Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 197

Văn bản gốc(Tây Tạng)

Trang 21 / 25 (50.000 ký tự/trang)
།ལུས་མེད་ཀྱི་ནི་མེ་ཏོག་གི། །མདའ་ལྡས་ཀུན་ལས་རྒྱལ་བར་གྱུར། །ཞེས་པ་མི་སྲིད་ཡང་ན་ནི། །དངོས་པོའི་ནུས་པ་རྣམ་པར་བཀྲ། །ཞེས་པ་འདི་ནི་རྒྱུ་སྟོབས་ཀྱིས། །ལུས་མེད་རྒྱལ་བར་མི་རིགས་བློ། །དེ་ལྟར་གྱུར་བཀག་དེ་ཡི་ཕྱིར། །འདི་འདྲ་དེ་ནི་བྱུང་བ་འགོག །སྙན་སྒྲོགས་མ་དག་
ཅི་ཡི་ཕྱིར། །རྣ་བ་ལ་ནི་ཨུཔྟལ་འཛུད། །ལས་འདི་ལ་ནི་མིག་ཟུར་དག །ཡོངས་རྫོགས་མིན་པར་སེམས་སམ་ཅི། །འགའ་ཞིག་དཀར་མིན་ཨུཏྤལ་ལ། །རྣ་བར་བྱེད་ལ་མཛའ་བོ་ཡིས། །དེ་ལྟར་བསྟོད་པས་འགོག་བྱེད་པ། །འདི་ནི་མངོན་གྱུར་འགོག་པའོ། །ཇོ་བོ་བདེན་པར་སྨྲ་བོ་བདག །གཞན་དང་ཙུམྦ་ནས་
འཕོས་པའི། །རྒྱ་སྐྱེགས་ཀྱིས་དམར་མིག་གིས་ནི། །ནམ་ཡང་མཐོང་བར་འགྱུར་མ་ལགས། །སྔར་ཉིད་ཤིན་ཏུ་ཁེངས་ལྡན་མས། །ནམ་ཞིག་འདི་ཡི་གནོད་པ་དག །འབྱུང་བ་དེ་ལྟར་འགོག་བྱེད་པ། །འདི་ནི་འབྱུང་འགྱུར་འགོག་པའོ། །ལུས་ཕྲ་ཁྱོད་ཀྱི་ཡན་ལག་རྣམས། །འཇམ་པ་ཉིད་དུ་གནས་པ་
བརྫུན། །གལ་ཏེ་བདེན་པར་འཇམ་པ་ན། །གློ་བུར་དུ་བདག་ཅི་ལ་གདུང་། །གང་ཕྱིར་དེ་ལྟར་འདོད་ལྡན་གྱིས། །དེ་དང་འགལ་བའི་ཆོས་ཀྱིས་འདིར། །བུད་མེད་ལུས་ནི་འཇམ་པ་དག །འགོག་པ་འདི་ནི་ཆོས་འགོག་པའོ། །དེ་ནི་མཛེས་སམ་མ་ཡིན་ཞེས། །རྣམ་རིག་འདི་ནི་ཅི་ལས་སྐྱེས། །དེར་ནི་འོད་ཙམ་

གཡོ་བ་ཉིད། །མཐོང་བར་འགྱུར་གྱི་རྟེན་མ་ཡིན། །གང་ཕྱིར་གཟུགས་ཅན་མའི་ངོ་མཚར། །བརྗོད་པ་འདོད་པས་འོད་ཅེས་པའི། །ཆོས་འདི་ཁས་བླངས་ཆོས་ཅན་དག །འགོག་འདི་ཆོས་ཅན་འགོག་པའོ། །ཁྱོད་ཀྱི་མིག་དག་དམར་གྱུར་ཅིང་། །མཆུ་ཡི་ཡལ་འདབ་གཡོ་བ་དང་། །སྨིན་མ་འཁྱོག་སྟེ་
དེ་ལྟ་ནའང་། །ཉེས་པ་མེད་པས་བདག་མི་འཇིགས། །གང་ཕྱིར་མཛའ་མོ་མཁས་པ་ཡིས། །འཇིགས་པ་ཡི་ནི་རྒྱུ་ཡི་གཙོ། །རང་གི་ཉེས་པ་འགོག་བྱེད་པ། །འདི་དག་འདིར་ནི་རྒྱུ་འགོག་པའོ། །མཛའ་བོ་དག་ནི་རིང་ན་གནས། །ཆུ་འཛིན་བགྲོད་ལྡན་འདི་ནི་འོངས། །ནི་ཙུ་ལ་ཡང་རྒྱས་པར་མཐོང་། །བདག་
ཤི་མིན་པ་འདི་ཅི་གང་། །དེ་རྒྱུ་ཆུ་འཛིན་བགྲོད་པ་སོགས། །མི་བཟད་པ་དག་ཉེར་བཀོད་ནས། །འབྲས་བུ་འཆི་བ་བཟློག་པའི་ཕྱིར། །དེ་ནི་འབྲས་བུ་འགོག་པའོ། །གལ་ཏེ་གཤེགས་ན་གཤེགས་པར་མཛོད། །ཁྱོད་ཀྱི་བགྲོད་པས་བདག་ལ་ནི། །གདུང་བ་ཡུན་རིང་འབྱུང་མི་འགྱུར། །འདི་ལ་ཁྱོད་ནི་དོགས་
མི་འཚལ། །ཞེས་པ་འཆི་བ་གསལ་བྱེད་པས། །རྗེས་གནང་ཉིད་ཀྱི་སྒོ་ནས་ནི། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །དེ་ནི་རྗེས་གནང་འགོག་པའོ། །ནོར་ནི་མང་པོ་རྙེད་འགྱུར་ཞིང་། །ལམ་དུ་ཡང་ནི་བདེ་ཞིང་དགེ། །བདག་སྲོག་ལ་ཡང་ཐེ་ཚོམ་མེད། །འོན་ཀྱང་མཛའ་བོ་འགྲོ་མི་བྱ། །མཛའ་བོ་འགྲོ་བར་
སྦྱོར་བ་ཡིས། །རྒྱུ་རྣམས་དག་ནི་རབ་བཤད་ནས། །དབང་ཉིད་ཀྱིས་ནི་དེ་འགོག་པ། །འདི་འདྲ་དབང་གིས་འགོག་པའོ། །བདག་ནི་གསོན་རེ་སྟོབས་དང་ལྡན། །ནོར་གྱི་བསམ་པ་སྟོབས་ལྡན་མིན། །མཛའ་བོ་གཤེགས་སམ་བཞུགས་ལགས་སམ། །རང་
གི་གནས་སྐབས་སྨོས་པ་ལགས། །གང་ཕྱིར་འདི་ནི་ཆགས་ལྡན་མས། །མ་གུས་བཞིན་དུ་ཚིག་སྦྱར་ནས། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །འདི་ནི་མ་གུས་འགོག་པའོ། །མཛའ་བོ་གལ་ཏེ་གཤེགས་ན་བཞུད། །ཁྱོད་ཀྱི་ལམ་ནི་ཤིས་གྱུར་ཅིག །གང་དུ་ཁྱོད་ནི་གཤེགས་པ་དེར། །བདག་ཀྱང་སྐྱེ་བ་ཉིད་གྱུར་ཅིག །དེ་ལྟར་ཤིས་
བརྗོད་ལམ་གྱི་གང་། །རང་གི་གནས་སྐབས་གསལ་བྱེད་མས། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །འདི་ནི་ཤིས་བརྗོད་ཀྱིས་འགོག་པའོ། །གལ་ཏེ་ཁྱོད་འགྲོ་བདེན་ཉིད་ན། །ཁྱོད་ཀྱིས་གཞན་པ་འགའ་ཞིག་ཚོལ། །བདག་ནི་གླགས་འཚོལ་འཆི་བ་ཡིས། །དེ་རིང་ཉིད་དུ་འགོག་པར་འགྱུར། །

གང་ཕྱིར་མཛའ་བའི་དབང་གྱུར་མས། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །ཚིག་རྩུབ་ཡི་གེ་སྔོན་འགྲོ་ཅན། །དེ་ནི་རྩུབ་མོས་འགོག་པའོ། །གལ་ཏེ་གཤེགས་ན་མྱུར་དུ་བཞུད། །ཕྱི་ནས་གཉེན་འདུན་འཁྲུགས་པའི་ཁས། །བསྒྲགས་པའི་ཆོ་ངེས་འགྲོ་བ་ཡི། །གེགས་གྱུར་ཁྱོད་ཀྱི་རྣ་
བར་འོང་། །གང་ཕྱིར་འདིར་ནི་མཐའ་གཅིག་ཏུ། །ཆགས་མས་གྲོགས་ཉིད་བྱེད་པ་ཡིས། །མཛའ་བོའི་བགྲོད་པ་འགོག་པ་འདི། །གྲོགས་ཉིད་ཀྱིས་ནི་འགོག་པའོ། །བཞུད་ཅེས་ཁྱོད་དགྱེས་བརྗོད་འདོད་ཀྱང་། །བདག་ཉིད་དགའ་བར་བྱེད་པའི་ཚིག །མ་གཤེགས་ཞེས་པ་ཁ་ནས་ནི། །བྱུང་བར་གྱུར་ལ་
བདག་ཅི་བྱེད། །མི་འདོད་དངོས་ལ་འབད་བྱས་པས། །འབྲས་བུ་ཕྱིན་ཅི་ལོག་བསྐྱེད་པའི། །དོན་མེད་ཉེ་བར་བསྟན་པའི་ཕྱིར། །དེ་ནི་འབད་པས་འགོག་པའོ། །སྐད་ཅིག་ལྟ་ལ་གེགས་བྱེད་པའི། །རྫི་མ་བསྐྱོད་པ་ལ་ཁྲོ་བ། །ཁྱོད་ཀྱིས་མཛའ་ལ་འགྲོ་བ་སྨོས། །བདག་ནི་དེ་ཡི་འདོད་པ་འདོད། །གང་ཕྱིར་
མཛའ་བའི་གཞན་དབང་མས། །དོན་འདིར་ཉེ་བར་གསལ་བྱས་ནས། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །འདི་ནི་གཞན་དབང་འགོག་པའོ། །མགོན་པོ་འབྲལ་བ་བཟོད་པར་བགྱི། །གང་གིས་མིག་བསྒོས་དག་ལ་ནི། །འདོད་པས་བསྣུན་དུ་མི་མཐོང་བའི། །མཐོང་མིན་མིག་སྨན་བདག་ལ་སྩོལ། །
འཚོ་བའི་ཐབས་ནི་དཀའ་བ་དག །ཉེ་བར་བཀོད་ནས་བདག་པོ་ནི། །འགྲོ་བ་འགོག་པར་བྱེད་པའི་ཕྱིར། །འདི་འདྲ་ཐབས་ཀྱིས་འགོག་པ་བརྗོད། །ཇོ་བོ་ཁྱོད་ཀྱི་ཞལ་ནས་ཚིག །བདག་འགྲོ་ཞེས་པ་ངེས་པར་བྱུང་། །མཛའ་བ་དམན་པ་ཁྱོད་ཀྱིས་ད། །མ་ཕྱིན་ན་ཡང་བདག་ལ་ཅི། །མཛའ་བ་རྒྱས་པས་
མ་བསྡམས་པའི། །བདག་ཉིད་ཁྲོ་བས་མཛའ་བོ་ཡི། །འགྲོ་བ་རྩོམ་པ་བཟློག་པ་གང་། །དེ་ནི་ཁྲོ་བས་འགོག་པའོ། །མ་བསྣོམ་བུ་མོའི་རྣ་བ་ལ། །མ་བྱས་ཆང་ལ་མ་བཏབ་པར། །ཁྱོད་ཀྱི་དགྲ་ཡི་རྫིང་ཉིད་དུ། །ཨུཏྤལ་སྔོན་པོ་ཟེགས་པར་གྱུར། །མྱ་ངན་བཅས་ཤིང་ཨུཏྤ་ལ། །དེ་འོས་ལས་ནི་བཟློག་བྱས་
ནས། །མྱ་ངན་འོས་པའི་སྐབས་སྟོན་ཕྱིར། །འདི་ནི་མྱ་ངན་གྱིས་འགོག་པའོ། །དོན་འདི་འགའ་ཡང་ཚོགས་མ་བྱས། །རིག་པ་འགའ་ཡང་མ་བསྒྲུབས་ཕྱིར། །དཀའ་ཐུབ་འགའ་ཡང་མ་བསགས་པ། །ན་ཚོད་མཐའ་དག་སོང་བར་གྱུར། །གང་ཕྱིར་འདི་ནི་ཚེ་སོང་བས། །དོན་བསྒྲུབ་ལ་སོགས་འགོག་པ་ནི། །

འགྱོད་པ་གཙོ་བོར་སྟོན་བྱེད་པ། །འདི་ནི་འགྱོད་པས་འགོག་པའོ། །ཅི་འདི་སྟོན་དུས་ཆུ་འཛིན་ནམ། །ཡང་ན་ངང་པའི་ཚོགས་སམ་ཅི། །སྒྲ་ནི་རྐང་གདུབ་ཀྱི་འདྲ་བ། །ཐོས་པས་དེ་ནི་ཆུ་འཛིན་མིན། །ཆོས་འདི་ངང་པ་ལ་ཡོད་ཅིང་། །སྤྲིན་གྱི་རིགས་ལ་མ་རེག་པས། །གང་ཞིག་ཐེ་ཚོམ་ཟློག་བྱེད་པ། །
འདི་ནི་ཐེ་ཚོམ་འགོག་པའོ། །བདུད་རྩིའི་བདག་ཉིད་པདྨ་ལ། །སྡང་ཞིང་སྣུམ་པའི་དཀར་འབྲས་ཅན། །ཁྱོད་གདོང་ཟླ་བ་འདི་ཡོད་བཞིན། །ཟླ་བ་གཞན་གྱིས་ཅི་ཞིག་བྱ། །ཕལ་པའི་ཟླ་བ་ལ་བརྟེན་པ། །དེ་མཚུངས་ཡོན་ཏན་བསྟན་བྱས་ནས། །གཙོ་བོའི་ཟླ་བ་འགོག་བྱེད་པ། །རྣམ་པ་དེ་ལྟར་སྦྱར་
པའི་འགོག །ཐམས་ཅད་མནན་ཡང་ཁྱོད་ཀྱིས་ནི། །རྣམ་གནོན་ཚིམ་པ་མེད་པ་མཚར། །འོན་ཀྱང་སྲེག་ཟ་འབར་བ་ལ། །ཚིམ་པ་དག་ནི་ནམ་ཞིག་མཐོང་། །གང་ཕྱིར་འདིར་ནི་དོན་གཞན་དག །དེ་ཡིས་ཆོས་མཚུངས་བསྟན་བྱས་ནས། །ཡ་མཚན་རྩོམ་པ་འགོག་བྱེད་པ། །འདི་ནི་དོན་གཞན་
འགོག་པའོ། །སྦྱིན་པ་པོ་ཞེས་ནམ་ཡང་ནི། །མི་དབང་ཁྱོད་ལ་མི་བསྟོད་དེ། །གང་ཕྱིར་སློང་བས་ཁྱོད་ཀྱི་ནོར། །རང་གི་ཉིད་དུ་བསམས་ནས་ལེན། །ཞེས་པ་ལ་སོགས་འགོག་པ་ནི། །རྒྱུ་འགོག་པ་ཞེས་བཤད་པ་སྟེ། །ཕྱོགས་འདི་ཉིད་ཀྱིས་རྣམ་པར་རྟོག །གཞན་པ་དག་ཀྱང་དཔག་པར་ནུས། །གང་ཞིག་
དངོས་འགའ་རབ་བཀོད་ནས། །དེ་ཡི་སྒྲུབ་བྱེད་ནུས་པ་ཅན། །དངོས་པོ་གཞན་དག་འགོད་པ་དེ། །དོན་གཞན་བཀོད་པར་ཤེས་པར་བྱ། །ཀུན་ཁྱབ་ཁྱད་པར་ལ་གནས་དང་། །སྦྱར་བ་ཅན་དང་འགལ་བ་ཅན། །མི་འོས་བྱེད་དང་འོས་པའི་བདག །འོས་དང་མི་འོས་ལྡོག་པའོ། །འདི་ཡི་དབྱེ་བ་དེ་ལྟ་སོགས། །
སྦྱོར་བ་རྣམས་ལ་རབ་ཏུ་མཚོན། །འདི་རྣམས་རང་བཞིན་གསལ་བྱའི་ཕྱིར། །དཔེར་བརྗོད་ཕྲེང་བ་བསྟན་པར་བྱ། །ལེགས་ལྡན་འགྲོ་བ་རྣམས་ཀྱི་མིག །ཉི་མ་དང་ནི་ཟླ་བ་ཡང་། །ནུབ་པར་གྱུར་པ་ཉིད་ལ་ལྟོས། །ངེས་པ་ལ་ནི་སུ་ཞིག་འགོངས། །ཆུ་འཛིན་འདི་དག་ལུས་ཅན་གྱི། །ཡོངས་སུ་གདུང་བ་འཕྲོག་
པར་བྱེད། །བདག་ཐོབ་མིན་ནམ་ཆེན་པོ་རྣམས། །གཞན་གྱི་སྡུག་བསྔལ་ཞི་སླད་དུའོ། །མ་ལ་ཡ་ཡི་རླུང་གིས་ནི། །འཇིག་རྟེན་དགའ་བ་སྐྱེད་པར་བྱེད། །དཱཀྵི་ཎྱ་དང་ཡང་དག་ལྡན། །ཀུན་གྱི་སྙིང་སྡུག་མ་ཡིན་ནམ། །མཚན་མོར་བྱེད་འདི་དྲི་མ་དང་། །ལྡན་ཡང་འགྲོ་བ་དགའ་བ་སྐྱེད། །གཉིས་སྐྱེས་དབང་པོ་

