Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 182

Văn bản gốc(Tây Tạng)

Trang 15 / 26 (50.000 ký tự/trang)
ཙམ་
ཡིན་གྱི་གཞན་ནི་འགའ་ཡང་མ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །རྣམ་པར་རྟོག་པ་ལ་ནི་རྣམ་པ་གཉིས་སྲིད་དེ། རྣམ་པར་རྟོག་པ་དང་། དེའི་ངོ་བོ་ལས་དོན་གྱི་ཡུལ་ཅན་ནོ། །དེ་ལ་འདིར་དོན་དེའི་ཡུལ་ཉིད་བཀག་པས་རྣམ་པར་རྟོག་པ་ཙམ་ཞིག་ལུས་པ་ཡིན་ནོ། །དེ་
ལྟ་ན་ངོ་བོ་ཉིད་བརྗོད་ན་ཐམས་ཅད་ལས་ལོག་པ་བརྗོད་པར་འགྱུར་ལ། དེ་ཡང་སྲེད་པ་མ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་བསལ་བ་ཡིན་ནོ་ཞེས་བཤད་པ་ནི། དེ་ལྟ་ན་ཞེས་བྱའོ། །དེ་ལྟར་དེ་རྣམ་པ་འདིས་རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པ་དག་གིས་རང་གི་

མཚན་ཉིད་རྟོགས་པ་དང་བསྟན་པ་ནི་མ་ཡིན་ནོ། །གལ་ཏེ་རྟོགས་པའམ་བསྟན་པ་ཡིན་ན་དེ་ཐམས་ཅད་ལ་ལོག་པ་ཡིན་པའི་ཕྱིར་ཐམས་ཅད་ལས་ལོག་པ་བརྗོད་པར་འགྱུར་ལ། དེ་ཡང་འགལ་བ་ཡིན་ནོ། །དེ་ཡུལ་དུ་མ་བྱས་ན་ནི་ཉེས་པ་འདི་ག་ལ་ཡོད་དེ་ཡུལ་དུ་མི་བྱེད་
པ་ཡང་དེ་ལས་གཞན་ཁོ་ན་ཡུལ་དུ་བྱེད་པའི་ཕྱིར་རོ། །དེ་ཡུལ་དུ་བྱེད་ན་དབང་པོས་མི་སོད་པ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བཤད་པ་གང་ཡིན་པ་དེ། ཁྱད་པར་ཅན་གྱི་ཡུལ་དེ་ཉིད་ཀྱིས་གསལ་བར་སྟོན་པར་བྱེད་པ་ནི་མཐོ་རིས་ལ་སོགས་པ་ཐོས་པ་ལ་ཡང་ཞེས་བྱ་
བའོ། །གལ་ཏེ་མཐོ་རིས་ཀྱི་སྒྲས་མཐོ་རིས་བརྗོད་ན་མཐོ་རིས་ཉམས་སུ་མྱོང་བ་དང་འདྲ་བར་རྟོགས་པར་ཐལ་བར་འགྱུར་རོ། །དོན་གྱི་ཡུལ་ཅན་དུ་གྲུབ་ན་རྒྱུ་ཐ་དད་པ་ནི་ཡན་ལག་མ་ཡིན་པའི་ཕྱིར་རོ། །འབྲས་ཆན་གྱིས་འགྲངས་པའམ། ཟན་དྲོན་གྱིས་འགྲངས་
ཀྱང་བླ་སྟེ། ཁྱད་པར་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ནི་སྒྲ་དང་རྣམ་པར་རྟོག་པ་རྣམས་དེའི་ཡུལ་ཅན་མ་ཡིན་པའི་ཕྱིར་རང་གི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་པ་དེས་ན་གཞན་སེལ་བའི་སྒོ་ནས་ཀྱང་མི་བརྗོད་པར་ཐལ་བར་འགྱུར་རོ། །དེས་ན་ནམ་མཁའ་ཞེས་སྒྲ་འཇུག་
པའི་རྒྱུ་ནི་ངོ་བོ་ཉིད་བརྗོད་དོ་ཞེས་ཇི་ལྟར་བརྗོད། དེ་བཞིན་དུ་གཞན་སེལ་བའི་ཡུལ་ཅན་དུ་ཡང་བརྗོད་པར་མི་བྱ་སྟེ། རྣམ་པ་ཐམས་ཅད་དུ་རང་གི་མཚན་ཉིད་ལ་རིག་པ་མེད་པའི་ཕྱིར། ཟླ་བ་གཉིས་ལ་སོགས་པའི་ཤེས་པ་བཞིན་ནོ། །འོན་ཏེ་ཇི་སྐད་བཤད་པའི་དོན་དམ་པའི་
གཞན་སེལ་བ་བརྗོད་པས་གཞན་སེལ་བའི་ཡུལ་ཅན་ཡིན་ན། དེ་ལྟར་ན་ད་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་རྟག་པར་སྒྲོ་འདོགས་པ་སེལ་བའི་འབྲས་བུ་ཅན་ཡིན་ཡང་མི་རྟག་པ་ཉིད་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་དོན་མེད་པར་ཐལ་ལོ། །དེས་ན་རྣམ་པར་རྟོག་པ་
གཞན་སེལ་བའི་རིག་པ་དེ་ཇི་ལྟར་རང་གི་མཚན་ཉིད་ལ་རིག་པ་མེད་པར་འགྱུར་བ་བརྗོད་དགོས་སོ་ཞེས་དགོས་པ་ལ། རང་གི་འདོད་པས་སྒྲ་རྣམས་ཇི་ལྟར་དོན་བརྗོད་པར་འདོད་པ་དེ་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་སྨོས་སོ། །རྟོགས་པར་བྱེད་པས་དངོས་པོའི་རང་གི་ངོ་བོ་མ་

རྟོགས་སུ་ཟིན་ཀྱང་རྣམ་པར་རྟོག་པའི་གཟུགས་བརྙན་དངོས་པོའི་རང་གི་ངོ་བོ་དང་མ་འབྲེལ་པ་དེ་ལྟ་བུ་ཁོ་ན་ལ་སྟེ། དངོས་པོའི་རང་གི་ཇི་ལྟ་བ་བཞིན་མ་རྟོགས་པ་ལ་ཡང་རྣམ་པར་རྟོག་པའི་གཟུགས་བརྙན་འབྱུང་བ་ཡིན་ཏེ། དེ་ལ་དེར་ལྷག་པར་ཞེན་པ་སྟེ།
