Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 191
Văn bản gốc(Tây Tạng)
Trang 21 / 25 (50.000 ký tự/trang)
ྲད་པ་ལ་སོགས་པ་གཟུང་ངོ་། །དེའི་ཕྱིར་གསལ་བ་ཐ་དད་པ་གཅིག་ལ་རིགས་ཐ་དད་པ་དེ་དག་འཛིན་པ་ན་རིགས་མི་མཐུན་པ་གསལ་བ་ཐ་དད་པའི་བར་ཐམས་ཅད་དུ་ཡང་དམིགས་པར་འགྱུར་ཏེ། དེ་དག་བདག་ཉིད་ཇི་ལྟ་བ་བཞིན་དུ་ངོ་བོ་གཅིག་ཉིད་ཀྱིས་རེ་རེ་ལ་གཟུང་བའི་ ངོ་བོ་ལས་ཐ་མི་དད་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར། གལ་ཏེ་ཤེས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མཐོང་བའི་གསལ་བ་དང་འདུ་བའི་སྤྱིའི་ངོ་བོ་ཤེས་ཟིན་པ་ལས་གསལ་བའི་བར་ན་གནས་པའི་སྤྱིའི་ངོ་བོ་ཐ་དད་པ་ཡིན་ནོ་ཞེ་ན། དེའི་ཚེ་དེ་ཡང་འཛིན་པར་འགྱུར་ ཏེ། བཟུང་ཟིན་པའི་རང་གི་ངོ་བོ་བཞིན་དུ་བཟུང་ཟིན་པ་ལས་ཐ་མི་དད་པའི་ཕྱིར་རོ། །ཇི་སྟེ་དེ་འཛིན་པ་མ་ཡིན་པ་དེ་ལྟ་ཡིན་ན་མ་གཟུང་བའི་ངོ་བོ་དང་ཐ་མི་དད་པའི་ཕྱིར། དེ་བཞིན་དུ་མཐོང་བའི་གསལ་བ་དང་འདུ་བ་ཡང་འཛིན་པར་མི་འགྱུར་རོ། །ཅི་སྟེ་གཉི་གའི་ངོ་བོ་ཉིད་དུ་ཁས་ལེན་པར་བྱིང་ན་ དེའི་ཚེ། ཕན་ཚུན་འགལ་བའི་ཆོས་དང་ལྡན་པའི་ཕྱིར་རང་བཞིན་ཐ་དད་པར་ཐལ་བར་འགྱུར་རོ། །འཛིན་པ་དང་མི་འཛིན་པ་ཕན་ཚུན་འགལ་བའི་ཆོས་དང་ལྡན་པ་ཡང་ཡིན་ལ་གཅིག་ཀྱང་ཡིན་ནོ་ཞེས་སེམས་རྣལ་དུ་གནས་པས་བརྗོད་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ ཕྱིར་རོ། །དེ་ལྟ་ན་ནི་སྣ་ཚོགས་རྫས་གཅིག་ཏུ་འགྱུར་ལ། དེ་ལྟ་ཡིན་དང་ལྷན་ཅིག་སྐྱེ་བ་དང་འཇིག་པ་ལ་སོགས་པར་ཐལ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཅིག་ཅེས་བྱ་བ་མིང་ཙམ་དུ་འགྱུར་ལ་མིང་ལ་ནི་རྩོད་པ་ཡང་མེད་དོ། །དེའི་ཕྱིར་དེ་ལྟར་རིགས་རྣམ་པ་ཐམས་ཅད་དུ་སུན་ཕྱུང་ ནས་སྦྱོར་བ་དགོད་པའི་ཕྱིར། ཤིང་སོགས་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་རིམ་ཅན་ཉིད་དག་རྗེས་སུ་འཇུག་པ་ཉིད་དང་། དངོས་པོ་ཉིད་དང་། སྐྱེ་བ་དང་ལྡན་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་དེ་དག་ནི་གཞན་གྱིས་ཀུན་དུ་བརྟགས་པའི་རྟག་པ་དང་གཅིག་པུ་དང་ཐམས་ཅད་དུ་ སོང་བའི་སྤྱི་ལས་བྱུང་བ་མ་ཡིན་ཏེ། འཚེད་པ་པོ་ལ་སོགས་པའི་ཤེས་པ་བཞིན་ནོ། །ཤིང་ལྗོན་པ་ལ་སོགས་པའི་ཤེས་པ་འདི་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པ་སྟེ། དེ་རྟག་པའི་དངོས་པོ་དང་འགལ་བ་མི་རྟག་པའི་དངོས་པོས་རིམ་ཅན་ཉིད་ལ་སོགས་པ་ལ་ཁྱབ་ པའི་ཕྱིར་རོ། །རྟག་པ་ནི་རིམ་དང་རིམ་མ་ཡིན་པ་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །དཔེ་ལ་བསྒྲུབ་བྱ་མ་ཚང་བ་ཡང་སྔར་རྒྱས་པར་བསྒྲུབས་ཟིན་པའི་ཕྱིར་དཔེ་མ་གྲུབ་པ་མ་ཡིན་ནོ། །གནོད་པར་བྱེད་པ་གཞན་ཡང་བཤད་པ། ཡང་ན་ལྡན་པ་ཞེས་བྱ་བ་ ལ་སོགས་པ་སྟེ། དེ་ལ་ལྡན་པ་སུན་འབྱིན་པ་ན་གཅིག་ཉིད་དུ་མ་ལ་འཇུག་པ་མི་རིགས་གནོད་བྱེད་ཚད་མའོ་ཞེས་བྱ་བ་འདིས་གནོད་པར་བྱེད་པ་བརྗོད་དོ། །དེ་ནི་ཇི་ལྟར་གཅིག་དུ་མ་འཇུག་པ་མི་རིགས་པ་དེ་བཞིན་དུ་ཡན་ལག་ཅན་སུན་འབྱིན་པ་ན་དེ་གཅིག་འཇུག་པ་བསྟན་པའམ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་ ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དེ། གང་དག་བྱེ་བྲག་པ་ལ་སོགས་པས་གསལ་བ་ལས་རིགས་གཅིག་ཏུ་ཐ་དད་པར་འདོད་པ་དེ་དག་ལ་ཉེས་པ་འདི་བརྗོད་ཀྱི། ཡང་གང་དག་རྒྱལ་བ་པ་དང་རྒྱལ་དཔོག་པ་དང་གྲངས་ཅན་པ་ལ་སོགས་པ་རིགས་ཐ་མི་དད་པའམ་གཉི་གའི་ངོ་བོར་འདོད་ པ་དེ་དག་གིས་བརྗོད་པའི་རིགས་ནམ་མཁའི་གོས་ཅན་གྱི་ཞར་ལ་འགེགས་པར་འགྱུར་རོ། །འདི་ནི་བྱེ་བྲག་པ་དང་རིགས་པ་ཅན་གྱིས་བརྟགས་པའི་རིགས་དགག་པའི་སྐབས་ཡིན་པས་སུན་མ་ཕྱུང་སྟེ། སྐབས་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ ལས་སྤྱིའི་ཚིག་གི་དོན་བརྟག་པ་སྟེ་བཅོ་བརྒྱད་པའོ།། །།བྱེ་བྲག་བ་སུན་དབྱུང་བའི་ཕྱིར་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཁྱད་པར་གྱི་མཚན་ཉིད་རྟག་པའི་རྫས་ལ་འཇུག་པ་ཉིད་དང་། མཐའི་རྫས་ལ་འབྱུང་བ་ཉིད་གང་ཡིན་པ་དེ་ནི་མི་སྲིད་པའི་སྐྱོན་གྱིས་སུན་ཕྱུང་བའི་ཕྱིར་མཚན་ཉིད་མ་ ཡིན་པ་ཁོ་ནའོ། །རྟག་པའི་རྫས་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ནི་སྔར་རྫས་རྟག་པར་བཀག་ཟིན་པའི་ཕྱིར་ཏེ་ཇི་ལྟར་འདི་དག་གིས་འཇུག་པ་དེ་འགྲུབ་པར་འགྱུར། གང་ཡང་རྣལ་འབྱོར་པ་རྣམས་ཀྱི་ཁྱད་པར་གྱི་ཤེས་པའི་སྟོབས་ཀྱིས་འདི་དག་ཡོད་པ་ཉིད་དུ་སྒྲུབ་པ་དེ་ལ་ཡང་མ་ངེས་པ་ཡིན་ནོ་ཞེས་ སྟོན་པ་ནི། དེའི་གལ་ཏེ་རྡུལ་ཕྲན་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་རྡུལ་ཕྲ་རབ་ལ་སོགས་པའི་ངོ་བོ་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་ཕན་ཚུན་སིལ་བུར་འགྱུར་བའམ། འདྲེས་པར་འགྱུར་བ་ཡིན་གྲང་། གལ་ཏེ་ཕྱོགས་དང་པོ་ཡིན་ན་དེའི་ཚེ་རང་ཉིད་ཀྱིས་དངོས་པོ་མ་འདྲེས་པར་དམིགས་པ་ལས་དེ་དག་ ལ་རྣལ་འབྱོར་པ་རྣམས་ཀྱི་ཕན་ཚུན་མི་འདྲ་བའི་བློར་གྱུར་པའི་ཕྱིར་བྱེ་བྲག་གཞན་བརྟགས་པ་དོན་མེད་དོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་ཇི་ལྟར་བྱེ་བྲག་གི་ཚིག་གི་དོན་གཞན་ཉེ་བ་ན་ཡང་ཕན་ཚུན་ཐ་དད་པའི་ངོ་བོ་དག་ལ་རྣལ་འབྱོར་པ་རྣམས་ལ་མི་འདྲ་བའི་ཤེས་པ་མ་འཁྲུལ་བ་སྐྱེ་བར་འགྱུར། དེ་ནི་འཁྲུལ་ པ་ཉིད་དུ་འགྱུར་ཏེ། དེ་མ་ཡིན་པ་ལ་དེ་ལྟར་འཇུག་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྣལ་འབྱོར་པ་ཉིད་མ་ཡིན་པར་འགྱུར་སྟེ། འཁྲུལ་པའི་ཤེས་པ་དང་ལྡན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གལ་ཏེ་བྱེ་བྲག་ཅེས་བྱ་བ་ཚིག་གི་དོན་གཞན་མེད་པར་མི་འདྲ་བའི་བློ་མི་སྐྱེ་ན་དེ་ཇི་ལྟར་བྱེ་ བྲག་དེ་དག་ཉིད་ལ་མི་འདྲ་བའི་བློར་འགྱུར། དེ་དག་ལ་བྱེ་བྲག་གཞན་ཡོད་པ་ནི་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་པར་འགྱུར་བའི་ཕྱིར་དང་། བྱེ་བྲག་ལ་མི་འཇུག་པའི་ཕྱིར་རྟག་པའི་རྫས་ལ་འཇུག་པ་དང་མཐའ་ཡིན་ནོ་ཞེས་ཁས་བླངས་པས་ཉམས་པར་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ རང་ཉིད་ཀྱིས་དེ་དག་ཕན་ཚུན་མི་འདྲ་བའི་བློའི་རྒྱུ་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་རྡུལ་ཕྲ་རབ་ལ་སོགས་པ་རྣམས་ཀྱི་ཡང་དེའི་རྒྱུ་ཉིད་རང་ཉིད་ལས་ཡིན་ལ་རག་མོད། གང་གིས་དེ་དག་རང་ཉིད་ཀྱིས་ཕན་ཚུན་ལྡོག་པའི་ལུས་ཅན་གྱི་ཡོད་པ་ཡང་རྡུལ་ཕྲ་རབ་ལ་སོགས་པ་ཕན་ཚུན་མི་འདྲ་བའི་ཤེས་པ་ སྐྱེད་པའི་རྒྱུ་མི་འདོད་པ་འདིར་དེ་དག་ལ་སྡང་བ་ཅི་ཞིག་ཡོད། བྱེ་བྲག་རྣམས་ལ་ཡང་འདོད་པ་ཞེས་བྱ་བ་འདི་ལ་རྨོངས་པ་ལས་མ་གཏོགས་པ་འདི་ལ་རྒྱུ་ཅུང་ཟད་ཀྱང་མ་མཐོང་ངོ་། །ཇི་ལྟར་ཁྱི་ཤ་ཞེས་བྱ་བ་ལ་སོགས་པས་འདི་ལ་བཀྲ་ཤིས་བློ་གྲོས་ཀྱི་ལུགས་ཀྱི་ལན་གྱི་དོགས་པ་བསུ་བ་ ཡིན་ཏེ། དེས་སྨྲས་པ། ཇི་ལྟར་ཁྱི་ཤ་ལ་སོགས་པ་རང་ཉིད་ཀྱིས་མི་གཙང་བ་ཉིད་ཡིན་ལ་དེ་དང་འབྲེལ་པས་གཞན་དག་ཀྱང་ཡིན་ཏེ། དེ་བཞིན་དུ་འདི་ལ་ཡང་དེའི་བདག་ཉིད་ཀྱིས་བྱེ་བྲག་གཞན་དག་ལ་རང་ཉིད་ཀྱིས་ལྡོག་པའི་ཤེས་པའི་རྒྱུ་ཡིན་ལ་དེ་དང་འབྲེལ་བས་རྡུལ་ཕྲ་རབ་དག་ཀྱང་ཡིན་ནོ། །གཞན་ ཡང་དེའི་བདག་ཉིད་ལ་ཡང་ཤེས་པ་གཞན་གྱི་རྒྱུ་མཚན་གཞན་ཅན་དུ་འགྱུར་བ་ཉིད་ཡིན་ཏེ། དཔེར་ན། སྒྲོན་མས་བུམ་པ་ལ་སོགས་པ་ལ་ཡིན་གྱི་སྒྲོན་མ་ལ་བུམ་པ་ལ་སོགས་པ་དག་གིས་ནི་མ་ཡིན་ཞེས་བྱ་བར་ངེས་པ་བཞིན་ནོ། །འདི་ནི་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའོ། །འདི་དེ་བཞིན་ཞེས་བྱ་བ་ ནི་མི་འདྲ་བ་མཚོན་པ་སྟེ། རྡུལ་ཕྲ་རབ་ལ་སོགས་པ་རྣམས་ནི་བྱེ་བྲག་རྣམས་ཁོ་ན་ལས་ཡིན་ལ་བྱེ་བྲག་རྣམས་རང་ཉིད་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མི་གཙང་ཞེས་བྱ་བས་ལན་འདེབས་པར་བྱེད་དེ། དངོས་པོ་རྣམས་ཀྱི་མི་གཙང་ཉིད། །ཅེས་བྱ་བ་ནི་རྟོགས་པས་སྦྱར་བ་ཡིན་གྱི་ངེས་པ་མེད་པའི་ཕྱིར་ དོན་དམ་པ་ནི་མ་ཡིན་ཏེ། འདི་ལྟར་རྫས་གང་ཁོ་ན་གཙང་སྦྲ་ཅན་ལ་སོགས་པ་འགའ་ཞིག་མི་གཙང་བ་ཉིད་དུ་སྣང་བ་དེ་ཁོ་ན་གཞན་རོ་སྲེག་མཁན་ལ་སོགས་པ་གཙང་བ་ཉིད་དུ་སྣང་ངོ་། །གཅིག་ལ་ཕན་ཚུན་འགལ་བའི་ངོ་བོ་དུ་མ་ཚོགས་པ་རིགས་པ་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་ བར་འགྱུར་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དངོས་པོ་རྣམས་དངོས་སུ་མི་གཙང་བ་ཡིན་དུ་ཆུག་མོད་དེ་ལྟ་མ་ཡིན་ན་འདི་དཔེ་དང་མཚུངས་པ་མ་ཡིན་ཏེ། འདི་ལྟར་ཟས་ལ་སོགས་པའི་དངོས་པོ་ཁྱི་ཤ་ལ་སོགས་པ་མི་གཙང་བའི་རྫས་དང་ཕྲད་པ་ལས་སྔར་གྱི་གཙང་བའི་རང་བཞིན་དོར་ནས་མི་ གཙང་བ་གཞན་ཉིད་སྐྱེ་བ་ཡིན་ནོ། །དེས་ན་འདི་དག་གི་གཞན་གྱི་རྒྱུ་མཚན་ཅན་གྱི་མི་གཙང་བ་ཉིད་རིགས་པ་ཡིན་ནོ། །དེ་བཞིན་དུ་གང་གིས་འདི་དག་གི་མི་འདྲ་བ་གཞན་གྱི་རྒྱུ་མཚན་ཅན་དུ་འགྱུར་བ་རྡུལ་ཕྲ་རབ་ལ་སོགས་པ་དག་ལ་རྒྱུ་མཚན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །རྡུལ་ཕྲ་རབ་ ལ་སོགས་པ་རྟག་པ་དེ་དག་ནི་སྐྱེ་བ་མེད་པའི་ཕྱིར་དེ་འབྱུང་བ་མེད་པའི་ཕྱིར་རོ། །དེ་བཞིན་སྒྲོན་མའི་དཔེ་ལ་ཡང་གཞན་གྱི་རྒྱུ་མཚན་ཅན་བུམ་པ་ལ་སོགས་པའི་ཤེས་པ་སྐྱེད་པའི་རྒྱུ་ཉིད་སྦྱར་བར་བྱའོ། །མི་མཐུན་བློ་ནི་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་གིས་གནོད་པར་བྱེད་པའི་ཚད་མ་བཤད་པ་ཡིན་ཏེ། འདི་ལ་ཡང་སྔ་མ་བཞིན་དུ་རང་གི་ངོ་བོ་དང་འབྲེལ་པ་བརྗོད་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་བྱེ་བྲག་གི་ཚིག་གི་དོན་བརྟག་པ་སྟེ་བཅུ་དགུ་བའོ།། །།འདུ་བ་སུན་དབྱུང་བའི་ཕྱིར། སྣལ་མ་འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟེན་དང་བརྟེན་པར་གྱུར་པ་སོ་སོ་མ་ཡིན་པར་ གྲུབ་པ་རྣམས་ཀྱི་འདིའི་བློའི་རྒྱུའི་འབྲེལ་པ་གང་ཡིན་པ་འདི་དེ་ཡང་སྣལ་མ་འདི་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པ་འདི་ལ་བློའི་ཁྱད་པར་ལས་དོན་གཞན་དུ་རྟོགས་ཏེ། དཔེར་ན་ཡོད་པ་དང་རྫས་ཉིད་ལ་སོགས་པ་རྣམས་རང་གི་རྟེན་ལ་བདག་དང་རྗེས་སུ་མཐུན་པའི་ཤེས་པའི་ཕྱིར་རང་གི་རྟེན་ལ་སོགས་ པ་དག་དང་ཕན་ཚུན་ལས་དོན་གཞན་དུ་གྱུར་པ་ཡིན་པ་དེ་བཞིན་དུ་འདུ་བ་ཡང་ཚིག་གི་དོན་ལྔ་ལ་སྣལ་མ་འདི་དག་ལ་སྣམ་བུ། རྫས་འདི་རྣམས་ཚིག་ལ་ཡོན་ཏན་དང་ལས་དག །རྫས་དང་ཡོན་ཏན་དང་ལས་འདི་དག་ལ་ཡོད་པ། རྫས་འདི་ལ་རྫས་ཉིད་ཡོན་ཏན་འདི་ལ་ཡོན་ཏན་ཉིད་ལས་འདི་ལ་ ལས་ཉིད། རྫས་འདི་ལ་མཐའི་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་བྱེ་བྲག་གི་ཤེས་པ་མཐོང་བའི་ཕྱིར་ཚིག་གི་དོན་ལྔ་པོ་དག་ལས་དོན་གཞན་དུ་འགྱུར་བ་ཉིད་ཡིན་པར་ཤེས་སོ། །སྦྱོར་བ་ནི་གང་དག་ལ་གང་གི་རྣམ་པ་དང་མི་འདྲ་བའི་ཤེས་པ་དེ་ནི་དེ་ལས་དོན་གཞན་དུ་འགྱུར་བའི་རྒྱུ་མཚན་ཅན་ཡིན་ཏེ། ལྷ་སྦྱིན་ ལ་དབྱིག་པ་ཅན་གྱི་ཤེས་པ་བཞིན་ནོ། །ཚིག་གི་དོན་ལྔ་ལ་འདི་ལ་ཞེས་བྱ་བའི་ཤེས་པ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་རང་བཞིན་གྱིས་གཏན་ཚིགས་སུ་སེམས་སོ། །འདི་ནི་འབྲེལ་བ་བསྟན་པའི་ཕྱིར་འདི་ལྟར་དེ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་མེད་པར་འབྱུང་ན་རྟག་ཏུ་ཡོད་ པ་ལ་སོགས་པ་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ལྟར་རེ་ཞིག་བྱེ་བྲག་པ་ལ་སོགས་པའི་ལུགས་ཀྱིས་འདུ་བ་འདི་ལ་བློའི་རྟགས་ཀྱི་རྗེས་སུ་དཔག་པར་བྱ་བ་ཡིན་ལ་རིགས་པ་ཅན་གྱི་ལུགས་ཀྱིས་ནི་འདི་ལ་བློའི་མངོན་སུམ་གྱིས་རྟོགས་པར་བྱ་བ་ཉིད་ཡིན་ཏེ། འདི་ལྟར་དེ་ དག་ནི་མངོན་སུམ་གྱི་བྱ་བ་ཡོད་པ་ན་སྣལ་མ་འདི་དག་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་སྐྱེ་བའི་ཕྱིར་མངོན་སུམ་ཉིད་ཡིན་པར་སྨྲའོ། །འདུ་བ་དེ་ཡང་ཇི་ལྟར་ལྡན་པ་འབྲེལ་པ་ཅན་དག་ལ་ཐ་དད་པ་དེ་བཞིན་དུ་ཐ་དད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་བཞིན་དུ་སྟེ། ཡོད་པ་བཞིན་དུ་དེའི་རྟགས་ཁྱད་པར་མེད་པའི་ཕྱིར་དང་། ཁྱད་པར་གྱི་རྟགས་པ་མེད་པའི་ཕྱིར་ཐམས་ཅད་དུ་འདུ་བ་གཅིག་ཉིད་ཡིན་ནོ། །ལྡན་པ་བཞིན་དུ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ། རྒྱུ་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་ཉིད་བཞིན་དུ་རྟག་པ་ཉིད་དུ་གྲུབ་པ་ལ། ཚད་མས་རྒྱུ་མ་དམིགས་པའི་ཕྱིར་ རྒྱུ་མེད་པ་ཉིད་དུ་གྲུབ་པོ། །འདི་ནི་འདི་ལའི་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་རྩོལ་ཏེ། དེའི་ཕྱིར་འདིས་གཏན་ཚིགས་གཞི་མ་གྲུབ་པར་བཤད་དོ། །སྣལ་མ་འདི་དག་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་བློ་རྣམས་རང་གི་གྲུབ་པའི་མཐའ་ལ་རྗེས་སུ་ཆགས་པས་བརྟགས་པ་ཉིད་ཡིན་གྱི། འཇིག་ རྟེན་ན་དེ་བཞིན་དུ་སྐྱེ་བ་རིགས་པ་ནི་མ་ཡིན་པས་དེའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་མ་གྲུབ་པ་ཡིན་ནོ། །རྟེན་དང་བརྟེན་པར་ཞེས་བྱ་བ་ལ་སོགས་པས་ཆོས་ཅན་མ་གྲུབ་པ་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་དག་ལ་སྣ་ཚོགས་པ་ཉིད་མཚོན་པར་འགྱུར་བ་དེ་དག་ཉིད་བརྟེན་པར་འགྱུར་བ་ཡིན་ན་འཇིག་རྟེན་པ་འདི་ ལའི་བློ་འབྱུང་བར་མཐོང་སྟེ། དཔེར་ན་ཁམ་གཞོང་འདི་ན་བིལ་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྣལ་མ་དང་སྣམ་བུ་དག་ལ་སྣ་ཚོགས་པ་ཉིད་མཚོན་པའམ་ཡོད་པ་ཡང་མ་ཡིན་ཏེ། དེ་ཇི་ལྟར་དེ་ལྟར་དེ་ལ་འདི་ལའི་བློར་འགྱུར། འདི་སྙམ་དུ་གལ་ཏེ་ཁོ་བོ་ཅག་གིས་འདི་ལའི་བློ་འདི་གྲུབ་ མཐའི་སྟོབས་ཀྱིས་བརྟགས་པ་ཡིན་པ་དེ་ལྟ་ན་ཡང་ཁྱེད་ཅག་གིས་འདིའི་རྒྱུ་མཚན་བརྗོད་པར་བྱ་དགོས་སོ་སྙམ་དུ་སེམས་ན། རང་གི་འདོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གང་གི་རྒྱུ་ཉིད་དུ་མི་འདོད་པ་དེ་ནི་ཇི་ལྟར་རང་ཉིད་ཀྱིས་འབྲས་བུར་བརྟགས་ནས་དེའི་རྒྱུ་བརྒལ་ཞིང་བརྟག་པར་བྱེད་གང་ གིས་འདོད་པའི་དབང་གིས་འབྲས་བུར་བརྟགས་ནས་དེའི་རྒྱུ་བརྒལ་ཞིང་བརྟག་པར་བྱེད་པ་ཁྱེད་ཅག་གིས་འདོད་པའི་དབང་གིས་འབྲས་བུ་འདི་རྟོག་པར་བྱེད་པ་ཁྱེད་ཅག་བདག་ཉིད་ལ་བརྒལ་ཞིང་བརྟག་པར་བྱའོ། །དངོས་པོའི་རང་བཞིན་ནི་འདོད་པའི་རྗེས་སུ་བྱེད་པ་ཡང་མ་ཡིན་ཏེ། འདི་དག་ནི་རང་ དགར་འཇུག་པའི་ཕྱིར་དེ་ལས་དངོས་པོ་གྲུབ་པ་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ཁྱེད་ཅག་གིས་ཀུན་དུ་བརྟགས་པའི་དངོས་པོ་ལ་འགའ་ཞིག་གཞན་དུ་ཡང་བརྟགས་པར་ནུས་པའི་ཕྱིར་རོ། །གཞན་ཡང་སྣལ་མ་འདི་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་བློ་འཇིག་ རྟེན་ན་མ་གྲུབ་པ་འགའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དེ་ལས་བཟློག་པ་ཉིད་དུ་གྲུབ་པོ་ཞེས་བསྟན་པའི་ཕྱིར། ཤིང་ལ་ཡལ་ག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་ལ་ཡལ་ག་རི་ལ་བྲག་ཅེས་བྱ་བ་ལ་སོགས་པ་དེ་ལྟ་བུ་འཇིག་རྟེན་ན་མཐོང་གི། ཡལ་ག་ལ་ཤིང་། བྲག་དག་ལ་རི་ཞེས་ནི་མ་ཡིན་ ནོ། །ཤིང་ལ་ཡང་ཡལ་ག་ཞེས་བྱ་བ་ལ་སོགས་པའི་བློ་དེ་ཡང་འདུ་བའི་དབང་གིས་མ་ཡིན་གྱི། འོན་ཀྱང་མི་འགྲོ་བ་ཞེས་བྱ་བ་གང་ཡིན་པའི་བརྗོད་པར་འདོད་པའི་ཡལ་ག་དང་བྲག་དག་ལས་ཐ་དད་པ་མ་རྟོགས་པ་ཉིད་དུ་གནས་པའི་ལྷག་མའི་ཕྲག་པ་ལ་སོགས་པའི་ཡན་ལག་དེ་དག་ནི་བར་མེད་པར་ དམིགས་པའི་ཕྱིར་རོ། །འདིར་མི་འགྲོ་བའི་སྒྲས་འགྲོ་བ་མེད་པའི་ཕྱིར་ཤིང་དང་རི་ལ་འདོད་དོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་བྲག་དང་ཡལ་ག་དག་ལའོ། །འདི་དག་ཅེས་བྱ་བ་ནི་རི་དང་ཤིང་དག་གོ། །འོ་ན་བུམ་པ་འདི་ལ་གཟུགས་སོ། །དྲིའོ། །རོའོ། །རེག་གོ། །གཡོ་བའོ་ཞེས་བྱ་བ་འཇིག་ རྟེན་ན་རབ་ཏུ་གྲགས་པའི་ཤེས་པ་གང་ཡིན་པ་འདི་འདུ་བ་མ་གཏོགས་པ་གཞན་གང་ཞིག་ཡུལ་ཞེ་ན། བུམ་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་ནི་ཤེས་པས་གཟུགས་ལ་སོགས་པ་རྣམས་བུམ་པའི་རང་བཞིན་དུ་རྟོགས་ཏེ། འཇིག་རྟེན་ན་ཞེས་བྱ་བ་ལྷག་མའོ། །བུམ་པ་ལས་ གཟུགས་ནི་བུམ་པའི་རང་བཞིན་གྱི་གཟུགས་ཏེ། བུམ་པ་ལ་སོགས་པའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་མང་པོ་དག་ལ་ཐུན་མོང་མ་ཡིན་པའི་ནུས་པའི་ཁྱད་པར་བསྟན་པར་འདོད་ནས་དེ་ལས་གཞན་པའི་གཟུགས་ལ་སོགས་པ་རྣམ་པར་བཅད་ནས་བུམ་པ་ལ་སོགས་པའི་ སྒྲ་སྦྱོར་ཏེ། བུམ་པ་ལ་སོགས་པའི་སྒྲ་ནི་རེ་རེ་ལ་ཐུན་མོང་མ་ཡིན་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་འགྲུབ་པའི་ནུས་པ་གསལ་བར་བྱ་བའི་དོན་དུ་སྦྱོར་བར་བྱེད་ཅེས་དེའི་ཕྱིར་བུམ་པ་ལ་སོགས་པའི་སྒྲའི་ཁྱད་པར་ཐ་དད་འཕེན་པར་བྱེད་པས་གཞི་མཐུན་པ་མེད་པའི་ཕྱིར་གཞི་ཐ་ དད་པ་ཉིད་ཀྱིས་དེའི་བདག་ཉིད་ཀྱིས་དེའི་བདག་ཉིད་དུ་རྟོགས་པ་ཡིན་ནོ། །ཅིའི་ཕྱིར་གཉི་ག་སྦྱར་ཞེ་ན། གཟུགས་དང་བུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གཟུགས་ལ་སོགས་པའི་སྒྲ་ནི་གཟུགས་ལ་སོགས་པའི་གནས་སྐབས་ཐམས་ཅད་ཀྱི་རྗོད་པར་བྱེད་པ་ཡིན་ཏེ། འདི་ལྟར་ཇི་ལྟར་བུམ་པའི་བདག་ཉིད་དུ་གནས་པའི་གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པ་ཞེས་བརྗོད་པ་དེ་བཞིན་དུ་སྣམ་བུ་ལ་སོགས་པའི་བདག་ཉིད་དུ་གནས་པ་དག་ལ་ཡང་ཡིན་ནོ། །དེ་ལྟར་ན་གཟུགས་ལ་སོགས་པ་སྒྲ་འབའ་ཞིག་ལས་གཟུགས་ལ་སོགས་པའི་གནས་ཅི་ཡིན་པ་ ཞེས་བྱ་བའི་ཁྱད་པར་རྟོགས་པ་མ་ཡིན་ནོ། །བུམ་པ་ལ་སོགས་པ་ཞེས་བྱ་བ་དེ་ལྟ་བུ་སྦྱོར་བ་ན་དེ་དག་ནི་བུམ་པའི་བདག་ཉིད་ཡིན་ནོ་ཞེས་རྣམ་པར་བཅད་ནས་རྟོགས་སོ། །དེ་བཞིན་དུ་བུམ་པའི་སྒྲ་ཡང་དཀར་པོ་དང་སེར་པོ་དང་གཡོ་བ་ཞེས་བྱ་བ་ལ་སོགས་པ་བུམ་པའི་གནས་སྐབས་ཐམས་ཅད་ བརྗོད་པ་ཡིན་ཏེ། དེའི་ཕྱིར་འབའ་ཞིག་པ་ལས་ཁྱད་པར་རྟོགས་པ་མ་ཡིན་ནོ། །བུམ་པ་ལ་གཟུགས་དཀར་པོ་ཞེས་བྱ་བ་ལ་སོགས་པ་སྦྱོར་བ་ན་ནི་དེ་ལས་གཞན་པའི་གཟུགས་ལ་སོགས་པ་བཅད་ནས་རྟོགས་པར་འགྱུར་ཏེ། དེ་ལྟ་ཡིན་དང་དེ་ལྟར་འགྱུར་བའི་ཁྱད་པར་དེ་བརྗོད་པའི་ཕྱིར་དེ་བཞིན་དེ་བུམ་ པ་ལ་སོགས་པ་ལ་གཟུགས་ཞེས་བྱ་བ་གང་དག་སྦྱར་ཏེ། སྒྲ་ཞེས་བྱ་བ་ལྷག་མའོ། །སྒྲ་དེ་དག་ལ་བརྟེན་ནས་བུམ་པ་ལ་སོགས་པ་འདི་དག་ལ་བུམ་པ་ལ་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་དེས་ཤེས་པ་འཇུག་གི །འདུ་བ་ལ་བརྟེན་ནས་འཇུག་པ་ནི་མ་ཡིན་ནོ་ཞེས་འབྲེལ་ཏོ། །འདིའི་ རྒྱུ་སྨྲས་པ་ནི་ཐམས་ཅད་ཀྱིས་ཁྱད་པར་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་སྟེ། གང་གིས་བློ་འདི་འདུ་བའི་རྒྱུ་མཚན་ཅན་དུ་འགྱུར་བ་འདུ་བ་དང་བུམ་པ་དང་གཟུགས་ལ་སོགས་པ་ཐམས་ཅད་ཕན་ཚུན་ཐ་དད་དུ་དམིགས་པ་ནི་མ་ཡིན་ནོ། །འདིས་ནི་གཏན་ཚིགས་མ་ངེས་པ་ཉིད་དང་དམ་བཅས་པ་ ལ་རྗེས་སུ་དཔག་པས་གནོད་པ་ཉིད་བསྟན་ཏོ། །གང་ཡང་འདི་ལའི་བློ་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཇིག་རྟེན་གསུམ་ན་འདུ་བ་གཅིག་ཡོད་པར་གྱུར་ན་དེའི་ ཚེ་གྱོ་མོ་དག་ལ་སྣམ་བུའོ་ཞེས་བྱ་བ་ལ་སོགས་པའི་བློར་འགྱུར་ཞིང་། རྟ་ལ་སོགས་པ་ཡང་བ་ལང་ཉིད་ལ་སོགས་པ་ཡོད་པའི་ཕྱིར་དེ་ལྟར་འགྱུར་རོ། །དེ་ལྟ་ཡིན་དང་ཁྲ་བོ་ལ་སོགས་པའི་བྱེ་བྲག་བཞིན་དུ་གླང་པོ་ལ་སོགས་པ་ལ་ཡང་བ་ལང་ལ་སོགས་པའི་ཤེས་པར་འགྱུར་རོ། །འདི་ལྟར་གང་ གི་ཕྱིར་འདུ་བའི་སྟོབས་ཀྱིས་སྣལ་མ་དག་ལ་སྣམ་བུའོ་སྙམ་པའི་རྟོག་པར་བརྗོད་པ་སྣམ་བུའི་འདུ་བ་འདི་གྱོ་མོ་ལ་སོགས་པ་ཡང་ཡོད་པས་ཅིའི་ཕྱིར་དེ་ལྟར་རྟོགས་པར་མི་འགྱུར། འདི་སྙམ་དུ་གྱོ་མོ་དག་ལ་སྣམ་བུ་བརྟེན་པ་ནི་མ་ཡིན་ཏེ། དེས་ན་དེ་ལ་དེ་ལྟར་རྟོགས་པར་མི་འགྱུར་རོ་སྙམ་དུ་སེམས་པ་དེ་ཡང་ལོག་པ་ ཡིན་ཏེ། འདི་ལྟར་གང་གི་སྣལ་མ་དག་ཁོ་ན་ལ་སྣམ་བུ་ཡོད་ཅིང་དེ་ལ་བློ་མི་འགྱུར་བ་འདུ་བའི་དབང་གིས་སྣལ་མ་དག་ལ་ཡང་སྣམ་བུ་བརྟེན་པ་ཞེས་བྱ་བར་བརྗོད་པ་གང་ཡིན་པའི་འདུ་བ་དེ་གྱོ་མོ་དག་ལ་ཡང་ཅི་སྟེ་མེད། འོན་ཀྱང་སྣལ་མ་སྣམ་བུའི་འདུ་བ་ཞེས་བསྟན་པ་གང་ཡིན་པ་དེ་ཁོ་ན་བུམ་པའི་གྱོ་མོ་དག་ལ་ ཡིན་ཏེ། དེའི་ཕྱིར་ཇི་ལྟར་འཚོལ་བར་མི་འགྱུར། དེས་ན་དེའི་ཕྱིར་བློ་བར་ཆད་མེད་པ་སྟེ་བར་ཆད་དང་བྲལ་བར་འགྱུར་རོ། །དེའི་ཕྱིར་རྫས་དང་ཡོན་ཏན་དང་། ལས་རྣམས་ཀྱི་རྫས་ཉིད་དང་། ཡོན་ཏན་ཉིད་དང་། ལས་ཉིད་ལ་སོགས་པའི་ཁྱད་པར་རྣམས་ཀྱི་འབྲེལ་པ་གཅིག་ཡིན་པའི་ཕྱིར་ཚིག་ གི་དོན་ལ་རྣམ་པར་དབྱེ་བ་མེད་པར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་གླང་པོ་ལ་སོགས་པ་ལ་བ་ལང་ལ་སོགས་པའི་བློར་ཐལ་བར་འགྱུར་བ་སྒྲུབ་པར་བྱེད་དོ། །དེ་ཁ་ཅིག་ན་ཡང་ཞེས་བྱ་བ་ལ་སོགས་པས་བཀྲ་ཤིས་བློ་གྲོས་ཀྱི་ལན་དོགས་པར་བྱེད་པ་ཡིན་ཏེ། དེས་སྨྲས་པ། གལ་ཏེ་ཡང་འདུ་བ་ གཅིག་ཡིན་པ་དེ་ལྟ་ན་ཡང་རྟེན་དང་བརྟེན་པར་ངེས་པའི་ཕྱིར་ཚིག་གི་དོན་ལྔ་འཆོལ་བར་འགྱུར་བ་མ་ཡིན་ཏེ། །འདི་ལྟར་རྫས་དག་ཁོ་ན་ལ་རྫས་ཉིད་དང་། ཡོན་ཏན་དག་ཁོ་ན་ལ་ཡོན་ཏན་ཉིད་དང་། ལས་དག་ཁོ་ན་ལ་ལས་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སོ་སོར་ངེས་པའི་རྟེན་རྣམ་པར་བཅད་ནས་ རྟོགས་པ་སྐྱེ་བ་ཡིན་ནོ། །འོ་ན་དེ་ལྟ་ན་ཚིག་གི་དོན་རེ་རེ་ལ་འདུ་བ་ཐ་དད་པར་འགྱུར་རོ་ཞེ་ན། འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཞེས་བྱ་བའི་འདུ་བའི་རྒྱུ་མཚན་གྱི་ཤེས་པ་ཐམས་ཅད་དུ་ཐ་མི་དད་པའི་རྣམ་པས་རྗེས་སུ་མི་འགྲོ་བར་མཐོང་བའི་ཕྱིར་ཐམས་ཅད་དུ་འདུ་བ་ནི་གཅིག་ཡིན་ནོ་ཞེས་བྱ་བར་ རྟོགས་སོ། །གཅིག་ཉིད་ཡིན་ན་ཡང་རྫས་ཉིད་ལ་སོགས་པའི་རྒྱུ་མཚན་གྱི་བློ་སོ་སོར་ངེས་པའི་རྟེན་རྣམ་པར་བཅད་ནས་ལྡོག་པ་སྟེ། རྗེས་སུ་མི་འགྲོ་བར་མཐོང་བའི་ཕྱིར་རྫས་ལ་སོགས་པའི་རིགས་རྣམས་ལྡོག་པ་ཉིད་དུ་ཤེས་ཏེ། དེས་ན་ཚིག་གི་དོན་ལྔ་འཆོལ་བར་མི་འགྱུར་རོ། །ཡང་ཇི་ལྟར་ འབྲེལ་པ་ཁྱད་པར་མེད་ན་ཡང་འདི་དག་གི་རྟེན་དང་བརྟེན་པ་སོ་སོར་ངེས་པར་རིགས་ཤེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཁམ་གཞོང་དང་ཞོ་དག་གི་ལྡན་པ་གཅིག་ཡིན་ན་ཡང་རྟེན་དང་བརྟེན་པ་ངེས་པར་འགྱུར་བ་དེ་བཞིན་དུ་རྫས་ལ་སོགས་པ་རྣམས་ཀྱི་འདུ་བ་གཅིག་ཡིན་ན་ཡང་གསལ་བྱ་ དང་གསལ་བྱེད་ཀྱིས་ནུས་པ་ཐ་དད་པའི་ཕྱིར་རྟེན་དང་བརྟེན་པ་སོ་སོར་ངེས་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་རྟེན་དང་བརྟེན་པ་ངེས་པའོ། །གཅིག་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཁོ་བོ་ཅག་ལ་ནི་གཟུགས་ལ་སོགས་པ་ཉིད་གཟུགས་ལ་སོགས་པ་ལ་བརྟེན་པའི་ངེས་པ་མ་གྲུབ་ཀྱི་འོན་ཀྱང་ཁྱེད་ཅག་ཉིད་ལ་ ཡིན་ནོ། །འདུ་བ་དེ་ཡང་ཐམས་ཅད་དུ་གཅིག་ཉིད་དུ་ཁས་ལེན་པ་ན་འཐད་པར་དགའོ་ཞེས་ཐལ་བ་སྒྲུབ་པར་བྱེད་དེ། འདི་ལྟར་རྫས་ཁོ་ན་ལ་རྫས་ཉིད་ཅེས་བྱ་བ་དེ་ལྟ་བུའི་ངེས་པར་འདོད་པ་གང་ཡིན་པ་དེ་ནི་འདུ་བའི་སྟོབས་ཉིད་ལས་ཡིན་ནོ། །རྫས་ཉིད་ལ་སོགས་པ་དེའི་ཡང་འདུ་བ་གང་ཡིན་པ་དེ་ཁོ་ན་ཡོན་ ཏན་ལ་སོགས་པ་ལ་ཡང་ཡོད་དེ། ཡོན་ཏན་ཉིད་ལ་སོགས་པ་དེ་དག་དང་འབྲེལ་པའི་ཕྱིར་རོ། །གལ་ཏེ་འབྲེལ་པ་ཡོད་པ་དེ་ལྟ་ན་ཡང་དེ་ཉིད་དེ་ལ་འདུ་བ་ཡིན་ནོ་ཞེས་ཇི་ལྟར་ངེས་ཤེ་ན། དེ་དག་གི་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ཞེས་བྱ་བ་ནི་རྫས་ཉིད་དང་ཡོན་ཏན་ཉིད་ལ་སོགས་པ་ རིགས་དག་གིའོ། །དེ་ལྟ་ཡིན་དང་རྒྱུ་མཚན་ཐ་མི་དད་པའི་ཕྱིར་དེ་འཆོལ་བར་ཐལ་བར་འགྱུར་བ་བཟློག་པར་དཀའོ་སྙམ་དུ་བསམས་པའོ། །གཞན་དུ་ཞེས་བྱ་བ་ལ། གལ་ཏེ་རྫས་ལ་རྫས་ཉིད་ཀྱི་འདུ་བ་གང་ཡིན་པ་དེ་ཁོ་ན་ཡོན་ཏན་ལ་སོགས་པ་དག་ལ་ཡོན་ཏན་ཉིད་ལ་སོགས་པ་མི་འགྱུར་ན་དེའི་ཚེ་ལྡན་པ་ བཞིན་དུ་རྟེན་སོ་སོ་ལ་འདུ་བ་ཐ་དད་པར་འགྱུར་རོ། །གང་ཡང་རྫས་ཉིད་སོགས་རྒྱུ་མཚན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ལ་རྫས་ཉིད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་མ་ཚང་བ་མེད་པ་ཡོད་པ་ན་འབྲས་བུ་ལྡོག་པ་སྟེ་མེད་པ་མི་རིགས་ཏེ། དེའི་འབྲས་བུ་མ་ཡིན་པ་ཉིད་དུ་ ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་བློ་ལྡོག་པར་མི་རུང་བའི་ཕྱིར་རྟེན་དང་བརྟེན་པ་དེའི་ངེས་པ་མི་རིགས་སོ། །འོན་ཏེ་རྫས་ཁོ་ན་རྫས་ཉིད་རྟེན་ཏེ་གནས་སོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ལས་ངེས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་གིས་འདུ་བ་ དེ་ཉིད་ལས་བརྟེན་པ་ཉིད་ལ་སོགས་པའི་རྣམ་པར་གཞག་པ་བརྗོད་དེ། དེ་ཡང་ཐམས་ཅད་ལ་ཁྱད་པར་མེད་པ་ན་ཇི་ལྟར་ངེས་པ་འདི་རིགས་པ་ཡིན། འདི་ལྟ་བས་ན་རྟེན་དང་བརྟེན་པའི་དངོས་པོ་དེའི་བརྟེན་པ་ལ་སོགས་པ་འདི་ཡང་རིགས་པ་མ་ཡིན་ཏེ། འདི་དག་ནི་རྟེན་དང་བརྟེན་པ་དང་ལྷན་ཅིག་གྲུབ་པ་དང་ བདེ་བ་གཅིག་པའི་ཕྱིར་རོ། །འོ་ན་གསལ་བྱ་གསལ་བྱེད་ཀྱི་ནུས་པ་ངེས་པ་ལས་ངེས་པར་འགྱུར་རོ་ཞེ་ན། གསལ་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ལ་སོགས་པ་རྣམས་ནི་རྫས་ཉིད་ཀྱི་སྤྱི་གསལ་བར་བྱེད་པ་གང་བརྗོད་པ་དེ་ནི་འདུ་བའི་སྟོབས་ཉིད་ཀྱིས་ཡིན་ཏེ། འདི་ལྟར་གང་ཁོ་ན་ལས་རྫས་ཉིད་ རྫས་ལ་འདུ་བ་དེ་ཁོ་ན་ལས་དེས་དེ་གསལ་བའོ་ཞེས་བརྗོད་དོ། །གཞན་ལས་ཞེས་བྱ་བ་ནི་བདེ་བར་གཤེགས་པ་བས་བརྗོད་པ་ལས་ཏེ། ཤེས་པ་སྐྱེད་པར་རུང་བའི་རང་བཞིན་སྐྱེད་པ་ལས་སོ། །གང་གི་ཕྱིར་ཡོད་པ་ལ་སོགས་པའི་རྟག་པ་རྣམས་ཀྱང་འདུ་བར་འདོད་ལ། རྟག་པ་རྣམས་སྐྱེ་བར་རིགས་ པ་ཡང་མ་ཡིན་ནོ། །འདི་ཉིད་མར་མེ་ལ་སོགས་ཞེས་བྱ་བ་ལ་སོགས་པས་སྒྲུབ་པར་བྱེད་དེ། གང་ཡང་ཁམ་གཞོང་དང་ཞོའི་ལྡན་པ་དཔེ་ཉིད་དུ་སྨྲས་པ་དེ་ཡང་ཁོ་བོ་ཅག་ལ་མ་གྲུབ་པོ་ཞེས་སྟོན་པ་ནི། ཁམ་གཞོང་ཞེས་བྱ་བ་ལ་སོགས་པའོ། །གོང་བུ་ཞེས་བྱ་བ་ནི་ལྡན་པའི་ཚིག་གི་དོན་སུན་དབྱུང་ བར་འགྱུར་རོ། །ལྡན་པ་གཅིག་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་ཐལ་བར་འགྱུར་བ་མཚུངས་པ་ཁོ་ནའོ་ཞེས་སྟོན་པ་ནི་དེ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལས་ཞེས་བྱ་བ་ལྡན་པ་ལས་སོ། །ཧ་ཅང་ཐལ་བར་འགྱུར་བ་ནི་ཞོ་ལ་ཁམ་གཞོང་ཞེས་བྱ་བ་ལྡན་པའི་ཚིག་གི་དོན་ལ་སོགས་པའི་བློར་ཐལ་བར་ འགྱུར་བ་སྟེ་ལྡན་པའི་རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར་རོ། །གང་ཡང་རྒྱུ་མ་དམིགས་པའི་ཕྱིར་འདུ་བ་རྟག་པ་ཡིན་ནོ་ཞེས་སྨྲས་པ་དེ་ལ། འདི་ནི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདུ་བ་རྟག་པ་ཉིད་དུ་གྱུར་ན་དེའི་ཚེ་རང་གི་རྟེན་དག་ལ་དེ་དག་རྟག་ཏུ་གནས་པའི་ཕྱིར་བུམ་པ་ལ་ སོགས་པ་རྣམས་ཀྱང་རྟག་པར་ཐལ་བར་འགྱུར་ཏེ། འདི་ལྟར་འདུ་བ་ཡོད་པ་ཉིད་ལས་འདི་དག་རང་གི་རྟེན་དག་ལ་གནས་པར་འདོད་ལ། འདུ་བ་དེ་ཡང་རྟག་པས་ཅིའི་ཕྱིར་འདི་དག་རྟག་ཏུ་གནས་པར་མི་འགྱུར། རང་གི་རྩོམ་བྱེད་ཅེས་བྱ་བ་ལ་སོགས་པས་གཞན་གྱི་ལན་གྱི་དོགས་པ་བསུ་བ་ ཡིན་ནོ། །འདི་སྙམ་དུ་བུམ་པ་ལ་སོགས་པ་རང་རྩོམ་པར་བྱེད་པའི་ཡན་ལག་གང་དག་ཡིན་པ་དེ་དག་བྱེ་བའམ་ཞིག་པས་བུམ་པ་ལ་སོགས་པ་འཇིག་པ་ཡིན་ཏེ། དཔེར་ན་སྣམ་བུའི་འཁལ་བ་དང་འཐག་པ་དག་གི་བྱ་བ་ལ་སོགས་པ་རེག་པ་དང་ལྡན་པའི་རྫས་ལ་སོགས་པ་དག་ལས་འཇིག་པ་བཞིན་ནོ། །ཇི་སྐད་དུ་ རེག་པ་དང་ལྡན་པའི་རྫས་དང་འབྲེལ་པ་དང་འབྲས་བུ་དང་འགལ་བ་ལས་འཇིག་གོ་ཞེས་བཤད་པ་ལྟ་བུའོ། །དེ་བཞིན་དུ་བློ་ནི་བློ་གཞན་གྱིས་འཇིག་པ་ལ་སྒྲ་ཡང་སྒྲ་གཞན་གྱིས་སོ་ཞེས་བྱ་བ་ནི་གཞན་གྱི་ལུགས་ཡིན་ནོ། །དེས་ན་འདུ་བ་ཡོད་ན་ཡང་གནས་པའི་རྒྱུ་ལྷན་ཅིག་བྱེད་པའི་རྒྱུ་གཞན་མེད་པའི་ཕྱིར་ དང་། འགལ་བའི་རྐྱེན་དང་ཕྲད་པས་བུམ་པ་ལ་སོགས་པ་རྟག་པར་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་པ་ཡིན་ནོ། །འདི་ནི་མི་རིགས་ཏེ། འདི་ལྟར་གྱོ་མོ་ལ་སོགས་པ་རང་རྩོམ་པར་བྱེད་པའི་ཡན་ལག་དེ་ དག་རང་རྩོམ་པར་བྱེད་པའི་ཡན་ལག་གཞན་ལ་འདུ་ལ། དེ་དག་ཀྱང་གཞན་དག་ལ་སྟེ་རྡུལ་ཕྲ་རབ་ཀྱི་བར་དུ་འདོད་ལ། རྡུལ་ཕྲ་རབ་དེ་ཡང་རྟག་པའི་ཕྱིར་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་ཐམས་ཅད་ཀྱི་རང་རྩོམ་པར་བྱེད་པའི་ཡན་ལག་རྣམས་ལ་འདུ་བ་ཐམས་ཅད་དུ་ཡོད་པའི་ཕྱིར་འཇིག་ པའམ་བྱེ་བར་ག་ལ་འགྱུར། ཀྱང་གི་སྒྲས་ནི་དེ་རྩོམ་པར་བྱེད་པའི་རྫས་རྣམས་འབའ་ཞིག་ཏུ་མ་ཟད་བྱ་བ་ལ་སོགས་པ་རྣམས་ཀྱང་ཡིན་ནོ་ཞེས་བསྟན་ཏོ། །གལ་ཏེ་རང་རྩོམ་པར་བྱེད་པའི་ཡན་ལག་རྣམས་འཇིག་པར་ཁས་ལེན་ན་དེའི་ཚེ་འདུ་བ་འདི་ཡང་ངེས་པར་འཇིག་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འབྲེལ་པ་ཅན་ནི་ལྡོག་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་བསྒྲུབ་པར་བྱ་བའི་ཕྱིར་འབྲེལ་པ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་དང་འབྲེལ་པ་ཅན་ཞིག་པའི་ཕྱིར་ལྡན་པ་ཞིག་པ་བཞིན་དུ་འདུ་བ་ལ་མི་རྟག་པའོ་ཞེས་བསྟན་པར་འགྱུར་རོ། །ཡང་ན་མ་ཞིག་པའི་ ལྡན་པའི་རྫས་གཉིས་བཞིན་དུ་འབྲེལ་པ་མ་ཞིག་པའི་ཕྱིར་འབྲེལ་པ་ཅན་རྣམས་གནས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཉི་ག་ཡང་དེ་དང་འབྲེལ་པའི་རང་བཞིན་ཉམས་པར་ཐལ་བར་འགྱུར་རོ། །འབྲེལ་པ་ཅན་གཅིག་ཅེས་བྱ་བ་ལ་སོགས་པས་གཞན་དག་རྩོད་པར་བྱེད་དོ། །འདི་སྙམ་དུ་སེམས་ཏེ། གལ་ཏེ་གཏན་ཚིགས་དང་པོ་འབྲེལ་པ་ཅན་མཐའ་དག་ཞིག་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་དུ་འདོད་ན་དེའི་ཚེ་གཏན་ཚིགས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་སྟེ། གང་དུ་ཡང་འབྲེལ་པ་ཅན་འདི་དག་འཇིག་པ་ཡོད་པ་མ་ཡིན་ཏེ། འཇིག་པའི་དུས་ན་ཡང་རྡུལ་ཕྲ་རབ་རྣམས་ལུས་པའི་ཕྱིར་རོ། ། ཅི་སྟེ་ཇི་ཞིག་ལྟར་འབྲེལ་པ་ཞིག་པ་ཉིད་སྲིད་པའི་དབང་དུ་བྱས་ནས་གཏན་ཚིགས་སུ་བརྗོད་ན་དེའི་ཚེ་མ་ངེས་པ་ཡིན་ཏེ། གལ་ཏེ་འབྲེལ་པ་ཅན་གཅིག་འབའ་ཞིག་ཏུ་ཞིག་པ་དེ་ལྟ་ན་ཡང་འབྲེལ་པ་ཅན་གཞན་གྱི་རྒྱུ་མཚན་ཅན་འདིའི་གནས་པར་འགྱུར་རོ། །དེ་ལྟ་ན་ཚུལ་འདིས་ལྡན་པ་ཡང་རྟག་པ་ ཉིད་དུ་འགྱུར་རོ་ཞེས་དོགས་པར་བྱས་ནས་གཞན་དག་ལེན་འདེབས་པ་ནི་ལྡན་མིན་ཐ་དད་ཕྱིར་ཞེས་བྱ་བ་སྨོས་ཏེ། ལྡན་པ་ནི་ལྡན་པ་ཅན་སོ་སོ་ལ་ཐ་དད་པ་ཡིན་ཏེ། དེས་ན་འདི་མི་རྟག་པ་ཉིད་དུ་རིགས་ཀྱི་འདུ་བ་ནི་འགྲོ་བ་འདི་ལ་ཞེས་བྱ་བའི་ཤེས་པའི་རྒྱུ་མཚན་ཅན་ཐ་མི་དད་པའི་ཕྱིར་གཅིག་ཁོ་ནའོ། ། དེས་ན་འདི་མི་རྟག་པ་ཉིད་དུ་མི་རིགས་ཏེ། གཞན་དུ་ཡང་འབྲེལ་པ་ཅན་གཞན་ལ་དེ་དམིགས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདི་ལྟར་གང་དག་རང་གི་རྒྱུ་ལ་སོགས་པ་དང་འདུ་བའི་བུམ་པ་ལ་སོགས་པ་དེ་དག་ཞིག་པ་ན་དེ་དག་ནི་རང་གི་རྒྱུ་ དག་ལ་འགྲུབ་པའི་བདག་ཉིད་ཀྱི་འདུ་བ་འདི་བརྟགས་པ་དེ་ཉིད་ཅི། དེ་དག་ཞིག་པ་ན་འབྲེལ་པ་ཅན་གཞན་དག་ལ་ཡོད་དམ་འོན་ཏེ་དཔེར་ན་ལྡན་པ་ཅན་སོ་སོ་ལ་ལྡན་པ་ཅན་མང་པོ་ཐ་དད་པ་དེ་བཞིན་དུ་གཞན་ཉིད་ཡིན། སོགས་པའི་སྒྲས་ནི་བྱེ་བ་བཟུང་ངོ་། །དེ་ལ་གལ་ཏེ་ཕྱོགས་དང་པོ་ ཡིན་ན་དེའི་ཚེ་སྔར་གྱི་གནས་སྐབས་བཞིན་དུ་འཇུག་པ་མ་ཞིག་པའི་ཕྱིར་བུམ་པ་ལ་སོགས་པ་གནས་པ་ཁོ་ནར་འགྱུར་ལ། བུམ་པ་ལ་སོགས་པ་དེ་དག་ཀྱང་མི་གནས་ན་འཇུག་པ་མི་གནས་པའི་ཕྱིར་འདུ་བ་མི་གནས་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་འཇུག་པའི་བདག་ཉིད་དུ་མི་འགྱུར་རོ། ། ཡང་ན་དེ་ལྟ་བུར་གྱུར་པའི་རང་དབང་ཅན་ཕན་མི་འདོགས་པ་ལ་འདུ་བ་འཇུག་གོ་ཞེས་ཐ་སྙད་འདོགས་ན་མིང་ཙམ་དུ་འགྱུར་གྱི་དེ་ལྟར་དངོས་པོ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཞེས་བྱ་བ་ནི་དེ་ལ་འཇུག་པའི་བདག་ཉིད་ཅན་ཞེས་བྱ་བ་དེ་ལྟ་ཡིན་ན་དེའི་ཕྱིར་མིང་ཙམ་ཉིད་ཡིན་གྱི་སྐྱོན་གང་ཡིན་པ་བརྟག་པ་ནི་ དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འབྲེལ་པ་ཅན་ཞིག་པ་ལས་སྔར་ཡང་འབྲེལ་པ་ཅན་མ་ཞིག་པའི་གནས་སྐབས་ན་ཡང་ཞེས་བྱ་བའི་ཐ་ཚིག་གོ། །བུམ་པ་ལ་སོགས་དེ་དག་རང་གི་རྟེན་ལ་འཇུག་པའི་འདུ་བ་དེ་ཡོད་པའི་ཕྱིར་ཏེ། ཡོད་པའི་སྟོབས་ཀྱིས་འགྲུབ་པར་མི་འགྱུར་རོ། །ཕྱིས་བཞིན་ཏེ། འདུ་བའི་རྒྱུ་ཞིག་པ་བཞིན་དུ་དོན་དམ་པར་འཇུག་པ་མེད་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཀྱི་དོན་སྟོན་པ་ཡིན་ནོ། །ཅི་སྟེ་གཞན་ཉིད་ཡིན་པ་ཞེས་བྱ་བའི་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་ལྡན་པ་ལ་སོགས་པ་བཞིན་འདུ་བ་མང་པོ་ཉིད་དུ་འགྱུར་ཏེ། དེ་ལྟ་ཡིན་དང་འདུ་བ་ཐ་དད་པ་དང་ལྡན་པ་མ་ ཡིན་ནོ་ཞེས་བྱ་བ་འདིའི་ཁས་བླངས་པ་ཉམས་པ་ཡིན་ནོ། །དེ་ལྟ་བུ་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་རྒྱུ་དོན་མེད་པ་དང་། མངོན་སུམ་ལ་སོགས་པ་དང་འགལ་བ་དང་། དངོས་པོ་ཐམས་ཅད་རིམ་མ་ཡིན་པར་སྐྱེ་བ་ཞེས་བྱ་བ་ལ་སོགས་པའི་ཉེས་པ་གཞན་གཟུང་སྟེ། འདི་ལྟར་རང་གི་རྒྱུ་དང་འདུ་བའམ་ དད་པ་དང་འདུ་བ་ནི་སྐྱེ་བར་བརྗོད་ལ། འདུ་བ་ཡང་རྟག་པའི་ཕྱིར་གང་དུ་ཡང་འབྲས་བུ་སྐྱེ་བ་ལས་རྒྱུ་རྣམས་ནུས་པ་མེད་དོ་ཞེས་བྱ་བ་ནི་རྒྱུ་དོན་མེད་པའོ། །དེ་བཞིན་དུ་ལྡན་པ་ནི་ལས་གང་ཡང་རུང་བ་ལས་སྐྱེ་བ་དང་གཉི་གའི་ལས་ལས་སྐྱེ་བ་དང་། ལྡན་པ་ལས་སྐྱེ་བ་ཡིན་ཏེ། དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་ ཞེས་བྱ་བ་ལ་སོགས་པ་སྐྱེ་བར་སྟོན་པའི་མདོ་དང་འགལ་བ་དང་། དེ་བཞིན་དུ་མངོན་སུམ་ལ་སོགས་པས་རྟོག་པའི་རྒྱུ་སཱ་ལུ་དང་མིག་ལ་སོགས་པ་དང་འགལ་བ་དང་། དེ་བཞིན་དུ་འདུ་བའི་མཚན་ཉིད་ཀྱི་སྐྱེ་བ་ནི་རྟག་པ་ཉིད་ཀྱིས་རིམ་པ་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་རྣམས་རིམ་གྱིས་སྐྱེ་བར་མཐོང་བ་དང་ འགལ་བ་དང་། དེ་ལྟ་ཡིན་དང་ཤེས་པ་ཅིག་ཅར་མི་སྐྱེ་བ་ནི་ཡིད་ཀྱི་རྟགས་སོ་ཞེས་བྱ་བའི་རང་གི་གྲུབ་པའི་མཐའ་དང་འགལ་བ་དང་། སྐྱེ་བ་རྟག་པའི་ཕྱིར་འགྲོ་བ་ལ་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མ་ཡིན་པས་བསྟན་བཅོས་རྩོམ་པ་དོན་མེད་དོ་ཞེས་བྱ་བ་ལ་སོགས་པ་ཆེས་མང་པོ་དག་ གིས་འབྲེལ་པ་མེད་པ་སྟེ། འཐད་པར་འགྱུར་བ་མ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་འདུ་བའི་ཚིག་གི་དོན་བརྟག་པ་སྟེ་ཉི་ཤུ་པའོ།། །།སྒྲོ་བཏགས་རྣམ་པའི་སྒྲ་དང་ཤེས་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་བསྒྲུབ་པའི་དོན་དུ་སྐབས་དགོད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། བསྒྲུབ་པ་སྒྲའི་དོན་དུ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་དོན་དམ་པའི་དངོས་པོ་ཉིད་སྒྲའི་གཟུང་བར་བྱ་བ་སྟེ། དེས་ན་སྒྲ་དག་གིས་དངོས་སུ་སྒྲུབ་པ་དང་དགག་པ་དག་གིས་དངོས་པོའི་རང་བཞིན་སྟོན་པར་བྱེད་པའི་ཕྱིར་སྒྲུབ་པ་ཉིད་སྒྲའི་དོན་ནོ་ཞེས་བྱ་བ་ཡིན་ནོ། །སེལ་བ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་དོན་དམ་པར་སྒྲ་རྣམས་ཀྱི་ བརྗོད་པར་བྱ་བ་དངོས་པོའི་རང་གི་ངོ་བོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཐ་མི་དད་པའི་དོན་དག་ལ་ཐ་དད་པའི་རྣམ་པར་ཞེན་པས་འཇུག་པའི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་ཐམས་ཅད་ནི་འཁྲུལ་པ་ཉིད་ཡིན་ནོ། །འཁྲུལ་པ་ཉིད་ཡིན་ན་ཡང་གང་དུ་བརྒྱུད་པས་དངོས་པོ་དང་འབྲེལ་པ་དེར་དོན་ལ་མི་སླུ་བ་ཡིན་ནོ་ཞེས་བྱ་བ་ཡིན་ ནོ། །དེ་ལ་རྣམ་པར་རྟོག་པའི་བློས་དོན་ཐ་མི་དད་པ་དག་ལ་སྒྲོ་བཏགས་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་ལས་ལྡོག་པའི་དངོས་པོ་ཉམས་སུ་མྱོང་བའི་སྟོབས་ཀྱིས་འོངས་པའི་ཕྱིར་དང་། རང་ཉིད་ཀྱང་གཞན་ལས་ལྡོག་པ་ཉིད་དུ་སྣང་བའི་ཕྱིར་དང་། གཞན་ལས་ལྡོག་པར་བརྗོད་པའི་འཁྲུལ་པ་དང་ལྷན་ཅིག་གཅིག་ ཉིད་དུ་ངེས་པའི་ཕྱིར་དང་། གཞན་སེལ་བའི་དངོས་པོ་རྟོགས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་གཞན་སེལ་ཞེས་བརྗོད་དོ། །དེས་ན་སེལ་བ་སྒྲའི་དོན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དེ་ལ་སྒྲུབ་པ་སྨྲ་བ་རྣམས་རྩོད་པར་བྱེད་དེ། གལ་ཏེ་ཁྱེད་ཅག་གི་རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། བྱེ་བྲག་དང་། འདུ་བའི་མཚན་ཉིད་ཀྱི་ཁྱད་པར་དེ་བྱེ་བྲག་དག་དོན་དམ་པར་སྒྲ་འཇུག་པའི་རྒྱུ་མཚན་དུ་ཡོད་པ་མ་ཡིན་ན། དེའི་ཕྱིར་ཇི་ལྟར་འཇིག་རྟེན་ན་རྫས་ལ་སོགས་པའི་ཁྱད་པར་གྱི་རྒྱུ་མཚན་དང་དབྱིག་པ་ཅན་ཞེས་བྱ་བ་ལ་སོགས་པའི་བརྗོད་པ་དང་ཡོངས་སུ་རྟོག་པར་འགྱུར། འདི་ལྟར་འཇིག་རྟེན་ ན་དབྱིག་པ་ཅན་དང་རྭ་ཅན་ཞེས་བྱ་བ་ལ་སོགས་པའི་སྒྲ་དང་བློ་དག་རྫས་ཀྱི་ཁྱད་པར་ཅན་དུ་གྲགས་ལ། དཀར་པོ་ནག་པོ་ཞེས་བྱ་བ་ཡོན་ཏན་གྱི་ཁྱད་པར་ཅན་དང་། གཡོའི་འཁོར་རོ་ཞེས་བྱ་བ་ལས་ཀྱི་རྒྱུ་མཚན་ཅན་དང་། ཡོད་དོ་སྣང་ངོ་ཞེས་བྱ་བ་ཡོད་པའི་རྒྱུ་མཚན་དང་། བ་ལང་དང་། རྟ་དང་། གླང་ པོ་ཞེས་བྱ་བ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཅན་དང་། སྣལ་མ་འདི་དག་ལ་སྣམ་བུ་ཞེས་བྱ་བ་འདུ་བའི་སྟོབས་ཀྱིས་ཡིན་ཏེ། དེ་ལ་རྫས་ལ་སོགས་པ་འདི་དག་མེད་ན་དབྱིག་པ་ཅན་ཞེས་བྱ་བ་ལ་སོགས་པའི་སྒྲ་དང་བློ་དག་ཡུལ་མེད་པར་འགྱུར་རོ། །སོགས་པ་སྨོས་པ་རེ་རེ་དང་སྦྱར་བར་བྱ་སྟེ། དེས་ན་རེ་རེ་ཞིང་དབྱིག་པ་ཅན་དང་རྭ་ཅན་ཞེས་བྱ་བ་ལ་སོགས་པ་རིགས་མཐུན་པའི་སྒྲ་བློ་དག་གཟུང་བ་ཡིན་ནོ། །མཐའི་བྱེ་བྲག་ནི་རྣལ་འབྱོར་པ་རྣམས་ཁོ་ནའི་གཟུང་བར་བྱ་བ་ཡིན་པའི་ཕྱིར་དེ་དག་ནི་སོགས་པའི་སྒྲས་མི་གཟུང་ངོ་། །དེ་དག་རྒྱུ་མཚན་མེད་པར་ཡང་མི་རིགས་ཏེ། དེ་དག་ཐམས་ཅད་ཐམས་ཅད་ ཀྱི་ཁྱད་པར་མེད་པར་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་དབྱེ་བ་མེད་པར་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་རྫས་ལ་སོགས་པ་ཡོད་དོ་ཞེས་བྱ་བ་ནི་གཞན་གྱིའོ། །སྦྱོར་བ་ནི་གང་དང་གང་ཕན་ཚུན་མ་འཆོལ་བར་འཇུག་པ་དེ་དག་ནི་རྒྱུ་མཚན་དང་བཅས་པ་ཡིན་ཏེ། རྣ་བ་ལ་སོགས་པའི་ ཤེས་པ་བཞིན་ནོ། །དབྱིག་པ་ཅན་ལ་སོགས་པའི་སྒྲ་དང་ཤེས་པ་དག་ཀྱང་འཆོལ་བ་མེད་པར་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྒྱུ་མཚན་མེད་པ་ཉིད་ཡིན་ན་ཐམས་ཅད་དུ་ཁྱད་པར་མེད་པར་འཇུག་པར་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །སྨྲས་པ་ཞེས་བྱ་བ་ལ་ སོགས་པས་ལན་འདེབས་པར་བྱེད་དེ། དེ་ལ་གལ་ཏེ་འདི་དག་དངོས་སུ་ཕྱི་རོལ་གྱི་ཡུལ་དུ་གྱུར་པའི་རྒྱུ་མཚན་གྱིས་རྒྱུ་མཚན་དང་བཅས་པ་ཉིད་དུ་སྒྲུབ་པར་འདོད་ན་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཅི་སྟེ་གང་ཅི་ཡང་རུང་བའི་རྒྱུ་ མཚན་གྱིས་རྒྱུ་མཚན་དང་བཅས་པ་ཉིད་དུ་འདོད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་སྟེ། འདི་ལྟར་ཁོ་བོ་ཅག་གི་འདི་དག་རྒྱུ་མཚན་གང་གི་བརྗོད་པའི་བག་ཆགས་སད་པར་འདོད་པ་ཉིད་ཡིན་གྱི། ཡུལ་དུ་འགྱུར་བ་ནི་མ་ཡིན་ཏེ། འཁྲུལ་པ་ཉིད་ཀྱིས་སྒྲ་ལས་བྱུང་བའི་ཤེས་པ་ཐམས་ཅད་ཡུལ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ནད་ ཙམ་ལ་གནས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་ཞེས་བྱ་བའི་ཐ་ཚིག་གོ། །འདི་དག་ཉིད་ལུང་གི་ཁུངས་ཀྱིས་བསྟན་པའི་ཕྱིར་སྒྲ་རྣམས་གང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དུ་གང་དང་གང་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་སྤྱི་ལ་སོགས་པའོ། །དེ་ནི་ཆོས་ཉིད་ཡིན་ཞེས་ བྱ་བ་ནི་དེའི་རང་བཞིན་ཡིན་པ་སྟེ། དངོས་པོ་རྣམས་ཀྱི་རང་བཞིན་ནི་ངག་གི་ལམ་ཐམས་ཅད་ལས་འདས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ། མིང་ནི་གང་དང་གང་གིས་ནི། །ཆོས་ནི་གང་དང་གང་བརྗོད་པ། །དེ་ནི་དེ་ན་ཡོད་མིན་ཏེ། །དེ་ནི་དེ་རྣམས་ཆོས་ཉིད་ཡིན། །ཞེས་གསུངས་སོ། །ཅི་སྟེ་སྒྲ་ལས་བྱུང་ བའི་ཤེས་པ་འཁྲུལ་པ་ཉིད་དང་། ཡུལ་མེད་པ་དག་ལ་ཚད་མ་ཅི་ཡོད་ཅེ་ན། གང་ཐ་དད་པ་དག་ལ་ཐ་མི་དད་པར་ཞེན་ནས་འཇུག་པའི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་འདི་ཐམས་ཅད་འཁྲུལ་པ་ཡིན་ནོ་ཞེས་པ་འདི་ལ་ཁོ་བོ་ཅག་གིས་ཚད་མ་བཤད་ཟིན་ཏོ། །འདི་ལྟར་གང་ཞིག་ཡིན་དེ་ཡིན་པ་ལ་དེའོ་སྙམ་དུ་ཤེས་པ་ དེ་ནི་འཁྲུལ་པ་ཡིན་ཏེ། སྨིག་རྒྱུ་ལ་ཆུར་ཤེས་པ་ལྟ་བུའོ། །དོན་ཐ་དད་པ་དག་ལ་ཐ་མི་དད་པར་ཞེན་པའི་སྒྲ་ལས་བྱུང་བའི་ཤེས་པ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་གིས་གཏན་ཚིགས་མ་གྲུབ་བོ་ཞེས་བྱ་བར་འགྱུར་བ་འདིའི་གཟུང་བར་བྱ་བ་སྤྱི་དངོས་པོར་གྱུར་པ་ ཡོད་པ་ཡང་མ་ཡིན་ཏེ། དེ་ནི་སྔར་རྒྱས་པར་བཀག་ཟིན་པའི་ཕྱིར་རོ། །ཡང་ན་སྤྱི་ཡོད་དུ་ཆུག་མོད་དེ་ལྟ་ན་ཡང་དེ་ནི་ཐ་དད་པ་དག་ལས་དོན་གཞན་དུ་གྱུར་པ་ཉིད་ཡིན་ན་ཐ་དད་པ་དག་ལ་ཐ་མི་དད་པར་ཞེན་པ་ནི་འཁྲུལ་པ་ཉིད་ཡིན་ནོ། །དེ་དག་ལྡན་པ་ཞེས་བྱ་བར་འགྱུར་གྱི་གཞན་དང་གཞན་དུ་མཚུངས་ པ་ནི་རིགས་པ་མ་ཡིན་ནོ། །སྤྱི་དོན་གཞན་དུ་གྱུར་པ་ཉིད་མ་ཡིན་ན་ཡང་དོན་དམ་པར་སྣ་ཚོགས་པ་ཐམས་ཅད་དངོས་པོ་གཅིག་ཡིན་དུ་ཆུག་མོད། དེ་ལ་སྤྱིའི་ཤེས་པ་ནི་འཁྲུལ་པ་ཉིད་ཡིན་ལ་མཚུངས་པའི་ཤེས་པ་ནི་དངོས་པོ་གཅིག་གི་ཡུལ་ལ་མ་ཡིན་ཏེ། དེ་ནི་ཐ་དད་པ་འཛིན་པ་སྔོན་དུ་འགྲོ་ བ་ཅན་ཡིན་པའི་ཕྱིར་རོ། །འཁྲུལ་པ་འདི་ཉིད་དུ་གྲུབ་པ་ན་ཡུལ་མེད་པར་ཡང་གྲུབ་སྟེ། རང་གི་རྣམ་པ་གཏད་ནས་སྐྱེད་པར་བྱེད་པའི་དམིགས་པའི་མཚན་ཉིད་དུ་གྱུར་པའི་དོན་འགའ་ཡང་མེད་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཡུལ་མེད་པ་ཉིད་རྣམ་པ་གཞན་དུ་བསྒྲུབ་པར་བྱ་སྟེ། སྒྲ་རྣམས་གང་ཁོ་ན་ལ་ བརྡ་བྱས་པ་དེ་ཁོ་ན་དེ་དག་གི་ཡུལ་དུ་རིགས་ཀྱི་གཞན་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་དག་དངོས་པོ་འགའ་ཞིག་ལ་དོན་དམ་པར་བརྡ་ཡང་དག་ཡོད་པ་མ་ཡིན་པས་དེའི་ཕྱིར་བློ་དང་སྒྲ་ནི་ཡུལ་མེད་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་ལ་དངོས་སུ་བརྡ་མ་བྱས་པ་དེ་དག་ ནི་དོན་དམ་པར་དེ་བརྗོད་པ་མ་ཡིན་ཏེ། ནོག་ལ་སོགས་པ་དང་ལྡན་པའི་གོང་བུ་ལ་རྟའི་སྒྲས་བརྡ་མ་བྱས་པ་བཞིན་ནོ། །ཡང་དག་པར་དངོས་པོ་ཐམས་ཅད་ལ་སྒྲ་ཐམས་ཅད་བརྡ་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་སྟེ། བརྡ་བྱས་པ་ཉིད་རྗོད་པར་བྱེད་པ་ལ་ཁྱབ་ པའི་ཕྱིར་ལ་དེ་འདི་ལ་མེད་དོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བརྡ་བཟུང་བའི་དངོས་པོ་སྒྲའི་དོན་ཉིད་དུ་རྣམ་པར་འཇོག་པ་ན་རེས་འགའ་རང་གི་མཚན་ཉིད་དེ་ཐུན་མོང་མ་ཡིན་པའམ། རིགས་སམ། དེ་འབྲེལ་ཏེ་རིགས་དེ་དང་ འབྲེལ་པའམ། རིགས་དང་ལྡན་པའི་དངོས་པོ་པའམ། བློའི་རྣམ་པ་ཞིག་རྣམ་པར་འཇོག་པར་བྱེད་ཅེས་བརྟག་གྲང་། དེ་ལ་ཐམས་ཅད་ལ་བརྡ་མི་སྲིད་པའི་ཕྱིར་སྒྲའི་དོན་ཉིད་དུ་མི་རིགས་སོ། །དེ་ཉིད་དུ་ཞེས་བྱ་བ་འདིས་ནི་ཀུན་རྫོབ་པའི་སྒྲའི་དོན་མ་བཀག་པར་བསྟན་པ་ཡིན་ཏེ། དེའི་ཕྱིར་རང་གི་ཚིག་དང་འགལ་ བར་མི་འགྱུར་རོ། །དེ་ལྟ་མ་ཡིན་ན་དམ་བཅའ་བ་རང་གི་ཚིག་དང་འགལ་བར་འགྱུར་ཏེ། འདི་ལྟ་རང་གི་མཚན་ཉིད་ལ་སོགས་པ་འདི་དག་སྒྲས་བསྟན་ནས་འདི་དག་སྒྲའི་དོན་མ་ཡིན་པ་ཉིད་དུ་བསྟན་པར་མི་ནུས་ཏེ། དེ་བསྟན་པར་འདོད་ནས་སྒྲས་རང་གི་མཚན་ཉིད་ལ་སོགས་པ་སྟོན་པ་ནི་འདི་དག་སྒྲའི་དོན་ཉིད་ དུ་ཁས་བླངས་པར་འགྱུར་ལ། ཡང་དམ་བཅའ་བ་དེ་ཉིད་འགེགས་པའི་ཕྱིར་རང་གི་ཚིག་དང་འགལ་ལོ། །འདིས་ནི་འོད་བྱེད་པས། སྒྲ་རྣམས་རྗོད་བྱེད་མ་ཡིན་ན། །དམ་བཅའ་གཏན་ཚིགས་འགལ་བ་ཡིན། །ཞེས་གང་སྨྲས་པ་དེ་ཡང་གསལ་བ་ཡིན་ནོ། །ཁོ་བོ་ཅག་ནི་རྣམ་པ་ཐམས་ཅད་དུ་སྒྲའི་ དོན་ལ་སྐུར་པ་འདེབས་པར་མི་བྱེད་དེ། དེ་ནི་གནག་རྫིའི་བར་ལ་ཤིན་ཏུ་གྲགས་པའི་ཕྱིར་རོ། །འོན་ཀྱང་དེ་ལ་གཞན་གྱི་སྒྲོ་བཏགས་པ་དེ་ཁོ་ན་ཉིད་དུ་ཡོད་པའི་ཆོས་གང་ཡིན་པ་དེ་འགེགས་པར་བྱེད་ཀྱི་ཆོས་ཅན་མ་ཡིན་ནོ། །དེ་ལ་རེ་ཞིག་རང་གི་མཚན་ཉིད་ལ་བརྡ་མེད་པར་བསྟན་པའི་ཕྱིར་སྒྲའི་དོན་མ་ ཡིན་པ་ཉིད་བསྟན་པའི་དོན་དུ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རེ་ཞིག་སྒྲ་རྣམས་ཀྱིས། རང་གི་མཚན་ཉིད་རྗོད་པ་མིན། །ཞེས་བྱ་བ་ནི་དེ་ལ་བརྡ་བྱས་པ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ཇི་ལྟར་བརྡ་མེད་པ་ཡིན་ཞེ་ན། བརྡ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྡ་དང་ཐ་སྙད་དག་ཏུ་ཕྱིན་པ་སྟེ་ ཐོབ་པའི་དུས་གང་ཡིན་པ་དེར་ཁྱབ་པ་སྟེ། ཁྱབ་པར་བྱེད་པ་དེ་དང་བྲལ་བའི་རྒྱུའི་ཕྱིར་རང་གི་མཚན་ཉིད་དེ་ལ་བརྡ་མེད་དོ་ཞེས་བྱ་བ་ལྷག་མའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། བརྡ་ནི་ཐ་སྙད་ཀྱི་དོན་དུ་བྱེད་ཀྱི་ཞེན་པས་ནི་མ་ཡིན་ནོ། །དེས་ན་གང་ཁོ་ནའི་བརྡ་དང་ཐ་སྙད་དུ་ཕྱིན་པའི་དུས་སུ་ཁྱབ་པ་ཉིད་ཡོད་པ་དེ་ ཁོ་ན་ལ་ཐ་སྙད་འདོགས་པ་པོ་རྣམས་བརྡ་བྱེད་པར་རིགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ལ་ནི་བརྡ་དང་ཐ་སྙད་དུ་ཕྱིན་པའི་དུས་སུ་ཁྱབ་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་དེ་ལ་བརྡ་བྱེད་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་རང་གི་མཚན་ཉིད་ལ་བརྡ་དང་ཐ་སྙད་དུ་ཕྱིན་པའི་དུས་སུ་ཁྱབ་པར་ བྱེད་པ་ཉིད་མེད་ཅེ་ན། ཡུལ་དུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་ལ་སོགས་པ་ཐ་དད་པས་ཁྲ་བོ་ལ་སོགས་པའི་གསལ་བ་ཐ་དད་པ་ཕན་ཚུན་ཤིན་ཏུ་ལྡོག་པའི་ལུས་ཅན་འདི་དག་ནི་ཕན་ཚུན་རྗེས་སུ་འཇུག་པ་མ་ཡིན་ཏེ། དེ་ལ་གཅིག་ལ་བརྡ་བྱས་པའི་སྐྱེས་བུས་གཞན་ལ་ཐ་སྙད་དུ་བྱེད་ པར་མི་འགྱུར་རོ། །སྣང་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ཁ་དོག་དབྱིབས་དང་སྐད་ཅིག་མ་ཉིད་ལ་སོགས་པ་གཟུང་ངོ་། །ཐ་སྙད་མཐོང་བ་མ་ཡིན་ཞེས་བྱ་བ་ནི་དེས་ན་དེ་ལ་བརྡ་མེད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟེན་ པའི་ཕྱིར། བརྡ་མ་བཟུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་བརྡ་གཟུང་བ་དེ་ལ་དེ་སྐད་ཅེས་བྱ་ལ། བརྡ་གཟུང་བ་མེད་པ་དེ་ནི་བརྡ་མ་བཟུང་བའོ། །སྒྲ་ལས་ཞེས་བྱ་བ་ནི་མིང་ལས་སོ། །གཞན་དུ་ཞེས་བྱ་བ་ནི་རིགས་མི་འདྲ་བའི་དོན་བཞིན་ནོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་སྒྲས་ བརྡ་མ་བཟུང་བའི་དོན་སྟོན་པར་བྱེད་ན་དེའི་ཚེ་བ་ལང་གི་སྒྲ་ཡང་བརྡ་སྟོན་པར་བྱེད་པར་འགྱུར་ལ། བརྡ་བྱེད་པ་ཡང་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ཧ་ཅང་ཐལ་བར་འགྱུར་བ་ནི་གནོད་པར་བྱེད་པའི་ཚད་མ་ཡིན་པའི་ཕྱིར་ཁྱབ་པ་གྲུབ་པོ། །བརྡ་མ་བྱས་པ་ཉིད་ལ་སོགས་པའི་གཏན་ཚིགས་ འདི་ཉིད་སློབ་དཔོན་ཕྱོགས་ཀྱི་གླང་པོས། སྒྲ་ཡིས་ཐ་དད་ནམ་ཡང་ནི། །བརྗོད་པ་མ་ཡིན་མཐའ་མེད་ཕྱིར། །ཞེས་བྱ་བ་འདིས་བསྟན་ཏེ། འདི་ལྟར་མཐའ་མེད་པའི་ཕྱིར་ཞེས་བྱ་བ་འདིས་བརྡ་མེད་པ་ཉིད་བསྟན་ཏོ། །དེས་ན་འོད་བྱེད་པས། གལ་ཏེ་སྒྲ་ཕྱོགས་སུ་བྱེད་ན་དེའི་ཚེ་ མཐའ་མེད་པའི་ཕྱིར་ཞེས་བྱ་བ་འདི་དངོས་པོའི་ཆོས་ཡིན་པའི་ཕྱིར་གཞི་ཐ་དད་པའི་གཏན་ཚིགས་ཡིན་ནོ། །འོན་ཏེ་ཐ་དད་པ་རྣམས་ཉིད་ཕྱོགས་སུ་བྱེད་ན་དེའི་ཚེ་རྗེས་སུ་འགྲོ་བ་ཅན་དང་ལྡོག་པ་ཅན་གྱི་དཔེ་ཡོད་པ་མ་ཡིན་པའི་ཕྱིར་མཐའ་མེད་པ་གཏན་ཚིགས་མ་ཡིན་ནོ་ཞེས་གང་སྨྲས་ པ་དེ་ཡང་བསལ་བ་ཡིན་ནོ། །ཡང་དེ་ཉིད་ཀྱིས་སྨྲས་པ་དག་གི་ལྟར་ན་ཁྱད་པར་མེད་པའི་ཐ་དད་པ་རྣམས་སྒྲ་དག་གིས་རྗོད་པར་བྱེད་པ་དེའི་ལྟར་ན་ཉེས་པ་འདི་ཡིན་གྱི། ཁོ་བོ་ཅག་ནི་ཡོད་པའི་ཁྱད་པར་གྱིས་རྫས་དང་ཡོན་ཏན་དང་ལས་རྣམས་བརྗོད་པ་ཡིན་ཏེ། འདི་ལྟར་གང་དང་གང་ན་ཡོད་པ་ལ་སོགས་ པའི་སྤྱི་མཐོང་བ་དེ་དང་དེར་ཡོད་པ་ལ་སོགས་པའི་སྒྲ་སྦྱོར་ལ། ཡོད་པ་ལ་སོགས་པའི་སྤྱི་ནི་གཅིག་ཉིད་ཡིན་ཏེ། དེའི་ཕྱིར་སྤྱིས་མཚོན་པའི་དོན་དག་ལ་བརྡ་བྱེད་པ་སྲིད་པའི་ཕྱིར་མཐའ་མེད་པ་རྒྱུ་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་དག་པ་མ་ཡིན་ཏེ། ཡོད་པ་ལ་སོགས་པ་དངོས་པོར་གྱུར་པའི་སྤྱི་དེ་དག་ལས་ ཐ་དད་པའམ་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབས་ཟིན་ཏོ། །ཡང་ན་སྤྱི་ཡོད་དུ་ཆུག་མོད་དེ་ལྟ་ན་ཡང་ཐ་དད་པ་གཅིག་ལ་སྤྱི་དུ་མ་ཡོད་པའི་ཕྱིར་ཡོད་པ་ལ་སོགས་པའི་སྒྲ་མ་འཆོལ་བར་སྦྱོར་བར་མི་འགྱུར་རོ། །ཡོད་པ་ལ་སོགས་པ་སྒྲས་མ་བསྟན་པར་ཡོད་པ་ལ་སོགས་པ་དེས་ཐ་དད་པ་གཞན་ མཚོན་པར་བྱ་བའི་ཕྱིར་བརྡ་བྱེད་པར་ནུས་པ་ཡང་མ་ཡིན་ལ། བརྡ་མ་བྱས་པའི་ཡོད་པ་ལ་སོགས་པ་ལ་སྒྲ་འཇུག་པ་ཡོད་པ་ཡང་མ་ཡིན་ཏེ། དེ་ལྟ་ཡིན་དང་ཕན་ཚུན་བསྟེན་པའི་སྐྱོན་དུ་འགྱུར་རོ། །ཅི་སྟེ་ཡང་རྟོག་པ་པོ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རང་ཉིད་ཐ་སྙད་དུ་བྱེད་པ་དམིགས་པའི་ ཕྱིར་ཡོད་པ་ལ་སོགས་པའི་སྒྲ་དག་གིས་བརྡ་སྟོན་པར་བྱེད་དོ་སྙམ་ན། དེ་ཡང་ཡང་དག་པ་མ་ཡིན་ཏེ། མཐའ་མེད་པ་ཐ་དད་པའི་ཡུལ་ཅན་གྱི་ཐ་སྙད་མ་ལུས་པ་འགའ་ཞིག་དམིགས་པར་འགྱུར་བ་ནི་མ་ཡིན་ནོ། །གཅིག་གི་ཚེ་ཡོད་པ་ལ་སོགས་པ་དང་ལྡན་པའི་ཐ་དད་པ་དག་ལ་ལན་ཅིག་མ་ ཡིན་པར་ཐ་སྙད་དམིགས་ནས་དེའི་རིགས་ཅན་མ་མཐོང་བ་དག་ལ་ཡང་སྒྲ་དེ་སྦྱོར་བར་བྱེད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། མ་མཐོང་བའི་ཕྱིར་རོ། །མ་མཐོང་བའི་འདས་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་མཐའ་ཡས་པའི་ཐ་དད་པ་དག་ལ་བརྡ་སྲིད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། ། རྣམ་པར་རྟོག་པའི་བློས་སྒྲོ་བཏགས་པ་དག་ལ་སྟོན་པར་བྱེད་དོ་ཞེ་ན། འོ་ན་དེ་ལྟ་ན་རྣམ་པར་རྟོག་པས་སྒྲོ་བཏགས་པའི་དོན་གྱི་ཡུལ་ཉིད་ལ་སྒྲ་སྦྱོར་གྱི་དོན་དམ་པར་ཐ་དད་པ་དག་ལ་མ་ཡིན་ནོ་ཞེས་བྱ་བ་ཐོབ་སྟེ། འདི་ལྟར་འདས་པ་དང་མ་འོངས་པ་དག་གིས་མེད་པས་མི་ཉེ་བ་ཉིད་ཀྱི་ཕྱིར་དེ་ལ་རྣམ་པར་ རྟོག་པའི་བློར་འགྱུར་བ་ནི་ཡུལ་མེད་པ་ཉིད་ཡིན་པའི་ཕྱིར་ཞེས་སྒྲོ་བཏགས་པ་ནི་མེད་པ་ཉིད་ཡིན་ནོ། །དེ་ལྟ་ཡིན་དང་དེ་ལ་བརྡ་མེད་པའི་ཕྱིར་ཇི་ལྟར་དོན་དམ་པ་དངོས་པོར་གྱུར་པ་ཡིན་ཏེ། སྤྲོས་པས་ཆོག་གོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་གཏན་ཚིགས་འགལ་བ་ཡང་མ་ཡིན་པའི་ཕྱིར་སྒྲ་རྣམས་ཀྱི་ ཡུལ་རང་གི་མཚན་ཉིད་མ་ཡིན་པར་གྲུབ་པོ། །འདི་སྙམ་དུ་གང་དག་རི་གངས་ཅན་ལ་སོགས་པའི་དངོས་པོ་དེ་དག་བསྟན་པ་དང་གཅིག་པུའི་ངོ་བོ་ཡིན་པའི་ཕྱིར་ཡུལ་དང་དུས་ལ་སོགས་པའི་ཐ་དད་པ་སྲིད་པ་མ་ཡིན་ཏེ། དེའི་ཕྱིར་བརྡ་དང་ཐ་སྙད་ཕྱིན་པའི་དུས་སུ་ཁྱབ་པའི་ཕྱིར་དེ་ལ་བརྡ་སྲིད་པས་དེའི་ཕྱིར་ གཏན་ཚིགས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ན། གང་ཡང་གངས་རི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་རི་མ་ལ་ཡ་ལ་སོགས་པ་གཟུང་ངོ་། །གང་གི་ཕྱིར་འདི་དག་ནི་རྡུལ་ཕྲ་རབ་ཏུ་མ་ཚོགས་པའི་རང་བཞིན་ཡིན་ཏེ། དེའི་ཕྱིར་འདི་དག་གི་ཡན་ལག་མ་ལུས་ པ་བཟུང་བས་བརྡ་བྱེད་པ་ཡོད་པ་མ་ཡིན་ལ། སྐྱེས་མ་ཐག་ཏུ་འཇིག་པ་ཡང་བསྒྲུབས་ཟིན་ཏེ། དེས་ན་དེ་དག་ལ་ཡང་བརྡའི་དུས་སུ་མཐོང་བ་ཐ་སྙད་ཀྱི་དུས་སུ་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །དེ་ལྟར་རེ་ཞིག་རང་གི་མཚན་ཉིད་ལ་ཐ་སྙད་མི་འཐད་པས་བརྡ་དོན་མེད་པར་ ཐལ་བར་འགྱུར་བའི་ཕྱིར་བརྡ་མི་སྲིད་དོ་ཞེས་བསྟན་ནས། དེ་ནི་བརྡ་བྱ་བར་མི་ནུས་པའི་ཕྱིར་མི་སྲིད་དོ་ཞེས་བསྟན་པའི་ཕྱིར། རང་གི་མཚན་ཉིད་འདི་དག་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཐམས་ཅད་སྐྱེས་མ་ཐག་ཏུ་འཇིག་པ་ནི་སྔར་བསྒྲུབས་ཟིན་ཏེ། དེ་དག་ལ་བརྡ་བྱེད་པ་ན་རེས་འགའ་མ་སྐྱེས་པ་ ལ་བྱེད་པའམ་སྐྱེས་པ་དག་ལ་བྱེད། དེ་ལ་རེ་ཞིག་མ་སྐྱེས་པ་རྣམས་ལ་བརྡ་རིགས་པ་མ་ཡིན་ཏེ། མེད་པ་ནི་ཤེས་པ་དང་བརྗོད་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་གཞིར་མི་འཐད་པའི་ཕྱིར་རོ། །ཡང་དག་པ་སྨོས་པ་ནི་ཀུན་རྫོབ་པ་དགག་པའི་དོན་དུ་སྟེ། དེས་ན་བུམ་པ་ལ་སོགས་པ་མ་སྐྱེས་པ་ལ་ཡང་ བརྡ་མཐོང་བའི་ཕྱིར་མཐོང་བ་དང་འགལ་བ་མ་ཡིན་ཏེ། དེའི་ཡུལ་ནི་རྣམ་པར་རྟོག་པས་སྤྲུལ་པའི་དོན་ཉིད་ཡིན་པས་མེད་པ་ཡིན་པའི་ཕྱིར་རོ། །རྟའི་རྭ་བཞིན་ནོ་ཞེས་བྱ་བ་ནི་བདུན་པའི་མཐའ་ཅན་གྱི་འདྲ་བ་ཡིན་ནོ། །སྐྱེས་པ་ལ་ཡང་བརྡ་རིགས་པ་མ་ཡིན་ཏེ། འདི་ལྟར་ཉམས་ སུ་མྱོང་བ་སྐྱེས་པ་དེ་ལ་དེ་སྔོན་དུ་འགྲོ་བ་ཅན་གྱི་མིང་ནི་ཁྱད་པར་དྲན་པ་ན་བརྡ་བྱེད་ཀྱི་གཞན་དུ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་མིང་གི་ཁྱད་པར་དྲན་པའི་དུས་ན་སྐད་ཅིག་འཇིག་པ་ཉིད་ཀྱིས་རང་གི་མཚན་ཉིད་འགགས་ནས་རིང་དུ་ལོན་པའི་ཕྱིར་མ་སྐྱེས་པ་བཞིན་དུ་དངོས་པོ་སྐྱེས་ པ་རྣམས་ལ་ཡང་བརྡ་ཡོད་པ་མ་ཡིན་ཏེ། བརྡ་བྱེད་པའི་དུས་ན་ཡང་གཉི་ག་ཡང་མི་ཉེ་བའི་ཕྱིར་རོ། །འདི་ལྟར་རེ་ཞིག་ཉམས་སུ་མྱོང་བའི་གནས་སྐབས་ན་ཡང་དེའི་རྒྱུ་ཡིན་པ་ཉིད་ཀྱིས་རང་གི་མཚན་ཉིད་སྐད་ཅིག་མ་ཉེ་བ་ཡོད་པ་ཅན་དུ་མི་འགྱུར་ན། ཉམས་སུ་མྱོང་བའི་དུས་ཕྱིས་འབྱུང་བའི་མིང་གི་བྱེ་བྲག་གཟོ་ བ་དང་དྲན་པ་སྐྱེ་བའི་དུས་ན་འབྱུང་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། ཅི་སྟེ་ཡང་དེའི་ནུས་པའི་མཐུ་ལས་བྱུང་བ་དེའི་རིགས་ཅན་བརྡ་བྱེད་པའི་དུས་ན་འབྱུང་བའི་སྐད་ཅིག་མ་ལ་བརྡ་བྱེད་པར་འགྱུར་རོ་སྙམ་ན། དེའི་ཕྱིར་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་བརྡ་བྱེད་པའི་དུས་ན་ཉེ་བའི་སྐད་ ཅིག་གཞན་ཡོད་པ་དེ་ལྟ་ན་ཡང་བརྡ་གཟོ་བ་མི་སྲིད་པའི་ཕྱིར་བརྡ་མི་རིགས་ཏེ། འདི་ལྟར་རྟ་དམིགས་ན་དེའི་མིང་དྲང་བའི་རིམ་པ་སྔོན་དུ་འགྲོ་བ་ཅན་གྱི་བརྡ་བྱེད་པ་ན་དེའི་དུས་ན་ཉེ་བའི་བ་ལང་ལ་སོགས་པ་ལ་གཟོ་བའི་ཡུལ་དུ་བྱས་ནས་བརྡ་བྱེད་པ་འགའ་ཞིག་རྟའོ་ཞེས་བརྡ་བྱེད་པ་ནི་མ་ཡིན་ནོ། །ཅི་སྟེ་ཡང་ རང་གི་མཚན་ཉིད་ཀྱི་སྐད་ཅིག་ཐམས་ཅད་འདྲ་བ་ཡིན་ཏེ། དེས་ན་གཅིག་ཉིད་དུ་ཞེན་པར་བྱས་ནས་བརྡ་བྱེད་པར་འགྱུར་སྙམ་ན། དེའི་ཕྱིར། འདྲ་བ་ཉིད་ཀྱང་བརྟགས་པ་ཡིན། །ཞེས་བྱ་བ་སྨོས་ཏེ། འདྲ་བ་ནི་རྣམ་པར་རྟོག་པའི་བློས་སྒྲོ་བཏགས་པ་ཡིན་ཏེ། དེ་སྒྲ་རྣམས་ཀྱིས་སྟོན་ན་རང་གི་མཚན་ཉིད་ བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ལྟར་རང་གི་མཚན་ཉིད་ལ་བརྡ་སྲིད་པ་མ་ཡིན་ནོ། །སྒྲ་རང་གི་མཚན་ཉིད་ཀྱི་བརྡ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་བརྡ་བྱེད་པས་གཞན་པ་ཉིད་ཀྱི་མིང་གི་ཁྱད་པར་དོན་ལ་སྦྱོར་བར་བྱེད་ལ། དོན་དམ་པས་དྲན་པས་ཉམས་སུ་མྱོང་བ་ཉིད་ཀྱི་ བརྗོད་པར་འཇིག་པར་ནུས་པ་ཡང་མ་ཡིན་ཏེ། དེ་འགགས་ནས་རིང་དུ་ལོན་པའི་ཕྱིར་རོ། །གང་ཡང་བརྗོད་པ་དེ་ནི་སྔར་ཉམས་སུ་མྱོང་བའི་ཕྱིར་དེ་དྲན་པ་མ་ཡིན་ལ། ཡུལ་དུ་མ་བྱས་པ་དེས་འཛིན་པར་ནུས་པ་ཡང་མ་ཡིན་ཏེ། དེས་ན་དྲན་པས་གཞག་པའི་རྣམ་པར་རྟོག་པའི་རྒྱུ་མཚན་གྱིས་མཚམས་ སྦྱོར་བ་རྣམས་ནི་རང་གི་མཚན་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རང་གི་མཚན་ཉིད་ཀྱི་བརྡ་མ་ཡིན་ནོ། །དེ་ལྟ་བས་ན་རང་གི་མཚན་ཉིད་ནི་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །རང་གི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་པ་འདི་ཉིད་བསྒྲུབ་པར་བྱ་བའི་ཕྱིར་ཚད་མ་གཞན་བཤད་པ་ནི་དྲོ་བ་ལ་སོགས་ཞེས་བྱ་བ་ ལ་སོགས་པའོ། །ཇི་ལྟར་དྲོ་བ་ལ་སོགས་པའི་དོན་གྱི་ཡུལ་ཅན་གྱི་དབང་པོ་གསལ་བར་སྣང་བར་རིག་པ་དེ་བཞིན་དུ་དྲོ་བ་ལ་སོགས་པའི་སྒྲ་ལས་བྱུང་བ་ནི་མ་ཡིན་ནོ། །ཇི་ལྟར་མིག་ལ་སོགས་པ་མ་ཉམས་པའི་དབང་པོའི་བློ་དག་གིས་ཉམས་སུ་མྱོང་བ་བཞིན་དུ་མིག་དང་ལྕེ་དང་སྣ་ལ་སོགས་པ་ཉམས་ པས་མ་ཏུ་ལུང་ག་ལ་སོགས་པའི་སྒྲ་ཐོས་པ་ལས་གཟུགས་དང་རོ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་བ་མ་ཡིན་ནོ། །ཇི་སྐད་དུ། མེ་དང་འབྲེལ་པས་བསྲེག་བྱ་བ། །ཚིག་པར་ཤེས་པ་གཞན་ཡིན་ལ། །ཚིག་པའི་སྒྲ་ཡིས་ཚིག་པའི་དོན། །ཡང་དག་གསལ་བ་གཞན་ཡིན་ནོ། །ཞེས་བཤད་པ་ལྟ་ བུའོ། །དེ་ཡི་དོན་ཅན་དབང་ཤེས་བཞིན། །ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །དྲོ་བ་ལ་སོགས་པའི་དོན་གྱི་ཡུལ་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་ལ། འདི་ནི་དེའི་དོན་ཡང་ཡིན་ལ་དབང་པོའི་ཤེས་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་དེ་དེ་ལྟ་བུ་མ་ཡིན་པ་དེ་ལྟ་ན་ཡང་ཅིའི་ ཕྱིར་སྒྲའི་དོན་རང་གི་མཚན་ཉིད་དུ་མི་འགྱུར་ཞེ་ན། གང་ཞིག་དེས་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་ཞིག་གང་གིས་བྱས་པའི་ཤེས་པ་ལ་མི་སྣང་བ་དེ་ནི་དེའི་དོན་མ་ཡིན་ཏེ། གཟུགས་ཀྱི་སྒྲས་བསྐྱེད་པའི་ཤེས་པ་ལ་རོ་བཞིན་ནོ། །སྒྲ་ལས་བྱུང་བའི་ཤེས་པ་ལ་ཡང་རང་གི་མཚན་ཉིད་མི་ སྣང་ངོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདིར་ཡང་ཧ་ཅང་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མ་སྟེ། འདི་ལྟར་སྒྲ་དེས་རྗོད་པར་བྱེད་པ་ཉིད་ནི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ཉིད་ལ་བརྗོད་ཀྱི་གཞན་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་གང་ཞིག་གང་གི་རྣམ་པས་སྟོང་པ་དེ་ནི་དེའི་ཡུལ་ ཅན་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གིས་མི་གསལ་བ་དངོས་པོར་གཏོགས་པ་ཉིད་ཀྱི་ངོ་བོའི་སྒྲ་རྣམས་རྗོད་པར་བྱེད་དོ་ཞེས་བྱ་བར་འགྱུར་བ་དངོས་པོ་གཅིག་ལ་གསལ་བ་དང་མི་གསལ་བའི་ངོ་བོ་གཉིས་ཡོད་པ་ནི་མ་ཡིན་ཏེ། གཅིག་ལ་ གཉིས་ཀྱིས་འགལ་བའི་ཕྱིར་རོ། །གཞུང་ལུགས་ཐ་དད་པ་ལ་གནས་པ་རྣམས་ཀྱང་། ཕན་ཚུན་འགལ་བའི་རང་བཞིན་དུ་བསྒྲུབ་པའི་ཕྱིར་རོ། །རིགས་པ་ཅན་རྣམས་ནི་གསལ་བ་དང་རྣམ་པ་དང་རིགས་རྣམས་ཀྱི་ཚིག་གི་དོན་ནོ་ཞེས་སྨྲ་སྟེ། ཚིག་གི་དོན་ནི་ཚིག་གི་དོན་ཏེ་སྒྲའི་དོན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ གསལ་བའི་སྒྲས་ནི་རྫས་དང་། ཡོན་ཏན་གྱི་ཁྱད་པར་དང་། ལས་རྣམས་བརྗོད་དོ། །དེ་སྐད་དུ་ཡང་མདོ་ལས་ཡོན་ཏན་གྱི་ཁྱད་པར་གྱི་རྟེན་གྱི་ལུས་ཅན་ནི་གསལ་བའོ་ཞེས་འབྱུང་ངོ་། །རེ་ཞིག་འདིའི་དོན་རྣམ་འགྲེལ་བྱེད་པའི་ལུགས་ཀྱི་བརྗོད་པ། ཁྱད་པར་དུ་བྱེད་པས་ཁྱད་པར་ཅན་ལ་ཡོན་ཏན་དག་ལས་ ཁྱད་པར་ནི་ཡོན་ཏན་གྱི་ཁྱད་པར་ཏེ་ལས་ལ་བརྗོད་དོ། །ཁྱད་པར་གྱི་ལུས་ཀྱི་རྟེན་ནི་ལུས་ཅན་གཅིག་བསྡུས་པ་བྱས་པས་འདི་ལ་ཡོན་ཏན་གྱི་ཁྱད་པར་གྱི་སྒྲ་གཉིས་པ་ཡང་བསྟན་ཏེ། དེས་ན་ཡོན་ཏན་གྱི་ཚིག་དོན་གཟུང་ངོ་། །དེ་དག་ནི་ཡོན་ཏན་ཡང་ཡིན་པས་ཡོན་ཏན་གྱི་ཕྱིར་ཁྱད་པར་རོ། །ཁྱད་པར་སྨོས་པ་ ནི་རྣམ་པར་གསལ་བའི་དོན་དུ་སྟེ། འདི་ལྟར་རྣམ་པ་ནི་ལྡན་པའི་ཁྱད་པར་གྱི་རང་བཞིན་ཡིན་པས། །ལྡན་པ་ཡང་ཡོན་ཏན་གྱི་ཚིག་གི་དོན་གྱི་ཁོངས་སུ་འདུ་སྟེ། དེ་ལྟ་ཡིན་དང་ཁྱད་པར་མ་སྨོས་པ་རྣམ་པ་ཡང་བཟུང་བར་འགྱུར་རོ། །དེའི་གསལ་པའི་ཁོངས་སུ་འདུ་བར་མི་འདོད་དེ། དེ་ནི་སྒྲས་ ལོགས་ཤིག་ཏུ་གཟུང་བའི་ཕྱིར་རོ། །རྟེན་གྱི་སྒྲས་ནི་རྫས་བརྗོད་དེ། ཡོན་ཏན་གྱི་ཁྱད་པར་དེ་དག་གི་རྟེན་ནི་དེའི་རྟེན་ཏེ་རྫས་ཞེས་བྱ་བའི་དོན་ཏོ། །འདིར་ནི་དེའི་སྒྲ་མི་མངོན་པར་བྱས་ནས་བསྟན་ཏོ། །འདི་ལྟར་ཚིག་རྣམ་པར་སྦྱར་བར་བྱ་སྟེ། ཡོན་ཏན་གྱི་ཁྱད་པར་རྣམས་ཞེས་བྱ་བ་ཡོན་ཏན་ ཁྱད་པར་དག་སྟེ། ཡོན་ཏན་གྱི་ཁྱད་པར་དག་དང་དེའི་རྟེན་ནི་ཡོན་ཏན་གྱི་ཁྱད་པར་གྱི་རྟེན་ནོ། །འདི་ནི་གཅིག་ཏུ་བསྡུས་པའི་ཟླས་དབྱེ་བ་སྟེ། རྟགས་ནི་འཇིག་རྟེན་ལ་བརྟེན་པས་དེའི་ཕྱིར་མ་ནིང་གི་རྟགས་སུ་མ་བསྟན་ཏོ། །དེས་ན་དོན་ནི་འདི་ཡིན་ཏེ་གཞི་ཡོན་ཏན་ཁྱད་པར་ལ་བརྟེན་པ་ནི་ གསལ་བ་དང་ལུས་ཅན་ཞེས་བྱ་བར་ཡང་བརྗོད་དེ། དེ་ལ་གང་གི་ཚེ་རྫས་ལ་ལུས་ཅན་གྱི་སྒྲ་ཡིན་པ་དེའི་ཚེ་གནས་བཞི་བསྒྲུབ་པར་བལྟ་བར་བྱ་སྟེ། འདི་ལ་ཡན་ལག་གསལ་བས་ལུས་ཅན་ནོ། །གང་གི་ཚེ་གཟུགས་ལ་སོགས་པ་ལ་ཡིན་པ་དེའི་ཚེ་བྱེད་པ་པོ་སྒྲུབ་པ་ཡིན་ཏེ། རྫས་ལ་ འཇུག་པ་སྟེ་འདུ་བས་གཟུགས་ལ་སོགས་པ་ལུས་ཅན་ནོ། །ལུས་ཅན་གྱི་སྒྲ་རྫས་ལ་ལས་སུ་སྒྲུབ་པ་ཡིན་ལ། གཟུགས་ལ་སོགས་པ་ལ་བྱེད་པ་སྒྲུབ་པ་ཡིན་ནོ། །བཤད་པར་བྱེད་པའི་ལུགས་ཀྱིས་མདོའི་དོན་ཇི་ལྟར་ཐོས་པ་བཞིན་དུ་ཡིན་ཏེ། ཡོན་ཏན་གྱི་ཁྱད་པར་རྣམས་ཀྱི་རྟེན་རྫས་ཉིད་ གསལ་བ་དང་ལུས་ཅན་ཡིན་ནོ་ཞེས་དེ་འདོད་དེ། ཇི་སྐད་དུ་ཡོན་ཏན་གྱི་ཁྱད་པར་གཟུགས་དང་། རོ་དང་། དྲི་དང་། རེག་པ་དང་། ལྕི་བ་དང་། གཤེར་བ་ཉིད་དང་། མཁྲང་བ་ཉིད་དང་། འདུས་བྱས་པ་རྣམས་དང་། ཁྱབ་པའི་ཚད་རྣམས་ཀྱི་ཁྱད་པར་གྱི་རྟེན་ནི་ཇི་ལྟར་སྲིད་པར་དེའི་རྫས་ཡིན་ ལ། ཡན་ལག་གསལ་པའི་ཕྱིར་ལུས་ཅན་ཞེས་བྱའོ། །རྣམ་པའི་སྒྲས་སྲོག་ཆགས་ཀྱི་ཡན་ལག་ལ་སོགས་པའི་ཆ་ཤས་སོར་མོ་ལ་སོགས་པའི་ལྡན་པ་བརྗོད་དེ། དེ་སྐད་དུ་ཡང་མདོ་ལས། རྣམ་པ་ནི་རིགས་ཀྱི་རྟགས་སུ་བརྗོད་ཅེས་འབྱུང་ངོ་། །འདིའི་བཤད་པ་ནི་གང་གིས་རིགས་དང་ རིགས་ཀྱི་རྟགས་སུ་བརྗོད་པ་ནི་རྣམ་པར་རིག་པར་བྱ་སྟེ། དེ་ཡང་སེམས་ཅན་གྱི་ཡན་ལག་རྣམས་དང་། དེའི་ཆ་ཤས་རྣམས་ཀྱི་བཀོད་པ་ངེས་པ་ལས་གཞན་མ་ཡིན་ནོ། །བཀོད་པའི་སྒྲས་ནི་ལྡན་པའི་ཁྱད་པར་བརྗོད་ཅེས་ངེས་པ་སྨོས་པས་བཅོས་མའི་ལྡན་པ་བསལ་ཏེ། དེ་ལ་རིགས་ཀྱི་ རྟགས་ནི་སྲོག་ཆགས་ཀྱི་ཡན་ལག་ནི་མགོ་བོ་དང་ལག་པ་ལ་སོགས་པ་སྟེ། དེ་དག་གིས་བ་ལང་ཉིད་ལ་སོགས་པའི་མཚན་ཉིད་ཀྱི་རིགས་མཚོན་ནོ། །རྣམ་པ་ནི་རེས་འགའ་དངོས་སུ་རིགས་གསལ་བར་བྱེད་དེ། གང་གི་ཚེ་མགོ་བོ་དང་ལག་པ་ལ་སོགས་པའི་གནས་ལུགས་མཐོང་བ་ལས་ བ་ལང་ཉིད་གསལ་བ་ནའོ། །རེས་འགའ་ནི་རིགས་ཀྱི་རྟགས་ཏེ། གང་གི་ཚེ་རྭ་ལ་སོགས་པའི་ཡན་ལག་སོ་སོ་བའི་ཆ་ཤས་ཀྱི་གནས་ལུགས་ཀྱི་གསལ་བ་རྣམས་ཀྱིས་བ་ལང་ཉིད་ལ་སོགས་པ་གསལ་བ་ཁོ་ནའོ། །དེས་ན་རྣམ་པ་ནི་རིགས་དང་རྟགས་གསལ་བར་བྱེད་པ་ཡིན་ནོ། །རིགས་ ཀྱི་སྒྲས་ནི་ཐ་མི་དད་པར་བརྗོད་པ་དང་ཤེས་པ་སྐྱེ་བའི་རྒྱུ་མཚན་གྱི་སྤྱི་བརྗོད་པ་ཡིན་ཏེ། དེ་སྐད་དུ་ཡང་མདོ་ལས། མཚུངས་པ་སྐྱེ་བའི་བདག་ཉིད་ཅན་ནི་རིགས་ཡིན་ནོ་ཞེས་འབྱུང་སྟེ། མཚུངས་པའི་ཤེས་པ་སྐྱེ་བའི་རྒྱུ་ནི་རིགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གསལ་བ་དང་རྣམ་པ་དག་ ནི་རང་གི་མཚན་ཉིད་སྒྲའི་དོན་ཡིན་པ་གསལ་བ་འདི་གཉིས་ཀྱི་སྒྲའི་དོན་ཡིན་པ་གསལ་བར་རྟོགས་པར་བྱའོ་ཞེས་བསྟན་པའི་ཕྱིར་རྣམ་པ་འདི་དག་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ཀྱང་ཕྱིས་སེལ་བར་འགྱུར་རོ་སྙམ་དུ་དགོངས་པའོ། །གསལ་ཞེས་བྱ་བ་ནི་སྒྲའི་དོན་ཉིད་ཡིན་པ་ཞེས་བྱ་བ་ ལྷག་མའོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་གསལ་བ་དང་རྣམ་པ་དག་གོ། །དེས་ན་ཇི་ལྟར་རང་གི་མཚན་ཉིད་ལ་བརྡ་མ་བྱས་པའི་ཕྱིར་སྒྲའི་དོན་མ་ཡིན་པ་དེ་དག་ཀྱང་ཡིན་པས་དེའི་ཕྱིར་བརྡ་མ་བྱས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་ཡིན་ཞིང་མ་ ངེས་པ་ཡང་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གསལ་བའི་རྫས་དང་ཡོན་ཏན་གྱི་ཁྱད་པར་དང་ལས་ཀྱི་མཚན་ཉིད་ཡིན་ལ་རྣམ་པ་ཡང་ལྡན་པའི་བདག་ཉིད་ཡིན་ཏེ། རྫས་ལ་སོགས་པ་འདི་དག་ཀྱང་ཉིད་དུ་བཀག་ཟིན་པས་ན་འདི་ལས་ཀྱང་འདི་དག་མེད་པའི་ཕྱིར་ཡང་དག་པར་སྒྲའི་དོན་ཉིད་ དུ་རིགས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། རྫས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་རེ་ཞིག་དང་གི་མཚན་ཉིད་ལ་བརྡ་མི་སྲིད་པར་བསྟན་ནས། རིགས་ལ་སོགས་པ་གསུམ་ལ་བརྡ་མི་སྲིད་པར་བསྟན་པའི་ཕྱིར་རིགས་དང་འབྲེལ་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འོག་ཅེས་བྱ་བ་ནི་རང་ གི་མཚན་ཉིད་ཀྱི་འོག་ཏུ་བཤད་པ་སྟེ། རིགས་དང་དེ་དང་འབྲེལ་པ་དང་། །ཞེས་བྱ་བའོ། །རིགས་དང་ལྡན་པ་མི་སྲིད་པའི་ཕྱིར་དེ་དང་ལྡན་པ་ཡང་མི་སྲིད་པ་ཡིན་ཏེ། དེའི་ཐ་སྙད་ནི་དེ་དག་གིས་བྱས་པའི་ཕྱིར་རོ། །དེ་དང་ལྡན་པ་ཡང་རང་གི་མཚན་ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེའི་ཕྱོགས་ལ་འབྱུང་ བའི་སྐྱོན་མཚུངས་པ་ཁོ་ནའོ་སྙམ་དུ་བསམས་པ་ཡིན་ནོ། །ཙམ་པའི་བུ་ནི་རིགས་སྒྲའི་དོན་ཡིན་ནོ་ཞེས་ཟེར་ཞིང་། བྱ་ཆེན་གྱི་བུའི་རྫས་ཡིན་ནོ་ཞེས་ཟེར་ལ། དྲང་སྲོང་བ་ནི་གཉི་གའོ། །ཞེས་ཟེར་བ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ནོ། །རིགས་མི་རུང་བའི་ཕྱིར་དང་། རྫས་ཀྱང་རང་གི་མཚན་ ཉིད་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེའི་ཕྱོགས་ལ་འབྱུང་བའི་སྐྱོན་མི་འདོགས་པའི་ཕྱིར་རོ། །མཇུག་བསྡུ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ནི་དེ་ལྟ་བས་ནའོ། །ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་རང་བཞིན་མེད་པ་ཉིད་དོ། །བློའི་རྣམ་པ་ལ་ཡང་བརྡ་མི་སྲིད་པར་བསྟན་པའི་ཕྱིར། བློ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློའི་རྣམ་པ་ནི་དེའི་བདག་ཉིད་ཡིན་པས་བློ་ལ་གནས་པའི་ཕྱིར་འདི་ནི་བློ་དེའི་ངོ་བོ་བཞིན་དུ་བསྟན་པར་བྱ་བའི་ཕྱིར་དོན་ནམ་བློ་གཞན་ལ་རྗེས་སུ་འཇུག་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་བརྡ་དང་ཐ་སྙད་དུ་ཕྱིན་པའི་དུས་སུ་མ་ཁྱབ་པའི་ཕྱིར་རང་གི་མཚན་ཉིད་བཞིན་དུ་དེ་ ལ་ཡང་བརྡ་སྲིད་པ་མ་ཡིན་ནོ། །ཐ་སྙད་ཀྱི་དུས་སུ་རྗེས་སུ་འགྲོ་བ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་དེ་ལ་ཐ་སྙད་འདོགས་པ་པོ་རྣམས་བརྡ་བྱེད་པར་རིགས་པ་མ་ཡིན་ཏེ། འདི་ལྟར་སྒྲ་ཐ་དད་པ་ལས་དོན་བྱེད་པ་དོན་དུ་གཉེར་བའི་སྐྱེས་བུ་དོན་བྱེད་པར་ནུས་པའི་དོན་ཤེས་ནས་འཇུག་སྟེ། དེ་དག་ལའོ་སྙམ་དུ་ སེམས་པའི་ཐ་སྙད་འདོགས་པ་པོ་རྣམས་ཀྱིས་རྗོད་པར་བྱེད་པ་སྦྱོར་བར་བྱེད་ཀྱི་ཞེན་པས་ནི་མ་ཡིན་ནོ། །རྣམ་པར་རྟོག་པའི་བློའི་རྣམ་པ་འདི་ནི་གྲང་བ་སེལ་བ་ལ་སོགས་པ་མངོན་པར་འདོད་པའི་འབྲས་བུ་དེ་དོན་དུ་གཉེར་བར་བསྒྲུབ་པ་མ་ཡིན་ཏེ། དེ་ཉམས་སུ་མྱོང་བ་སྐྱེས་ན་ཡང་དེ་མེད་པའི་ཕྱིར་རོ། །དེས་ན་ དེ་ལ་ཡང་བརྡ་མེད་པའི་ཕྱིར་བརྡ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །འདི་སྙམ་དུ་ཡོད་པའི་དོན་ལ་སོགས་པ་སྒྲའི་དོན་གཞན་ཡོད་དེ། དེ་ལྟ་བས་ན་དེ་ལ་བརྡ་སྲིད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ་སྙམ་དུ་སེམས་ན། འདིས་བསལ་ཉིད་ཅེས་བྱ་བ་ སྨོས་ཏེ། རང་གི་མཚན་ཉིད་ལ་སོགས་པ་སྒྲའི་དོན་ཡིན་པ་བཀག་པ་ཉིད་ཀྱིས་ཏེ། དེ་དག་གི་རང་གི་མཚན་ཉིད་ལ་སོགས་པ་ཁོ་ནའི་ཁོངས་སུ་བྱས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡོད་པའི་དོན་ལ་སོགས་པ་དེ་དག་ཀྱང་གང་ཡིན་ཞེ་ན། བསྟན་པའི་ཕྱིར། སྒྲ་ཀུན་ཞེས་བྱ་བ་ ལ་སོགས་པ་སྨོས་ཏེ་ཞེས་བྱ་བའི་རིམ་པ་གཞན་དུ་སྟེ། དོན་ཞེས་བྱ་བའི་མཇུག་ཏུ་སྦྲེལ་བར་བྱའོ། །དེས་ན་དོན་འདི་ཡིན་ཏེ། ཡོད་པའི་དོན་ཞེས་བྱ་བ་འདི་རྟོགས་པ་གང་ཡིན་པ་དེ་ནི་སྒྲ་ཐམས་ཅད་ཀྱི་བརྗོད་པར་བྱ་བ་སྟེ་རྟོགས་པར་བྱ་བའི་མཚན་ཉིད་དེ་སྒྲའི་དོན་གྱི་མཚན་ཉིད་དོ་ཞེས་བྱ་བའི་ཐ་ ཚིག་གོ། །དེས་ན་ཡུལ་དུ་གྱུར་པའི་དོན་ལ་བ་ལང་ལ་སོགས་པ་ལ་བ་ལང་ལ་སོགས་པའི་སྒྲ་རྟོགས་པར་བྱ་བ་གང་ཡིན་པ་དེ་ནི་སྔ་ན་མེད་པ་དང་ལྷ་དང་མཐོ་རིས་དག་དང་མཚུངས་སོ་ཞེས་སྨྲའོ། །སྔ་ན་མེད་པ་ལ་སོགས་པའི་སྒྲའི་དོན་དང་དེ་དག་མཚུངས་སོ་ཞེས་བྱ་བ་དེ་ བཞིན་དུ་སྨྲས་སོ་ཞེས་བྱ་བའི་དོན་ནོ། །ཇི་ལྟར་སྔ་ན་མེད་པ་ལ་སོགས་པའི་སྒྲ་རྣམས་དོན་གྱི་རྣམ་པའི་ཡུལ་ཅན་གྱི་བློ་རྣམས་ལ་འཇུག་པ་མ་ཡིན་གྱི། གང་དག་ལ་སྔ་ན་མེད་པ་ལ་སོགས་པའི་སྒྲ་སྦྱོར་བའི་དོན་འགའ་ཞིག་ཡོད་དོ་ཞེས་བྱ་བ་དེ་ཙམ་ཞིག་རྟོགས་པ་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་ དུ་མཐོང་བའི་དོན་ཅན་བ་ལང་ལ་སོགས་པའི་སྒྲ་ལ་ཡང་མཚུངས་ཏེ། གང་གི་ཕྱིར་དེ་དག་ལས་ཀྱང་འདི་ལྟར་རྟོགས་ཏེ། བ་ལང་ལ་སོགས་པའི་སྒྲས་བརྗོད་པར་བྱ་བ་བ་ལང་ཉིད་ཀྱི་སྤྱིའམ་འབྲེལ་པ་ཞེས་བྱ་བ་དོན་འགའ་ཞིག་ཡོད་དོ། །གང་དུ་དེ་ལ་རྣམ་པའི་ཁྱད་པར་ཡོངས་སུ་འཛིན་པ་འགའ་ ཞིག་འབྱུང་བ་དེ་དག་གི་དེ་ནི་གྲུབ་པའི་མཐའི་སྟོབས་ལས་ཡིན་གྱི་སྒྲ་ལས་ནི་མ་ཡིན་ནོ། །སོགས་པའི་སྒྲས་བཟུང་བ་ཡོད་པའི་དོན་བསྟན་པའི་ཕྱིར། ཡང་ན་ཁ་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ནི་བྲམ་ཟེ་ལ་སོགས་པའི་སྒྲ་དག་གིས་བསྡུ་བ་དང་རྣམ་པར་བརྟག་པ་དག་མེད་པར་ ཡང་དཀའ་ཐུབ་དང་། རིགས་དང་། ཐོས་པ་ལ་སོགས་པའི་ཚོགས་པ་བརྗོད་པར་གྱུར་པ་ཡིན་ནོ་ཞེས་སྨོས་ཏེ། དཔེར་ན་ནགས་ཚལ་ལ་སོགས་པའི་སྒྲ་དག་གིས་ད་བ་ལ་སོགས་པ་བཞིན་ནོ། །འདི་ལྟར་ནགས་ཚལ་ཞེས་བརྗོད་པ་ན་ད་བའམ། སེང་ལྡེང་ངམ། པ་ལ་ཤ་ཞེས་རྣམ་པར་ བརྟགས་པས་རྟོགས་པར་འགྱུར་བ་མ་ཡིན་ལ། ད་བ་དང་། སེང་ལྡེང་དང་། པ་ལ་ཤ་ཞེས་བསྡུ་བས་རྟོགས་པ་ཡང་མ་ཡིན་ཏེ། འོན་ཀྱང་ད་བ་ལ་སོགས་པ་མཐའ་དག་རྟོགས་པ་ཡིན་ནོ། །དེ་བཞིན་དུ་བྲམ་ཟེ་ཞེས་བརྗོད་པ་ན་དཀའ་ཐུབ་བམ། རིགས་སམ། ཐོས་པ་ཞེས་བྱ་བའམ། དཀའ་ཐུབ་ དང་། རིགས་དང་། ཐོས་པ་ཞེས་པས་ཀྱང་རྟོགས་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་གཞན་དང་འབྲེལ་པ་རྣམ་པར་བཅད་ནས་དཀའ་ཐུབ་ལ་སོགས་པའི་ཚོགས་པ་མཐའ་དག་རྟོགས་པ་ཡིན་ནོ། །དེ་ལ་རྣམ་པར་བརྟག་པ་ནི་ཚོགས་པ་ལས་མང་པོ་དག་ལ་གཅིག་གི་ཁྱད་པར་མ་ངེས་ པར་འཛིན་པའོ། །བསྡུ་བ་ནི་གཅིག་ལ་གཅིག་མངོན་པར་འབྲེལ་པར་ངེས་པ་དུ་མའི་ངོ་བོའོ། །གང་ལ་རྣམ་པར་བརྟག་པ་དང་བསྡུ་བ་ཡོད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་དག་ནི་རྫས་ཉིད་ལ་སོགས་པ་ངེས་པར་གཟུང་བའི་ངོ་བོ་དག་དང་འབྲེལ་པའི་རྫས་ལ་སོགས་པ་གང་ཡིན་པ་དེ་སྒྲའི་དོན་ ཡིན་ཏེ། དེ་ཡང་འབྲེལ་པ་ཅན་དག་གི་སྒྲའི་དོན་ཡིན་པ་ཉིད་ཀྱིས་མེད་པའི་ཕྱིར་མེད་པ་ཞེས་བྱའོ། །ཡང་ན་ཡི་གེ་གཅིག་བཞིན་དུ་གཅིག་ཏུ་མི་སྣང་བའི་ཕྱིར་དཀའ་ཐུབ་དང་ཐོས་པ་ལ་སོགས་པ་འདི་དག་ཕན་ཚུན་མེད་པ་སྲེ་བ་ཡིན་ཏེ། འདི་ལྟར་འདི་དག་ནི་རེ་རེའམ་བསྡུས་ནས་རང་གི་ངོ་བོས་དམིགས་པ་མ་ཡིན་ཏེ། འོན་ཀྱང་མགལ་མེའི་འཁོར་ལོ་བཞིན་དུ་འདི་དག་གི་ཚོགས་པ་ནི་རང་རང་གི་ངོ་བོ་ལས་འདས་པ་སྣང་བ་ཡིན་ནོ། །གཞན་དག་ནི་མེད་པའི་ཁྱད་པར་ཅན་གྱི་ཡོད་པ་གང་ཡིན་པ་དེ་ནི་སྒྲའི་དོན་ཡིན་ནོ་ཞེས་ཟེར་རོ། །དེ་ལ་སྒྲའི་དོན་ཉིད་ཀྱིས་མེད་པའི་ཁྱད་པར་གྱི་བྱེ་བྲག་གདུ་བུ་དང་སོར་གདུབ་ལ་སོགས་པ་ རྣམས་ཐ་དད་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་གསེར་ལ་སོགས་པའི་སྤྱིའི་བདག་ཉིད་ཀྱི་ཡོད་པ་གང་ཡིན་པ་དེའི་མེད་པའི་ཁྱད་པར་ཅན་གྱི་ཡོད་པ་ནི་སྒྲའི་རྒྱུ་མཚན་ཉིད་ཡིན་ཞེས་བྱ་སྟེ། སྒྲ་འཇུག་པའི་རྒྱུ་མཚན་བརྗོད་བྱ་ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་མངོན་པར་བརྗོད་པར་གྱུར་པའི་སྒྲ་ཉིད་སྒྲའི་དོན་ཡིན་ ནོ་ཞེས་ཟེར་རོ། །དེ་ལ་མངོན་པར་བརྗོད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། དེ་ལ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ཉིད་དོན་ཡིན་ནོ་ཞེས་དེ་ལྟར་སྒྲ་ལ་དོན་ཞུགས་པ་སྟེ། དེ་འདི་ལ་ཞེས་འབྲེལ་པ་དེའི་ཕྱིར་ཏེ། རྒྱུའི་ཕྱིར་གང་གི་ཚེ་སྒྲ་དོན་དང་ལྷན་ཅིག་ཏུ་བྱས་པའི་ངོ་བོ་ཡིན་པའི་དོན་གྱི་རྣམ་པ་བདག་ གིར་བྱས་པའི་སྒྲ་དེ་ནི་མངོན་པར་བརྗོད་པ་ཞེས་བརྗོད་དོ། །གཞན་དག་གིས་བློ་ལ་ཡོད་པ་ཉིད་ཀྱི་རྣམ་པ་ཕྱི་རོལ་གྱི་དངོས་པོའི་ཡུལ་ཅན་ཕྱི་རོལ་གྱི་དངོས་པོ་ཉིད་དུ་བཟུང་བ་བློའི་ངོ་བོ་ཉིད་དུ་རྣམ་པར་མ་ཕྱེད་པ་སྒྲའི་དོན་དུ་སྨྲའོ། །དེ་སྟོན་པ་ནི། ཁ་ཅིག་དོན་དག་ཅེས་བྱ་བ་ལ་སོགས་པ་ཏེ། བློའི་ཡུལ་ ཞེས་བྱ་བ་ནི་བློ་ལ་འཇུག་པ་སྟེ། བློ་ལ་གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིའི་དངོས་པོའི་རྒྱུ་མཚན་ཅན་ཞེས་བྱ་བ་ནི་ཡོད་པ་དང་མེད་པའི་ཕྱིའི་དངོས་པོའི་རྒྱུ་མཚན་ཡི་གེའི་མཚན་མ་ལྟ་བུ་རང་གི་ངོ་བོ་བསྟན་པའི་དོན་དུ་འཇུག་པ་གང་ལ་ཡོད་པ་དེ་ནི་ཕྱིའི་དངོས་པོའི་རྒྱུ་མཚན་ཅན་ནོ། །ཕྱིའི་དངོས་པོ་ཞེས་ འཛིན་ཏེ་ཞེས་བྱ་བ་ནི་བློའི་ངོ་བོ་ཉིད་དུ་རྣམ་པར་མ་ཕྱེད་པ་སྟེ། ཕྱི་རོལ་ཉིད་དུ་ངེས་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཇི་སྲིད་དུ་བློའི་ངོ་བོ་ཉིད་ཀྱི་དོན་ལ་མི་འཇོག་པ་དེ་ནི་བློའི་ངོ་བོ་ཉིད་དོ་སྙམ་དུ་དེ་ཁོ་ན་ཉིད་སྒོམ་པས་འཛིན་པ་དེ་སྲིད་དུ་དེ་སྒྲའི་དོན་ཉིད་དུ་མ་ངེས་ཏེ། དེ་ལ་བྱ་བའི་ཁྱད་པར་དང་འབྲེལ་ པ་མེད་པའི་ཕྱིར་རོ། །བ་ལང་ཁྲིད་དེ་ཤོག་ཅིག །ཞོ་འཐུང་ཤིག་ཅེས་བྱ་བ་ལ་སོགས་པའི་བྱ་བ་དེ་འདྲ་བའི་བློའི་ངོ་བོ་ལ་སྲིད་པ་མ་ཡིན་ལ། བྱ་བ་དང་ལྡན་པ་སྲིད་པའི་དོན་ཡང་སྒྲ་རྣམས་ཀྱིས་བརྗོད་པ་ཡིན་ནོ། །དེའི་ཕྱིར་བློའི་ངོ་བོ་ཉིད་དུ་བཟུང་བ་འདི་ནི་སྒྲའི་དོན་མ་ཡིན་ནོ། །གང་གི་ཚེ་ཕྱི་རོལ་གྱི་ དངོས་པོ་ལ་འཇོག་པ་དེའི་ཚེ་དེ་ལ་རྟོག་པ་པོ་ཕྱི་རོལ་ཉིད་དུ་ཕྱིན་ཅི་ལོག་ཡིན་ཏེ། དེ་བྱ་བ་སྒྲུབ་པར་བྱེད་ནུས་པར་སེམས་པའི་ཕྱིར་སྒྲའི་དོན་ཡིན་ནོ། །འོན་ཏེ་སེལ་བ་སྨྲ་བའི་ཕྱོགས་དང་འདི་ལ་ཁྱད་པར་ཅི་ཞིག་ཡོད། འདི་ལྟར་སེལ་བ་སྨྲ་བ་རྣམས་ཀྱིས་ཀྱང་བློའི་རྣམ་པ་ཕྱི་