སྐྱོན་ལྡན་ཡང་། །གཞན་དག་རྗེས་སུ་འཛིན་པར་ནུས། །སྦྲང་རྩི་འཐུངས་པའི་མགྲིན་སྙན་ལས། །བྱུང་བ་བུང་བའི་སྒྲ་དག་ཀྱང་། །རྣ་བར་རྩུབ་པ་ཉིད་འགྱུར་བ། །འདོད་ལྡན་རྣམས་ཀྱི་སྡིག་འདི་འདྲ། །ཆུ་སྐྱེས་འདབ་མའི་མལ་སྟན་འདིས། །བདག་གི་ལུས་འདི་གདུང་བར་བྱེད། །བསྲེག་པའི་
བདག་ཉིད་སྲེག་ཟ་དང་། །འདྲ་བས་རིགས་པ་མ་ཡིན་ནམ། །བསིལ་ཟེར་ཅན་གྱིས་ཉམས་བྱེད་མོད། །དཔྱིད་ཀྱིས་བདག་ནི་ཅི་ལ་གདུང་། །དྲི་མ་ཅན་གྱིས་སྤྱོད་པའི་ལས། །དག་པས་མི་འོས་པ་མིན་ནམ། །ཀུ་མུད་ལྡན་ཡང་སྲེག་བྱེད་ན། །པདྨའི་འབྱུང་གནས་ཅིས་མི་བྱེད། །ཟླ་བས་བཟུང་རྣམས་རྩུབ་པ་ན། །
ཉི་མས་བཟུང་བ་འཇམ་མི་འགྱུར། །སྒྲ་འཇུག་པའམ་རྟོགས་པ་ཡིས། །དངོས་པོ་གཉིས་ནི་མཚུངས་གྱུར་པ། །དེ་ཡི་དབྱེ་བ་བརྗོད་པ་གང་། །དེ་ནི་བཟློག་པ་ཅན་ཞེས་བརྗོད། །བརྟེན་དང་ཆེ་བའི་བདག་ཉིད་དང་། །ལཱ་བ་ཎྱ་སོགས་ཡོན་ཏན་གྱིས། །ཁྱོད་དང་རྒྱ་མཚོ་མཚུངས་ཐ་དད། །ཁྱོད་ལུས་འདི་འདྲ་ཉིད་
ཀྱིས་སོ། །གཅིག་ལ་གནས་པའི་ཆོས་ཀྱིས་ནི། །གཉིས་ཀ་ལ་གནས་ཐ་དད་དག །རྟོགས་པའི་ཡུལ་དུ་གྱུར་པའི་ཕྱིར། །འདི་ནི་གཅིག་གི་ལྡོག་པ་ཅན། །ཆུ་ཡི་ཕུང་པོ་དག་དང་ཁྱོད། །མཚམས་ལས་མི་འདབ་ཟབ་པ་སྟེ། །འདི་ནི་མིག་སྨན་དང་མཚུངས་ལ། །ཁྱོད་ནི་གསེར་གྱི་འོད་ཅན་ནོ། །གང་ཕྱིར་
འདིར་ནི་གཉིས་ཀ་ཡིས། །འབྱེད་བྱེད་ཡོན་ཏན་ནག་པོ་དང་། །སེར་པོ་དག་ནི་ཐ་དད་བསྟན། །འདི་ནི་གཉིས་ཀའི་ལྡོག་པ་ཅན། །ཁྱོད་དང་རྒྱ་མཚོ་དུ་རྦཱ་རཽ། །མ་ཧཱ་སཏྭ་ཏེ་ཛཿབཅས། །འདི་ཡི་ཁྱོད་གཉིས་ཐ་དད་དེ། །དེ་ནི་ཆུ་བདག་ཁྱོད་མཁས་སོ། །འདི་ནི་སྦྱར་བའི་ཚུལ་ལྡན་ཕྱིར། །སྦྱར་བ་ཅན་ཞེས་གཟུང་བར་
མཛོད། །འགོག་པ་ཅན་དང་གཏན་ཚིགས་ཅན། །གཉིས་པོ་དེ་ཡང་བསྟན་པར་བྱ། །ལུགས་དང་ལྡན་ཞིང་བརྟན་པ་དང་། །རིན་ཆེན་འབྱུང་གནས་ཡིན་མོད་ཀྱང་། །དྲི་མ་ལྡན་པ་ཆུ་སྲིན་གནས། །ཁྱོད་ཀྱི་འགྲན་ཟླ་འགྱུར་མ་ཡིན། །རི་གླིང་རྒྱ་མཚོར་བཅས་པ་ཡི། །ས་གཞི་མཐའ་དག་འཛིན་མོད་ཀྱང་། །
ལག་འགྲོ་རྣམས་ཀྱི་རྗེར་གྱུར་ཕྱིར། །ལྷག་མ་ཅན་ནི་ཁྱོད་པས་དམན། །སྒྲ་དག་འཇུག་པར་མཚུངས་པ་ཡི། །ལྡོག་པ་ཅན་ནི་འདི་འདྲ་སྟེ། །རྟོགས་པར་གྱུར་པས་མཚུངས་པ་ཡང་། །ཡོད་པ་དེ་ནི་རྗེས་སུ་བསྒྲུབ། །ཁྱོད་ཀྱི་གདོང་དང་པདྨ་སྟེ། །འདི་གཉིས་ཀྱི་ནི་ཁྱད་པར་ཡང་། །པདྨ་ཆུ་ལས་སྐྱེས་པ་དང་། །

ཁྱོད་གདོང་ཁྱོད་ལ་བསྟན་པའོ། །རི་དགས་མིག་ལ་སྨིན་སྒེག་དང་། །མྱོས་པའི་དམར་བས་རེག་པ་མེད། །ཁྱོད་ཀྱི་མིག་ནི་གཉིས་པོ་འདི། །ཡོན་ཏན་དེ་དག་ཉིད་ཀྱིས་བརྒྱན། །སྔ་མར་དབྱེ་བ་ཙམ་ཞིག་བསྟན། །འདི་ནི་ལྷག་པ་ཉིད་བསྟན་ཏོ། །སླར་ཡང་མཚུངས་པའི་ལྡོག་པ་ཅན། །གཞན་དག་རབ་
ཏུ་བསྟན་པར་བྱ། །ཁྱོད་ཀྱི་གདོང་དང་པདྨ་དཀར། །རྒྱས་ཤིང་དྲི་བཟང་ལྡན་པ་སྟེ། །པདྨ་ལ་ནི་བུང་བ་འཁོར། །ཁྱོད་ཀྱི་གདོང་ལ་མིག་རབ་གཡོ། །ཟླ་བ་འདི་ནི་མཁའ་ཡི་རྒྱན། །ངང་པ་འདི་ནི་ཆུ་ཡི་རྒྱན། །མཁའ་འདི་རྒྱུ་སྐར་ཕྲེང་བ་ཅན། །ཆུ་འདི་ཀུ་མུད་རྒྱས་པ་ཅན། །འདིར་ནི་ཟླ་བ་ངང་པ་དག །དཀར་
བ་ཉིད་སོགས་རྟོགས་པ་དང་། །མཁའ་དང་ཆུ་ནི་དག་པ་ཡང་། །རྟོགས་པར་མཚུངས་པའི་དབྱེ་བ་བྱས། །སྔ་མ་ལ་ནི་སྒྲ་ལྡན་མཚུངས། །གཉིས་ཀ་ལ་ཡང་ཐ་དད་དབྱེ། །བུང་བ་མིག་ལ་སོགས་པ་མཚུངས། །དེ་ཕྱིར་མཚུངས་པའི་ལྡོག་པ་ཅན། །རིན་ཅན་སྣང་བས་མི་འཕྲོགས་ཤིང་། །ཉི་མའི་འོད་ཀྱིས་
མི་བཟློགས་པ། །ལང་ཚོ་ལས་བྱུང་ན་ཆུང་གི །མུན་པས་ལྟ་བ་འགོག་པར་བྱེད། །མུན་པའི་རིགས་ལས་མུན་པ་འདི། །ལྟ་བ་འགོག་པ་ཉིད་ཀྱིས་མཚུངས། །གཞན་དག་གིས་ནི་ཐ་དད་བསྟན། །འདི་ནི་རིགས་མཐུན་ལྡོག་པ་ཅན། །རབ་ཏུ་གྲགས་པའི་རྒྱུ་བཟློག་ནས། །གང་ཞིག་རྒྱུ་གཞན་ཅུང་ཟད་དམ། །
གང་དུ་རང་གི་ངོ་བོ་ཉིད། །སྟོན་པ་དེ་ནི་སྲིད་པ་ཅན། །མ་འཐུངས་མྱོས་པའི་ཀཱ་དམྤ། །མ་ཕྱིས་དྲི་མ་མེད་པའི་མཁའ། །དྲུངས་པར་མ་བྱས་དངས་པའི་ཆུ། །འགྲོ་བའི་ཡིད་ནི་འཕྲོག་པར་བྱེད། །སྨན་མ་བསྐུས་པར་དཀར་མིན་མིག །མནན་པ་མིན་པར་སྨིན་མ་དམའ། །ཚོན་མ་བསྐུས་པར་དམར་བ་ནི། །
མཛེས་མ་ཁྱོད་ཀྱི་མཆུ་འདིའོ། །གང་ཕྱིར་མ་འཐུངས་ལ་སོགས་སྐྱེས། །མྱོས་པ་ཉིད་སོགས་རྒྱུ་གཞན་ཅན། །རྒྱུ་མེད་དག་ཀྱང་བརྗོད་འདོད་པ། །དེ་ལ་འདིར་ནི་འགལ་བ་མེད། །བསྒོས་པ་མེད་པར་ཁ་དྲི་ཞིམ། །བཅོས་པ་མེད་པར་ལུས་པོ་མཛེས། །རྒྱུ་མེད་དག་ཏུ་ཟླ་བ་དགྲ། །རྒྱུ་མཚན་མེད་
པར་འདོད་པ་གྲོགས། །བསྒོས་པ་མེད་སོགས་ཚིག་གིས་འདིར། །རྒྱུ་ནི་དངོས་སུ་རབ་བཟློག་ཅིང་། །དྲི་ཞིམ་ཉིད་སོགས་འབྲས་བུ་བརྗོད། །དེ་ཕྱིར་དེ་ནི་སྲིད་པ་ཅན། །དངོས་པོ་འགའ་ལ་བསམ་བྱས་ནས། །དེ་དང་མཚུངས་པའི་དངོས་པོ་གཞན། །བསྡུས་པའི་ཚུལ་གྱིས་རྗོད་བྱེད་པ། །དེ་ནི་བསྡུས་པ་

བརྗོད་པར་འདོད། །བུང་བ་ཇི་ལྟར་འདོད་པ་བཞིན། །པདྨ་རྒྱས་ལ་སྦྲང་རྩི་འཐུངས། །དྲི་ཞིམ་རྒྱས་པ་མ་ཡིན་ཡང་། །མེ་ཏོག་ཁ་མ་བྱེ་སྦྱོར་ལྟོས། །ཆགས་ལྡན་བུད་མེད་དར་མ་ལ། །དགའ་བའི་རྩེ་དགས་བཅིངས་པ་དག །བུ་མོ་འགའ་ཞིག་དག་ལ་ཡང་། །འདོད་པ་འཕེལ་བ་སྟོན་
པར་བྱེད། །ཁྱད་པར་ཅན་ཙམ་ཐ་དད་ཅིང་། །ཁྱད་པར་རྣམ་པ་མཚུངས་པའང་ཡོད། །ཁྱད་པར་ཐ་དད་ཐ་དད་མིན། །འདི་ནི་གཞན་པ་དག་ཀྱང་ཡོད། །རྩ་བརྟན་འབྲས་བུའི་ཁུར་གྱིས་ནི། །སློང་རྣམས་རྟག་ཏུ་རྒྱས་པར་བྱེད། །གྲིབ་མ་སྣུམ་པའི་ལྗོན་པ་ཆེ། །འདི་ནི་བདག་གིས་ཡང་དག་ཐོབ། །
ཡལ་གའི་ཁྱོན་ནི་མི་ཆུང་ཞིང་། །མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །དམ་པའི་གྲིབ་བསིལ་བརྟན་ལྡན་པའི། །ཤིང་འདི་བདག་གི་སྐལ་བས་རྙེད། །གཉིས་ཀ་ལ་ཡང་སྐྱེས་བུ་འགའ། །ལྗོན་པ་ཉིད་ཀྱིས་ཉེ་བར་བསྔགས། །ཆོས་རྣམས་ཐམས་ཅད་སྔ་མ་ལ། །ཐུན་མོང་གཞན་ལ་རྣམ་པ་གཉིས། །
སྤྲུལ་ངན་འགྲོགས་པ་དང་བྲལ་ཞིང་། །རང་བཞིན་གྱིས་ནི་མངར་བའི་ནང་། །ཀྱེ་མ་ཆུ་ཡི་གཏེར་འདི་ནི། །དུས་ཀྱིས་ཡོངས་སུ་སྐམ་པར་གྱུར། །རྒྱ་མཚོ་ལ་ནི་དེ་མཚུངས་པ། །སྐྱེས་བུའི་ལྡོག་པ་གསལ་བྱེད་ཅིང་། །སྔ་མའི་ཆོས་ནི་བཟློག་པའི་ཕྱིར། །འདི་ནི་སྔོན་མེད་བསྡུས་པར་བརྗོད། །ཁྱད་པར་གྱི་ནི་
བརྗོད་འདོད་གང་། །འཇིག་རྟེན་མཚམས་ལས་བརྒལ་གྱུར་པ། །ཕུལ་དུ་བྱུང་བར་བརྗོད་པ་འདི། །རྒྱན་གྱི་དམ་པ་ཡིན་ཏེ་དཔེར། །མལླི་ཀཱ་ཡི་ཕྲེང་ཚོགས་ཅན། །ལུས་ཀུན་ཁྱབ་པའི་ཙནྡན་གཤེར། །དཀར་བའི་གོས་ཅན་སྔོན་འགྲོ་མ། །ཟླ་བའི་འོད་ལ་མཚོན་མ་ཡིན། །ཟླ་བའི་འོད་ནི་ལྷག་པ་ཉིད། །
ཁྱད་འཕགས་ལྡན་བརྗོད་དེ་བཞིན་དུ། །ཐེ་ཚོམ་ཕུལ་བྱུང་ལ་སོགས་ཀྱང་། །གསལ་ཕྱིར་ཅུང་ཟད་བསྟན་པར་བྱ། །དགའ་མ་ཁྱོད་ཀྱི་ནུ་མ་དང་། །དཔྱི་ཡི་བར་ན་རྐང་པ་ནི། །ཡོད་དམ་མེད་ཅེས་བདག་གི་ནི། །ཐེ་ཚོམ་ད་དུང་བཟློག་མ་གྱུར། །ནི་ཏམྦི་ནི་ཁྱོད་ལ་ནི། །རྐེད་པ་ཡོད་ཅེས་ངེས་པར་ནུས། །འོ་མ་
འཛིན་པའི་ཁུར་གནས་པ། །རྣམ་པ་གཞན་དུ་སྲིད་མ་ཡིན། །ཁྱོད་ཀྱི་གྲགས་པའི་ཕུང་པོ་ནི། །དཔག་ནུས་མིན་ཡང་འདིར་ཤོང་བ། །ས་སྐྱོང་སྲིད་པ་གསུམ་གྱི་ནི། །ཁོངས་དག་ཨེ་མ་ཤིན་ཏུ་ཡངས། །རྒྱན་ནི་གཞན་པ་དག་ལས་ཀྱང་། །ངག་གི་དབང་པོས་མཆོད་གྱུར་བ། །ཕུལ་བྱུང་ཞེས་ནི་བརྗོད་པ་

འདི། །གཅིག་པུ་ཉིད་ནི་མཆོག་ཏུ་བརྗོད། །སེམས་ལྡན་དག་གམ་ཅིག་ཤོས་ཀྱི། །རྣམ་པ་གཞན་དུ་གནས་པའི་ཚུལ། །གང་དུ་རྣམ་གཞན་རབ་རྟོགས་པ། །དེ་ནི་རབ་རྟོག་ཏུ་རིག་དཔེར། །ཉིན་གུང་ཉི་མས་གདུངས་པ་ཡི། །གླང་པོ་དག་ནི་མཚོར་འཇུག་པ། །ཉི་མའི་ཕྱོགས་གྱུར་པདྨ་རྣམས། །གཞོམ་
པར་འདོད་པ་ཡིན་ནམ་སྙམ། །ཁྲུས་དང་བཏུང་དང་པད་རྩ་དག །བཟའ་ཕྱིར་ལག་ལྡན་ཆུར་འཇུག་པ། །དེ་ནི་འཁོན་ལན་བླན་ཕྱིར་ཞེས། །སྙན་ངག་མཁན་གྱིས་རབ་བརྟགས་བརྗོད། །འདི་ནི་བདག་གི་རིང་བ་དག །འགོག་བྱེད་རྣ་བའི་རྒྱན་ཞེས་ཏེ། །ཁྱོད་ཀྱི་མིག་གིས་རྣ་བ་ཡི། །ཨུཏྤལ་དག་ལ་
འགོངས་པ་འདྲ། །མིག་ཟུར་ཆར་ནི་ལྷུང་གྱུར་པ། །མིག་གི་འོད་ཀྱིས་ཨུཏྤལ་ལ། །རེག་པ་མིན་ཡང་སྙན་ངག་མཁན། །དེ་ལྟར་རབ་ཏུ་བརྟགས་ཏེ་བརྗོད། །མུན་པ་ལུས་ལ་འབྱུག་པ་བཞིན། །མཁའ་ནི་མིག་སྨན་ཆར་འབེབས་བཞིན། །ཞེས་འདི་ཡང་ངོ་རབ་རྟོག་གི །མཚན་ཉིད་ལྡན་པ་ཤིན་ཏུ་
མང་། །འདིར་ནི་བཞིན་གྱི་སྒྲ་ཡིས་འགའ། །དཔེ་འདི་ཉིད་དུ་འཁྲུལ་པ་བསྐྱེད། །ཏིང་ངའི་མཐའ་ཡིས་དཔེ་མ་ཡིན། །ཞེས་པ་ཡིད་ཆེས་གསུང་བཟླས་ནས། །དཔེ་དང་དཔེར་བྱ་ཉིད་དག་ནི། །མཚུངས་པའི་ཆོས་ལ་ལྟོས་པས་ན། །འབྱུག་པ་དང་ནི་མུན་པ་ལ། །ཆོས་འདི་མངོན་པར་གྱུར་ཏམ་ཅི། །
གལ་ཏེ་འབྱུག་པ་ཉིད་འདོད་ན། །འབྱུག་ཅེས་བྱ་བ་གཞན་པ་ཅི། །དེ་ཉིད་ཆོས་དང་ཆོས་ཅན་ཡང་། །ཞེས་པ་མ་མྱོས་འཆད་མ་ཡིན། །གལ་ཏེ་བྱེད་པ་ངེས་ཡིན་ན། །བྱ་ཚིག་ལ་འདི་དབང་བྲལ་འགྱུར། །རང་གི་བྱ་བསྒྲུབ་མི་ནུས་པ། །གཞན་གྱི་ལྟོས་བྱར་མི་འགྱུར་རོ། །གང་གིས་འབྱུག་པ་འདི་དང་
ནི། །མུན་པ་མཚུངས་ཞེས་སྨྲ་ན་ཡང་། །ལུས་ལ་ཞེས་པ་མ་འབྲེལ་ཏེ། །དེ་ཡང་ཡོན་ཏན་མཚུངས་པ་བལྟ། །དཔེར་ན་ཁྱོད་གདོང་ཟླ་བ་བཞིན། །ཞེས་པས་མཛེས་པ་རྟོགས་འགྱུར་ཏེ། །དེ་བཞིན་འབྱུག་པ་འདི་ལ་ནི། །འབྱུག་པ་ལས་གཞན་རྟོགས་མ་ཡིན། །དེ་ཕྱིར་འབྱུག་པ་འདི་དང་ནི། །མུན་
པ་བྱེད་པོ་ལུས་ཀྱང་ལས། །ཉེ་བར་སྦྱར་དོན་སྐྱེས་བུ་ཡིས། །དེ་ལྟར་རབ་བརྟགས་ཞེས་འདོད་བྱ། །སྙམ་དང་དོགས་དང་ངེས་དང་འདྲ། །མིན་ནམ་ཞེས་པ་ལ་སོགས་པའི། །སྒྲ་ཡིས་རབ་བརྟགས་གསལ་བར་བྱེད། །བཞིན་གྱི་སྒྲ་ཡང་དེ་དང་འདྲ། །རྒྱུ་དང་ཕྲ་མོ་ཆ་དག་ནི། །ཚིག་རྣམས་དག་གི་རྒྱན་གྱི་མཆོག །