དངོས་པོའི་རང་གི་ངོ་བོར་ལྷག་པར་ཞེན་པས་རྟོགས་པར་བྱ་བའམ་རྟོག་པར་བྱེད་པ་འདི་མགུ་བར་འགྱུར་རོ། །དངོས་པོའི་རང་གི་ངོ་བོ་མ་རྟོགས་པ་དངོས་པོའི་རང་གི་ངོ་བོར་ལྷག་པར་ཞེན་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ན། སྨྲས་པ་དངོས་པོའི་ངོ་བོ་རྟོགས་པ་ཉིད་ནི་མ་ཡིན་ཏེ། རྣམ་
པར་རྟོག་པ་ནི་འཁྲུལ་ནས་ཀྱང་དོན་རྟོགས་པའི་བདག་ཉིད་མ་ཡིན་ནོ་ཞེས་སྔར་བསྒྲུབས་ཟིན་པའི་ཕྱིར་རོ། །དེས་ན་འདི་ནི་མེད་པ་ཡུལ་དུ་སྨྲ་བ་ལ་མངོན་པར་ཞེན་པ་ངན་པ་རྩ་བ་མེད་པ་ཅན་བསལ་བ་མཁས་པ་རྣམས་ཀྱི་རང་སྣང་བའི་ཕྱོགས་ཡིན་ནོ། །གང་གི་ཕྱིར་བློ་གྲོས་ངན་པ་
ཅན་རྣམས་ཀྱི་ཕྱི་རོལ་གྱི་དོན་སྣང་བ་མེད་ན། ཕྱི་རོལ་དོན་དུ་མངོན་པར་ཞེན་པ་ཉམས་སུ་མྱོང་བས་གྲུབ་པ་གང་ཞིག་ཡིན་པར་འདོད་གལ་ཏེ་ཕྱི་རོལ་གྱི་དོན་རིག་པ་ཡིན་ནོ། །དེ་ལྟ་ན་འདིར་མེད་པ་ཡུལ་དུ་སྨྲ་བ་འདི་འཐད་པར་འགྱུར་རོ། །གང་གི་ཕྱིར་རིག་པར་བྱ་བ་གང་ཡིན་པ་དེ་
ཉིད་ཡུལ་ཡིན་ཏེ། དེས་ན་དོན་རིག་པ་ནི་དོན་གྱི་ཡུལ་ཅན་ཉིད་དུ་འགྱུར་རོ། །དེས་ན་རྣམ་པར་རྟོག་པ་གཟུགས་བརྙན་དེ་ལྟ་བུ་ཁོ་ན་ལ་དེར་ལྷག་པར་ཞེན་པས་ཞེས་བྱ་བ་འདི་མི་འཐད་པར་འགྱུར་རོ། །འདིས་བདག་ཉིད་རིག་པ་ནི་མ་ཡིན་ན། དེ་ཇི་ལྟར་དངོས་པོ་མེད་པ་
བདག་ཉིད་ལ་རིག་པར་འགྱུར། དངོས་པོ་མེད་པའི་རིག་པས་རིག་པར་འགྱུར་བ་གང་ཡིན་པ་དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཇི་ལྟར་ཡང་དངོས་པོ་ཉིད་མ་ཡིན་ནོ། །དེ་བས་ན་དངོས་པོའི་ཡུལ་ཅན་ཉིད་དངོས་པོ་རིག་པ་ཡིན་པའི་ཕྱིར་དངོས་པོ་མ་ཡིན་པ་ལ་དངོས་པོ་ཉིད་དུ་རིག་པར་མི་རུང་ངོ་། །དངོས་
པོ་མ་ཡིན་པ་དང་དངོས་པོའི་ཁྱད་པར་དང་ཁྱད་པར་ཅན་གྱི་ངོ་བོ་ཡང་མ་ཡིན་ནོ། །འོ་ན་ཉ་ཕྱིས་ལ་སོགས་པ་ལ་དངུལ་དུ་ཤེས་པ་ཇི་ལྟར་ཞེ་ན་དེར་ཡང་ཉ་ཕྱིས་ཉིད་ལ་དངུལ་དུ་རིག་པ་ནི་མ་ཡིན་ཏེ། གཞན་ལ་གཞན་དུ་རིག་པ་མི་སྲིད་པའི་ཕྱིར་ཏེ། དེ་ནི་དེའི་རང་བཞིན་མ་ཡིན་པའི་ཕྱིར་

རོ། །རིག་པར་གྱུར་པའི་ཆོས་ལས་ལྷག་པ་མེད་པ་རིག་པ་ཡིན་པའི་ཕྱིར། དོན་ཇི་ལྟ་བ་བཞིན་མ་ཡིན་པ་ནི་དོན་ཇི་ལྟ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ངེས་པ་རྣམས་ཀྱིས་མ་ངེས་གང་། །དེ་ནི་ཇི་ལྟར་དེ་དག་ཡུལ། །ཞེས་བཤད་དོ། །ཉ་ཕྱིས་ལ་སོགས་པ་ལ་ནི་སྒྲོ་
བཏགས་ནས་དེ་ལྟར་བསྙད་པ་ཡིན་ཏེ། མངོན་སུམ་གྱིས་ཉ་ཕྱིས་ཀྱི་ངོ་བོ་མྱོང་ནས་དེ་ལྟར་རྣམ་པར་རྟོག་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཡུལ་བསམ་པ་ན་ནི་དངུལ་དུ་རྟོགས་པའི་ཡུལ་དངུལ་ཁོ་ན་ཡིན་གྱི་ཉ་ཕྱིས་ལ་ནི་རེག་པ་མེད་དོ། །གང་གིས་འདི་དོན་ཉིད་དུ་རིག་པར་འགྱུར་
བ་འདི་ནི་བདག་ཉིད་ལ་སྲེད་པ་མ་ཡིན་ནོ། །སྲེད་ན་ཡང་རང་རིག་པའི་ཡུལ་ལ་དོན་ཉིད་དུ་ངེས་པར་འདིའི་ཡུལ་གང་ཡིན་ཞེས་ཡུལ་བསམ་པ་ནས། དོན་ཉིད་ཡིན་པར་བརྗོད་ཀྱི་ཤེས་པ་ནི་མ་ཡིན་ཏེ། དེ་ལྟར་རྟོགས་པ་མེད་པའི་ཕྱིར་རོ། །དོན་རིག་པ་ཉིད་ཤེས་པ་རིག་པར་
འགྱུར་བ་གང་ཡིན་པ་ཤེས་པ་ཉིད་ནི་དོན་མ་ཡིན་ནོ། །དེས་ན་དོན་ཉིད་ཡུལ་ཡིན་གྱི་ཤེས་པ་ནི་མ་ཡིན་ལ། དེ་ཡང་མི་འདོད་པ་གང་ཡིན་པ་ནི་རིག་པ་ཁོ་ནའོ། །དེའི་ཕྱིར་ཤེས་པ་མ་ཡིན་ཏེ་རིག་པ་མེད་པའི་ཕྱིར་རོ། །དོན་མ་ཡིན་ཏེ་རྣམ་པ་དེ་ལྟ་བུ་མེད་པའི་ཕྱིར་རོ། །དེས་ན་
