཚོ་བྱེད་དག་དང་སྦྱར་བའི་སྣུམ། །རི་དྭགས་བྱ་ཡི་མཆེར་པ་ཤ།།མུ་ཏིག་ལྕགས་ཟངས་རྒྱམ་ཚ་དུང་། །རྒྱ་མཚོའི་ལྦུ་བ་ལིག་བུ་མིག །བ་བླ་ཞོག་ཆུར་སྦྱར་བྱ། །རི་དྭགས་བྱ་ཡི་མཆེར་པ་རྐང་། །ལྟོ་ཚིལ་རྒྱུ་མ་སྙིང་ དང་ཤ། །མངར་བག་མར་བཅས་ནུ་ཞོར་བཅས། །བཏགས་པ་གསལ་བར་བྱེད་པ་ཡིན། །ཤ་དང་སྨན་གྱི་ལྡེ་གུ་ནི། །གོང་བུ་སྲང་གཅིག་སོ་སོར་བྱས། །ཨེ་རཎ་ནྱ་གྲོ་པདྨ་ཡི། །ལོ་མ་སྣུམ་པོས་རིམ་བཞིན་དུ། །དཀྲིས་ལ་འབྱིན་པས་བྱུགས་ནས་ནི། །ད་བ་དགོན་པའི་ལྕི་ བའི་མེ། །འབར་བར་ཡོངས་སུ་བསྲེག་པར་བྱ། །ཚོས་ནས་དེ་ཡི་ཁུ་བ་བཙིར། །མིག་ཏུ་བརྟ་བའི་སྨན་ལྟར་བླུགས། །ཕྱི་དང་སྣུམ་དང་བསལ་བ་ལ། །བརྒྱ་ཕྲག་གཅིག་གཉིས་གསུམ་ཅར་བཞག །དང་པོར་དྲོ་འཇམ་ཕྱི་བསིལ་བླུགས། །དེ་ཉིད་རྗེས་ལ་དུད་པ་བརྔུབ། །དེས་ནི་ སྦྱོར་བ་བརྟ་དང་མཚུངས། །བརྟ་དང་ཕུར་བཙོས་ཐིགས་པ་བླུགས། །སྣ་སྨན་མི་བྱ་ལ་མི་གཏང་། །ཇི་སྲིད་དུས་ནི་སྨན་གཏོང་བ། །དེ་ཡི་ཉིས་འགྱུར་འཕྲོད་པ་བཟའ། །མེ་ཏོག་ཛཱ་ཏི་མ་ལི་ཀས། །མིག་བཅིངས་མཚན་མོ་གནས་པར་བྱ། །སྣ་སྨན་མིག་སྨན་བརྟ་བ་ལ་སོགས་ པས། །མིག་མཐུ་བསྐྱེད་ཕྱིར་ཀུན་ཏུ་འབད་པར་བྱ། །མཐོང་བ་ཉམས་ན་འགྲོ་བ་སྣ་ཚོགས་པའང་། །མུན་པའི་རང་བཞིན་ཚུལ་གཅིག་ཉིད་དུ་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་ཆ་སྤྱད་ཀྱི་ཆོ་གའི་ལེའུ་ བཤད་པར་བྱའོ། །ཟུག་རྔུ་རྣམ་པ་སྣ་ཚོགས་དང་། །ལུས་ནི་སྣ་ཚོགས་གནོད་བྱེད་པ། །འབྱིན་བའི་ཐབས་སུ་གང་གྱུར་པ། །སྤྱད་ཡིན་དེ་བཞིན་གཞང་འབྲུམ་དང་། །མཚན་པར་རྡོ་ལ་སོགས་བརྟ་བ་དང་། །གཙགས་བུ་ཐལ་སྨན་མེ་བཏབ་པའི། །ཡན་ལག་ ལྷག་མ་བསྲུང་ཕྱིར་དང་། །མས་གཏོང་ལ་སོགས་སྤྱད་མ་གཏོགས། །བུམ་པ་ཀུ་བ་རཱ་དང་ནི། །འཛམ་བུའི་མཆུ་ལ་སོགས་སྤྱད་ཡིན། །གང་ཕྱིར་ཆ་སྤྱད་ཆོ་ག་བཞིན། །སྣ་ཚོགས་ཚུལ་དུ་བརྡུང་བྱ་བ། །བློ་ཡིས་རྣམ་དཔྱད་བྱ་བ་ནི། །རགས་རིམ་ཙམ་ཞིག་བསྟན་པ་ཡིན། །སེང་ གེ་ཀངྐ་དོམ་བྱ་རོག །རི་དགས་བྱ་སོགས་ཁ་འདྲ་བའི། །མཆུ་ཅན་ཆ་སྤྱད་བྱས་ནས་ནི། །དེ་ཡི་མིང་ཡང་གདགས་པར་བྱ། །ཕལ་ཆེར་ལྕགས་ཀྱི་རྒྱུ་ལས་ནི། །སྲིད་དུ་སོར་ནི་བཅོ་བརྒྱད་པ། །སྐམ་པ་འབྲེལ་པའི་མཚམས་སུ་ནི། །སྲན་ཆུང་ལྟ་བུའི་གཟེར་གདབ་པ། །རྩ་བ་ ལྕགས་ཀྱུ་ལྟར་གུག་པའི། །ཆ་སྤྱད་བདེ་ལེགས་ཡིན་ཞེས་བྱ། །རྩེ་མོ་གཡུང་དྲུང་ལྟ་བུའོ། །དེ་ནི་བརྟན་པར་རུས་ཟུག་པའི། །ཟུག་རྔུ་འབྱིན་ལ་སྦྱར་བར་བྱ། །གཟེར་བཏབ་རྩེ་མོ་གྱེས་པ་དང་། །སྐམ་པ་ཡིན་ཏེ་སོར་བཅུ་དྲུག །དེ་ནི་པགས་པ་རྩ་རྒྱུས་ཤར། །ཞེན་པའི་ཟུག་ རྔུ་འབྱིན་ལ་སྦྱར། །སྐམ་པ་སོར་དྲུག་ཟུག་རྔུ་ཕྲ། །རྫི་མ་མ་རུངས་འབྱིན་ལ་སྦྱར། །སོ་ཕྲ་དྲང་ཞིང་རྩ་བ་ནི། །གདུ་བུས་བརྒྱན་པ་མུ་ཙ་ཏི། །དེས་རྨ་གཏིང་དུ་ཟུག་པ་དང་། །མིག་མཛེར་གཏིང་དུ་ལུས་ལ་སྦྱར། །ཉ་མགོ་འདྲ་བར་སོར་བཅུ་གཉིས། །ཆ་སྤྱད་གཉིས་པ་གཅིག་པ་བྱ། ། ཉ་མགོ་ལྟ་བུ་ཞེས་བཤད་དེ། །རྣ་ཁུང་ཟུག་རྔུ་འབྱིན་ལ་སྦྱར། །ཆ་སྤྱད་སྦུ་གུ་ཅན་ཁོང་སྟོང་། །རྩེ་མོ་གཅིག་གམ་མང་པོ་བྱ། །དེས་ནི་བུ་གའི་ཟུག་རྔུ་དང་། །ནད་ཡོད་བལྟ་དང་དབྱུང་བ་དང་། །བྱ་བ་སླ་བར་བྱ་ཕྱིར་དང་། །དགང་བར་བྱ་བའི་དོན་དུ་བྱ། །དེ་ཡི་ཞེང་དང་སྦོམ་སྲིད་ཚད། ། བུ་གའི་ཚད་ལས་དཔག་པར་བྱ། །སྲིད་དུ་སོར་བཅུ་སྦོམ་སོར་ལྔ། །གྲེ་བའི་ཟུག་རྔུ་རྟོག་བྱེད་ཡིན། །རྩེ་མོ་ལྔ་པ་བུ་ག་ཅན། །རྩེ་མོ་བཞི་ལ་སྤྱི་མདུད་བྱ། །ཆ་སྤྱད་ཐུར་མ་གཉིས་པ་ནི། །བུ་ག་གསུམ་པ་དེའི་ཚད་བྱ། །ཆ་སྤྱད་བྱ་བ་རང་གི་དབྱིབས། །སྦོམ་དང་ཆུ་ཡི་ཚད་ མཉམ་པའི། །སྦུ་གུ་དེ་འདྲ་གཞན་དག་ཀྱང་། །ཆ་སྤྱད་ཤེས་པར་བྱེད་དུ་གཞུག །རྩེ་མོ་པདྨའི་སྙིང་པོ་འདྲ། །སྲིད་དུ་སོར་ནི་བཅུ་གཉིས་པ། །བཞི་ཆ་ཁོང་སྟོང་བྱས་སྦུ་གུ། །ཟུག་རྔུ་འབྱིན་པ་ཡིན་པར་བཤད། །གཞང་འབྲུམ་ཆ་སྤྱད་པ་ཡི་ནི། །ནུ་སོར་འདྲ་བ་སོར་བཞི་པ། ། སྐྱེས་པའི་སོར་ལྔས་འཁྱུད་པ་སྟེ། །བུད་མེད་སོར་དྲུག་གིས་འཁྱུད་བྱ། །ནད་ལྟ་བ་ལ་བུ་ག་གཉིས། །ལས་ལ་བུ་ག་གཅིག་པ་བྱ། །དབུས་ཀྱི་བུ་ག་སོར་གསུམ་པ། །མཐེ་བོང་ཤོང་བ་ཙམ་དུ་བྱ། །དེ་སྟེང་རྩེ་མོ་ཟླུམ་པོ་ནི། །དཔངས་སུ་སོར་ནི་ཕྱེད་པར་བྱ། །ཁར་དཀྲོལ་དེ་འདྲ་བུག་ མེད། །ཆ་སྤྱད་གཞང་འབྲུམ་བཙིར་ལ་སྦྱར། །མཚན་པར་རྡོལ་ལ་རྣམ་ཀུན་ཏུ། །བུ་ག་ཡན་ཆད་བསལ་བར་བྱ། །སྣ་ཡི་ཤུ་བའི་འབྲུམ་པ་ལ། །བུ་ག་གཅིག་པ་སོར་གཉིས་བྱ། །ཞེང་དུ་མཛུབ་མོའི་ཚད་ཙམ་ལས། །མཚན་པར་རྡོལ་གྱི་སྤྱད་འདྲར་བྱ། །སོར་མོ་བསྲུང་ཕྱིར་ བ་སོའམ། །ཤིང་གིས་ཤུབས་ནི་སོར་བཞི་བྱ། །བ་ཡི་ནུ་འདྲ་བུ་ག་གཉིས། །དེ་ཡིས་ཁ་ནི་དབྱེ་བར་བྱ། །མོ་མཚན་རྨ་བརྟག་དབུས་སུ་ནི། །ཁོང་སྟོང་སོར་ནི་བཅུ་དྲུག་པ། །ཕྱོགས་བཞིར་གདུ་བུས་བཅིང་བར་བྱ། །རྩེ་མོ་པདྨ་ཁ་ཟླུམ་འདྲ། །ཐུར་མ་བཞི་ནི་མནན་པ་ཡིས། །རྩ་ བ་བསྡམས་ན་ཁ་དབྱེ་བྱ། །ཆ་སྤྱད་འཇམ་རྩིའི་སྦུབས་འདྲ་ལ། །རྩ་བ་མཐེབ་ཤོང་རྩེ་སྲན་ཤོང་། །རྩེ་མོ་གག་པ་མེད་པ་ལ། །རྩ་བར་ལྤགས་འཇམ་རྐྱལ་བུ་བཅིང་། །རྨ་ཡི་ཕུག་ནི་འཆས་པ་དང་། །རྨ་བཀྲུ་བ་ལ་སྦྱར་བར་བྱ། །འོད་མའི་སྦུ་གུའམ་སྒྲོ་རྩ་ནི། །འདྲ་བ་ཁ་ གཉིས་དམུ་རྫིང་སྤྱད། །དུད་པ་མས་གཏོང་ལ་སོགས་སྤྱད། །རང་རང་གི་ནི་སྐབས་སུ་སྨྲས། །རྡབས་རྭ་ཁ་ཞེང་སོར་གསུམ་པ། །དཔངས་སུ་སོར་བརྒྱད་པའམ་བཅུ། །རྩེ་མོའི་བུ་ག་གཡུངས་ཀར་ཤོང་། །ལེགས་བཀག་ནུ་སོར་དབྱིབས་འདྲ་བྱ། །ཀུ་བ་སྲིད་དུ་སོར་བཅུ་གཉིས། ཁྱུད་སྐོར་སོར་ནི་བཅོ་བརྒྱད་པ། །ཁ་ཟླུམ་སོར་ནི་གསུམ་མམ་བཞི། །ནང་འབར་བད་ཀན་ཁྲག་འདྲེན་བྱེད། །དེ་བཞིན་བུམ་པ་དེ་འདྲ་བ། །གླན་པས་སྐྲན་ཡང་འཇུ་བར་བྱེད། །ཐུར་མ་ཞེས་བྱའི་ཆ་སྤྱད་ནི། །ལས་དང་དབྱིབས་ནི་སྣ་ཚོགས་པ། །ཅི་རིགས་པ་ཡི་ཚད་ལྡན་བྱ། ། དེ་ལ་རྨ་ཚོལ་ལས་ལ་གཉིས། །སྲིན་བུ་གན་དུ་པ་ཏའི་དབྱིབས། །བུ་གའི་ནང་གི་ཟུག་རྔུ་འབྱིན། །ཁ་ནི་སྲན་ཆུད་ཕྱེ་འདྲ་གཉིས། །སོར་བརྒྱད་པ་དང་དགུ་པའི་ཚད། །ཐུར་མ་དྲུག་སྟེ་དེ་ལས་གཉིས། །སོར་ནི་བཅུ་དྲུག་བཅུ་གཉིས་པ། །ཐལ་སྨན་བཏང་བ་སྦྲུལ་ཁ་འདྲ། །གཉིས་པོ་བཅུ་གཉིས་སོར་བཅུ་པ། །བསྐུལ་སྤྱད་ཁ་ནི་མདའ་ལྟོང་འདྲ།། འབྱིན་པའི་ཆ་སྤྱད་ལྕགས་ཀྱུའི་དབྱིབས། །ཐུར་མ་རྩེ་མོ་གུག་པ་ནི། །མངལ་གྱི་ཕུར་པ་ཞེས་བྱ་སྟེ། །སྲིད་དུ་སོར་བརྒྱད་བྱས་པ་དེས། །བུད་མེད་མངལ་དུ་བུ་ཤི་དབྱུང་། །རྡེའུ་འབྱིན་ཆ་སྤྱད་སྤྲུལ་མགོ་ཡི། །གདེངས་ ཀ་འདྲ་ལ་རྩེ་གུག་པའོ། །མདའ་ལྟོང་འདྲ་བར་སོར་བཞི་པ། །སོ་དབྱུང་བ་ལ་སྦྱར་བར་བྱ། །རྩེ་མོ་རས་བལ་གྱིས་དཀྲིས་པའི། །ཕྱི་བསལ་ཐུར་མ་དྲུག་བྱའོ། །གཞང་གི་ཉེ་རིང་ནང་ལ་གཉིས། །སོར་བཅུ་བ་དང་བཅུ་གཉིས་པ། །སྣ་ཡི་སོར་དྲུག་བདུན་པ་གཉིས། །རྣ་བའི་སོར་བརྒྱད་ དགུ་པ་གཉིས། །རྣ་བ་བསལ་ལ་ཨ་ཤྭདྠའི། །རྩེའམ་བླུགས་གཟར་ཁ་འདྲ་བྱ། །ཐུར་མ་འཛམ་བུའི་ཐོར་ཏོ་འདྲ། །ཐལ་སྨན་མེ་བཙའ་སོ་སོར་གསུམ། །ཕྲ་སྦོམ་རིམ་བཞིན་སྦྱར་བར་བྱ། །རྒྱུ་མའི་ལས་ལ་ཐུར་མ་ནི། །ཁར་བ་འདྲ་ཞིང་དབུས་ཟླུམ་ལ། །རྩ་བ་ཟླ་བ་ཕྱེད་འདྲ་བྱ། །རྒྱ་ ཤུག་ཚི་གུ་བཀས་འདྲ་བ། །སྣ་ཡི་ཐོར་ཏོ་འབྲུམ་སྲེག་བྱེད། །སོར་བརྒྱད་པ་ལ་རྩེ་མོ་ལྗོན། །གསུམ་པ་ཐལ་སྨན་སྨན་རིམ་ལ། །མཐེའུ་ཆུང་གུང་མོ་སྲིན་ལག་གི །སེན་མོ་ལྟ་བུའི་སོ་བྱས་པའོ། །ཕོ་མཚན་སྤྱད་དང་མིག་སྨན་སྩོགས། །ཆ་སྤྱད་རང་རང་ལེའུར་བཤད། །ཉེ་བའི་ཆ་སྤྱད་ ཁབ་ལོང་དང་། །ཐག་པ་རས་དང་ཐོ་བ་དང་། །འབྲིང་བུ་རྒྱུ་མ་ལྕེ་རྟ་རྡ། །ཡལ་ག་སྲེན་མོ་ཁ་སོ་དང་། །དུས་དང་སྨིན་དང་ལག་རྐང་དང་། །འཇིགས་དང་དགའ་བ་དེའི་བྱ་བའི། །བྱེ་བྲག་ཐབས་ནི་ཤེས་པའོ། །མཁས་པས་བློ་ཡིས་དཔྱད་པར་བྱ། །ཆ་སྤྱད་གདུང་སྲུབ་དགང་དང་རྒྱུན་ སྲང་དག་བྱ་དང་། །ཐལ་སྨན་གདབ་དང་མཚོན་དབྱུང་བཅིང་དང་བཅེར་བ་དང་། །གཞིབ་དང་སྨད་དང་སྟོད་དང་བསྐྱོད་དང་བཅག་པ་དང་། །བཟློག་དང་དྲང་པོར་བྱ་བ་ཚ་སྤྱད་ལས་རྣམས་ཡིན། །ལེགས་པར་ཟུག་ཅིང་འབྱིན་པར་བྱེད་པ་དང་། །གཟུང་བྱ་བླངས་ནས་འབྱིན་པར་བྱེད་ཕྱིར་དང་། །ཡན་ ལག་ཀུན་ལ་གནོད་པ་མེད་པས་ན། །ཆ་སྤྱད་ཀུན་གྱི་མཆོག་ནི་ཀངྐའི་མཆུ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་གཏར་སྤྱད་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། །མགར་བ་མཁས་པས་ཆོ་ག་བཞིན། །བརྡུངས་པའི་ གཏར་སྤྱད་ཉི་ཤུ་དྲུག །སྤུ་ནི་ཆོད་པར་ནུས་པ་དག །ཕལ་ཆེར་སོར་ནི་དྲུག་པར་བྱ། །གཟུགས་ལེགས་སོ་ནི་ལེགས་པ་དང་། །གཟུང་བར་བདེ་བ་ཉིད་དུ་བྱ། །ཡ་ཡོ་མེད་ཅིང་འཐར་ལེགས་པའི། །ཤིན་ཏུ་རྣོ་བའི་ལྕགས་ལས་བྱ། །རྩེ་མོ་ཤིན་ཏུ་ལེགས་བརྡུངས་ལ། །ཨུཏྤལ་སྔོན་ པོའི་མདོག་འདྲ་བའི། །རང་མིང་རྗེས་མཐུན་གཟུགས་ཅན་ནི། །རྟག་ཏུ་ཉེ་བར་གཞག་པར་བྱ། །རྩེ་མོ་རེ་རེ་དག་ལ་ཡང་། །རང་ཚོད་སོར་ཕྱེད་གཉིས་དང་བཞི། །ཕལ་ཆེར་གཉིས་དང་གསུམ་དུ་བྱ། །དེ་གནས་ཁྱད་པར་དག་ལ་སྦྱར། །དེ་ལས་དཀྱིལ་འཁོར་འདྲ་བའི་རྩེ། །མཛུབ་སེན་ནང་ གི་དབྱིབས་འདྲར་བྱ། །དེ་ནི་རྙིལ་སྐྱེས་ལྐོག་མ་ཡི། །ཤ་ལྷག་ལ་སོགས་གཞར་བཅད་སྦྱར། །འཕེལ་གཙགས་སྤུ་གྲིའི་དབྱིབས་ལྟ་བུ། །གཅོད་དང་དྲལ་དང་འབྱིན་ལ་སྦྱར། །རྩེ་དྲང་སྐྲངས་ནད་མཐོ་བ་དང་། །ཟབ་པ་ལ་སྦྱར་དེ་ལས་གཞན། །ལྟག་པ་རིང་ཞིང་རྩེ་གུག་པ། །སོ་ཐུང་ ནད་ཚུལ་ཇི་བཞིན་སྦྱར། །ཨུཏྤ་ལ་དང་སོ་ཕྱེད་ཀྱིས། །དྲལ་དང་དེ་བཞིན་གཅད་པར་བྱ། །སྦྲུལ་ཁ་རྩེ་སོར་ཕྱེད་རྣ་བ། །སྣ་ཡི་ཐོར་བུ་དཔྱད་ལ་སྦྱར། །རྨ་ཚོལ་འཇམ་པོ་རྟ་བླ་བའི། །མགོ་བོ་འདྲ་གཞལ་བརྟག་པར་བྱ། །དེ་ལས་གཞན་པ་ཁབ་རྩེ་འདྲ། །རྩེ་བུག་ཅན་ནི་དབུག་ལ་ སྦྱར། །ལྗང་པའི་ལོ་འདྲ་འབིགས་པ་ལ། །ཤ་རིའི་མཆུ་འདྲ་མདའ་བུག་ནི། །ཁ་འདྲ་རྩེ་གསུམ་ཁྲག་གཟགས་ལ། །འཇག་རྩེ་ཨ་ཏའི་མཆུ་འདྲ་བ། །འབྲས་བུ་སོར་གཉིས་ཁྲག་འབྱིན་ལ། །དེ་འདྲའི་སོ་ནི་ནང་དུ་ལྟ། །གཙགས་འབྲས་ཟླ་བ་ཁམ་པ་འདྲ། །སོར་ནི་ཕྱེད་དང་གཉིས་ཡོད་བྱ། ། རྩེ་མོ་འབྲས་དང་འདྲ་པ་ལ། །སོར་ནི་ཕྱེད་དང་གཉིས་ཡོད་དག །དེ་ནི་རྩ་ལྟོའི་ནད་ལ་སྦྱར། །སྟ་རེའི་སྤངས་འདྲ་བ་ལང་སོ། །འདྲ་བའི་གཙགས་འབྲས་སོར་ཕྱེད་པ། །དེ་ཡི་ཡུ་བ་གྱེན་བསྟན་ལ། །རུས་པའི་སྟེང་གནས་རྩ་ལ་གདབ། །ཟངས་མའི་ཐུར་མ་རྩེ་གཉིས་པ། །རྩེ་མོ་མེ་ ཏོག་ཁ་འབུས་འདྲ། །དེ་ཡིས་མཐོང་ཉམས་མིག་སྦྲིས་དབུག །རྒྱ་འདྲའི་གཅགས་བུ་བྱ་བ་ནི། །སོར་གདུབ་འདྲ་ལས་ཁ་འབྱུང་བ། །གཙགས་འབྲས་རྒྱར་ནི་སོར་ཕྱེད་པ། །རིག་པས་འཕེལ་གཙགས་ལྟ་བུའམ། །དཀྱིལ་འཁོར་ལྟ་བུའི་རྩེ་འདྲ་བྱ། །དེ་ནི་ མཛུབ་མོའི་ཐོར་ཏོལ། །གདགས་སུ་རུང་བའི་རྒྱ་འདྲ་བྱ། །སྲད་བུས་བརྟོད་ལ་གྲེ་བའི་ནང་། །ནད་རྣམས་གཅད་དང་དྲལ་ལ་སྦྱར། །གྲེ་བའི་ཤ་ལྷག་ཐོར་གཙུག་འཛིན། །ལྕགས་ཀྱུའི་རྩེ་མོ་ལེགས་གུག་བྱ། །རུས་པ་གཅོད་པའི་སོག་ལེ་ནི། །སྲིད་དུ་སོར་བཅུ་ཞིང་སོར་གཉིས། །སོ་ རྣམས་ཕྲ་ཞིང་རབ་ཏུ་རྣོ། །ཡུ་བ་ཆང་གཟུང་ལེགས་པར་བྱ། །རྨ་ཡི་ཆུ་རྒྱུས་སྐྲ་བཅད་པའི། །ཆན་པ་ཆན་པ་འདྲ་བར་བྱ། །སོ་ཡོ་སོ་དྲང་ཁ་གཉིས་པའི། །སེན་མོ་འདྲེག་སྤྱད་སོར་དགུ་པ། །ཟུག་རྔུ་ཕྲ་འབྱུང་གཅད་པ་དང་། །དྲལ་དང་དབུག་དང་ཕྱི་བར་བྱ། །ཟུར་བཞི་པ་ལ་སོར་ གཅིག་པ། །དབྱིབས་ནི་ཀུན་ཏུ་གཅིག་འདྲ་བ། །སོ་ཕྱི་བ་ཡི་གཅགས་སྤྱད་དེ། །སོ་ཡི་དྲེག་པ་ཕྱི་བར་བྱ། །ཁབ་ནི་མགོ་ཟླུམ་མིག་ཟབ་ཆེ། །མཁྲང་པ་གསུམ་བྱ་དེ་ལས་ནི། །ཤ་ཆེ་བ་ཡི་ཕྱོགས་སུ་ནི། །ཟུར་གསུམ་སྲིད་དུ་སོར་གསུམ་པས། །ཤ་ཆུང་པ་དང་རུས་ཚིགས་ན། ། རྨ་ཡོད་པ་ལ་སྲིད་སོར་གཉིས། །ཞུ་དང་མ་ཞུའི་གནས་ནད་རྨའི། །ཁབ་རྩེ་འབྲས་དབྱིབས་གཞུ་ལྟར་སྒུ། །སྲིད་དུ་སོར་ནི་ཕྱེད་དང་གསུམ། །ཁབ་ནི་བདུན་དང་བརྒྱད་ཀུན་ཡང་། །ཟླུམ་པོ་སོར་ནི་ལེགས་སྦོམ་པ། །ཁྲི་གཅིག་ལ་བཙུགས་པིར་འདྲ་བ། །བརྩན་སྔོ་གདོང་ནད་ཐིག་ལེ་ གནག །སྐྲ་འབྱི་བ་ལ་གཙགས་པར་བྱ། །ཁབ་བརྒྱད་ཟླུམ་པོ་སོར་ཕྱེད་པ། །གཅིག་ཏུ་སྦོམ་ལ་གཟར་བུ་འདྲ། །ལག་པ་གཉིས་ཀྱིས་བཙུགས་ནས་ནི། །དེ་ཡིས་སྣ་ཡི་ཁྲག་དབྱུང་ངོ་། །རྣ་ཤལ་དབུག་པའི་སྙུང་བུ་ནི། །ཡུ་ཏི་ཀ་ནི་ཁ་འབུས་འདྲ། །སྙུང་བུ་སོར་ནི་ཕྱེད་པར་བྱ། །དེ་ཡི་ ཚད་དབུག་དེ་ཡན་ཆད། །ཟུར་བཞི་པར་བྱས་དེ་ཡིས་ནི། །སྐྲངས་སྨིན་མ་སྨིན་དོགས་ལ་དབུག །རྣ་དྲུང་ཤ་ནི་སྟུག་པོ་དབུག །སྙུང་བུ་ཁ་ནི་སྦོམ་པོ་ལ། །སུམ་ཆ་སྦུ་གུ་ཡོད་བྱས་ལ། །སོར་གསུམ་པ་ཡིས་རྣ་བ་དབུག །པདྨ་ཐལ་སྨན་མེ་བཙའ་དང་། །མཆིང་བུ་རྡོ་དུམ་སེན་མོ་སྩོགས། ། ལྕགས་མིན་གཏར་སྤྱད་ཕྲ་མོ་སྟེ། །དེ་ཡང་དེ་བཞིན་སྦྱར་བར་བྱ། །ཆ་སྤྱད་འཁྲུལ་འཁོར་སྩོགས་པས་ཀྱང་། །མཁོ་བ་ནད་ཀྱི་དམིགས་དང་སྦྱར། །འདྲེན་དང་འབྱིན་དང་འདྲལ་དང་འདྲུབ། །དམིགས་ཚོལ་ཕྱ་བསལ་ཞལ་ཞལ་གདབ། །གཙགས་བཅད་གཤེགས་དབུག་བཙུགས་པ་དང་། ། གཟུང་སྲེག་དེ་ཡིས་བྱ་བ་ཡིན། །གཅད་དང་དྲལ་དང་ཕྱི་བའི་ཕྱིར། །སྤྱད་ཀྱི་གཙགས་འབྲས་རྩ་བའི་བར། །མཛུབ་མོ་གུང་མོ་མཐེབ་མོ་ཡིས། །མ་ཡེངས་པ་དང་ལེགས་པར་གཟུང་། །གཏར་ག་གདབ་ཕྱིར་རྩེ་མོའི་དྲུང་། །མཛུབ་མོ་དང་ནི་མཐེ་བོས་གཟུང་། འབྲས་འདྲ་བ་ཡི་ཡུ་བ་ ནི། །ཆང་པར་བཅུག་སྟེ་རྩེ་མས་གདབ། །དབྱུང་དོན་ཡུ་བ་ནས་གཟུང་བྱ། །གཞན་དག་བྱ་བ་གང་བདེར་བྱ། །གཏར་སྤྱད་སྣ་ཚོགས་དག་གི་སྣོད། །གསོ་རས་བལ་སྣམ་མེན་དྲིའམ། །པགས་འཇམ་དུ་གུ་ལ་ལས་བྱས། །རབ་ཏུ་སྟུག་པ་ཞེང་སོར་དགུ། །སྲིད་དུ་སར་ནི་བཅུ་གཉིས་ པ། བལ་གྱིས་བར་བཅད་སྤྱད་བཅུག་ལ། །ལེགས་པར་གཞག་སྟེ་དྲུབ་པ་དང་། །ཐུར་མས་ཁ་ནི་བརྒྱུ་བར་བྱ། །སྲིན་བུ་པད་པ་བདེར་གནས་པ། །ཁྲག་དབྱུང་ཕྱིར་ནི་སྦྱར་བར་བྱ། །ཆུ་ནང་ཉ་དང་སྦལ་སྩོགས་དང་། །མི་རོའི་དྲི་མ་མནམ་ལས་བྱུང་། །དམར་དང་དཀར་དང་ཤིན་ཏུ་ གནག །མི་སྲུན་སྦོམ་དང་འབྱིལ་བ་དང་། །འཇའ་ཚོན་དང་འདྲ་རོ་སྟོད་བཀྲ། །སྤུ་ཡོད་དེ་རྣམས་དུག་ཅན་ཡིན། །སྤང་བྱ་དེས་ནི་ཁྲག་གཞིབས་ན། །གཡའ་རྣགས་འཛག་རིམས་མགོ་འཁོར་སྐྱེད། །དེ་ལ་དུགས་ཁྲག་མཁྲིས་གསོ་བྱ། །ཆུ་མདོག་རྣམ་པར་གསལ་བ་དང་། །དུག་མེད་ཉ་ ལྕིབས་མེད་ལས་བྱུང་། །རྩ་སྣར་རོ་སྟོང་སྔོ་ཁྲ་ཟླུམ། །རྒྱབ་ནི་ངུར་སྨྲིག་འདྲ་ལུས་ཕྲ། །ལྟོ་ནི་ཅུང་ཟད་སེར་བ་བཟང་། །དེ་ཡང་ལེགས་པར་མ་སྐྱུགས་དང་། །རྟག་ཏུ་འཐུང་དུ་བཅུག་པ་དག །ཆུ་ནང་ཞུགས་ཏེ་ནུབ་པ་ནི། །ཁྲག་གིས་མྱོས་པ་ཡིན་པས་སྤངས། །དེ་ནས་ཅིག་ཤོས་ སྐྱེ་རབ་བརྟགས།། ཆུ་སྦྱར་བ་ཡི་ནང་དུ་གཞུག །ཀན་ཛིའམ་དར་བའི་ནང་དུ་གཞུག །སླར་ཡང་ཆུར་ནི་དབུགས་ཕྱུང་ནས། །མར་རམ་ས་ཞག་ནུ་ཞོ་འམ། །ཁྲག་གི་ཐིགས་པ་བསྐུས་འཐུང་གཞུག །འཐུངས་ཚེ་རོ་སྟོད་མཐོར་གྱུར་ན། །རས་མ་སྲབ་མོས་གཡོགས་པར་བྱ། ཁྲག་ ནི་བཟང་ངན་འདྲེས་པ་ལས། །པད་པ་དང་པོར་ནད་ཁྲག་ནི། །འཐུངས་ཏེ་ངང་པས་འོ་མ་དང་། །འདྲེས་ཆུའི་འོ་མ་ལེན་དང་མཚུངས། །སོ་ཡིས་འདེབས་པའམ་གཡའ་གྱུར་ན། །དེ་ནི་སླར་དབྱུང་སྐྱུག་ཏུ་གཞུག། །རྒྱམ་ཚ་ཏིལ་མར་གྱིས་ཁ་བསྐུ། །ཕྱེ་མ་འཇམ་པོས་རྒྱབ་ཏུ་ གཏོར། །སླར་ཡང་ཞག་བདུན་བར་དུ་ནི། །ཁྲག་མྱོས་བསྲུངས་ལ་འཐུང་མི་གཞུག །སྲིན་བུ་པད་པ་ལེགས་སྐྱུགས་ན། །སྔོན་བཞིན་ཁོང་གྲིམས་བརྟན་པར་འགྱུར། །དྲགས་ན་དལ་ཞིང་སྙོམ་འཆི་འགྱུར། །སྐྱུགས་མ་ལེགས་ན་རེངས་མྱོས་འགྱུར། །བུམ་པ་ཆུ་དང་ས་བླུགས་པ། །གཞན་ དང་གཞན་དུ་གཞག་པར་བྱ། །ཁ་ཆུ་རུལ་བག་སྦྱང་ཕྱིར་བྱ། །གཞན་དུ་དུག་དང་བཅས་པར་འགྱུར། །མ་དག་པའམ་ཁྲག་མང་བྱུང་། །སྐྱེར་པ་བུ་རམ་སྦྲང་རྩིས་བསྐུ། །ལན་བརྒྱར་དཀྲུགས་མར་རས་བལ་གྱི། །ཡེའུས་བྱུགས་ལ་སྨན་བསིལ་བསྐུ། །ནད་ཀྱི་ཁྲག་དང་བྲལ་གྱུར་ ན། །འཕྲལ་དུ་རྩ་དམར་ནད་མེད་འགྱུར། །མ་དག་གནས་ནས་བསྐྱོད་གྱུར་པ། །རྨ་ཡི་གནས་སུ་འདུག་པའི་ཁྲག །ཞག་ལོན་ན་ནི་གནག་པར་འགྱུར། །དེ་བས་དེ་ནི་སླར་དབྱུང་ངོ་། །མཁྲིས་རྒྱས་ཁྲག་གི་ནད་ལ་ནི། །ཀུ་བ་བུམ་པ་སྦྱར་མི་བྱ། །དེ་གཉིས་མེ་དང་བཅས་པ་ཡིན། །རླུང་ དང་བད་ཀན་ལ་སྦྱར་བྱ། །བད་ཀན་ལས་གྱུར་ནད་ཁྲག་ནི། །སྐ་བས་རྔབས་རུས་གཞིབ་མི་བྱ། །རླུང་དང་མཁྲིས་པ་ལས་གྱུར་ཁྲག །རྔབས་རྭས་གཞིབས་ཏེ་དབྱུང་བར་བྱ། །ལུས་ཀྱི་གོང་དུ་སྲད་བུའམ། །རས་ཀྱིས་དམ་དུ་བཅིངས་ནས་ནི། །ཆུ་བ་ཚིགས་རུས་གནད་རྣམས་ནི། །དོར་ ཏེ་ཞལ་ཞལ་གདབ་བར་བྱ། །གྱེན་དུ་དབྱུང་བའི་ཐབས་ཀྱིས་ནི། །ཐུར་དུ་བབས་པ་གདབ་བར་བྱ། །ཟབ་དང་ཉེ་དང་འཕྲེད་མི་གདབ། །བཏབ་བའི་གནས་སུའང་གདབ་མི་བྱ། །ཞལ་ཞལ་བྱ་བ་ཕྱོགས་གཅིག་འདུས། །རྩ་མདུད་སྲིན་བུས་ཁྲག་འབྱུང་ཞིང་། །བེམ་བེམ་པོར་གྱུར་རྭ་སྩོགས་ གདབ། །ནད་ཁྲག་ལུས་ཁྱབ་གཏར་ག་གདབ། །ཁྲག་ནད་འདུས་པ་ཞལ་ཞལ་བྱ། །གཏིང་ན་ཡོད་པ་པད་པས་དབྱུང་། །པགས་གནས་ཀུ་བུམ་རྔབས་རས་དབྱུང་། །ལུས་ཁྱབ་ཁྲག་ལ་གཏར་གཉིད། །རླུང་སྩོགས་གནས་ལ་རྔབས་རྭ་དང་། །པད་པ་ཀུ་བས་རིམ་བཞིན་དབྱུང་། །ཁྲག་ཕྱུང་ བསིལ་བསྐུས་ལ་སྩོགས་པས། །རླུང་ནི་རྣམ་པར་འཁྲུགས་གྱུར་ཏེ། །རྨ་ན་གཡའ་ཞིང་སྐྲངས་གྱུར་ནའང་། །དེ་ལ་ཞུན་མར་དྲོན་པོས་བསྐུ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་གཏར་ག་གདབ་པའི་ཆོ་ གའི་ལེའུ་བཤད་པར་བྱའོ། །ཅུང་ཟད་མངར་ཞིང་ཚ་བྲོ་ལ། །གྲང་དང་ཚ་མིན་སྐ་བ་མིན། །པདྨ་ལམ་བུ་ཆུ་གཤེར་དང་། །བཙོད་དང་རི་བོང་ཁྲག་ལྟར་དམར། །དག་ཅིང་དམར་བ་འབྱུང་བ་ནི། །དེ་ཉིད་ཀྱིས་ནི་ལུས་གནས་བྱེད། །དེ་ནི་ཕལ་ཆེར་བད་མཁྲིས་ཀྱི། །ནད་ ཀྱིས་འཁྲུགས་པས་གནོད་བསྐྱད་པས། །མེ་དབལ་འབྲས་དང་མཆེར་ནད་དང་། །སྐྲན་དང་མེ་དྲོད་བྲི་དང་རིམས། །ཁ་དང་མིག་དང་མགོ་ནད་དང་། །མྱོས་དང་སྐོམ་དང་ཚ་བྲོ་དང་། །མཛེ་དང་དྲེག་ནད་མཁྲིས་ཁྲག་དང་། །སྒྲེགས་པ་སྐྱུར་ཞིང་མགོ་འཁོར་བྱེད། །བསིལ་ དྲོ་སྣུམ་དང་རྩུབ་སྩོགས་ཀྱིས། །ནད་གང་གསོས་པར་གྱུར་པ་དག །ལེགས་པར་འཆོས་པར་མ་གྱུར་པ། །དེ་ནི་ཁྲག་འཁྲུགས་ལས་གྱུར་ཡིན། །ཁྲག་བདོ་གྱུར་པ་དེ་ལས་ནི། །གཏར་ག་གདབ་པས་དབྱུང་བར་བྱ། །དེ་ཡང་བཅུ་དྲུག་མ་ལོན་དང་། །བདུན་ཅུ་འདས་ལ་ཁྲག་མི་དབྱུང་། ། ཉམ་ཆུང་དུགས་དྲགས་དུགས་མ་བྱས། །རླུང་གི་ནད་ཀྱིས་ཉེན་པ་དང་། སྦྲུམ་མ་བུ་བཙས་ཟས་མ་ཞུ། །ཁྲག་མཁྲིས་ལུད་པ་དབུགས་མི་བདེ། །ཚད་འཁྲུ་རིམས་དང་སྐྱུགས་པ་དང་། །སྐྱ་རྦབ་ཡན་ལག་ཀུན་སྐྲངས་དང་། །སྣུམ་འཐུངས་པ་ལ་སྦྱོར་བ་དང་། །དེ་བཞིན་ལས་ ལྔ་བྱས་ལ་མིན། །མ་བསྡམས་གཏར་ག་མི་གདབ་ཅིང་། །ཡོན་པོའམ་མི་སྣང་ལ་མི་གདབ། །ཚབས་ཆེན་ནད་ནི་མ་གཏོགས་པ། །གྲང་ལ་ཚ་ཆར་རླུང་དུས་མིན། །མགོ་དང་མིག་གི་ནད་རྣམས་ལ། །འཕྲལ་བའི་རྩ་ལ་གཏར་བའམ། །མིག་འགྲམ་སྣ་དྲུང་རྩ་ལ་གདབ། །རྣ་བའི་ནད་ ལ་རྣ་བའི་རྩ། །སྣ་ཡི་ནད་ལ་སྣ་རྩེར་རོ། །ཆམ་པ་སྣ་དང་དཔྲལ་རྩར་གདབ། །ཁ་ནད་རྣམས་ལ་ལྕེ་དང་ནི། །མཆུ་དང་རྐན་གྱི་རྩར་གདབ་བོ། །ནམ་ཚོང་ཡན་ཆད་རྩ་མདུད་མགུལ། །རྣ་བ་མུར་འགྲམ་སྤྱིར་གནས་གདབ། །སྨྱོ་བྱེད་མིག་འགྲམ་བྲང་དཔྲལ་རྩ། །བརྗེད་བྱེད་འགྲམ་པའི་ མཚམས་སུ་གདབ། །ཡང་ན་ཀུན་ལ་སྨིན་མཚམས་གདབ། །འབྲས་དང་རྩིབ་ལོགས་ཟུག་པ་ལ། །རྩིབ་ལོགས་ནུ་མའི་བར་རྩ་གདབ། །ཉིན་གསུམ་པ་ལ་ཕྲག་མཚམས་གདབ། །ཉིན་བཞི་པ་ལ་ལྟག་པའི་འོག །འཁྲུ་བ་གཟེར་དང་ལྡན་པ་ལ། །མཇུག་ཏོའི་ གོང་མ་སོར་གཉིས་པར། །ཁུ་བའི་མཚན་ནད་ཕོ་མཚན་རྩ། །ལྐོག་མའི་ཝ་བར་བརླ་རྩ་གདབ། །གཟུགས་འཁུམས་པུས་མཐིལ་འོག་གམ་ནི། །གོང་གི་སོར་བཞི་པ་ལ་གདབ། །འབྲས་ཀྱི་ཕྲེང་བར་བྱིན་པའི་ཉྭ། །འོག་ཏུ་སོར་བ་གཉིས་གདབ་བོ། །རྐུབ་ཚོས་བུས་མོའི་ལྷ་ངའི་ སྟེང་། །ནད་ལ་ལོང་མོའི་ལྟག་སོར་བཞིར། །རྐང་ཚ་འཐེང་དང་སྦྲིད་པ་དང་། །རྟིང་རྡོལ་རླུང་ནད་མཛེར་པ་དང་། །རྐང་སོར་སྣགས་སུ་ཆད་པ་ལ། །རྒྱ་ཚིགས་ལས་གོང་སོར་གཉིས་གདབ། །འཁུམས་ལ་རྐང་འཁུམས་ལྟ་བུར་གདབ། །ཇི་སྐད་བཤད་པ་མ་མངོན་ན། །གནད་ མ་གཏོགས་པ་གར་ཉེ་བའི། །ཕྱོགས་གཞན་དག་ཏུ་གཏར་ག་གདབ། །དེ་ནས་ལུས་སྣུམ་གཏར་ག་ཡི། །ཡོ་བྱད་ཀུན་བསགས་སྟོབས་དང་ལྡན། །བཀྲ་ཤིས་བྱས་ཤིང་ཁ་ཟས་ནི། །སྣུམ་ཟོས་ཁུ་བ་འཐུངས་པ་དང་། །མེ་དང་ཉི་ཚན་གྱིས་དུགས་བྱས། །པུས་མཉམ་མཐོ་བའི་ སྟན་ལ་འདུག །སྐྲ་རྩ་རས་ནི་འཇམ་པོས་བཅིངས། །པུས་མོའི་ལྷ་ངར་གྲུ་མོ་བཙུགས། །ཁུ་ཚུར་ནང་དུ་གློད་བཅུག་པས། །མགུལ་པ་དམ་དུ་བཙིར་བར་བྱ། །སོ་བསྡམ་ལུད་པ་ལུ་བ་དང་། །མཁུར་བ་གཉིས་ནི་བུད་པར་བྱ། །དེ་ལ་རྒྱབ་ནས་བཙིར་བ་དང་། །གོས་ཀྱིས་ དཀྲི་ཞིང་མཛུབ་མོ་ནི། །གཡོན་པ་ལྐོག་མར་བཅུག་ནས་སུ། །ནང་དུ་ལེགས་པར་གཞུག་པར་བྱ། །འདི་ནི་ནང་དུ་ཁ་བལྟས་རྩ། །མ་གཏོགས་བསྡམ་པའི་ཆོ་ག་ཡིན། །དེ་འོག་སྨན་པའི་མཐེ་བོ་ལས། །གུང་མོ་བཏང་བར་གྱུར་བ་ཡིས། །རྩ་བྱུང་མངོན་ལ་གདབ་བྱས་ནས། ། རེག་པའམ་མཐེ་བོས་མནན་བྱས་ལ། །ལག་པ་གཡོན་པས་བཟུང་བ་ཡི། །གཙགས་པུ་སྟ་རེས་དབུས་སུ་གདབ། །གཙགས་བུའི་ཁ་ཕྱོགས་མི་གཡོ་གཏད། །དེ་བཞིན་གདབ་པའམ་བཙིར་བ་ཡིས། །བེམ་རྟོལ་གདབ་ལས་ཁྲག་དབྱུང་ངོ་། །སྣ་དྲུང་གི་ནི་རྩར་ གདབ་པ། །རྩེ་མོ་མཐེ་བོས་བཏེ