རྒྱུ་ནི་བྱེད་པོ་ཤེས་བྱེད་དེ། །དེ་དག་རྣམ་པ་དུ་མ་དཔེར། །མ་ལ་ཡ་ཡི་རླུང་གིས་ནི། །ཙནྡན་ལྗོན་པ་གསར་པ་ཡི། །ཡལ་འདབ་སྐྱོད་པར་བྱེད་པ་འདི། །ཀུན་གྱི་དགའ་བ་སྐྱེད་པར་བྱེད། །དགའ་བ་བསྐྱེད་པར་འོས་པ་ཡི། །རང་བཞིན་ཉེ་བར་སྦྱར་བ་འདི། །རྒྱན་ཉིད་དུ་ནི་རབ་བསྟན་ཏེ། །
ལྡོག་པ་དག་ཀྱང་དེ་དང་མཚུངས། །མ་ལ་ཡ་ཡི་ཆུ་རྒྱུན་ལ། །རེག་ཅིང་ཙནྡན་ནགས་བསྐྱོད་པ། །རླུང་འདི་འགྲོན་པོ་རྣམས་དག་ནི། །ཉམས་པར་བྱེད་ཕྱིར་ཉེ་བར་གནས། །དེ་ལྟར་འབྱུང་བའི་རླུང་གིས་ནི། །འབྲལ་བའི་རིམས་ལས་བྱུང་གྱུར་པ། །ཡིད་འོང་ལ་སྲེད་སྐྱེ་བོ་ལ། །ཉམས་པ་སྒྲུབ་པར་བྱེད་པར་
ནུས། །འགྲུབ་པར་བྱེད་དང་རྣམ་འགྱུར་ལ། །དེ་ཉིད་ལ་ལྟོས་རྒྱུ་ཉིད་དོ། །འཐོབ་པའི་ལས་ལ་ཕལ་ཆེར་ནི། །བྱ་བ་ལ་ལྟོས་རྒྱུ་ཉིད་དོ། །འགྲུབ་པར་བྱེད་པའི་རྒྱུ་དག་ནི། །བསྟན་ཏེ་ལྷག་མ་གཉིས་པོ་ཡི། །དཔེར་བརྗོད་གཉིས་ནི་བཀོད་བྱས་ནས། །ཤེས་པར་བྱེད་པ་བསྟན་པར་བྱ། །ལོ་འདབ་
གསར་འཁྲུངས་ནགས་ཚལ་དང་། །འདབ་བརྒྱ་རབ་ཏུ་རྒྱས་པའི་རྫིང་། །ཟླ་བ་རྒྱས་པ་འདོད་པ་ཡིས། །འགྲོན་པོ་ལྟ་བའི་དུག་ཏུ་བྱས། །ཁེངས་པ་གོམས་པར་བྱའོ་ཞེས། །གྲོགས་མོ་མཛའ་བའི་གནས་བཀོད་ལ། །བུ་མོ་སྨིན་འཁྱོག་མིག་ཡོན་གྱིས། །མཆུ་ནི་གཡོ་ཞིང་ལྟ་བར་བྱེད། །ཉི་མ་ནུབ་
གྱུར་ཟླ་བ་མཛེས། །འདབ་ཆགས་རྣམས་ནི་གནས་སུ་སོང་། །ཞེས་པ་འདི་ཡང་དུས་ཀྱི་སྐབས། །གོ་བར་བྱེད་པ་ལེགས་པ་ཉིད། །གྲོགས་མོ་འདོད་པས་གཟིར་བའི་ཡིད། །ཟླ་བའི་འོད་ཀྱིས་མི་བཟློགས་ཤིང་། །ཙནྡན་ཆུ་ཡིས་མི་བཟོད་པ། །ལུས་ཀྱི་དྲོད་ཀྱིས་གདུང་བར་འཛིན། །ཞེས་པའི་སྦྱོར་བ་
རྣམས་ལ་ནི། །ཡིད་འོང་ཤེས་བྱེད་རྒྱུ་དག་མཚོན། །དངོས་མེད་རྒྱུ་ནི་ཡིད་འཕྲོག་པ། །འགའ་ཞིག་རབ་ཏུ་བསྟན་པར་བྱ། །རིག་པ་རྣམས་ནི་མ་གོམས་དང་། །བློ་ལྡན་རྣམས་དང་མ་འགྲོགས་དང་། །དབང་པོ་རྣམས་ནི་མ་བསྡམས་པས། །མི་རྣམས་རབ་ཏུ་གདུང་བར་འགྱུར། །འདོད་པའི་གཏམ་
གྱིས་མྱོས་པ་སོང་། །ལང་ཚོ་ཡི་ནི་རིམས་དག་ཉམས། །རྨོངས་པ་ཟད་ཅིང་སྲེད་པ་འཕོས། །བསོད་ནམས་གནས་ལ་ཡིད་དགའ་བྱས། །ནགས་ཚལ་འདི་དག་ཁྱིམ་མ་ཡིན། །ཆུ་ཀླུང་འདི་དག་བུད་མེད་མིན། །རི་དགས་འདི་དག་བུ་ཚ་མིན། །དེ་ཕྱིར་བདག་ནི་ཡིད་དགའོ། །ཤིན་ཏུ་མ་བརྟགས་སྤྱོད་

པ་ནི། །འཕགས་པ་རྣམས་ལ་ཡོད་མ་ཡིན། །དེ་ཕྱིར་དེ་དག་རྣམས་ཀྱི་ནི། །ཕུན་ཚོགས་ཐམས་ཅད་རྟག་ཏུ་འཕེལ། །སྐྱེད་ཚལ་ས་ཧཱ་ཀཱ་ར་རྣམས། །སྙེ་མ་མ་འཁྲུངས་པ་མིན་ན། །འགྲོན་པོ་རྣམས་ཀྱི་བུད་མེད་ནི། །ཏིལ་བཅས་ཁྱོར་ཆུ་སྦྱིན་བྱར་འགྱུར། །ཡོད་དང་མེད་པའི་རང་བཞིན་གྱི། །
འབྲས་བུ་སྐྱེད་པ་དག་ལ་འདིར། །སྔར་མེད་ལ་སོགས་རང་བཞིན་གྱི། །དངོས་པོ་ཡི་ནི་རྒྱུ་ཉིད་དོ། །རིང་འབྲས་དེ་དང་ལྷན་ཅིག་སྐྱེས། །དེ་བཞིན་འབྲས་མ་ཐག་སྐྱེས་དང་། །རིགས་མིན་རིགས་པ་བྱེད་ཅེས་པ། །མཚར་བའི་རྒྱུ་རྣམས་གྲངས་མེད་དོ། །འདི་རྣམས་སྦྱོར་བའི་ལམ་རྣམས་ལ། །བཏགས་པའི་
འཇུག་པ་ལ་བརྟེན་པ། །ཤིན་ཏུ་མཛེས་པ་དག་མཐོང་སྟེ། །དེ་ཡི་དཔེར་བརྗོད་ཇི་ལྟར་ན། །ལུས་ཅན་ཁྱོད་མིག་ཟུར་ཅེས་པ། །རྒྱལ་བྱེད་ལུས་མེད་དག་གི་མཚོན། །གང་དེ་གཞན་ལ་རབ་འཕངས་པ། །དེ་ཡིས་བདག་གི་ཡིད་ཀྱང་བཅོམ། །སྐྱེས་བུ་ལུས་སྐྱེས་ཀྱིས་མྱོས་པའི། །རྣམ་འཕྲུལ་སྣ་ཚོགས་
ལྷན་ཅིག་ཉིད། །བུད་མེད་རྣམས་ལ་བུ་མོ་ནི། །ཡོངས་སུ་ནུབ་པའི་ན་ཚོད་སྐྱེས། །སྔར་ཉིད་རི་དགས་མིག་ཅན་མའི། །ཆགས་པའི་རྒྱ་མཚོ་རྒྱས་པར་གྱུར། །ཕྱིས་ནས་འོད་ཟེར་རབ་འཕྲོ་བས། །ཟླ་བ་ཡི་ནི་དཀྱིལ་འཁོར་ཤར། །ལྷ་གཅིག་ཁྱོད་ཀྱི་ཞབས་གཉིས་པོ། །དམར་བའི་ཉི་གཞོན་ལ་རེག་
པས། །རྒྱལ་པོ་རྣམས་ཀྱི་ལག་པ་ཡི། །པདྨ་ཟུམ་པར་བྱེད་པ་ཅི། །ཁྱོད་ཀྱི་ཞབས་སེན་ཟླ་བ་ཡི། །འོད་ཟེར་ཀུནྡ་དྲི་མེད་རྣམས། །ས་སྐྱོང་རྣམས་ཀྱི་ལག་པ་ཡི། །པདྨ་ཟུམ་པར་བྱེད་ལ་དབང་། །ཞེས་པ་རྒྱུ་ཡི་རྣམ་རྟོག་རྣམས། །ལུགས་ནི་འདི་འདྲ་དག་ཏུ་བསྟན། །ཟུར་དང་རྣམ་པས་མཚོན་པའི་དོན། །ཕྲ་
ཕྱིར་ཕྲ་མོ་ཞེས་པར་བརྗོད། །ནམ་ཞིག་འུ་ཅག་འགྲོགས་འགྱུར་ཞེས། །ཚོགས་སུ་བརྗོད་པར་མ་བཟོད་པའི། །མཛའ་བོ་རིག་ནས་བུད་མེད་ཀྱིས། །རྩེ་དགའི་པདྨ་ཟུམ་པར་བྱེད། །ལུས་སྐྱེས་དག་གིས་གཟིར་བ་ཡི། །མཛའ་བོ་དབུགས་དབྱུང་འདོད་པ་ཡིས། །པདྨ་ཟུམ་པར་བྱས་པ་ལས། །འདིར་ནི་མཚན་
མོ་འགྲོགས་པ་བསྟན། །གླུ་ཡི་འདུན་སར་ཁྱོད་ལ་མིག །གཏད་པ་དེ་གདོང་ཆུ་སྐྱེས་ལ། །དམར་ཞིང་གསལ་བ་རྒྱས་པ་ཡི། །མཛེས་པ་ཅི་ཡང་བྱུང་བར་གྱུར། །འདིར་ཡང་རང་བཞིན་མ་བརྗོད་པར། །དགའ་བའི་དགའ་སྟོན་འདོད་པ་དག །ངེས་པར་གནས་པ་ཉིད་གྱུར་པ། །ཕྲ་མོ་ཉིད་ལས་བརྒལ་མ་ཡིན། །

ཆ་ནི་ཆ་ཡི་དངོས་པོ་ཡི། །རང་བཞིན་ངེས་པར་གསལ་བ་སྒྲིབ། །དཔེར་བརྗོད་ཉིད་ཀྱིས་འདི་ཡི་ནི། །རང་བཞིན་ངེས་པར་གསལ་བར་བྱ། །རྒྱལ་པོའི་བུ་མོ་ལ་ཆགས་བདག །སྤུ་ལོང་རྒྱས་པ་སྲུང་བ་པོས། །རིག་པར་གྱུར་ལ་ཀྱེ་མ་ཚལ། །བསིལ་བའི་རླུང་ལྡན་ཡིན་པར་ཤེས། །ཅི་ལྟར་
བུ་མོ་མཐོང་ཉིད་ན། །བདག་ལ་དགའ་བའི་མཆི་མ་བྱུང་། །རླུང་གིས་གཙུབས་པའི་མེ་ཏོག་གི །རྡུལ་གྱིས་བདག་མིག་སུན་ཕྱུང་ངོ་། །ཞེས་པ་ལ་སོགས་སྐབས་སུ་ནི། །རྒྱན་འདི་ཤིན་ཏུ་མཛེས་པ་ཡིན། །ཁ་ཅིག་ཆ་ལ་སྨད་པའམ། །བསྟོད་པར་བྱས་ལ་ཆ་ཞེས་བརྗོད། །གང་ཡིད་གཡུལ་གྱི་དགའ་
སྟོན་ལ། །འདོད་པའི་དགའ་སྟོན་ལས་ཀྱང་ཆགས། །གཟི་ལྡན་ལང་ཚོ་ཡོན་ཏན་ཅན། །རྒྱལ་འདི་ཁྱོད་ཀྱི་བདག་པོར་འོས། །བརྩོན་འགྲུས་ཁྱད་འཕགས་བསྟོད་པ་འདིར། །སྨད་པ་ཉིད་དེ་ལོངས་སྤྱོད་ལ། །རྒྱུན་དུ་སྤྱོད་འདོད་བུ་མོ་ཡི། །བསམ་པ་དག་ནི་བཟློག་པར་ནུས། །གནོད་པ་རབ་གཞིལ་ཉིད་ཀྱི་
ཕྱིར། །གང་གིས་སྙན་པར་སྨྲ་བ་བསླབ། །སྐྱེ་བོ་འདི་ནི་བརྩེ་མེད་གཡོ། །གྲོགས་མོ་དེ་ཡིས་བདག་ལ་ཅི། །སྐྱེ་བོ་གྲོགས་མོས་རབ་བསྟན་ཁེངས། །ཆགས་ཕྱིར་བྱེད་པར་མ་ནུས་ནས། །སྐྱོན་ལྟར་སྣང་བས་ཡོན་ཏན་གང་། །སྙན་པར་སྨྲ་བ་ཉིད་ཀྱང་བསྟན། །དངོས་པོ་རབ་ཏུ་བསྟན་པ་རྣམས། །རིམ་པ་བཞིན་དུ་
རྗེས་སྟོན་པ། །གྲངས་དང་རིམ་པ་བཞིན་ཞེས་པ། །གྲངས་བཞིན་ཞེས་པར་རབ་ཏུ་བརྗོད། །ཁྲུས་ལ་ཆུར་ནི་རབ་ཞུགས་མ། །ཁྱོད་ཀྱི་འཛུམ་མིག་གདོང་མཛེས་ནི། །ཀུ་མུད་ཨུཏྤལ་པདྨ་ཡིས། །བསྐུས་པར་ངེས་སོ་གཟུགས་ཅན་མ། །དགའ་བ་མཆོག་ཏུ་དགའ་བར་བརྗོད། །ཉམས་ལྡན་ཡིད་འོང་ཉམས་
དང་ལྡན། །གཟི་བརྗིད་ང་རྒྱལ་སྐྱེས་པ་སྟེ། །དེ་གསུམ་ཁྱད་འཕགས་དག་དང་ལྡན། །གོ་བིནྡ་ཁྱོད་ཁྱིམ་འོངས་པ། །དེང་བདག་དགའ་བ་སྐྱེས་པ་གང་། །དགའ་བ་འདི་ནི་སླར་ཡང་ཁྱོད། །དུས་ཀྱི་འོངས་ན་འབྱུང་བར་འགྱུར། །དེ་འདྲའི་དགའ་བ་བི་དུ་རས། །གཞན་ལས་མིན་ཞེས་རིགས་པར་སྨྲ། །དེ་ལ་
གུས་པ་ཙམ་གྱིས་ནི། །རབ་བརྟན་འཕྲོག་བྱེད་ཤིན་ཏུ་དགེས། །ཟླ་བ་ཉི་མ་རླུང་ས་མཁའ། །སྦྱིན་སྲེག་བྱེད་དང་མེ་དང་ཆུ། །ཞེས་པའི་གཟུགས་རྣམས་རབ་འདས་ནས། །ལྷ་ཁྱོད་ལྟ་བར་ངེད་ཀྱིས་ཅི། །མངོན་སུམ་བྱས་པའི་ལྷ་ལ་ནི། །རྒྱལ་པོ་དགའ་བའི་གོ་ཆ་ཡིས། །དགའ་བ་རབ་ཏུ་གསལ་བྱས་གང་། །

དེ་ཡང་དགའ་བར་རྗེས་རྟོགས་བྱ། །ཤི་བ་ཞེས་པ་ཕ་རོལ་དུ། །གང་དང་འགྲོགས་ཕྱིར་བདག་འཆི་འདོད། །ཨ་བནྟི་དེ་བདག་གིས་ནི། །སྐྱེ་འདི་ཉིད་ལ་ཅི་ལྟར་འཐོབ། །དགའ་བ་ཉིད་ནི་སྔར་བསྟན་ཏེ། །དགའ་བ་སྒེག་པ་ཉིད་འགྱུར་འདི། །གཟུགས་མང་དག་དང་ལྡན་པས་ན། །འདི་ནི་ཉམས་དང་ལྡན་
པའི་ཚིག །གང་གིས་ནག་མོ་བདག་མདུན་ནས། །སྐྲ་ནས་བཟུང་སྟེ་དྲངས་གྱུར་པ། །བསྟེན་དཀའ་སྡིག་ཅན་ཐོབ་པ་འདི། །སྐད་ཅིག་འཚོ་བར་འགྱུར་རམ་ཅི། །ཞེས་པ་འཇིགས་སྡེ་དགྲ་དག་ལ། །ལྟ་བའི་ཁྲོ་བ་མཆོག་གི་མཐར། །འཛེགས་པ་དྲག་པོའི་བདག་ཉིད་འགྱུར། །འདི་ནི་རོ་དང་
ལྡན་པའི་ཚིག །མཚོར་བཅས་ས་ལས་མ་རྒྱལ་ཞིང་། །རྣམ་མང་མཆོད་སྦྱིན་མ་བྱས་ལ། །སློང་ལ་ནོར་རྣམས་མ་སྦྱིན་པར། །ས་སྐྱོང་དུ་བདག་ཅི་ལྟར་འགྱུར། །ཞེས་པ་སྤྲོ་བ་ཁྱད་འཕགས་དག །དཔའ་བོའི་ཉམས་ཀྱི་བདག་ཉིད་གནས། །ཉམས་ལྡན་ཉིད་དུ་ནུས་པ་ལ། །ཚིག་འདི་དག་ནི་
དབང་བ་ཡིན། །ལུས་འཇམ་གང་ལ་པདྨ་ཡི། །མལ་སྟན་དག་ཀྱང་རྩུབ་བྱེད་ན། །ལྷ་མོ་དེ་ནི་རོ་ཁང་དག །སྲེག་ཟ་ལྡན་པར་ཇི་ལྟར་ཉལ། །ཞེས་པ་སྙིང་རྗེ་རྒྱས་པ་ཡི། །རྒྱན་ཉིད་དུ་ནི་རབ་ཏུ་བཤད། །དེ་བཞིན་གཞན་ཡང་ངམ་པ་དང་། །བཞད་གད་རྨད་བྱུང་འཇིགས་རུང་ངོ་། །རྒྱུ་མས་བརྒྱན་
པའི་སྲིན་པོ་རྣམས། །མགོ་མེད་རོ་དང་ལྷན་ཅིག་ཏུ། །ལག་པ་སྦྱར་བས་ཁྱོད་དགྲའི་ཁྲག །འཐུང་ཞིང་འཐུང་ཞིང་གར་བྱེད་དོ། །གྲོགས་མོ་མེ་ཏོག་མ་རྙིངས་མ། །ཁྱོད་ཀྱི་ནུ་མའི་ངོས་ལ་ནི། །སེན་རྗེས་གསར་པ་ཆགས་པ་འདི། །སྟོད་གཡོགས་ཀྱིས་ནི་སྒྲིབ་པར་མཛོད། །དགའ་ཚལ་ལྗོན་
པ་འདི་རྣམས་ཀྱི། །འདབ་མ་གསར་པ་གོས་བཟང་དང་། །མེ་ཏོག་དོ་ཤལ་ལ་སོགས་རྒྱན། །ཡལ་འདབ་ཁང་པར་གྱུར་པ་མཚར། །རྩེ་མོ་དག་ལ་མེ་གནས་པ། །བརྒྱ་བྱིན་གྱི་ནི་རྡོ་རྗེ་གང་། །འདི་ནི་དྲན་ན་ལྷ་མིན་གྱི། །བུད་མེད་མངལ་ནི་ལྷུང་བར་བྱེད། །སྙན་པ་གྲོང་བ་ཉིད་མིན་སྐྱེས། །བརྗོད་བྱ་
ཡི་ནི་ཉམས་དག་བསྟན། །འདིར་ནི་ཉམས་བརྒྱད་དབང་བྱས་ཏེ། །ཚིག་རྣམས་ཉམས་དང་ལྡན་པར་བཤད། །བདག་ནི་གནོད་པ་བྱེད་པོ་ཞེས། །ཁྱོད་ཀྱི་སྙིང་ལ་འཇིགས་མ་བྱེད། །བདག་གི་རལ་གྲིས་ཕྱིར་ཕྱོགས་རྣམས། །ནམ་ཡང་གཞོམ་པར་འདོད་མ་ཡིན། །ཞེས་པ་སྐྱེས་བུ་དྲེགས་ལྡན་འགས། །