རྣམ་པར་རྟོག་པའི་ཡུལ་ནི་མེད་པ་སྒྲོ་བཏགས་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་དེ་ནི་རང་གི་ཕྱོགས་མཚར་པོའི་སྔ་ཕྱི་བརྟགས་པ་ཁོ་ནའོ། །དེ་ལྟར་ན་འདི་དོན་དུ་ངེས་པ་ཉིད་ལ་བརྟེན་ནས་བདག་སྣང་བ་སྤང་བ་ཡིན་ནོ། །དེ་ལ་གལ་ཏེ་དོན་དུ་ལྷག་པར་ངེས་པ་འདི་དོན་རིག་པ་ཡིན་ན།
དེས་ན་དེ་ཉིད་དོན་རིག་པར་རྟོགས་པས། འདི་ལ་ཡོད་དམ་མེད་ཀྱང་དོན་སྣང་བ་ཡིན་ཏེ། དཔེར་ན་སྔོན་པོར་མྱོང་བཞིན་པ་དེ་ཉིད་སྔོན་པོར་སྣང་བ་བཞིན་ནོ། །སྔོན་པོ་མྱོང་བ་གཞན་ལ་སྣང་བཞིན་པ་དེ་ལྟ་བུ་ཉིད་ཀྱི་རྣམ་པ་ཉིད་དུ་རྟོགས་པའི་ཕྱིར་དོན་དེ་ཡང་བདག་ཅག་གིས་མངོན་སུམ་
རྟོགས་པའི་ཕྱིར་གང་ལ་དེ་ལྟ་བུར་གྱུར་པ་ཉིད་དུ་གསལ་བ་དེ་ཉིད་དོན་རིག་པ་ཡིན་ནོ། །གལ་ཏེ་དེ་ལྟར་གྱུར་པ་དེ་མེད་ན་ནི་མེད་པ་ཉིད་རིག་པར་འགྱུར་བ་ཡིན་ཏེ། རྨི་ལམ་དུ་དམིགས་པའི་སྔོན་པོ་བཞིན་ནོ། །དེ་ལྟ་མ་ཡིན་ན་ཡོད་པ་ཁོ་ནའོ། །རྨི་ལམ་དུ་ཡུལ་མེད་ཀྱང་

སྔོན་པོ་མ་ཡིན་པ་རིག་པ་ཉིད་སྔོན་པོར་རིག་པར་འགྱུར་བ་ནི་མ་ཡིན་ནོ། །དེས་ན་འདི་གལ་ཏེ་དོན་རིག་པ་ཉིད་ཡིན་ན་ནི་དོན་ཡོད་དམ་མེད་ཀྱང་བླ་སྟེ། སྔོན་པོ་དང་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ལྟར་དེ་དོན་སྣང་བ་ཇི་ལྟར་འགྱུར་བ་དེ་ལྟ་བུ་ཉིད་དུ་འགྱུར་བ་ཞིག་
ན་རྣམ་པར་རྟོག་པའི་གནས་སྐབས་ན་ནི་དབང་པོའི་ཤེས་པ་བཞིན་དོན་སྣང་བ་མེད་པའི་ཕྱིར་དོན་དུ་ལྷག་པར་ཞེན་པ་ཉམས་སུ་མྱོང་བས་གྲུབ་པ་དེ་གང་ཡིན། གལ་ཏེ་འདིར་དོན་རིག་པ་ཡོད་ན། དངོས་པོ་དེ་ལྟ་བུ་ཡོད་པ་ན། རྗེས་སུ་དཔག་པའི་རྣམ་པ་རྟོག་པའི་ཡུལ་གྱི་དོན་
མངོན་སུམ་པ་ཁོ་ནར་འགྱུར་རོ། །སྒྲོ་བཏགས་པའི་དོན་མེད་པ་ཉིད་ཡུལ་ཡིན་པ་དེའི་ལྟར་ན་ནི་འདི་དོན་ལས་བྱེ་བྲག་མེད་པ་ན། དེ་དོན་ཁོ་ནར་འགྱུར་གྱི་སྒྲོ་བཏགས་ནི་མ་ཡིན་ནོ། །བྱེ་བྲག་ཡོད་ན་ཡང་འདི་སྒྲོ་བཏགས་པ་ཡིན་གྱི་ཤེས་པ་ནི་མ་ཡིན་ནོ་ཞེས་མནའ་ཆུ་བཏུང་
བས་བསྒྲུབ་པར་བྱ་བ་ཡིན་ནོ། །དོན་དང་ཤེས་པ་ཉིད་ནི་འགལ་བས་གལ་ཏེ་དེར་དོན་ཉིད་དོར་ན་ཤེས་པ་ཉིད་དུ་ཡང་རིགས་ལ་མ་ཡིན་ན་ནི་སྒྲོ་བཏགས་པ་ཉིད་དུ་ཡང་ངོ་། །དེས་ན་འདི་དོན་རིག་པ་ལ་བརྟེན་ནས་བདག་སྣང་བ་ལས་ཀྱང་འབྱུང་སྟེ། རྟོགས་པ་དེའི་ཡུལ་དོན་དང་
མི་འདྲ་བ་སྨྲ་བ་ན་དེ་ཉིད་དུ་རྗེས་སུ་སོང་བ་ཡིན་ནོ། །གལ་ཏེ་སྒྲོ་བཏགས་པ་ལ་དོན་རིག་པ་མི་འདོར་བ་དེས་ན་འདི་དོན་མེད་པ་རིག་པ་བརྗོད་དེ། ཤེས་པ་ལ་ནི་དོན་ཉིད་འགལ་ལོ་ཞེ་ན། འདི་ནི་མ་བརྟགས་པར་སྨྲས་པ་ཡིན་ཏེ། འདི་ལྟར་དོན་རིག་པ་གང་ཡིན་པ་དེ་ཉིད་
གལ་ཏེ་སྒྲོ་བཏགས་པ་རིག་པ་ཡིན་ན། གསལ་བ་ཁོ་ནར་མི་འདུ་བས་ན་དོན་རིག་པ་གཞན་ལུས་པ་མེད་པའི་ཕྱིར་འདི་ཤེས་པ་ཉིད་དུ་མི་འགལ་ལོ། །གང་ལས་དོན་རིག་པར་འགྱུར་བ་དེ་ལ་དོན་དང་མི་འདྲ་བ་མེད་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །བརྟགས་པ་མཐའ་
དག་ནི། དོན་དང་འགལ་བ་ཐ་དད་པ་དང་ཐ་མི་དད་པ་དག་གིས་སེལ་བ་ཡིན་ནོ། །མི་འདྲ་བ་མེད་པ་ཡོད་པ་ཁོ་ནའོ་ཞེ་ན། འོ་ན་དོན་དང་སྒྲོ་བཏགས་པ་གཉིས་ཀྱིས་རིག་པ་གཅིག་གམ་མི་གཅིག་ཀྱང་བླ་སྟེ། དེའི་དོན་ཏོ་ཞེས་རྟོགས་པ་གང་ཡིན་པ་དེ་ནི་དོན་ཉིད་ཡིན་