གཡུལ་དུ་གཞན་ནི་བཀག་བྱས་ནས། །གཏོང་བ་དེ་ལྟ་བུ་ལ་སོགས། །གཟི་བརྗིད་ལྡན་པ་ཤེས་པར་བྱ། །འདོད་དོན་དངོས་སུ་མ་བརྗོད་པར། །དེ་ཉིད་འགྲུབ་པར་བྱ་བའི་ཕྱིར། །རྣམ་པ་གཞན་དག་བརྗོད་པ་གང་། །དེ་ནི་རྣམ་གྲངས་བརྗོད་པར་འདོད། །ས་ཧཱ་ཀཱ་རའི་སྙེ་མ་རྣམས། །
གཞན་གྱི་གསོས་འདིས་ཟ་བར་བྱེད། །དེ་ནི་བདག་གིས་བཟློག་པར་བགྱི། །ཁྱེད་གཉིས་དལ་གྱིས་འདུག་པར་མཛོད། །གྲོགས་མོ་སྐྱེས་ཕྲན་ཕྲད་བྱས་ནས། །དེ་དག་དུས་སར་དགའ་བ་ཡི། །དགའ་སྟོན་བསྒྲུབ་ཏུ་གཞུག་འདོད་པས། །འགའ་ཞིག་དེ་ནས་སོང་བར་གྱུར། །བྱ་བ་འགའ་ཞིག་རྩོམ་པ་
ལ། །སྐལ་པ་ཡི་ནི་སྟོབས་ལས་ཀྱང་། །དེ་ཡི་སྒྲུབ་བྱེད་ཕུན་ཚོགས་གང་། །དེ་ནི་ཀུན་དུ་ཕན་པར་བརྗོད། །ཁེངས་པ་གཞོམ་ཕྱིར་དེ་ཡི་ནི། །རྐང་པ་དག་ལ་ཕྱག་འཚལ་བ། །བདག་ལ་ཕན་ཕྱིར་སྐལ་པ་ཡི། །འབྲུག་གི་སྒྲ་ནི་གྲགས་པར་གྱུར། །བསམ་པའམ་ནི་འབྱོར་བ་ཡི། །ཆེན་པོ་ཉིད་ནི་བླ་མེད་གང་། །
དེ་ནི་རྒྱ་ཆེ་ཞེས་པ་ཡི། །རྒྱན་དུ་མཁས་པ་རྣམས་ཀྱིས་བརྗོད། །རཱ་མ་ཎ་ཡི་མགོ་གཅོད་པའི། །བྱ་བའི་ཁུར་ཡང་བཟོད་པ་གང་། །རཱ་གྷུའི་བུ་དེས་བླ་མ་ཡི། །བཀའ་ལས་འདའ་བར་ནུས་མ་གྱུར། །རིན་ཆེན་རྩིག་པ་ལས་འཕོས་པའི། །གཟུགས་བརྙན་བརྒྱ་ཡིས་བསྐོར་གྱུར་པ། །ལངྐའི་དབང་ཕྱུག་
དེ་ཁོ་ན། །ཨཉྫ་ན་བུས་དཀའ་བས་ཤེས། །སྔ་མར་བསམ་པའི་བདག་ཉིད་ཆེ། །འདིར་ནི་མངོན་པར་འབྱོར་པ་བརླིང་། །རྒྱ་ཆེ་གཉིས་པོ་འདི་དག་ཀྱང་། །རབ་ཏུ་གསལ་བར་མཚོན་པ་ཡིན། །བསྙོན་དོར་དག་ནི་བསྙོན་བྱས་ནས། །དོན་གཞན་ཅུང་ཟད་སྟོན་པ་སྟེ། །འདོད་པ་དག་ནི་མདའ་ལྔ་པ། །མ་ཡིན་སྒྲོ་
ལྡན་སྟོང་ཕྲག་ཡོད། །ཙནྡན་ཟླ་འོད་དལ་བུ་ཡི། །ལྷོ་ཕྱོགས་དྲི་ཡི་བཞོན་པ་འདི། །མེ་ཡི་རང་བཞིན་སྤྲོ་བ་སྟེ། །གཞན་གྱི་ངོར་ནི་བསིལ་ཞེས་གྲགས། །འདོད་ལྡན་གྱིས་ནི་གཞན་ལ་དེ། །བསིལ་བ་ཁས་བླངས་བདག་ཉིད་ལ། །ཚ་བ་ཉིད་དུ་རབ་བསྟན་ཕྱིར། །འདི་ནི་ཡུལ་ལ་བསྙོན་པའོ། །བདུད་རྩི་ཟགས་
པའི་འོད་ཟེར་ཅན། །ཟླ་བ་ཞེས་པར་བདག་ཅག་འདོད། །དོན་གྱི་བདག་ཉིད་འདི་ནི་གཞན། །དུག་ཟག་ཟེར་དང་ལྡན་པ་ཉིད། །ཅེས་པ་ཟླ་བའི་ཟླ་བ་ཉིད། །བཟློག་ནས་དོན་གཞན་བདག་ཉིད་ནི། །འདོད་པས་གཟིར་བས་བརྗོད་པའི་ཕྱིར། །འདི་ནི་རང་བཞིན་བསྙོན་དོར་རོ། །བསྙོན་དོར་དེས་ནི་སྔར་ཉིད་དུ། །

དཔེར་བརྗོད་རྣམས་ལ་རབ་བསྟན་ཏོ། །འདི་ཡི་བསྙོན་དོར་དབྱེ་བ་རྣམས། །མཚོན་བྱ་དག་ལ་རྒྱ་ཆེར་མཚོན། །སྦྱར་བ་གཟུགས་གཅིག་ལྡན་པའི་ཚིག །དུ་མའི་དོན་ཅན་ཉིད་དུ་འདོད། །དེ་ཚིག་ཐ་དད་མིན་པ་དང་། །ཐ་དད་ཚིག་འདྲ་རྣམ་པ་གཉིས། །ཨུ་ད་ཡ་གནས་མཛེས་པ་ཅན། །དཀྱིལ་འཁོར་ལ་
ཆགས་རྒྱལ་པོ་འདི། །མྲྀ་དུ་ཀ་རཿའཇིག་རྟེན་གྱི། །ཡིད་ནི་རབ་ཏུ་འཕྲོག་པར་བྱེད། །རྒྱལ་རིགས་ལམ་ལ་མི་གནས་པ། །རྒྱལ་པོ་སྐྱོན་གྱི་འབྱུང་གནས་དང་། །བསྡོངས་ནས་སྐྱོན་མང་དག་གིས་བདག །དགའ་མེད་འདི་ལྟར་ཅིས་མ་མནར། །རྒྱུ་སྐར་ལམ་ལ་རབ་གནས་པ། །མཚན་མོར་བྱེད་པ་དང་
བསྡོངས་ནས། །སྲོད་ལ་ཡིས་ནི་བདག་འདི་ལྟར། །དགའ་བ་མེད་པར་ཅིས་མ་མནར། །དཔེ་དང་གཟུགས་ཅན་འགོག་པ་དང་། །ལྡོག་པ་ཅན་སོགས་སྤྱོད་ཡུལ་ཅན། །སྦྱོར་བ་གང་དུ་བསྟན་ཟིན་ཏེ། །གཞན་པ་འགའ་ཞིག་བསྟན་པར་བྱ། །འགའ་ཞིག་བྱ་བ་ཐ་དད་མིན། །གཞན་པ་བྱ་བ་འགལ་མིན་
ཡོད། །འགལ་བའི་ལས་ཅན་དག་ཀྱང་གཞན། །སྦྱར་བ་དེས་པ་ཅན་ཡང་ཡོད། །ངེས་པ་འགོག་པའི་གཟུགས་བརྗོད་དང་། །འགལ་མེད་འགལ་བ་ཅན་ཡང་སྟེ། །དེ་དག་རྣམས་ཀྱི་རང་བཞིན་ཡང་། །དཔར་བརྗོད་དག་ལས་གསལ་པར་འགྱུར། །འཁྱོག་ཅིང་ཡིད་འོང་རང་བཞིན་ཅན། །ཆགས་པ་
གསལ་བར་སྟོན་བྱེད་མ། །མཛེས་མས་བསྐུལ་བའི་མིག་དང་ནི། །ཕོ་ཉ་མོས་ཀྱང་མཛའ་བོ་འགུགས། །ཡིད་འོང་ཆགས་པ་འཕེལ་བར་བྱེད། །འཇམ་ཞིང་མྱོས་པའི་གདངས་སྙན་ཅན། །ཁུ་བྱུག་སྒྲ་ནི་ཐོས་གྱུར་ཏེ། །དཀར་མིན་མིག་ཅན་དག་ལ་འཁྱུད། །ཆུ་མ་དང་སྦྱོར་འཕེལ་བ་ཡི། །དམར་བ་རབ་ཏུ་
སྟོན་བྱེད་ཅིང་། །ཚ་ཟེར་ཅན་ནི་ནུབ་གྱུར་ཏེ། །ལུས་སྐྱེས་དག་ནི་རྣམ་པར་རྒྱས། །རལ་གྲི་ཉིད་ལ་ནིསྟྲིཾ་ཤ །གཞུ་ཉིད་ལ་ནི་འཁྱོག་པོ་ཉིད། །མི་བདག་འདི་ཡི་མཱ་རྒ་ཎ། །མདའ་རྣམས་ཉིད་ལ་གནས་པ་ཡིན། །ཁྱོད་ཀྱིས་བསྲུངས་ལ་ཚེར་མ་ནི། །པདྨའི་ཡུ་བ་ཉིད་ལ་མཐོང་། །འོན་ཀྱང་ཆགས་ཅན་
འཁྲིག་པ་ལ། །འཁྱུད་པར་གྱུར་པ་རྣམས་ལའང་མཐོང་། །ས་འཛིན་ཀ་ཊ་ཀ་མང་ཞིང་། །གཟི་བརྗིད་ལྡན་པ་དེས་པར་དར། །མཁས་པ་སྐྱེ་དགུའི་བདག་འབྱུང་སྟེ། །རྗེ་བོ་ནུས་པ་འཛིན་ཡང་དེ། །ཉམས་མེད་ཡིན་ཡང་ཆོས་སྦྱོང་མིན། །རྒྱལ་པོ་ཡིན་ཡང་ཟད་མི་ཤེས། །བདེ་བྱེད་ཡིན་ཡང་ལག་

འགྲོ་མེད། །ལྷ་ཉིད་ཡིན་ཡང་རྣམ་སད་མིན། །ཁྱད་པར་རབ་ཏུ་བསྟན་པའི་ཕྱིར། །ཡོན་ཏན་རིགས་དང་བྱ་བ་སོགས། །གང་དུ་མ་ཚད་ཉིད་བསྟན་པ། །དེ་ནི་ཁྱད་པར་བརྗོད་པར་འདོད། །མེ་ཏོག་གཞུ་ཅན་དག་གི་མཚོན། །རྩུབ་པ་མ་ཡིན་རྣོ་བའང་མིན། །དེ་ལྟར་ན་ཡང་འདི་ཡིས་ནི། །
ས་གསུམ་དག་ལས་རྒྱལ་བར་འགྱུར། །འདི་དག་ལྷ་ཡི་བུ་མོ་མིན། །དྲི་ཟའི་རིགས་ལས་བྱུང་བའང་མིན། །དེ་ལྟ་མོད་ཀྱི་ཚངས་པའི་ཡང་། །དཀའ་ཐུབ་གཞོམ་པ་བསྒྲུབ་པར་ནུས། །ཁྲོ་གཉེར་དག་ནི་མ་བསྡུས་ཤིང་། །སོ་ཡི་གཡོགས་ཀྱང་མ་བསྐྱོད་ལ། །མིག་ཀྱང་དམར་པོར་མ་གྱུར་པ། །དགྲ་
ཡི་རིགས་ནི་ཉམས་པར་བྱེད། །ཤིང་རྟ་མེད་ཅིང་གླང་པོའང་མེད། །རྟ་མེད་རྐང་ཐང་མེད་པར་ཡང་། །ཟུར་མིག་ཉིད་ཀྱིས་བུད་མེད་རྣམས། །འགྲོ་བ་གསུམ་པོ་དག་ལས་རྒྱལ། །ཤིང་རྟ་འཁོར་ལོ་གཅིག་པ་དང་། །ཁ་ལོ་པ་ཉམས་རྟ་མི་མཉམ། །དེ་ལྟ་ན་ཡང་གཟི་བྱིན་ཅན། །ཉི་མས་འགྲོ་བ་
གསུམ་པོ་མནན། །གཟི་བྱིན་ཅན་ཞེས་ཁྱད་པར་ལས། །འདིར་ནི་རྒྱུ་ཡི་ཁྱད་པར་བརྗོད། །རིམ་པ་འདི་ཡིས་གཞན་གྱི་ནི། །དབྱེ་བ་རྣམས་ཀྱང་བརྟག་པར་བྱ། །བརྗོད་འདོད་ཡོན་ཏན་ཁྱད་འཕགས་དང་། །མཚུངས་པར་བྱས་ནས་འགའ་ཞིག་ནི། །བསྟོད་སྨད་དོན་དུ་བསྒྲགས་པ་གང་། །དེ་ནི་མཚུངས་
པར་སྦྱོར་བ་བཤད། །གཤིན་རྗེ་ལུས་ངན་ཆུ་ལྷ་དང་། །མིག་སྟོང་པ་དང་ཁྱོད་ཉིད་ཀྱང་། །འཇིག་རྟེན་སྐྱོང་བ་ཞེས་པའི་སྒྲ། །ཡུལ་གཞན་མེད་པར་རྣམ་པར་འཛིན། །རི་དགས་མིག་དང་འགྲོགས་པ་དང་། །གློག་གི་རྩེ་དགའ་དག་དང་ནི། །སྤྲིན་གྱི་རྩོམ་པའང་རང་བཞིན་གྱིས། །སྐད་ཅིག་
གཉིས་པར་མི་གནས་སོ། །འགལ་ཟླ་སྒྲུབ་བྱེད་སླད་དུ་ནི། །གང་དུ་དངོས་པོ་འགལ་བ་རྣམས། །ཡང་དག་འགྲོགས་པར་རབ་བསྟེན་པ། །དེ་ནི་འགལ་བ་བཤད་དེ་དཔེར། །ངང་པའི་རྒྱལ་པོ་རྣམས་དག་ནི། །མྱོས་པའི་གདངས་སྙན་ཅ་ཅོ་འཕེལ། །རྨ་བྱ་རྣམས་ཀྱི་སྒྲ་དག་ནི། །ཡིད་འོང་ཉིད་
དང་བྲལ་བས་ཉམས། །དབྱར་སྐྱེས་ཆུ་འཛིན་དག་གིས་ནི། །ནམ་མཁའ་ཡུལ་ངན་ལྟ་བུར་སྤྱོད། །ཆགས་པ་ཡིས་ཀྱང་འགྲོ་བ་ཡི། །ཡིད་ནི་ཀུན་དུ་ཆགས་པར་གྱུར། །རྐེད་པ་ཕྲ་ཞིང་རོ་སྨད་སྦོམ། །མཆུ་དམར་མིག་ནི་དཀར་བ་མིན། །ལྟེ་བ་དམའ་ཞིང་ནུ་མ་མཐོ། །བུད་མེད་ལུས་ཀྱིས་སུ་