པར་འགྱུར་བས་དོན་གྱི་ཡུལ་ཅན་དུ་ཐལ་བར་འགྱུར་རོ། །སྒྲོ་བཏགས་པ་ལ་དོན་ཉིད་དུ་རྟོགས་པ་ཡིན་ནོ་ཞེ་ན་རེ་ཞིག་སྒྲོ་བཏགས་ཀྱི་བདག་ཉིད་ནི་ཤེས་པ་དང་མི་འགལ་བས་ཤེས་པ་ཉིད་དེ་ལྟར་རྟོགས་པ་ཡིན་མོད། འཛིན་པ་ཐ་དད་པ་ཡང་སྒྲུབ་བྱེད་མ་ཡིན་ཏེ་མེད་པའི་ཕྱིར་
རོ། །རྣམ་པར་རྟོག་པ་མེད་པ་ལ་ཡང་ཡོད་པས་མ་ངེས་པའི་ཕྱིར་རོ། །དོན་གྱི་ངོ་བོ་རིག་ན་སྒྲོ་བཏགས་པ་གཞན་སྲིད་པ་ནི་ཚད་མ་ཅན་མ་ཡིན་ནོ། །དོན་དེ་ཉིད་འདས་པའི་ངོ་བོ་སྔོན་གྱི་མཐོང་བའི་ཡུལ་ཉིད་དུ་ལྷག་པར་ངེས་པའི་ཕྱིར་མེད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དོན་ཇི་ལྟར་
མཐོང་བ་མེད་པས་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར་གྱི་ཤེས་པའི་དུས་སུ་མེད་པས་ནི་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་དོན་ཇི་ལྟ་བ་བཞིན་གཟིགས་ཀྱང་མེད་པའི་ཡུལ་ཅན་དུ་ཐལ་བའི་ཕྱིར་རོ། །གཞན་ཡང་འདས་པའི་དུས་རྟོགས་པ་གལ་ཏེ་འདས་པའི་དུས་ཀྱི་ཡུལ་ཉིད་ལ་
དེའི་དུས་ཉིད་དུ་འཛིན་པ་ན་དོན་མེད་པ་ཉིད་དུ་འགྱུར་ན། དེ་ལྟ་ན་ཡང་མི་འདོད་པ་དངོས་པོའི་ཡུལ་ཅན་ཉིད་དུ་འགྱུར་རོ། །ཡུལ་མ་ཡིན་པ་ནི་འདས་པའི་དོན་རྟོགས་པ་མེད་པའི་ཕྱིར་འདས་པ་ཉིད་ཀྱི་ཕྱིར་མེད་པར་ཇི་ལྟར་འགྱུར། དེ་བས་ན་གང་ཞིག་དོན་གྱི་ཡུལ་ཅན་
ཉིད་ཀྱིས་བདག་ཉིད་ཡུལ་མ་ཡིན་པར་འགྱུར་བ་དེ་ལ་དོན་ནི་འགའ་ཡང་རྟོགས་པ་མེད་དོ། །གཞན་ཡང་དོན་སྣང་བཞིན་པ་ན་ཡང་དེ་ལྟར་སྣང་བ་དེ་ཡུལ་གྱི་གཟུགས་བརྙན་རྟོགས་པར་ཡང་ཅིས་མི་འཐད་ན་གང་གིས་རྣམ་པར་ཤེས་པའི་རྣམ་པ་ཉིད་དུ་མི་འདོད། དོན་ཇི་ལྟ་བུ་
དེ་ལྟ་བུར་གྱུར་པ་རྟོགས་པའི་རང་བཞིན་སྲིད་པ་ནི་བདེན་མོད་ཀྱི། དེ་ལྟ་ན་ཡང་ཤེས་པའི་གཟུགས་བརྙན་དེ་ནི་ཤེས་པ་ཁོ་ན་ཡིན་ཏེ། དེ་ལས་དོན་ཉིད་རྟོགས་པ་ཡང་འགལ་བ་ཡིན་ནོ། །དེས་ན་ཆོས་མི་མཐུན་པའི་རྣམ་པ་མཐའ་དག་བརྟགས་ཀྱང་དོན་གྱི་རང་བཞིན་ཡོད་
པར་འདོད་པ་མ་ཡིན་གྱི། སྡང་བས་ནི་མ་ཡིན་ནོ་ཞེ་ན། དེས་ན་སྒྲོ་བཏགས་པ་ཉིད་དུ་ཁས་ལེན་ཏོ་ཞེ་ན། ཡུན་རིང་པོར་བརྟགས་ཤིང་བརྟགས་པའི་ཆ་སོ་སོར་རྣམ་པར་ཕྱེ་ཡང་དངོས་པོ་གསལ་བའི་ཞད་ཙམ་ཡང་མི་འབག་པ་ནི་དོན་རྟོགས་པར་སྨྲ་བའི་རྗོད་བྱེད་ཀྱིས་མ་

བཏང་བས་འདི་ལ་ཅི་བྱར་ཡོད། གང་གི་ཚེ་དོན་ལ་གསལ་བ་ཡང་ཤེས་པ་ཉིད་དུ་འཐད་པ་དེའི་ཚེ། གང་གིས་གཟུགས་བརྙན་སྒྲོ་བཏགས་པ་ཉིད་དུ་ཁས་ལེན་པར་བྱེད་པ་འདི་རྒྱུ་མཚན་ཅི་ཞིག་ཁས་བླངས་ནས་གཟུགས་བརྙན་ཉིད་སེལ་བར་བྱེད། དོན་
རྟོགས་པ་ཞེས་བྱ་བ་ནི་ཚིག་ཙམ་མ་ཡིན་ཏེ། འོན་ཀྱང་གསལ་བ་ཁོ་ནའོ། །དེ་ཡང་འགའ་ཞིག་གསལ་བར་མ་གྱུར་པར་མི་འཐད་པས་ན་གང་ཞིག་འདི་ལ་གསལ་བ་དེ་དོན་གྱི་རང་བཞིན་ཐུན་མོང་མ་ཡིན་པ་ཉིད་ཡིན་ན་དེའི་ཚེ་འདི་དོན་ཁོ་ན་ཡིན་གྱི་ཤེས་པ་ནི་མ་ཡིན་ནོ། །གང་གི་ཚེ་དེ་
ལྟར་གསལ་བའི་རང་བཞིན་དེ་ཤེས་པའི་གཟུགས་བརྙན་གྱི་ཆོས་སུ་འཐད་པ་དེའི་ཚེ་ནི་རྣམ་པར་ཤེས་པ་ལས་ཐ་དད་པར་དོན་ཉིད་དུ་ངེས་པར་བྱེད་པ་གང་ཡིན་པ་རང་བཞིན་ཐ་དད་པར་རྣམ་པར་འབྱེད་པ་གང་ཞིག་ཡིན། དོན་བྱ་བ་བྱེད་པ་ཉིད་དོ་ཞེ་ན། དེ་ནི་དོན་བྱ་བ་དང་འབྲེལ་པ་
ལས་ངེས་པར་བྱ་བ་ཡིན་ནོ། །དེས་ན་གང་གི་ཚེ་འདི་རྒྱུ་དང་འབྲས་བུ་གཉིས་ཀྱི་གཟུགས་བརྙན་གྱི་ངོ་བོར་མེ་ལོང་ལ་ཤིང་དང་འབར་བ་དག་བཞིན་དུ་རྣམ་པར་གནས་པར་བཟོད་པ་དེའི་ཚེ། འདི་དག་ནི་རྒྱུ་དང་འབྲས་བུ་ཉིད་ཡིན་གྱི། རྒྱུ་དང་འབྲས་བུའི་གཟུགས་བརྙན་ནི་མ་
ཡིན་ནོ་ཞེས་ག་ལས་རྟོགས་པ་ལ། དེས་ན་རྣམ་པར་རྟོག་པ་སྣང་བའི་རང་བཞིན་གསལ་བཞིན་པ་ལས་ཐ་དད་པ་འམ། གཞན་ཤེས་པའི་རང་བཞིན་ལས་ཐ་དད་པར་དོན་དུ་ངེས་པར་ནི་མི་ནུས་སོ། །གསལ་བའི་རང་བཞིན་ལས་ཐ་དད་པས་དེ་ལྟར་ངེས་པ་དེ་ཤེས་པའོ་སྙམ་
པ་དང་བྲལ་བས་དོན་ཏོ་སྙམ་པ་འཇུག་པའི་ཕྱིར་རོ་ཞེ་ན་དོན་ཏོ་ཞེས་ཤེས་པ་དང་ཐུན་མོང་མ་ཡིན་པར་རྟོགས་པ་དེ་རྟོགས་བཞིན་དུ་ཡང་ཐུན་མོང་མ་ཡིན་པར་ཇི་ལྟར་མི་སྟོན། དེར་ནི་གཟུགས་བརྙན་ཉིད་ལ་ཡང་སྲིད་པ་མ་ཡིན་པར་དེ་བཞིན་དུ་རྟོགས་པ་གང་ཡིན་པ་དེ་ནི་ཡོད་པ་
མ་ཡིན་ནོ། །གལ་ཏེ་ཐུན་མོང་མ་ཡིན་ཡང་ཐུན་མོང་མ་ཡིན་པར་རྟོགས་པ་ནི་ཐུན་མོང་མ་ཡིན་པ་ཁོ་ནར་གྱུར་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་ཐུན་མོང་མ་ཡིན་པར་རྟོགས་པ་ནི་ཐུན་མོང་མ་ཡིན་པའི་རང་བཞིན་དུ་རྟོགས་པ་མ་ཡིན་ནོ། །དེ་ལ་རྣམ་པར་ཤེས་པ་དངོས་པོར་

མི་སྲིད་པའི་དེ་ལྟར་རྟོགས་པ་གང་ཞིག་ཅེས་དེ་ཉིད་འདིར་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ནོ། །དེས་ན་དེ་ལྟར་རིག་པའི་རང་བཞིན་རྟོགས་པ་མེད་པའི་ཕྱིར་ན་ནི། རིག་པ་མེད་པ་ཁོ་ནའོ། །དོན་རྟོགས་པ་ཉམས་སུ་མྱོང་བས་གྲུབ་པ་མ་ཡིན་ནམ། བདེན་ཏེ་རྟོགས་པར་
བྱ་བ་ཐུན་མོང་མ་ཡིན་པའི་རང་བཞིན་གསལ་བ་མེད་པའི་ཕྱིར་དང་རིག་པར་བྱ་བ་ཁྱད་པར་མེད་པར་རིག་པའི་ཁྱད་པར་མི་འགྲུབ་པའི་ཕྱིར་འདི་ནི་དེ་རིག་པའི་བདག་ཉིད་མ་ཡིན་པ་ལྷག་པར་ཞེན་པ་འབའ་ཞིག་གོ་ཞེས་བརྗོད་དོ། །དེ་ཉིད་ཀྱི་མེད་པའི་ཡུལ་ཅན་ཉིད་བཀག་
པ་ཡིན་ནོ་ཞེས་ཞར་ལ་བརྗོད་དོ། །འོ་ན་ཇི་ལྟར་དངོས་པོའི་རང་བཞིན་མ་རྟོགས་པར་དངོས་པོར་ལྷག་པར་ཞེན་པའི་རང་བཞིན་ཞེས་བྱ་བར་འགྱུར་ཞེ་ན། འདི་སྐད་བརྗོད་དོ། །འདི་ལ་དངོས་པོའི་རང་གི་ངོ་བོ་མ་རྟོགས་པ་རྣམ་པར་རྟོག་པའི་གཟུགས་བརྙན་ལ་དངོས་པོའི་
ངོ་བོར་ལྷག་པར་ཞེན་པ་དངོས་པོའི་རང་གི་ངོ་བོར་མངོན་པར་ཞེན་པ་མངོན་པར་རློམ་པ་ཤེས་པའི་ཆོས་སོ། །འདི་ལྟར་ཇི་ལྟར་ལྷག་པར་ཞེན་པ་དེ་ལྟ་བུར་གྱུར་པའི་ཡུལ་ཡང་གསལ་ན་ནི་འདོད་ཆགས་ལ་སོགས་པ་བཞིན་ཤེས་པའི་རང་བཞིན་དེས་ཁྱད་པར་དུ་བྱས་པ་ཉིད་དུ་
འགྱུར་ཏེ། དཔེར་ན་བྱེ་བྲག་པས་ཁས་བླངས་པ་བཞིན་ནོ། །དེ་བཞིན་དུ་ཇི་ལྟར་འདིའི་ཡུལ་གསལ་བ་དེ་ཁོ་ན་བཞིན་མངོན་པར་རློམ་པར་འགྱུར་རོ། །གང་གི་ཚེ་མངོན་སུམ་གྱིས་མཐོང་བའི་རང་བཞིན་དང་མི་འདྲ་བའི་ཕྱིར་དང་། ཤེས་པ་མི་འདྲ་བའི་ཐུན་མོང་མ་ཡིན་པའི་
རང་བཞིན་སྣང་བ་མེད་པའི་ཕྱིར་ཡུལ་གསལ་བའི་ཆ་བཟློག་པར་བྱས་པ་དེའི་ཚེ་མངོན་པར་རློམ་པ་ཙམ་ཁོ་ན་ལུས་པ་ཡིན་ནོ། །དེ་ཡང་འགའ་ཞིག་གསལ་བ་མེད་པར་མི་འཐད་པའི་ཕྱིར་ན་ཤེས་པའི་རང་གི་ངོ་བོར་གྱུར་པ་སྔོན་པོའི་རྣམ་པ་སྣང་བ་ཉིད་ནི་འཇུག་པ་ཡིན་ནོ། །དེས་
ན་རང་གི་རྣམ་པ་ཕྱི་རོལ་མ་ཡིན་པ་ལས་ཡང་ཕྱི་རོལ་དུ་མངོན་པར་རློམ་པས་ཕྱིན་ཅི་ལོག་ཏུ་བརྗོད་དོ། །དེས་ན་འདི་ལྟར་དངུལ་ལ་སོགས་པར་ཕྱིན་ཅི་ལོག་པ་རྣམས་ཀྱི་ཡུལ་གྱི་རང་གི་ངོ་བོ་རྣམ་པར་དཔྱད་པ་དངུལ་ཉིད་ཡུལ་ཡིན་པ་དེ་བཞིན་དུ་ཕྱིན་ཅི་ལོག་འདིའི་ཡུལ་ནི་དོན་ཉིད་

མ་ཡིན་ནོ། །འདི་ནི་དེར་མངོན་པར་རློམ་པ་དག་འབའ་ཞིག་ཏུ་ཟད་ཀྱི། དེ་གསལ་བ་ནི་མ་ཡིན་ལ། དེ་གསལ་བ་མེད་པར་ཡང་དེའི་རིག་པ་ཉིད་མ་ཡིན་ནོ། །དཔེར་ན་རྨི་ལམ་ལ་སོགས་པའི་བསླད་པ་རྣམས་ལ་མངོན་པར་འདོད་པའི་ཡུལ་དམིགས་