མ་བཅོམ། །པད་རྩའི་ལག་པ་ཆུ་ཤིང་བརླ། །པདྨའི་གདོང་དང་ཨུཏྤལ་མིག །ཁྱོད་ཀྱི་གཟུགས་ཀྱིས་བདག་ཅག་རྣམས། །གདུང་ནུས་མིན་ནམ་ལུས་ཅན་མ། །སྐྱེད་ཚལ་རླུང་གིས་རབ་བསྐྱོད་པ། །ཙཱུཏ་ཙམ་པ་ཀ་ཡི་རྡུལ། །རེག་པ་མིན་ཡང་འགྲོན་པོ་ཡི། །མིག་ལས་མཆི་མ་འཛག་པར་བྱེད། །སྙན་
པར་སྒྲོགས་མ་ཁྱོད་ཀྱི་མིག །ནག་དཀར་རྗེས་སུ་དམར་བ་ཡང་། །རྣ་བ་དག་ལ་བརྟེན་པ་ནི། །སུ་ཡི་ཡིད་བརྟན་ཉིད་དུ་འགྱུར། །ནག་མོ་སྙན་སྒྲོགས་ཁྱོད་ཀྱི་མིག །སྲིད་སྒྲུབ་ལ་ཆགས་ལྟ་བྱེད་ཀྱང་། །རྣ་ཅན་དག་ལ་བརྟེན་པ་ནི། །སུ་ཡིས་ཡིད་བརྟན་ཉིད་དུ་འགྱུར། །དེ་ལྟར་རྒྱན་འདི་རྣམ་པ་ནི། །དུ་མ་ཉིད་དུ་རབ་
རྟོགས་བྱ། །སྐབས་མིན་འདོད་པས་བསྟོད་པ་ནི། །སྐབས་སུ་མ་བབ་བསྟོད་པ་ཡིན། །གཞན་མི་བསྟེན་པའི་རི་དགས་རྣམས། །འབད་མེད་རྙེད་པར་སླ་བའི་ནོར། །ཆུ་དང་རྩྭ་ཡི་མྱུག་སོགས་ཀྱིས། །ནགས་རྣམས་སུ་ནི་བདེ་བར་འཚོ། །རྒྱལ་པོའི་རྗེས་འབྲང་ཉོན་མོངས་པ། །སྐྱོ་བའི་ཡིད་དང་ལྡན་པ་ཡིས། །
སྐབས་སུ་མ་བབ་ཉིད་དུ་འདིར། །རི་དགས་སྤྱོད་ཚུལ་འདི་དག་བསྔགས། །གལ་ཏེ་སྨད་པ་བཞིན་བསྟོད་ནས། །སྐྱོན་ལྟར་སྣང་བའི་ཡོན་ཏན་ཉིད། །གང་དུ་ཉེ་བར་ཐོབ་གྱུར་པ། །འདི་ནི་ཟོལ་གྱིས་བསྟོད་པ་བཤད། །རཱ་མ་དཀའ་ཐུབ་པ་ཡིས་ཀྱང་། །འབྱུང་པོའི་འཛིན་མ་འདི་ལས་རྒྱལ། །དེ་ཉིད་རྒྱལ་པོ་ཁྱོད་ཀྱིས་
ཀྱང་། །འདི་ལ་ཁྱོད་ནི་རྒྱགས་མ་མཛད། །སྔོན་གྱི་སྐྱེས་བུ་ལས་བཅད་ནས། །དཔལ་འདི་ཁྱོད་ཀྱིས་ཡོངས་སུ་སྤྱོད། །རྒྱལ་པོ་བུ་རམ་ཤིང་པའི་རྒྱུད། །ཁྱོད་ཀྱིས་འདི་ནི་རིགས་སམ་ཅི། །ཁྱོད་ཀྱི་བཙུན་མོ་ས་གཞི་ནི། །ལག་འགྲོའི་ལོངས་སྤྱོད་དག་ལ་ཆགས། །ཅི་སླད་ཁྱོད་ཀྱི་ང་རྒྱལ་ནི། །མཆོག་གི་
མཐའ་རུ་འཛེགས་པར་གྱུར། །དེ་ལྟར་ཉེ་བར་མཚོན་པ་ལས། །སྦྱར་བ་ཅན་དང་གཞན་དག་གི །ཟོལ་གྱིས་བསྟོད་པའི་རྣམ་པ་རྣམས། །རབ་ཏུ་རྒྱ་ཆེ་མཐའ་དང་བྲལ། །གལ་ཏེ་དོན་གཞན་འཇུག་པ་ཡིས། །དེ་དང་མཚུངས་པའི་འབྲས་བུ་འགའ། །མཆོག་གམ་མཆོག་མིན་སྟོན་བྱེད་པ། །དེ་ནི་ངེས་པར་
བསྟན་པ་ཡིན། །ཉི་མ་འཆར་བ་ཉིད་ཀྱིས་ནི། །པདྨ་རྣམས་ལ་དཔལ་སྟེར་བྱེད། །ཕུན་ཚོགས་རྣམས་ཀྱི་འབྲས་བུ་དག །གྲོགས་པོ་རྗེས་འཛིན་བསྟན་པའི་ཕྱིར། །ཟླ་བའི་ཟེར་གྱིས་རེག་པ་ན། །མུན་པའི་ཕྲེང་བ་ནུབ་པར་གྱུར། །འཕྲལ་ལ་རྒྱལ་པོ་དང་འགལ་རྣམས། །ངན་པའི་མཐར་གྱུར་གསལ་བར་བྱེད། །

ཡོན་ཏན་ལས་རྣམས་ལྷན་ཅིག་གི། །དངོས་པོ་བརྗོད་པ་ལྷན་ཅིག་བརྗོད། །དོན་རྣམས་བསྣོལ་བ་གང་ཡིན་པ། །ཡོངས་བརྗེས་ཡིན་ཏེ་དེ་དག་དཔེར། །ད་ནི་མཚན་མོ་འདི་དག་རྣམས། །བདག་གི་དབུགས་དང་ལྷན་ཅིག་རིང་། །ཟླ་བའི་རྒྱན་ལྡན་མ་རྣམས་ཀྱང་། །བདག་ལུས་ཉིད་དང་
ལྷན་ཅིག་སྐྱེ། །འགྲོན་པོ་རྣམས་ཀྱི་རྨོངས་པ་དང་། །ལྷན་ཅིག་ཙཱུ་ཏའི་དོག་པ་རྒྱས། །དེ་དག་མཆི་མ་དང་མཉམ་དུ། །མ་ལ་ཡ་ཡི་རླུང་དག་འབབ། །ཁུ་བྱུག་སྒྲོགས་པའི་སྐལ་བཟང་དང་། །ནགས་ཀྱི་རླུང་ནི་དྲི་བཟང་དང་། །དཔྱིད་ཉིད་སྐྱེ་བོའི་ཀུན་དགའ་རྣམས། །ལྷན་ཅིག་དག་ཏུ་འཕེལ་བར་འགྱུར། །
དེ་ལྟར་ལྷན་ཅིག་བརྗོད་པ་ཡི། །དཔེར་བརྗོད་འགའ་ཞིག་འདིར་བྱས་ཏེ། །ཡོངས་སུ་བརྗེས་པའི་རང་བཞིན་ཡང་། །ངེས་པར་བསྟན་པ་ཅུང་ཟད་བྱ། །ས་སྤྱོད་རྣམས་ལ་མཚོན་བསྣུན་པ། །སྟེར་བྱེད་ཁྱོད་ཀྱི་ལག་པ་ཡིས། །དེ་དག་གྲགས་པ་ཀུ་མུད་དཀར། །ཡུན་རིང་དག་ཏུ་བསྒྲུབས་པ་ཕྲོག །མངོན་པར་
འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་བརྗོད་ཅེས་བྱ་དཔེར། །ངག་ཡིད་སྤྱོད་ཡུལ་མ་ཡིན་པའི། །སྣང་བ་དམ་པས་ཁྱོད་ལ་སྲུངས། །རྗེས་འགྲོ་མེད་དང་ཐེ་ཚོམ་ཅན། །དག་ནི་དཔེ་རྣམས་ཉིད་ལ་བསྟན། །དཔེ་ཡི་གཟུགས་ཅན་དག་ཀྱང་འདིར། །གཟུགས་ཅན་རྣམས་ལ་ངེས་པར་བསྒྲགས། །རབ་རྟོག་
ཆ་ཤས་འདི་ཡང་ནི། །རབ་རྟོག་དག་གི་དབྱེ་བ་ཉིད། །ཐ་དད་རྒྱན་རྣམས་བསྲེས་པ་ནི། །སྤེལ་མ་དག་ཏུ་བརྗོད་པ་སྟེ། །ཡན་ལག་ཡན་ལག་ཅན་དངོས་ཀྱི། །སྐབས་དང་ཐམས་ཅད་སྟོབས་མཚུངས་ཉིད། །ཅེས་པའི་ལུགས་གཉིས་སྤེལ་མ་ཡི། །རྒྱན་དག་ལ་ནི་མཚོན་པར་བྱ། །མཛེས་མ་ཁྱོད་ཀྱི་
བཞིན་གྱི་དཔལ། །པདྨ་དག་གིས་འགོག་པར་བྱེད། །མཛོད་དང་ཡུ་བ་ཕུན་ཚོགས་པ། །འདི་ལ་བྱ་དཀའ་ཅི་ཞིག་ཡོད། །རང་བཞིན་བརྗོད་དང་འཁྱོག་བརྗོད་ཅེས། །ངག་གི་ངང་བཞིན་ཐ་དད་གཉིས། །འཁྱོག་པོར་བརྗོད་པ་ཐམས་ཅད་ལ། །ཕལ་ཆེར་སྦྱར་བས་དཔལ་རྒྱས་བྱེད། །སྙན་ངག་མཁན་
བསམ་དགོངས་པ་སྟེ། །སྙན་ངག་གྲུབ་པར་གང་གནས་པ། །རབ་སྦྱོར་ཡུལ་གྱི་ཡོན་ཏན་ཅན། །དེ་ནི་དགོངས་པ་ཅན་ཞེས་བརྗོད། །དངོས་པོ་ཡིས་ནི་ཚིག་རྣམས་ཀུན། །ཕན་ཚུན་ཕན་པར་བྱེད་པ་ཉིད། །དོན་དང་བྲལ་བའི་ཁྱད་པར་རྣམས། །མ་བྱས་གནས་སུ་བསྔགས་པ་དང་། །བརྗོད་རིམ་

སྟོབས་ལས་དངོས་པོ་ནི། །ཟབ་མོ་དག་ཀྱང་གསལ་བ་སྟེ། །དེ་ཀུན་དགོངས་པའི་དབང་གྱུར་ཕྱིར། །དེ་དག་དགོངས་པ་ཅན་ཞེས་རིག །གང་ཡང་མཚམས་སྦྱོར་ཡན་ལག་དང་། །འཇུག་པའི་ཡན་ལག་མཚན་ཉིད་སོགས། །ལུང་གཞན་དག་ཏུ་བརྗོད་འདི་ཡང་། །རྒྱན་ཉིད་དུ་ནི་བདག་ཅག་
འདོད། །རྒྱ་ཆེ་མཐའ་ཡས་རབ་བསྡུས་ཚད་དུ་གྱུར་པ་ཡི། །རྒྱན་རྣམས་དག་གི་ལམ་འདི་ཉིད་ནི་རྣམ་པར་ཕྱེ། །བརྗོད་པའི་ཡུལ་ལས་འདས་པར་ཡོངས་སུ་གནས་པ་ཡི། །ཁྱད་པར་རྣམས་ནི་གོམས་པ་རྣམས་ཀྱིས་དབྱེ་བར་ནུས། །སྙན་ངག་མེ་ལོང་ལས་ལེའུ་སྟེ་གཉིས་བའོ།། །།
བར་མ་ཆོད་དང་བར་ཆོད་བདག །ཡི་གེ་ཚོགས་པ་བསྐོར་བ་ནི། །ཟུང་ལྡན་དེ་ཡང་རྐང་པ་ཡི། །དང་པོ་བར་མཐའ་སྤྱོད་ཡུལ་ཅན། །གཅིག་གཉིས་གསུམ་བཞི་རྐང་པ་ཡི། །ཟུང་ལྡན་རྣམས་ཀྱི་རྣམ་རྟོག་ནི། །ཐོག་མ་བར་མཐའ་བར་དང་མཐའ། །བར་དང་ཐོག་མ་ཐོག་མཐའ་ཀུན། །ཀུན་དུ་
དབྱེ་བ་ལས་གྱེས་པ། །དེ་དག་དབྱེ་བ་ཤིན་ཏུ་མང་། །དེ་ལ་བྱ་སླ་བྱ་དཀའ་ཡང་། །འགའ་ཞིག་དག་ནི་བསྟན་པར་བྱ། །གྲོགས་མོ་མཛའ་བོའི་སྐྱེ་བོ་ལ། །ཁེངས་པ་འདི་དང་འགྲོགས་མ་བྱེད། །བསླུས་པའི་མགྲིན་པ་ནས་འཁྱུད་ལ། །དེ་ཉིད་ངོ་ཚ་ལྡན་པར་གྱིས། །ངང་པ་རྣམས་ཀྱི་དྲེགས་འཇོམས་པ། །
སྤྲིན་གྱི་སྒྲ་ཡིས་མྱོས་བྱེད་ནི། །དགའ་མ་དང་བཅས་བུད་མེད་ཀྱི། །ཁེངས་བྲལ་ཡིད་ལ་འཇུག་པར་བྱེད། །ཆུ་གཏེར་བཞི་ཡི་སྐེ་རགས་ཅན། །ས་ཡི་ལག་དཔྱ་འཛིན་ལ་མཁས། །ཁྱོད་ཉིད་ཐོབ་ནས་ད་ལྟ་ནི། །སྐྱེ་དགུ་རྒྱལ་པོ་བཟང་ལྡན་གྱུར། །རྐང་ཐང་ཤིང་རྟ་གླང་པོ་དང་། །རྟ་དང་བྲལ་བ་ཁྱོད་ཀྱི་དགྲ། །
འགའ་ཞིག་ནགས་དང་གཞན་དག་ནི། །ལྷ་རྣམས་དག་གི་གནས་སུ་སོང་། །ཆུ་སྐྱེས་གདོང་ལྡན་མིག་གཉིས་ཀྱི། །རྣམ་འཕྲུལ་ཡིད་འོང་འདི་ལ་ནི། །དཔྱིད་ཀྱི་བུང་བའི་རྣམ་འཕྲུལ་གྱིས། །ཅོ་འདྲི་བྱེད་པ་ཅི་ཡིན་སྨྲོས། །འདོད་པ་གཡུལ་དུ་དཔའ་བོ་ཡི། །གླང་པོའང་བཟུང་དཀའ་རྟ་མེད་ཀྱིས། །
གང་ཕྱིར་བདག་ཅག་མཐར་བྱས་པ། །དེ་ཕྱིར་ཁྱོད་ཀྱི་རྣམ་གནོན་མཚར། །གཡུལ་དུ་རྣོ་བས་མཛེས་པ་ཡི། །མི་བདག་ཁྱོད་འདྲ་ནོར་འཛིན་ནི། །རྒྱལ་བར་གྱུར་ཏེ་ནོར་འཛིན་གྱིས། །ཚིམ་པ་དག་ཀྱང་ཐོབ་པར་གྱུར། །ས་ཧཱ་ཀཱ་རའི་མེ་ཏོག་གསར། །བདག་ཡིད་མཆོག་ཏུ་སྲེད་ལྡན་བྱེད། །ཁུ་བྱུག་མྱོས་

པ་དག་གི་སྒྲ། །ཡིད་དུ་འོང་བ་འདིས་ཀྱང་ངོ་། །ཁྱོད་ལ་དམིགས་པའི་རེ་བ་དང་། །མ་བྲལ་འདི་ལ་དེ་འདྲ་ཡི། །གནས་སྐབས་ལུས་ནི་འཇིག་བྱེད་པས། །བུད་མེད་འཛེག་ནུས་ཇི་ལྟར་མིན། །ཡལ་འདབ་གསར་པས་མཛེས་པ་ཡི། །ལྗོན་པས་དྲངས་པའི་གཞོན་ནུ་རྣམས། །པདྨར་མངོན་
ཕྱོགས་བུང་བ་ཡིས། །མིག་ནས་བཟུང་སྟེ་འགུགས་པར་བྱེད། །མྱོས་པའི་བཞད་ནི་རབ་འཇུག་པ། །རྫིང་གི་ཆུ་ལ་དཀར་བ་ཡི། །ངང་པ་འདི་ཡི་ཅ་ཅོ་ཡིས། །བདག་ནི་མཐར་བྱེད་ཟས་སུ་བྱེད། །དྲི་བྲལ་ཟླ་བའི་ཆ་དག་དང་། །ལྷན་ཅིག་མ་ལ་ཡ་ཡི་རླུང་། །བདག་དགའ་མི་བྱེད་འདོད་པ་ནི། །མི་བཟད་
དུག་གི་རྗེས་སུ་འགྲོ། །བདག་བསྟན་མི་འདོད་ཁེངས་པ་ཅན། །དོ་ཤལ་དང་ལྡན་འཕྲོག་བྱེད་མ། །ལུས་མེད་ཉིད་ཀྱི་དངོས་པོ་ཁྱོད། །ཕྲ་འགྱུར་བདག་འགྲོགས་བདེ་རྒྱས་མཛོད། །ཁྱོད་ཀྱི་གདོང་གིས་བདག་ལས་རྒྱལ། །ཆུ་ཡི་རྒྱུན་གྱུར་བུང་བ་ཅན། །འདབ་ལྡན་པདྨ་གཏམ་མེད་ལས། །ཇི་ལྟར་མི་
རྒྱལ་བདག་དགའ་མ། །ཉི་མའི་འོད་ཀྱིས་དམར་གྱུར་པའི། །ཆུ་ལྷ་མོ་བཞིན་པཱ་ཊ་ལ། །དམར་བའི་གོས་ཅན་དྲི་བཟང་གནས། །བདག་གི་དགའ་མ་དགའ་བར་བྱ། །དེ་ལྟར་རྐང་པའི་ཐོག་མ་ཡི། །ཟུང་ལྡན་བར་ཆོད་མེད་རྣམ་རྟོག །དེ་ནི་བར་དུ་ཆོད་པ་ཡི། །རྣམ་རྟོག་འགའ་ཡང་བསྟན་པར་བྱ། །ས་
ཧཱ་ཀཱ་ར་ལས་འཁྲུངས་ཉིད། །ཡིད་འོང་དྲི་བཟང་ལྡན་པ་ཡི། །དཔྱིད་ཀྱི་ཨེ་ཎའི་མིག་ཅན་གྱི། །ཁེངས་པ་སྒྲ་ཡི་ལྷག་མར་བྱེད། །དགའ་མའི་ལག་པ་ཤིན་ཏུ་དམར། །རྒྱུད་མངས་ལ་བསྣུན་རྣམ་འཕྲུལ་ལ། །ཕྲག་དོག་ལྡན་པར་མཛའ་བོ་ལའང་། །རྣ་བའི་ཨུཏྤལ་གྱིས་སྣུན་བྱེད། །རླུང་གིས་གར་
བསྒྱུར་སྤྲིན་གྱི་ཕྲེང་། །མཐའ་དག་ཆུ་ནི་འཐོར་བར་བྱེད། །དེ་རྗེས་མཇུག་མ་རབ་བསླངས་པའི་བྱེ། །མཇུག་སྒྲོ་ལྡན་པ་གར་དག་བྱེད། །འདོད་ལྡན་མ་དག་ཁྱོད་ཀྱི་ཡིད། །ཁེངས་རྩོད་རང་ཉིད་ཉམས་འགྱུར་ཏེ། །ནཱི་པའི་ཀཱ་ལི་ཀཱ་མཐོང་ནས། །གནས་སྐབས་ཅི་ལ་རེག་གྱུར་ཏམ། །རྩེ་དགའི་རི་ཡི་ཟླ་
ཤེལ་གྱི། །ཐང་འདི་ལ་ནི་རབ་འཛེགས་ནས། །མདོངས་མཐའ་མཆོག་ཏུ་མཛེས་པ་ཡི། །གཙུག་ཕུད་ཅན་འདི་གར་བྱེད་དོ། །གང་ཞིག་སྦྲུལ་མཆོག་སྟེང་གནས་ཤིང་། །ཕག་པས་བཟུང་བའི་ས་འདི་ནི། །རྒྱལ་པོའི་ཚོགས་ལས་རབ་བླངས་ནས། །ད་ལྟ་ཁྱོད་ཀྱི་ལག་པས་བཟུང་། །གཡུལ་དུ་

དགྲ་ཡི་གླང་པོ་རྣམས། །ཁྱོད་ཀྱི་ལག་པ་མཐར་བྱེད་ཀྱིས། །བསྣུན་པས་ཁྲག་ནི་རབ་ཟགས་པ། །ཐུན་མཚམས་དག་གི་སྤྲིན་བཞིན་མཛེས། །རླུང་གིས་རི་ཡི་འཁྲི་ཤིང་བཞིན། །གཞན་གྱི་སྡེ་ནི་དཔའ་བས་བཅོམ། །མཐའ་ནི་གཤེད་སོང་བ་བཞིན། །རྡུལ་གྱིས་ནམ་མཁའ་ཁྱབ་པར་གྱུར། །
ལེགས་ལྡན་ཆུ་འཛིན་གསར་པའི་འོད། །ལྷ་མིན་དག་གི་རིགས་ཉམས་བྱེད། །སྦྱིན་ལྡན་གླང་པོ་མཆོག་བཅོམ་པ། །ཁྱབ་འཇུག་དེས་ཁྱོད་རྟག་ཏུ་སྲུངས། །ཁྱོད་ཀྱི་མག་སྐྲ་བུང་བ་འདྲ། །གདོང་ནི་པདྨར་ཕྲག་དོག་བྱེད། །དཔལ་གྱི་བཞིན་དུ་རབ་མྱོས་པ། །ཁྱོད་ཀྱིས་སུ་ཞིག་རྩི་མི་བྱེད། །རྒྱ་ཆེ་རིན་ཆེན་རྒྱན་དང་
ལྡན། །རྒྱགས་པས་མིག་འཁོར་ཛ་གྷ་ན། །ཆུང་བ་མིན་པས་མཛའ་བོ་ནི། །དགའ་བ་ལྡན་པ་བྱ་བར་བཟོད། །གཞན་གསོས་རྣམས་ཀྱིས་བསྒྲགས་པ་དང་། །ཁྱོད་ཀྱིས་བརྗོད་པའི་སྒྲ་དང་ནི། །ལྷོ་ཡི་ཕྱོགས་ཀྱི་རླུང་གིས་ཀྱང་། །བདག་ཡིད་འཕྲོགས་སོ་ཕོ་ཉ་མོ། །རྐེད་པ་ཕྲ་ཞིང་རྡུལ་ཟགས་པས། །
གདོང་གི་ཟླ་བ་རབ་མཛེས་པ། །བུད་མེད་ཆང་གིས་ངོ་ཚ་བཅོམ། །སྐྱེས་པའི་ལུས་ལ་འཛེག་པར་བྱེད། །དེ་ལྟར་བར་ཆོད་ཟུང་ལྡན་གྱི། །རབ་ཏུ་དབྱེ་བ་འདི་ཡང་བསྟན། །བར་ཆོད་མཆོད་བདག་ཉིད་ཀྱི། །རྣམ་རྟོག་ཀྱང་ཡོད་འདི་ལྟ་སྟེ། །ཀཱ་ལི་ཀ་འཕྱང་ཡལ་ག་ཅན། །སཱ་ལ་བལྟ་བར་དེས་མི་ནུས། །བ་ཀུ་ལར་
ཆགས་བུང་བ་དང་། །གྲོགས་མོས་པདྨ་ཅན་ཡང་མིན། །སྤྲིན་ནག་ཆེན་པོ་ལྡན་པའི་དུས། །སྣང་དང་རྒྱུ་སྐར་ཀུན་མི་མཚོན། །གསང་མཐོར་དགའ་བ་སྒྲོག་བྱེད་པའི། །དུས་འདྲ་སུ་ཡིས་ལྟ་བར་ནུས། །ཐུན་གསུམ་དབང་གྱུར་རིང་བ་ཡི། །མཚན་མོ་འདི་ཡིས་བདག་ཤི་ཞིག །གང་ལ་བདག་སོང་སྲོག་གཟིར་འགྲོ། །
དེ་ནི་བློ་མེད་བདག་གིས་བཅོམ། །ཞེས་རྐང་དང་པོ་ཟུང་ལྡན་གྱི། །རྣམ་རྟོག་ལུགས་ནི་འདི་འདྲ་སྟེ། །འདི་ལྟ་ཁོ་ནར་ཟུང་ལྡན་གྱི། །རྣམ་རྟོག་གཞན་པ་རྣམས་ཀྱང་ངོ་། །སྤྲོས་པས་འཇིག་ཕྱིར་དབྱེ་བ་ནི། །མཐའ་དག་བརྗོད་པར་མི་འདོད་དེ། །དེ་ལ་བྱ་དཀའ་མངོན་འདོད་གང་། །འགའ་ཞིག་དག་ནི་བསྟན་པར་བྱ། །
བརྟན་དང་དབང་པོ་རབ་བསྡོམས་པ། །ཁྱོད་ནི་སྡོམ་བརྩོན་ཕྱིར་མི་ཉམས། །སྒྱུ་མེད་ཁྱོད་ཀྱི་བདེ་འཇིག་པར། །མི་འགྱུར་འདི་སྙེད་ཆེད་དུའང་འགྱུར། །རྒྱལ་པོ་མདུན་སར་ས་ཡི་ལྷ་རྣམས་དག་གི་ཞལ། །ཆང་གིས་མ་བཅོམ་ནོར་གྱིས་མཛེས་པས་རབ་བསྟོད་པའི། །ཁྱོད་ཀྱི་ཡོན་ཏན་རབ་གསལ་ཆགས་བདག་

སྐྱེ་དགུ་ལ། །ཕུང་པོ་ཉིད་གྱུར་ལྷ་རྣམས་སུ་ནི་མི་འགྲོ་མིན། །དམ་པའི་སྤྱོད་ལམ་བག་མེད་ཁྱོད་ཀྱི་དགའ་མ་གང་། །དགའ་བའི་དགའ་སྟོན་དགའ་བའི་ཁྱད་པར་དུ་མྱོས་མ། །དེ་ཡིས་འདིར་ནི་འོད་ལྡན་རྒྱན་རྣམས་གཟུང་བར་འོས། །བདག་ལ་མཛེས་ལྡན་ཉིད་ཀྱི་འབྲས་བུ་འགའ་ཡང་
མེད། །མགོན་པོ་ཁྱོད་ལྟས་དུད་པའི་རོ་ནི་མི་མཁྱེན་ཏེ། །དམན་པ་ཉིད་དང་མཆོག་ཉིད་དག་ནི་ངེས་པར་འགལ། །གང་ཞིག་དམན་པ་རྣམས་ནི་ཁྱོད་ལ་མགོས་འདུད་ཅིང་། །དེ་དག་ཁོ་ན་དམན་པའི་རོ་དེས་མཆོག་ཏུ་གྱུར། །རོལ་པའི་འཛུམ་དཀར་དག་དང་འཇམ་པོར་སྨྲ་བ་དང་། །ཆུང་ངུའི་ལྟ་བ་དང་ནི་
ལྕི་བའི་འགྲོ་བ་དང་། །ཀུན་དུ་གླལ་དང་ཛ་གྷ་ན་དག་སྟོན་པ་དེས། །བསྣུན་པ་དེས་ན་བདག་ནི་འཚོ་བས་དམན་པར་གྱུར། །དཔལ་ལྡན་མི་ཤོད་བརྟན་ལྡན་གང་གི་བདག་ཉིད་ནི། །འཆི་མེད་ལམ་དང་མཉམ་པའི་ཚད་ལྡན་རབ་དུད་པའི། །འགྲོ་བ་རྒྱས་བྱེད་མཆོད་ལྡན་ཚད་མེད་མིང་ཅན་ནི། །འཇལ་བྱེད་
ཚད་མེད་མང་པོ་བཀོད་ལ་ཕྱག་དག་མཛོད། །བཅུད་ལ་ཞུགས་ཏེ་བྲང་གིས་དགའ་བྱེད་ཅིང་། །སྙིང་པོར་གྱུར་པའི་བཅུད་མང་རབ་ཏུ་འཛིན། །བཞད་ཀྱི་རྗེས་མཚུངས་སྒྲ་ལྡན་དྲིལ་ཆུང་ཅན། །དེས་ན་བཅུད་ལེན་སྙིང་པོ་མིན་པ་རིག །བརྟན་རྒྱས་ཚུལ་དང་ཚུལ་མིན་བརྟག་པ་འདི་ཡིས་ནི། །ཚུལ་མེད་དགེ་བའི་
ཐབས་ལ་ལོང་རྣམས་རྣམ་པར་ཐུལ། །བཞོན་པས་མ་འགྲོ་རྒྱལ་བའི་ཐེག་འགྲོ་དག་གིས་གང་། །ཚུལ་མ་ཐོབ་རྣམས་ཐོབ་པ་དག་ལ་བརྟེན་པ་བསྐྱེད། །མཚུངས་མེད་ལྕི་བའི་མཚོན་ལྡན་གཡུལ་དུ་ས་སྐྱེས་ནི། །རྒྱལ་མཚན་ལ་གནས་དཔའ་བོ་བྱ་ཡི་སྒྲ་ཡིས་བྲོས། །ཉི་མ་བཞིན་དུ་དྲག་པོའི་འཕྲོག་
བྱེད་འདི་མདུན་དུ། །འཇིགས་རུང་གཡུལ་དུ་དགྲ་རྣམས་ལུགས་དང་མཚུངས་པར་རིག །མཚན་མོ་ཚད་མེད་ཐུན་ལྡན་དཔལ་མེད་ཚད་མེད་ཅིང་། །མཐར་ནི་བགྲོད་བྱ་མིན་པས་ཟད་ནད་ལ་བརྟེན་པ། །ཆ་ཡི་རང་བཞིན་ནད་ཅན་འབྲལ་བའི་ནད་ཀྱིས་གཟིར། །སྐལ་ལྡན་མ་འདི་སྙིང་རྗེའི་རང་བཞིན་འབྲལ་མེད་
མཛོད། །ངལ་མེད་ཁྱོད་ཀྱི་བློ་ལ་མཉམ་ཉིད་བཟློག་པ་ཉིད། །མ་ཡིན་བླ་མེད་རྗེས་སུ་མི་མཐུན་འགྲོ་མ་ཡིན། །གདུང་མེད་ཀྱིས་ཐོབ་མཆོག་གི་རྗེས་སུ་མཐུན་པ་ཉིད། །དགའ་མེད་འདོད་མེད་རྣམས་ཀྱི་བཞེད་པ་དག་ལས་རྒྱལ། །དུས་ཀྱི་དུས་ཀྱི་མགྲིན་ནག་ངོ་ནག་ནག་པོ་ཉིད་དག་འཛིན། །སྙན་

སྒྲོག་དག་གི་སྒྲོག་བྱེད་བུང་ཚོགས་སྤྲིན་ནག་དུས་ལྟར་གནག །དུས་ཀྱི་མི་པ་ཟུང་དུས་ཆའི་གཙོ་བོ་ཆུ་འཛིན་གྱིས་མཛེས་སུ། །དཀའ་བས་འཚོ་བའི་བུད་མེད་ལེན་བུའི་ཕྲེང་བས་མགོ་ནག་བསྟེན། །རྐང་པ་གཉིས་ཀྱི་མཐའ་ཐོག་ནི། །རབ་སྦྱར་ཟུང་ལྡན་གནས་སྐབས་འདི། །བརྗོད་པའི་ཁོངས་སུ་འདུ་
མོད་ཀྱང་། །རང་དབང་ཉིད་ཀྱིས་འདིར་བཤད་དོ། །མྱོས་པས་ཆགས་པ་ཉེ་བར་གནས་ཀྱང་བུད་མེད་དེས། །བདག་ཉིད་མ་སྦྱར་བདག་གི་སྡིག་པས་ཁྲོ་བ་ཡི། །རོ་དང་སྦྱར་ཏེ་ལུས་མེད་དག་གིས་གདུངས་གྱུར་ཀྱང་། །བདག་ནི་འདི་སྙེད་གདུང་བའི་སླད་དུ་མ་བསྡད་དོ། །ཕྱེད་བཟླས་ཡང་དག་སྦྱར་བ་ཡིན། །
འདི་ལ་དབྱེ་བ་གསུམ་དུ་འདོད། །རྐང་པ་བཟླས་པའང་དུ་མ་ཡི། །བདག་ཉིད་དེ་དག་དཔེས་གསལ་བྱ། །སྐྱེས་བུ་བརྟན་གང་སྙིང་སྟོབས་ཅན། །ཁེངས་པ་རབ་སྤངས་སྤང་བྱ་སྟེ། །ཁྱོད་ཀྱིས་མཆོག་ཏུ་འབད་པ་ཡིས། །ཡིད་བརྟེན་བྱའོ་འབད་མེད་མ། །ཁྱོད་ཀྱི་བགྲོད་པ་ཁྱབ་བདག་གཟི་བྱིན་གྱིས། །ཡང་
ཡང་རབ་སྦྱར་མཛེས་པ་མེད་པ་ཡི། །མི་རྣམས་ཚུལ་དང་ང་རྒྱལ་ཉམས་བྱས་ནས། །གདུངས་ཤིང་ཀྱེ་མ་བྱས་ཟོས་རྣམ་པར་བཅོམ། །སྒྲ་ཡིས་སྤྲིན་བགྲོད་དབྱར་སྐྱེས་རྨ་བྱ་ཡི། །ཚོགས་རྣམས་མཛེས་པ་ཉིད་དུ་ཉེ་བར་འགྱུར། །རླུང་གི་ཚོགས་སྟུག་བྲལ་བ་ཆུར་སྒྲོགས་ཀྱང་། །ཚོགས་རྣམས་སྒྲ་དང་བྲལ་བ་
ཉིད་དུ་གྱུར། །འཚོ་བའི་དབང་ཕྱུག་དུད་པའི་བྲང་ལ་ཁོ་མོ་ནི། །དམན་ཞིང་ཁེངས་པ་ངེས་པར་བསྒྲུབ་པའི་དབང་གྱུར་མ། །བརྩེ་བ་སྤང་བའི་བདག་ཉིད་ཡིད་ཀྱི་འོ་མ་འཛིན། །གཉིས་པོ་ཉེ་བར་གཏད་ནས་ཀུན་དུ་མ་འཁྱུད་དོ། །ལྷ་རྣམས་འདུན་སར་སྟོབས་མེད་རྣམ་པར་བརྒྱན་པ་རུ། །ཁྱོད་ཀྱི་ཡོན་ཏན་པད་རྩ་
དྲི་མ་མེད་པས་འཛེགས། །དེ་ནི་ཕྱི་ནས་གྲོང་བཟང་རྣམས་ཀྱིས་ཕུན་སུམ་ཚོགས། །བརྒྱན་པའི་བུད་མེད་དག་དང་རྣམ་པར་རྩེ་ཞིང་སྤྱོད། །སྙན་པར་སྨྲ་དང་ལུས་རྐེད་དུད་དང་ནུ་གཉིས་མས། །ཁྱོད་ལས་གཞན་པ་སུ་ཞིག་མ་བཅོམ་དེ་ཡི་ཕྱིར། །འབྱུང་པོ་ལུས་ལྡན་སྐྱོན་ལས་གྲོལ་བ་ཁྱོད་ལ་སོགས། །བགྲང་
བ་ལ་ནི་མིང་མེད་ཉེ་བར་འགྲོ་མ་ཡིན། །ཁྱོད་ཀྱི་དམག་དཔུང་ཁྱབ་འཇུག་ལྟ་བུ་གོ་བགོས་པ། །མཚོན་རྣོན་ལྡན་པ་དཔའ་བོ་དག་གིས་ཕྱོགས་རྣམས་སུ། །གྲགས་པ་དང་ནི་རྡུལ་དག་རྒྱས་བྱེད་གཡུལ་གྱི་ནི། །དགྲ་རིགས་ལུས་བྲལ་གཟི་མེད་རྒྱགས་པ་ཉམས་པར་བྱེད། །དྲན་ལྡན་བདག་ལས་ཕན་པའི་

ཚིག་གཅིག་མཉན་པར་མཛོད། །ཁྱོད་ཀྱི་ལག་པ་དཔལ་དང་ལྷན་ཅིག་ལག་འགྲོ་ཡིས། །ས་ཡི་དཀྱིལ་འཁོར་རྣམ་འཛིན་དེ་ཕྱིར་ས་གཞི་འཛིན། །རང་ལག་རིག་ནས་རྒྱགས་པར་རྒྱས་པ་ཡོད་མི་བྱེད། །འདོད་པའི་མེ་གང་ཁེངས་པས་རབ་བསྒྲུབས་པ། །སྐད་ཅིག་དང་མཉམ་རྒྱས་
ཏེ་པདྨའི་མིག །རོ་མེད་ཁྱོད་ཀྱི་བདེ་བ་དེ་དག་ནི། །ཀུན་ནས་ཉམས་པ་ཉིད་དུ་ཅིས་མི་བྱེད། །མདུད་ཁྱོད་ནི་འཇིག་རྟེན་བདག་གྱུར་ཚེ། །མཐུ་ཡིས་མཐུ་ལྡན་རིན་ཆེན་མང་གིས་བཏུད། །དེ་ཕྱིར་གསར་བའི་བཏུང་ལྡན་མཆོད་སྦྱིན་ནི། །ངེས་པ་ཉིད་དུ་ཆད་པར་མ་གྱུར་ཏོ། །དཔུང་གི་གླང་པོ་རྣམས་ནི་གཞན་དང་
གཞན། །སྟོབས་ལྡན་སྒྲ་སྒྲོགས་རབ་ཏུ་བརྒྱུད་པ་ཡིས། །ཐང་ལ་རྡུལ་སྒྲུབ་ནམ་མཁའ་འགོག་བྱེད་ཅིང་། །གཡུལ་གྱི་སྟོབས་ལྡན་མཆོག་ཏུ་གཞན་ལ་རྒྱུག །ཁྱོད་ལྟར་མཉམ་པར་མ་བཞག་སྲིད་པར་ནི། །རྣམ་གཉིས་མི་མཉམ་ཕན་པ་མེད་རྣམས་ཚིག །ལོག་པར་གྱུར་པ་སྒྲུབ་བྱེད་མི་མཉམ་པ། །
སྦྲུལ་བགྲོད་མཚུངས་ལ་མི་དད་ངོ་ཚ་མེད། །དགྲ་ཡི་མཛེས་ཉམས་རྒྱལ་པོའི་སྡེ་ཡིས་བཏུད། །སྐྱེས་མཆོག་ཨུ་མས་ཕན་རྗེ་དཔལ་མེད་མིན། །གོ་བགོས་ཨུ་མས་བཏུད་པ་མདའ་འདྲ་སྟེ། །མཆོད་ཐོབ་དམ་པ་རྡུལ་མེད་མི་མཛེས་མིན། །དེ་ལྟར་རྐང་པ་ལན་ཅིག་དང་། །གཉིས་དང་གསུམ་དང་བཟླས་པ་
བསྟན། །ཚིགས་བཅད་གཉིས་དང་ལྡན་པའི་དོན། །ཚིགས་བཅད་བཟླས་པ་ཡིན་ཏེ་དཔེར། །ཟླུམ་ཞིང་རྒྱས་པའི་ལག་པ་ཅན། །གྲོགས་མིན་རབ་ཏུ་འཇོམས་བྱེད་པ། །རྣམ་འདྲེན་ཁྱོད་ཀྱིས་བསྟན་པའི་ས། །མི་མཚུངས་པ་འདི་འཇིགས་པ་མེད། །འདྲེན་པ་དག་དང་བྲལ་གྱུར་ཅིང་། །ལག་པ་སྲེག་ཁང་
ཉེ་གྱུར་པ། །རང་གྲོགས་ཀྱིས་བཏང་དགྲ་ཡིས་ནི། །མཚུངས་མེད་བ་འདི་མངོན་པར་བསྟེན། །རྐང་བཞི་རྣམ་པ་གཅིག་པ་གང་། །ཟུང་ལྡན་ཆེན་པོར་བརྗོད་པ་ཡིན། །དེ་ལའང་བཟླས་པ་མཐོང་སྟེ་དེ། །ཟུང་ལྡན་བྱ་བ་གཞན་ཡིན་ནོ། །མཉམ་མེད་དཔལ་ལྡན་མཚུངས་མེད་མ། །ཁེངས་ལྡན་ངལ་བ་དག་དང་
ནི། །ཁེངས་པ་མཉམ་ལྡན་ཚུལ་མིན་དག །དོར་བའི་ཚད་འདིས་འགྲོགས་སུ་ཆུག །འཛིན་མ་འཛིན་མའི་རྣམ་འཛིན་འཛིན་མ་སྤྱོད་རྣམས་ཀྱི། །ལག་པ་རྣམ་གནོན་མི་དམན་འཕྲལ་ལ་དགྲ་འཇོམས་པ། །མྱུར་བ་དང་ལྡན་མཆོད་པའི་ཁུར་ནི་བརྟེན་པ་ཡིས། །ས་གཞི་དག་ནི་རིམ་པས་བསྲུང་བར་