པ་ནི་དེ་ལྟ་བུའི་ཀུན་དགའ་བ་དེ་ཉིད་ཡིན་གྱི་ཡུལ་དང་བཅས་པའི་ཕྱིན་ཅི་ལོག་ལས་ནི་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་འདིར་རང་གི་བདག་ཉིད་སྣང་བཞིན་པ་ན་ཡང་དོན་དུ་ངེས་པ་ཡིན་གྱི། བདག་ཉིད་སྣང་བ་ནི་ལྡོག་པ་མ་ཡིན་ཏེ། ཟླ་བ་གཉིས་སྣང་བ་ན་ཟླ་བ་སྣང་བ་བཞིན་
ནོ། །ཇི་ལྟར་དེ་ཉིད་དུ་ཟླ་བ་གཉིས་བཞིན་དུ་དོན་རིག་པ་ཡང་མ་ཡིན་ལ། མ་འཁྲུལ་པ་མ་ཡིན་ཏེ། ལྷག་པར་ཞེན་པ་ཕྱིན་ཅི་ལོག་པས་འཁྲུལ་པ་ཉིད་དུ་བརྗོད་པའི་ཕྱིར་ཏེ། རིག་པ་ཕྱིན་ཅི་ལོག་པ་ལས་ནི་མ་ཡིན་ནོ། །གལ་ཏེ་བཟུང་བའི་རྣམ་པ་རང་རིག་པའི་ཡུལ་
ཡིན་གྱི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་བཞིན་ནོ། །རིག་པ་གཞན་ཡང་ཁས་མི་ལེན་ལ། རང་གིས་རིག་པ་ཡང་རྟོགས་པའི་ཡུལ་མ་ཡིན་ཏེ། རང་རིག་ལ་ཡང་རྟོགས་མི་འདོད། །གཞན་ལ་རྣམ་པར་རྟོག་ཕྱིར་རོ། །ཞེས་གང་བཤད་པ་བཞིན་ནོ། །རིག་པ་གཞན་
ཁས་མ་བླངས་པར་རྟོགས་པ་ཡང་འདིར་གང་ཞིག་ཡིན་པར་འགྱུར། བརྟགས་པ་ཡང་རྗེས་སུ་ཡོད་པ་མ་ཡིན་པར་སློབ་དཔོན་རྣམས་ཀྱིས་བསྟན་ཏེ། དེས་ན་འདིར་ལན་ཅི་ཡོད་ཅེ་ན། འདི་སྐད་བརྗོད་དེ། སྔོན་པོའི་རྣམ་པ་གསལ་བ་བདག་ཉིད་ཀྱི་ངོ་བོ་ལ་དོན་ཉིད་
དུ་མངོན་པར་རློམ་པ་ནི་རྣམ་པར་རྟོག་པ་ཞེས་བརྗོད་དོ། །དེའི་སྔོན་པོའི་རྣམ་པ་ཉིད་གསལ་བ་གང་ཡིན་པ་དེ་ནི་རང་གིས་རིག་པ་ཡིན་པའི་ཕྱིར་རང་གི་ངོ་བོ་ལ་རྣམ་པར་མི་རྟོག་པ་ཡིན་ནོ། །རྣམ་པ་དེ་ལྟ་བུ་དེ་ནི་རང་གི་ངོ་བོ་ཙམ་གྱི་མཐར་ཐུག་པ་ནི་མ་ཡིན་གྱི། འོན་
ཀྱང་དེ་ལྟར་ལྷག་པར་ཞེན་པའི་དབང་གིས་དོན་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་འདི་དག་ལ་རྣམ་པར་རྟོག་པ་ཡིན་ཏེ། དབང་པོའི་ཤེས་པ་ཉིད་མངོན་སུམ་མ་ཡིན་པ་བཞིན་ནོ། །ལྷག་པར་ཞེན་པའི་རང་བཞིན་དེ་ནི་རྣམ་པར་རྟོག་པ་ལས་ཡིན་པའི་ཕྱིར་ཏེ། དེས་ན་དེ་ཉིད་འདི་

རྣམ་པར་རྟོག་པ་ཉིད་དོ། །སྔོན་པོ་ཙམ་གསལ་བ་ནི་དབང་པོའི་ཤེས་པ་ལ་ཡང་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་འདི་སྔ་མ་དང་ཕྱི་མའི་མྱོང་བའི་འདུ་བྱེད་པ་སད་པའི་རྩ་བ་ཅན་ཡིན་པ་དེ་ཉིད་ཀྱི་ཕྱིར་དོན་ཏོ་སྙམ་དུ་ཤེས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་རྣམ་པར་རྟོག་པ་ལྷག་
པར་ཞེན་པ་མེད་པའི་རང་བཞིན་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་ནི་ལྷག་པར་ཞེན་པ་ཡིན་པ་དེ་ཡང་སྔོན་པོའི་རྣམ་པ་རང་གི་བདག་ཉིད་ལ་སྔ་མ་དང་ཕྱི་མར་མཐོང་བའི་རང་བཞིན་དུ་ལྷག་པར་ཞེན་པ་ཇི་ལྟ་བུར་གྱུར་པ་ཉིད་དུ་ལྷག་པར་ཞེན་པ་དེ་ལྟ་བུའི་རྣམ་པ་བརྟགས་པ་ཡིན་
པར་བརྗོད་དོ། །སྔ་ཕྱིར་མཐོང་བའི་དོན་གྱི་རང་བཞིན་ཤེས་པའི་བདག་ཉིད་དུ་འགྱུར་བ་ནི་ཡོད་པ་མ་ཡིན་པས་ན། ཀུན་བརྟགས་པ་རྫས་སུ་མེད་པར་བརྗོད་དོ། །དེ་མེད་ཀྱང་མེད་པ་སྣང་བ་ནི་མ་ཡིན་ཏེ། ཞེན་པ་ནི་སྣང་བ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ་ཇི་སྐད་
བཤད་ཟིན་པ་བཞིན་ནོ། །འགའ་ཞིག་སྣང་བ་མེད་པར་ཡང་ལྷག་པར་ཞེན་པ་མི་འཇུག་པའི་ཕྱིར་རྣམ་པར་རྟོག་པའི་གཟུགས་བརྙན་དེ་ལྟ་བུ་ཁོ་ན་ལ་དོན་དུ་ལྷག་པར་ཞེན་པས་ཞེས་དེ་ལྟ་བུ་ཉིད་ཀྱིས་རང་གི་བདག་ཉིད་ཁོ་ན་ཡུལ་དུ་བརྗོད་པ་ཡིན་ནོ། །མགུ་བ་ཡང་ཤེས་