བཟོད་པ་ཡིན། །རྐང་ཕྱེད་ཚིགས་བཅད་སྤྱོད་ཡུལ་ཅན། །ལུགས་ལས་བཟློག་པས་བསྐོར་བ་ནི། །ཟུང་ལྡན་ལུགས་ལས་བཟློག་པའི་ཕྱིར། །ལུགས་ལས་བཟློག་པ་ཞེས་པ་བཤད། །གང་ལ་འབད་བྱས་ཕྲ་མོ་ཉིད། །དེ་ནི་བདག་གིས་ཐོབ་མཛའ་བོ། །རེ་འདོད་མེད་པས་བྱེད་མེད་ལྷ། །བསྟོད་ནས་འོངས་
ཁྱོད་འགྲོ་གྱུར་ཅིག །ནཱ་ད་ལྡན་བདག་རང་གི་བློ། །མྱོས་མིན་འདོད་པ་འགའ་ཡང་མེད། །དུལ་བ་འཇོམས་པའི་འདོད་པ་ཡིས། །རང་དབང་གདུང་བ་དག་ཀྱང་མེད། །ཡིད་འགྲོ་བདུད་སྐྱོང་ལྕགས་མི་དམན། །གང་ཞིག་དབང་གྱུར་སྐྱེ་བོ་འཇོམས། །གང་ལ་བདག་སོང་སྐྱེ་བོ་བརྒྱའི། །དབང་གྱུར་དེ་ལ་བྱོན་ཞེས་
སྨྲས། །སྟོན་འདི་ཡིས་ནི་གཟིར་གྱུར་ཅིང་། །བརྟེན་མི་ཤེས་པ་དེ་ཡིས་ནི། །ཉིན་མོའི་ནད་དག་མ་ཐོབ་མིན། །མྱ་ངན་བྲལ་སླད་ཁེངས་མ་བྱེད། །གལ་ཏེ་ཕྱེད་ཀྱི་ཡི་གེ་རྣམས། །གཅིག་གིས་བར་ཆོད་གཟུགས་གཅིག་ཉིད། །དེ་ནི་བྱ་དཀའི་དེ་ཉིད་རིག །བ་ལང་གཅིན་ཞེས་སྨྲས་ཏེ་དཔེར། །ཆང་འདྲའི་
མིག་ལྡན་ཟུར་མིག་གི། །མཚོན་གྱིས་འདོད་པ་འདི་རྒྱལ་ཏེ། །གལ་ཏེ་བདག་ཀྱང་སྡིག་ཟད་ན། །འདོད་པ་ལ་ནི་ཐལ་མོ་སྦྱོར། །གལ་ཏེ་ཚིགས་བཅད་ཕྱེད་འཁོར་ན། །ཕྱེད་དུ་འཁོར་བ་ཞེས་པར་བརྗོད། །གལ་ཏེ་ཀུན་དུ་འཁོར་བ་ན། །ཀུན་དུ་བཟང་པོ་ཞེས་པར་འདོད། །མ་དུད་ཡིད་འབྱུང་ཁྱོད་དར་ཕྱིར། །
སྡེ་ནི་ཁངས་ལྡན་མ་ཡིན་མིན། །ཡང་ན་འཇིགས་ལས་དཔག་མེད་ན། །བདག་ཅག་སྡིག་པའི་རང་བཞིན་ནོ། །ཟླ་དང་ནད་རིང་ཅིས་མིན་གང་། །དགའ་མ་བདུད་ཀྱི་རྒྱར་མ་ལྷུང་། །བགྲོད་བཟློག་སྒྲ་མེད་དཔལ་མེད་མ། །སྟོབས་ལྡན་སྒྱུ་གནས་འཆི་སླད་དུའོ། །དབྱངས་དང་གནས་དང་ཡི་གེ་རྣམས། །ངེས་པ་གང་འདི་
བྱ་དཀའ་ལ། །བཞི་ལ་སོགས་པ་རབ་བསྟན་འདི། །གཞན་ནི་བྱ་སླ་དག་ཏུ་འདོད། །རིག་བྱེད་རྣམ་ཐར་ཚིག་སྨྲས་པའི། །གླུ་དང་དགའ་བ་ཡམས་ནད་འཇིགས། །ལོངས་སྤྱོད་ནད་དང་དགའ་དང་རྨོངས། །དགེ་བའི་ཡུལ་དུ་སེམས་འདོད་ཟུང་། །ས་ལས་རྣམ་རྒྱལ་བརྟན་པ་སྒྲུབ་བྱེད་པའི། །བརྟུལ་ཞུགས་ལ་དགའ་
མཆོག་རྟོགས་ཀུ་རུ་པས། །གཡུལ་དུ་རང་གི་རིགས་ཀྱི་དགྲ་རྣམས་ནི། །ཆེ་བར་བཀག་ཅིང་ལྕི་བར་འདར་བར་བྱས། །དཔལ་གཟི་ངོ་ཚ་གྲགས་དང་། །བློ་ལུགས་ཚིག་དང་དགའ་དག །ཁྱོད་ལ་འཕེལ་བ་ཉིད་གང་། །འདི་གཉིས་ལྷ་དབང་ལ་མེད། །ཟླ་དང་ནད་རིང་ཅིས་མིན་གང་། །དགའ་མ་བདུད་ཀྱི་རྒྱར་མ་ལྷུང་། །

བགྲོད་བཟློག་སྒྲ་མེད་དཔལ་མེད་མ། །སྟོབས་ལྡན་སྒྱུ་གནས་འཆི་སླད་དུའོ། །འདྲེན་བྱེད་ཀུན་དགའི་སྐྱེད་བྱེད་མ། །རྒྱུ་སྐར་ཚོགས་རྣམས་དག་གི་གནས། །སྤྲིན་མེད་མཁའ་ལ་ལུས་ཅན་མ། །ལན་ཅིག་མིག་གཉིས་སྦྱིན་པ་མཛོད། །ནུ་སྡུག་ཁྱོད་གདོང་ལེན་བུ་ཡི། །འཁྲི་ཤིང་བུང་བ་ལྟར་སྔོ་ཞིང་། །
འདྲེན་བྱེད་པདྨའི་གཟུགས་བརྙན་ཅན། །ཟླ་ལྟར་མཛེས་པས་སུ་མ་བཅོམ། །རྟག་ཏུ་སྡིག་མེད་ཀུན་དགའ་མཆོག །ལུས་དུད་དག་དང་འགྲོགས་ལ་ཆགས། །བཙུན་མོ་ལུས་མེད་ཀྱིས་འགོངས་ཏེ། །འཇིགས་པ་དུ་མས་རེག་པར་འགྱུར། །ཧ་ཧ་མི་སྒྲོགས་མཁའ་འགྲོས་མཚན། །རི་འགྲོ་དབང་འཁྱོག་ལྡན་མི་
ཆགས། །འཁྱོག་སྒྲོགས་གངྒཱའི་ཆུར་འཇུག་སྡིག །བྱ་རོག་འཇོམས་པ་མཐོ་རིས་འགྲོ། །ཀྱཻ་ཀྱཻ་སྒྲ་སྒྲོགས་རུ་རུའི་བྲང་། །འཇོམས་སྡིག་པ་རི་རི་ཆར་འགྲོ། །ང་ཅན་མ་འོང་བདག་གི་མ། །བྱ་རོག་རྨ་བྱའི་སྒྲ་བསྒྱུར་ཅི། །ལྷ་རྣམས་དགའ་བར་བྱེད་པའི་ལྷ། །རིག་བྱེད་ལ་སྨོད་འགོག་པ་པོས། །ལྷ་མིན་དགའ་བྱེད་
བཅོམ་པ་ན། །སྒྲ་ཡིས་མཐོ་རིས་གང་བར་གྱུར། །མཁས་པ་ལྷ་དང་ལྷ་མིན་ལ། །འགྲོ་སྟོབས་ལྡན་པའི་བྱིན་ལེགས་ཅན། །ཆང་གི་རོ་ལྡན་གཤོལ་འཛིན་དེ། །བཞད་ཀྱི་སྒྲ་ལྡན་མཚོ་རུ་སོང་། །འདི་ཡིས་བདག་ཅག་རྣམས་ཀྱི་བཞིན། །བཞིན་གྱིས་ངེས་པར་མ་བཅོམ་མིན། །བདག་སྲོག་མི་དམན་འདི་དང་སྦྱོར། །
རྗེ་བོ་སྐྱེས་མིན་སྡིག་མེད་མིན། །དེ་ལྟར་བྱ་དཀའི་ལམ་ལ་ཡང་། །རིམ་པ་ཅུང་ཟད་ཀུན་དུ་བསྟན། །གབ་ཚིག་དག་གི་རྣམ་པ་ཡི། །ལུགས་ཀྱང་རབ་ཏུ་བསྟན་པར་བྱ། །རྩེད་མོའི་འདུན་སར་བཞད་གད་དང་། །དེ་ཤེས་ཚོགས་སུ་གསང་སྨྲེ་དང་། །ཕ་རོལ་ཀུན་དུ་རྨོངས་བྱེད་ལ། །གབ་ཚིག་དག་ནི་ཉེར་མཁོ་ལྡན། །ཚིག་མཚམས་
སྦྱར་བས་དོན་སྦས་པ། །ཀུན་དུ་ཚོགས་པ་ཞེས་པར་བརྗོད། །གཞན་ལ་གྲགས་པའི་སྒྲ་དག་གིས། །གང་དུ་སླུ་བ་སླུ་བྱེད་ཉིད། །སྦྱོར་བ་ཤིན་ཏུ་འཁྲུགས་པ་ཡིས། །རྨོངས་བྱེད་རིམ་པ་བྲལ་བ་སྟེ། །གང་ལ་དོན་རྟོགས་དཀའ་བ་ཡི། །ཚིག་ཕྲེང་དེ་ནི་རབ་བཅོམ་ཡིན། །ཕལ་བའི་དོན་བཀོད་ཚིག་དག་གིས། །
བསྡེབས་པ་དག་ནི་མཐུན་པའི་གཟུགས། །མཚན་ཉིད་ཡོད་ཙམ་ངེས་ཚིག་དང་། །བདེན་པའི་ཚིག་ནི་རྩུབ་མོའོ། །གང་དུ་གྲངས་ཀྱིས་ཀུན་རྨོངས་པར། །བྱེད་པ་གྲངས་ཉིད་ཅེས་བྱ་སྟེ། །གང་དུ་ངག་དོན་རྣམ་པ་གཞན། །སྣང་བ་དེ་ནི་རབ་བརྟགས་ཉིད། །གང་དུ་མིང་ལ་སྣ་ཚོགས་དོན། །བཏགས་དེ་མིང་དུ་

འདུས་པ་ཉིད། །ཚིག་ནི་ཆོས་མཚུངས་ལ་རེག་པས། །དོན་གཞན་བསྒྲིབ་པ་བསྒྲིབ་པའོ། །སྒྲ་ཡི་རྣམ་གྲངས་བཀོད་པ་ཡིས། །བསྒྲུབ་པ་དག་ནི་མཐུན་པའི་སྒྲ། །གང་ཞིག་མངོན་སུམ་དོན་བསྟན་ཡང་། །རྨོངས་ཕྱིར་དེ་ནི་རྨོངས་ཞེས་བྱ། །གང་ལ་སྦྱོར་ཕྲེང་བདག་ཉིད་ཅན། །དེ་ནི་ཡོངས་སུ་འཕྲོག་ཅེས་བྱ།
གང་དུ་རྟེན་ནི་གསལ་བྱེད་དེ། །བརྟེན་པ་སྦས་པ་གཅིག་བསྒྲིབ་པའོ། །གང་དུ་གཉིས་ཀ་སྦས་གྱུར་པ། །དེ་ནི་གཉིས་ཀ་བསྒྲིབ་པའོ། །གང་ལ་མཚན་ཉིད་སྣ་ཚོགས་འདྲེས། །དེ་ནི་ཡོངས་སུ་འདྲེས་ཞེས་བྱ། །འདི་རྣམས་གབ་ཚིག་བཅུ་དྲུག་སྟེ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །གབ་ཚིག་ངན་པ་གཞན་
དག་ཀྱང་། །བཅུ་བཞི་དེ་དག་རྣམས་ཀྱིས་བརྗོད། །ངན་པ་མཚན་ཉིད་མེད་གང་དེ། །སྐྱོན་གྱིས་ཡོངས་བགྲང་བྱ་མིན་པར། །རིག་ནས་སླར་ཡང་བདག་ཅག་གིས། །ལེགས་པ་ཁོ་ན་བརྗོད་པར་བྱ། །མཱ་ཡཱཿགོ་ར་སེམས་ཀྱིས་ནི། །ཤེས་པ་མེད་ལ་ཅི་སླད་ཁྲོ། །གནས་མིན་དུ་བ་འདི་ཡིས་ནི། །ཅི་བྱེད་ཀུན་དུ་
མིག་དམར་མ། །ཀུབྫ་བསྟན་པ་ཁྱོད་ཀྱི་ནི། །དགའ་བ་ཇི་ལྟར་འཕེལ་གྱུར་པ། །འཆི་མེད་བུ་མོར་ཅོ་འདྲི་ལ། །མི་མོ་སྦྱད་པས་དེ་ལྟ་མིན། །ཡུ་བར་འོ་བྱེད་པད་ཅན་གྱི། །ངང་པ་ཚེར་མ་རྩུབ་མོ་ཅན། །ཞལ་ལ་སྒྲ་སྙན་སྒྲོགས་བྱེད་ཅིང་། །ལུས་ནི་འདར་བར་བྱེད་ཅིང་མཆུས། །བུ་མོ་ཁྱོད་ཀྱི་རྐང་མཛེས་ལ། །རྐང་
གདུབ་རྒྱས་པ་སྒྲ་སྙན་སྒྲོགས། །མངོན་སུམ་ཉིད་དུ་གྱུར་པ་འདིར། །བདག་གི་སྲོག་ནི་བརྟན་མ་ཡིན། །གང་གི་ཡལ་ག་ཡལ་འདབ་ལ། །མེ་ཏོག་དམར་པོའི་དོག་པ་ཅན། །འཁྲི་ཤིང་ཡལ་འདབ་ལྔ་པ་ནི། །སྐྱེད་མོས་ཚལ་འདིར་བདག་གིས་མཐོང་། །ལྷ་རྣམས་ལྷ་ཡི་ཁང་པ་རུ། །སོ་སོའི་འོད་ཀྱིས་དུལ་
བུར་རྒྱུ། །དྲི་བཟང་རྫིང་བུར་མྱོས་བྱས་པ། །དེ་རྣམས་ད་ནི་རྒན་མོ་བཞིན། །སྣ་ལྡན་དབུས་ན་གསལ་བྱེད་བཞིས། །ཡོངས་སུ་རྣམ་པར་བརྒྱན་པ་ཡི། །གྲོང་ཁྱེར་འགའ་ཡོད་གང་ཞིག་ན། །མི་བདག་མི་བརྒྱད་མིང་ཅན་ཡོད། །ཆིག་རྣམས་རབ་ཏུ་འཁྲུགས་པ་དང་། །མགོ་བོ་དུད་ཅིང་མིག་དམན་པ། །འདུག་
ཀྱང་འདར་ལྡན་བདག་ལ་ནི། །རྒན་མོ་རྗེས་སུ་མི་བརྩེའམ། །མིག་མི་བརྟན་མ་ས་ལྡན་འགའ། །དང་པོ་རཱ་ཛ་ཞེས་པར་སྒྲོགས། །ས་ནཱ་ཏ་ན་ཡང་སྟེ་འདི། །རྒྱལ་པོ་མ་ཡིན་ཁྱབ་འཇུག་མིན། །རྫས་བྲལ་མི་ནི་བཏང་བྱས་ནས། །ནོར་ལྡན་རྣམས་ཅན་བགྲོད་པ་གང་། །སྣ་ཚོགས་སྐྱོགས་བརྒྱས་འཇིག་རྟེན་འགུགས། །

གཟུང་དཀའ་སྨད་འཚོང་མ་ཡིན་ནོ། །ཁྱོད་ཀྱི་ས་མིན་མིང་མཐུན་གང་། །རབ་གྱུར་སྐྲ་མིང་ཅན་ལས་རྒྱལ། །དེ་ཡིས་དིང་བདག་མཆོག་ཏུ་ནི། །སྲེད་ལྡན་བྱེད་དོ་སྙན་སྒྲོགས་མ། །འདོད་ལྡན་དག་ནི་མལ་སྟན་ལ། །ཁྲོ་བས་ཕྱིར་བཟློག་ཉལ་བར་འགྱུར། །ཆགས་པས་དེ་བཞིན་ཉིད་ཉལ་ཏེ། །
དལ་བུ་ཡིས་ནི་ཁ་དག་སྦྱོར། །བྱ་རྒྱལ་ཟས་སྐྱེས་དགྲ་ཡིས་ནི། །བླ་མའི་འོད་ཀྱིས་བཅོམ་སྐྱེའོ། །ཁ་འཇོམས་གྲོགས་མིན་འཛིན་པ་ཡིས། །ཁྱབ་པའི་མཁའ་ལ་མངོན་པར་དགའ། །ནམ་ཡང་མཚོན་དང་བུད་མེད་ཀྱི། །ནུ་མའི་དཀྱིལ་འཁོར་ལ་མ་རེག །མི་མ་ཡིན་པ་འགའ་ཞིག་ནི། །ལག་ནི་འབྲས་མེད་ཡིན་ནོ་
ལོ། །སུ་ཞིག་གང་དང་འགོགས་པ་ཡིས། །བྱ་བ་ཐམས་ཅད་ཉེ་བར་ནི། །ཐོབ་ཅིང་ཟས་ཀྱི་དུས་དག་ཏུ། །གལ་ཏེ་མཐོང་ན་འདོར་བར་བྱེད། །ཧ་ཡ་ག་ཛ་བྷ་ཊ་ཅན། །སྡེ་འདི་གལ་ཏེ་མ་རྒྱལ་ན། །མཱ་ཏྲི་ཀ་མེད་ངེད་ཀྱི་བུ། །འདི་ནི་ཡི་གེ་ཤེས་ཀྱང་བླུན། །དེ་ནི་མིང་དུ་འདུས་པར་བསྲེས། །བསླུས་པ་ཡི་ནི་གཟུགས་དང་
ལྡན། །དེ་བཞིན་ཉིད་དུ་གཞན་གྱི་ཡང་། །འདྲེས་པའི་རིམ་པ་ཤེས་པར་བྱ། །དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང་། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །ལུང་རིགས་དག་
དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་ངག་ལ། །སྙན་ངག་མཁན་གྱིས་སྤང་བར་བྱ། །དམ་བཅའ་གཏན་ཚིགས་དཔེ་ཉམས་པ། །ཞེས་པ་འདི་ཡང་སྐྱོན་མིན་ནམ། །ཕལ་ཆེར་དཔྱད་པར་དཀའ་བ་ཉིད། །སྦྱོར་བ་དེ་ཡི་འབྲས་བུ་ཅི། །ཚོགས་པའི་དོན་གྱིས་སྟོང་པ་གང་། །དེ་ནི་དོན་ཉམས་ཞེས་པར་འདོད། །
མྱོས་པ་སྨྱོན་པ་བྱིས་པ་ཡི། །བརྗོད་ལས་གཞན་དུ་དེ་སྐྱོན་ནོ། །འདི་ནི་རྒྱ་མཚོ་འཐུང་བྱེད་དེ། །བདག་ནི་དེ་རིང་རྒས་པས་གཟིར། །སྤྲིན་འདི་རབ་ཏུ་སྒྲོགས་བྱེད་དེ། །འཕྲོག་བྱེད་ས་སྲུང་དག་ལ་དགའ། །འདི་སེམས་རྣལ་དུ་མི་གནས་པའི། །མངོན་པར་བརྗོད་ལ་སྨད་མིན་ཏེ། །གཞན་དུ་དེ་ལྟ་བུ་ལ་སོགས། །སྙན་
ངག་མཁན་པོ་སུ་ཞིག་སྦྱོར། །ངག་གཅིག་གིས་ནི་རབ་སྦྱར་བ། །སྔ་མ་ཕྱི་མ་གཞན་འཇོམས་པ། །འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན། །དོན་འགལ་ཞེས་པར་རབ་ཏུ་བརྗོད། །དགྲ་རིགས་མཐའ་དག་འཇོམས་པ་དང་། །སྣ་ཚོགས་ཁུར་ནི་རྒྱལ་གྱུར་ཅིག །འབྱུང་པོ་ཀུན་ལ་བརྩེ་བ་ཅན། །ཁྱོད་ལ་དགྲ་ནི་སུ་ཡང་མེད། །

མངོན་པར་ཆགས་ལྡན་སེམས་ལ་ནི། །སྐབས་དེ་འགའ་ཞིག་ཡོད་པས་ན། །གང་ལ་འགལ་བའི་དོན་ཅན་གྱི། །ཚིག་ཀྱང་མངོན་པར་འདོད་པར་འགྱུར། །གཞན་གྱི་བུད་མེད་ལ་སྲེད་པ། །འཕགས་པ་དག་གིས་ག་ལ་རིགས། །དེ་ཡི་སོ་སྒྲིབ་གཡོ་བ་དག །བདག་ནི་ནམ་ཞིག་འཐུང་འགྱུར་རམ། །དོན་ཉིད་དམ་
ནི་སྒྲ་ལ་ཡང་། །ཁྱད་པར་མེད་པར་སྔར་བརྗོད་པ། །གལ་ཏེ་སླར་ཡང་རབ་བསྒྲགས་པ། །དེ་ནི་དོན་གཅིག་པར་འདོད་དཔེར། །སྲེད་པ་སྲེད་བྱེད་བུ་མོ་རྣམས། །དེ་ཡི་ལེན་བུའི་འོད་ཟེར་ཅན། །ཆུ་འཛིན་གློག་དང་ལྡན་པ་དང་། །ཟབ་མོ་སྒྲ་སྒྲོགས་འདི་དག་གོ། །རྗེས་སུ་བརྩེ་སོགས་ཁྱད་པར་ལས། །གལ་ཏེ་
འགའ་ཞིག་བརྗོད་འདོད་ན། །ཡང་བརྗོད་པ་ལ་སྐྱོན་མེད་དེ། །འདི་ནི་རྒྱན་དུ་རིགས་པ་ཡིན། །འདོད་པ་སྐབས་མིན་འཁོན་པ་ཡིས། །བུད་མེད་མཆོག་འདི་བཅོམ་པར་གྱུར། །ཡན་ལག་ཀུན་མཛེས་བཅོམ་པར་གྱུར། །འཇམ་པར་སྒྲོག་མ་བཅོམ་པར་གྱུར། །ངེས་པའི་དོན་དུ་རབ་སྦྱར་བའི། །ཚིག་རྣམས་ཉིད་
ཀྱིས་གལ་ཏེ་ན། །ཐེ་ཚོམ་སྐྱེད་པར་བྱེད་ན་འདི། །ཐེ་ཚོམ་ཅན་ཞེས་རབ་ཏུ་བརྗོད། །རེ་འདོད་དགའ་བ་ལྟ་བ་ཡི། །རོ་ལ་མིག་གཡོ་གྲོགས་མོ་དག །རྒྱང་ན་འདུག་པའི་མ་མ་འདིས། །འདི་འདྲ་བལྟ་བར་བཟོད་མ་ཡིན། །འདི་འདྲ་ཐེ་ཚོམ་སླད་ཉིད་དུ། །གལ་ཏེ་འགའ་ཞིག་ཏུ་སྦྱར་ན། །འདི་ནི་རྒྱན་ཉིད་དུ་འགྱུར་གྱི། །
དེ་ལ་སྐྱོན་མེད་འདི་ལྟ་སྟེ། །མ་སྨད་དེ་ནི་ལུས་སྐྱེས་ཀྱི། །འཇིགས་པས་གཟིར་ཞིང་རྩུབ་མོ་ཡི། །དུས་ཉིད་ཀྱིས་ནི་བཟུང་བ་མཐོང་། །བདག་ཅག་ཁྱོད་ལ་རེ་བ་ཅི་སྐྱེ། །འདོད་པས་གཟིར་རམ་ཚ་བས་གདུངས། །ཞེས་པ་ངེས་མེད་བྱེད་པའི་ཚིག །རྩེད་འཇོས་སྐྱེས་པ་འཁྲུགས་པར་ནི། །བྱ་ཕྱིར་ཕོ་ཉ་མོས་སྨྲས་སོ། །
མདོར་བསྟན་རྗེས་སུ་ཡོན་ཏན་དོན། །གལ་ཏེ་རྗེས་བསྟན་མ་བྱས་ན། །རིམ་པ་ཉམས་པར་མངོན་བརྗོད་པའི། །སྐྱོན་དུ་དེ་ནི་བཤད་དེ་དཔེར། །འགྲོ་བ་རྣམས་ཀྱི་གནས་པ་དང་། །སྤྲུལ་དང་འཇིག་རྒྱུ་མ་སྐྱེས་པ། །བདེ་འབྱུང་སྲེད་མེད་ཆུ་སྐྱེས་ཀྱི། །སྐྱེ་གནས་ཅན་གྱིས་ཁྱེད་རྣམས་སྲུངས། །འབྲེལ་པ་ངེས་པར་
ཤེས་པའི་རྒྱུར། །གང་ཡང་གལ་ཏེ་འབད་བྱས་ན། །རིམ་པ་བཟླས་ཀྱང་སྐྱོན་མིན་པར། །མཁས་པ་རྣམས་ནི་སྨྲ་སྟེ་དཔེར། །གཉེན་གཏོང་བ་དང་ལུས་གཏོང་དང་། །ཡུལ་གཏོང་ཞེས་པ་གསུམ་པོ་ལ། །དང་པོ་ཐ་མ་ཉོན་མོངས་རིང་། །བར་པ་སྐད་ཅིག་གདུང་བའོ། །མཚོན་བྱ་མཚན་ཉིད་ལམ་ལ་མཚོན། །

ཚིག་སྦྱོར་མཆོག་མིན་འདོད་པ་ནི། །སྒྲ་ཉམས་ཡིན་ཏེ་མཆོག་རྣམས་དག །འདོད་པ་ཉིད་ནི་སྐྱོན་མ་ཡིན། །ས་གཞི་རྒྱ་མཚོའི་སྐ་རགས་ཅན། །རྒྱལ་ཆེན་ཁྱོད་ལ་དཔུང་པས་སྲུངས། །ཞེས་པ་ཤེས་འདོད་མེད་པས་ན། །ཚིག་འདི་ལ་ནི་ཉམས་ཡོད་མིན། །ལྷོ་ཡི་རི་ལས་ཉེར་བཏུད་པའི། །
རླུང་གིས་ཙཱུ་ཏའི་རྐང་འཐུང་ནི། །ཡལ་འདབ་རོལ་པར་བསྐྱོད་པ་ཡིས། །མྱུ་གུ་མཛེས་དང་ལྡན་པར་བྱེད། །ཅེས་སོགས་བསྟན་བཅོས་བདག་ཉིད་ཆེ། །ལྟ་ལ་གཡེལ་བའི་སེམས་ལྡན་པས། །སྒྲ་ཉམས་བཞིན་དུ་སྣང་མོད་ཀྱི། །སྐལ་བཟང་ནམ་ཡང་གཏང་མ་ཡིན། །ཚིགས་བཅད་རྣམས་ལ་ངེས་པའི་གནས། །
ཚིག་གི་གཅོད་མཚམས་ངལ་གསོར་རིགས། །དེ་ཉམས་གཅོད་མཚམས་ཉམས་པ་སྟེ། །ཉན་པོ་དགའ་མིན་སྐྱེད་དེ་དཔེར། །བུད་མེད་རྣམས་ཀྱིས་ཡང་དག་བརྗོད་པའི་ཆོ་ག་རོ་ཉམས་མེད་ལ་འདིར། །མཆོག་རྣམས་དང་འགྲོགས་མི་དབང་ཉི་མའི་རིགས་འདིས་ལྟ་བྱེད་ལ་སོགས་སྐྱོན། །བྱ་དང་བྱ་མིན་མ་ཚང་
མེད་ལ་ལུང་ཉིད་ཀྱིས་ནི་ལྟ་བྱེད་ཅིང་། །མི་བདག་འདི་ཡི་དབང་གྱུར་ས་འཛིན་ཞེས་པ་དེ་ལྟར་སྦྱོར་བ་ཡོད། །ཇི་ལྟར་ཚིག་མཐའ་ཕྱིས་པ་ལ། །ལྷག་མ་ཚིག་ཉིད་དུ་ངེས་པ། །དེ་བཞིན་མཚམས་སྦྱོར་རྣམ་འགྱུར་མཐའ། །ཚིག་ཉིད་ཅེས་ནི་བརྗོད་པ་ཡིན། །དེ་ལྟ་ན་ཡང་རྣ་བར་རྩུབ། །སྙན་ངག་མཁན་རྣམས་མི་
སྦྱོར་ཏེ། །རྒྱལ་པོ་དེ་ཡི་རྒྱལ་མཚན་གྱི། །ཏོག་གི་ཆུ་འཛིན་བསྐུལ་ཞེས་འདིའོ། །གང་དུ་ཡི་གེ་ཆད་ལྷག་དང་། །ལྕི་ཡང་ཇི་ལྟ་བཞིན་མི་གནས། །དེ་ནི་སྡེབ་སྦྱོར་ཉམས་པ་སྟེ། །སྐྱོན་འདི་ཤིན་ཏུ་སྨད་པའོ། །ཟླ་བའི་འོད་ཟེར་རབ་བསིལ་བས། །རེག་ཅེས་ཡི་གེ་ཉུང་བ་ཉིད། །ས་ཧཱ་ཀཱ་རའི་ལོ་འདབ་གསར་པ་
རྣམས། །སྣུམ་ཞེས་ཡི་གེ་ལྷག་པའོ། །འདོད་པས་མདའ་རྣོན་རི་དགས་མིག་ཅན་ལ། །རྣམ་པར་འཕོང་ཞེས་ལྕི་བ་ཇི་བཞིན་མིན། །མཛེས་པའི་མིག་ཅན་དག་ལ་མྱོས་བྱེད་ཀྱི། །མདའ་རྣོན་ལྷུང་ཞེས་ཡང་བ་ཇི་བཞིན་མིན། །བསྡུས་པ་བརྗོད་པར་མི་འདོད་ཅེས། །ཚིག་ལ་མཚམས་སྦྱོར་མེད་པ་དང་། །ཡ་ཕྱིས་
ལ་སོགས་རྒྱུ་མེད་པ། །དེ་ནི་མཚམས་སྦྱོར་བྲལ་ཞེས་བསྟན། །མཁའ་དང་བདག་གི་ཡིད་ལ་ཡང་། །རླུང་ནི་དལ་བུར་རྒྱུ་བ་ཡིས། །བུད་མེད་འགྲམ་པའི་དཀྱིལ་འཁོར་ལ། །རྡུལ་གྱི་ཆུ་རྒྱས་སེལ་བར་བྱེད། །མཚན་མོ་འདི་ལ་ཞེས་འདི་འདྲ། །མཁས་པས་ཉམས་པར་རིགས་མི་བྱེད། །རི་ནགས་ཡུལ་འཁོར་

ལ་སོགས་ཡུལ། །ཉིན་མཚན་དུས་དྲུག་ལ་སོགས་དུས། །འདོད་པའི་དོན་ལ་བསྟན་པ་ཡི། །གར་དང་གླུ་སོགས་སྒྱུ་རྩལ་ཏེ། །འབྱུང་བ་རྒྱུ་དང་མི་རྒྱུ་བའི། །འཇུག་པ་འཇིག་རྟེན་མིང་ཅན་ནོ། །རིགས་པ་གཏན་ཚིགས་རིགས་བདག་ཉིད། །ཐོས་བཅས་གསུངས་པ་ལུང་ཉིད་དེ། །སྙན་ངག་མཁན་པོ་
བག་མེད་ལས། །དེ་དེར་ཇི་ལྟར་གྲགས་པ་བཞིན། །མིན་པར་གལ་ཏེ་རབ་ཞུགས་ན། །འདི་ནི་ཡུལ་སོགས་འགའ་ཞེས་བརྗོད། །ག་བུར་རྐང་འཐུང་ལ་རེག་པའི། །མ་ལ་ཡ་རླུང་དྲི་བཟང་ཅན། །ཀ་ལིང་ཀ་ཡི་ནགས་སྐྱེས་པའི། །གླང་པོ་དག་ནི་རི་དགས་རིགས། །ཙོ་ལ་ཀཱ་པ་རི་ངོགས་པ། །ཨ་ཀ་རུ་ནི་ནག་པོ་སྔོ། །
ཞེས་པ་ཡུལ་དང་འགལ་བ་ཡི། །ཚིག་གི་འཇུག་པ་འདི་འདྲ་སྟེ། །པདྨ་ཅན་ནི་མཚན་མོ་རྒྱས། །ཉིན་པར་ཀུ་མུད་ལྡན་པ་གསལ། །དབྱིད་ནི་ནི་ཙུ་ལ་རབ་རྒྱས། །སོས་ཀ་དག་ནི་སྤྲིན་གྱིས་གཏིབས། །ངང་པའི་སྒྲ་ནི་དབྱར་མཉན་འོས། །སྟོན་ནི་རྨ་བྱ་མྱོས་པ་སྟེ། །དགུན་སྟོན་ཉི་མ་དྲི་མ་མེད། །དགུན་ནི་ཙནྡན་བསྔགས་པར་འོས། །
ཞེས་པ་འདི་འདྲ་དུས་དང་ནི། །འགལ་བའི་ལུགས་དག་བསྟན་པ་ཡིན། །སྒྱུ་རྩལ་དག་དང་འགལ་བའི་ལམ། །ཅུང་ཟད་བསྟན་པར་བྱ་སྟེ་དཔེར། །དཔའ་བ་སྒེག་པ་དག་གི་དངོས། །བརྟན་པ་ཁྲོ་དང་ཡ་མཚན་ནོ། །དབྱངས་བདུན་རྫོགས་པ་འདི་དག་ནི། །ཐ་དད་ལམ་དུ་རབ་ཏུ་འཇུག །འདི་ལྟར་སྒྱུ་རྩལ་དྲུག་ཅུ་བཞིར། །འགལ་
བ་ལེགས་པར་རྟོགས་པར་བྱ། །སྒྱུ་རྩལ་ཡོངས་སུ་བཅད་པ་ལས། །དེ་ཡི་རང་བཞིན་གསལ་བར་འགྱུར། །གླང་པོ་དག་ནི་རལ་པ་གཡོ། །རྟ་ཡི་རྭ་ནི་རྣོ་བ་ཡིན། །ཨེ་རཎྜ་ནི་སྙིང་པོས་ལྕི། །སེང་ལྡེང་ལྗོན་པ་སྙིང་པོ་མེད། །ཅེས་པ་འདི་ནི་འཇིག་རྟེན་པ། །ཉིད་དང་འགལ་བ་ཀུན་གྱིས་སྨད། །རིགས་པ་ཞེས་བྱ་གཏན་ཚིགས་ཀྱི། །རིག་
པ་དང་འགལ་བསྟན་པར་བྱ། །བདེ་གཤེགས་འདུས་བྱས་འཇིག་པར་ནི། །གསུངས་པ་བདེན་མོད་དེ་ལྟ་ནའང་། །ཙ་ཀོ་ར་ཡི་མིག་ཅན་དེ། །བདག་གི་སྙིང་ལ་ད་དུང་གནས། །སེར་སྐྱས་གནས་ལ་ཡོད་མིན་ཉིད། །རབ་ཏུ་སྐྱེ་བར་ཉེ་བར་བརྗོད། །མེད་པ་ཉིད་ནི་བདག་ཅག་གིས། །རབ་ཏུ་སྐྱེ་བར་མཐོང་གང་ཕྱིར། །རིགས་པ་
དག་དང་འགལ་བ་ཡི། །ལུགས་ནི་ཀུན་དུ་བསྟན་པར་བྱ། །དེ་ནས་ལུང་དང་འགལ་བ་ཡི། །འཇུག་པ་དག་ནི་བསྟན་པར་བྱ། །མེ་ནི་བཞག་པ་མ་ཡིན་ཡང་། །བུ་སྐྱེས་བྲམ་ཟེ་མ་ཉམས་པའི། །སྤྱོད་པས་བརྒྱན་པ་འདི་དག་ནི། །བེེ་ཤྭ་ན་རི་མཆོད་སྦྱིན་བྱེད།