པའི་ཆོས་ཁོ་ན་སྟེ། ཤེས་པ་དེས་རང་གི་མཚན་ཉིད་མ་རྟོགས་ཀྱང་དེའི་གཟུགས་བརྙན་ལ་རང་གི་མཚན་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་དེ་རྟོགས་པའི་དོན་དུ་ཐབས་གཞན་ཚོལ་བ་ལ་རྒྱབ་ཀྱིས་ཕྱོགས་པའོ། །དེས་ན་རྣམ་པ་དེ་ལྟ་བུའི་རང་གི་མཚན་ཉིད་ནི་དེ་ལྟར་ལྷག་
པར་ཞེན་པ་ཙམ་གྱིས་བརྗོད་པར་བྱ་བ་ཡིན་གྱི། གང་གི་ཕྱིར་ཐམས་ཅད་ལས་ལོག་པའི་རང་གི་ངོ་བོ་བརྗོད་པར་བྱ་བར་འགྱུར་བ་འམ། དེ་ལྟར་མ་ཡིན་ན་ནི་བརྗོད་པ་དོན་མེད་པ་ཉིད་དུ་འགྱུར་བ། དོན་དམ་པར་དེའི་ཡུལ་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །དེས་ན་ཞེས་བྱ་བ་
ནི་གཏན་ཚིགས་དེས་ནའོ། །དེ་ལྟར་ཞེས་བྱ་བ་ནི། རང་གི་གཟུགས་བརྙན་ལ་རང་གི་མཚན་ཉིད་དུ་ལྷག་པར་ཞེན་པའི་མཚན་ཉིད་ཀྱི་རྣམ་པ་འདིས་ནི་རང་གི་མཚན་ཉིད་བསྟན་ཏོ་ཞེས་བརྗོད་དོ། །གང་གི་ཕྱིར་རང་གི་མཚན་ཉིད་དུ་ལྷག་པར་ཞེན་པའི་རང་བཞིན་གྱི་

རྟོགས་པ་སྐྱེད་པ་དེའི་ཕྱིར་རང་གི་མཚན་ཉིད་བརྗོད་ཀྱི། རྣམ་པ་གཞན་གྱིས་ནི་མ་ཡིན་ནོ། །ཅིའི་ཕྱིར་རྣམ་པ་འདི་ཁོ་ནར་ཟད་ཀྱི། གཞན་མེད་ཅེ་ན་བཤད་པ། སྒྲའི་དོན་རྟོགས་པ་ནི་དེ་ལྟ་བུ་ཁོ་ན་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྒྲ་ལས་དོན་རྟོགས་པ་
གང་ཡིན་པ་ནི་རང་གི་བདག་ཉིད་དེའི་རང་བཞིན་མ་ཡིན་པ་ལ་ཡང་དེ་ལྟར་ལྷག་པར་ཞེན་པས་འཇུག་པ་དེ་ལྟ་བུ་ཁོ་ན་ཡིན་པ་དེའི་ཕྱིར་རྣམ་པ་འདི་ཁོ་ན་ཡིན་ནོ། །རྣམ་པ་གཞན་མེད་པ་ཉིད་བཤད་པ་ནི་རང་གི་ངོ་བོས་སྣང་བ་ནི་ཞེས་བྱ་བའོ། །འདིར་ད་ནི་ཞེས་བྱ་བ་སྨྲས་ཏེ། དོན་
དམ་པར་ཐམས་ཅད་ལས་ལོག་པའི་ངོ་བོ་ཡུལ་དུ་མ་བྱས་པའི་ཕྱིར་གཅིག་བརྗོད་པས་ཀྱང་ཆོས་ཐམས་ཅད་བརྗོད་པར་ཐལ་བའི་ཉེས་པ་རྗེས་སུ་འབྲེལ་པ་མེད་མོད། དེ་ལྟར་ལྷག་པར་ཞེན་པ་ལ་ལྟོས་ནས་ནི་རང་གི་མཚན་ཉིད་ཁོ་ན་བརྗོད་པར་སྨྲས་ལ་དེ་ཡང་གཅིག་ཏུ་ལྡོག་པའི་
ངོ་བོ་ཉིད་ཀྱིས་ན་སྤྱིའི་རྣམ་པ་ཉིད་ག་ལ་ཡོད། དེ་ལྟ་ན་ཡང་དེ་བརྗོད་པ་སྤངས་ཏེ་སྤྱིའི་ཡུལ་ཅན་དུ་ཁས་ལེན་པ་ཇི་ལྟར་མི་འགལ་སྙམ་དུ་བསམས་པའོ། །འདི་ཉིད་སྟོན་པ་ནི་གཅིག་ཏུ་ལོག་པའི་ངོ་བོ་ཅན་རྣམས་ལ་ཞེས་བྱ་བའོ། །གཏན་ཚིགས་སྨྲས་པ་ནི་དེ་དག་ལ་འབྲེལ་
པའི་ཕྱིར་དང་ཞེས་བྱ་བའོ། །རང་གི་ངོ་བོ་མ་འབྲེལ་པས་ནི་ལྡོག་པ་ཉིད་དུ་གྲུབ་བོ། །གཅིག་ཏུ་ཞེས་བྱ་བའི་ཚིག་གི་དོན་སྨྲས་པ་ནི། གཞན་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་འདི་དག་ལ་གཞན་ཡོད་ན་ནི་རང་གི་ངོ་བོས་ལོག་པ་རྣམས་ཀྱང་དེའི་བདག་ཉིད་
ཀྱིས་འབྲེལ་པར་འགྱུར་བ་ཡིན་ན། དེ་མེད་པས་ན་གཅིག་ཏུ་ལོག་པ་ཉིད་དོ། །འདི་བཟློག་པའི་ཕྱིར་བཤད་པ་སྤྱི་ཇི་ལྟ་བུ་ཡིན་པ་ནི་བཤད་ཟིན་ཏེ་ཞེས་སྨོས་ཏེ། དེའི་བློ་ལ་དེ་ལྟར་སྣང་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སོ། །དེར་ཡང་རྣམ་པ་གཉིས་བཤད་དེ། །དེའི་
བློའི་དབང་གིས་དེ་སྤྱིར་བརྗོད་ལ་དེ་ཡང་གཞན་སེལ་བའི་ཡུལ་ཅན་ཉིད་ཀྱིས་དེ་གཞན་སེལ་བའི་ངོ་བོ་ཡིན་པའོ། །དེ་ལ་བློའི་བསམ་པའི་དབང་གིས་སྤྱི་ཡིན་ནོ་ཞེས་བྱ་བ་འདི་ནི་ཐ་དད་དངོས་རྣམས་ཞེས་བྱ་བ་ལ་སོགས་པས་འདིར་རྒྱས་པར་འཆད་པར་འགྱུར་བའི་ཕྱིར་བཤད་ཟིན་

པ་རྣམས་ཀྱིས་བསྟན་པ་མ་ཡིན་གྱི། འོན་ཀྱང་གཞན་སེལ་བའི་ཡུལ་ཅན་ཉིད་དོ་ཞེས་སྟོན་པར་བྱེད་དོ། །མ་འདྲེས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཁྲ་བོ་ལ་སོགས་པ་ངང་པ་ལ་སོགས་པའི་གསལ་བ་རྣམས་དང་མ་འདྲེས་པའོ། །དེ་ལ་གཅིག་ཀྱང་ཐམས་ཅད་དང་མ་འབྲེལ་པ་
ཡིན་ནོ། །ཐམས་ཅད་ཀྱང་གཅིག་དང་ངོ་། །དེ་ལ་ཐམས་ཅད་གཅིག་དང་མ་འབྲེལ་པ་ལ་ལྟོས་ནས་ནི་སྤྱི་རྣམ་པར་འཇོག་གོ། །འདི་ལྟར་ཁྲ་བོ་ལ་སོགས་པའི་ཁྱད་པར་མཐའ་དག་རྟ་དང་མ་འདྲེས་པ་ཡིན་ནོ། །དེས་ན་ཁྲ་བོ་ལ་ཡང་རྟ་མེད་ལ། སེར་སྐྱ་ལ་ཡང་མེད་ཅིང་
དེ་བཞིན་དུ་གསལ་བ་གཞན་དག་ལ་ཡང་ངོ་། །རྟ་མ་ཡིན་པའི་གསལ་བ་སོ་སོ་ལ་རྟ་ཞེས་སོ་སོ་རེ་རེ་ལ་མེད་པའི་ཕྱིར་རོ། །བ་ལང་རྣམས་ཀྱི་རྟ་དང་མ་འབྲེལ་བ་ནི་སྤྱིར་འགྱུར་ཏེ། རེ་རེ་ལ་དེ་མེད་པའི་ཕྱིར་རོ། །དེ་བཤད་པ་ནི་མ་འདྲེས་པ་རྣམས་ཀྱི་ཞེས་བྱ་བའོ། །གཅིག་
པོ་དེ་དང་ཐ་དད་པ་རྣམས་ལ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་ནི་གཅིག་དང་མ་འབྲེལ་པ་སྤྱིའི་ཆོས་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་ལྡོག་པ་སྤྱིར་འགྱུར་བ་ནི་མ་ཡིན་ཏེ། ཁྲ་བོ་ལ་སོགས་པ་ལ་སོ་སོར་བ་ལང་མ་ཡིན་པ་ལ་མེད་པས་སྤྱིར་བརྗོད་ཀྱི་འགའ་ཞིག་ཡོད་པའི་ཕྱིར་ནི་
མ་ཡིན་ནོ། །བ་ལང་མ་ཡིན་པ་ཞེས་རེ་རེ་ལ་མེད་པ་ཡིན་གྱི། འགའ་ཞིག་བདོག་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལྟ་བུའི་ལྡོག་པ་སྤྱིར་རྟོགས་པའི་ས་བོན་ཡིན་ནོ་ཞེས་སྔར་བསྟན་པ་མདུན་དུ་སྒྲུབ་པར་འགྱུར་རོ། །དེ་ལས་ཐ་དད་པ་རྣམས་གཅིག་དང་མ་འབྲེལ་པར་
མཚུངས་པ་ནི་སྤྱི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་འབྲེལ་པ་ནི་འབྲེལ་པ་མེད་པ་ཙམ་ཡིན་པས་ཇི་ལྟར་དངོས་སུ་སྤྱི་ཡིན་པར་འགྱུར། དེས་ན་རྟོགས་པ་པོའི་བསམ་པ་ལ་ལྟོས་ནས་དེ་དེ་ལྟར་བརྗོད་པ་ཡིན་ནོ། །བཤད་ཟིན་པ་ཉིད་རྒྱས་པར་སྒྲུབ་པའི་ཕྱིར་གཞན་ཡང་
ཞེས་སྨོས་སོ། །བློ་གང་གིས་རང་གི་ངོ་བོས་གཞན་གྱི་ངོ་བོ་སྒྲིབ་པར་བྱེད་པ་དེའི་ལྷག་པར་ཞེན་པ་ལ་བརྟེན་ནས་སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས་སོ། །རང་གི་མཚན་ཉིད་ཀྱང་ཞེན་པ་ལ་ལྟོས་ནས་སྒྲའི་དོན་ཉིད་དང་དེ་བཞིན་དུ་རྗེས་སུ་དཔག་པའི་ཡུལ་ཉིད་ཡིན་པ་ན། སྤྱི་

སྒྲའི་དོན་ཉིད་དང་རྗེས་སུ་དཔག་པར་བྱ་བ་ཉིད་ལ་སོགས་པར་བརྗོད་པ་གང་ཡིན་པ་དེ་ནི་སྤྱི་ཡོད་པར་བསྒྲགས་པ་ཡིན་ལ་དེ་ཡང་རང་གི་ངོ་བོས་གཞན་གྱི་ངོ་བོ་སྒྲིབ་པར་བྱེད་པའི་བློའི་བསམ་པའི་དབང་གིས་ཡིན་ནོ། །དོན་གཞན་དུ་གྱུར་པ་ཡིན་ཡང་གང་
གིས་རང་གི་རང་བཞིན་དང་རྗེས་སུ་མཐུན་པར་རང་གི་ངོ་བོ་སྒྲོ་བཏགས་ནས་སྟོན་པར་བྱེད་པའི་བློ་དེས་རང་གི་ངོ་བོས་གཞན་གྱི་ངོ་བོ་བསྒྲིབས་པར་བརྗོད་པ་ཡིན་ནོ། །བློ་ལ་ལྟོས་པའི་གཞན་གྱི་ངོ་བོ་ནི་ཕྱིའི་དོན་ཉིད་དོ། །དེ་ཡང་རང་གི་ངོ་བོ་བསྒྲིབ་པ་ཉིད་ཀྱི་ཕྱིར་གཞན་དུ་གྱུར་པ་དེ་ལ་དེ་ལྟ་བུར་
གྱུར་པའི་རང་གི་ངོ་བོ་སྒྲོ་འདོགས་པར་བརྗོད་པ་ཡིན་ནོ། །དོན་གཞན་ཉིད་དུ་གྱུར་པ་ལ་སྒྲོ་བཏགས་པ་གང་ཡིན་པ་འདིའི་རང་གི་ངོ་བོ་ཇི་ལྟར་གྱུར་པ་ཡིན་ཞེ་ན། དོན་གཅིག་ཏུ་ནི་སྣང་བ་ཞེས་གསུངས་སོ། །འདིས་ནི་བློའི་ངོ་བོ་ཐ་མི་དད་པ་ཉིད་དུ་བརྗོད་པ་ཡིན་ནོ། །དངོས་
རྣམས་ལ་ཞེས་བྱ་བ་མང་པོའི་ཚིག་གིས་ནི་འདི་དག་ཕན་ཚུན་ཐ་དད་པ་ཉིད་བརྗོད་དོ། །ཐ་དད་ཅེས་བྱ་བས་ནི་རིགས་མི་མཐུན་པ་ལ་ལྡོག་པ་ཉིད་དོ། །འདིའི་དེ་དག་ལ་བརྟེན་པ་ནི་ཇི་ལྟར་སྔར་བཤད་པའི་ཚུལ་གྱིས་དེ་ལྟར་ལྷག་པར་ཞེན་པ་ཉིད་ཀྱི་ཕྱིར་རོ། །དེའི་དོན་
འདི་ཡིན་ཏེ། བ་ལང་གི་ངོ་བོ་ཕན་ཚུན་ཐ་དད་པ་བ་ལང་གི་གསལ་བ་ཐ་དད་པ་དག་ཁོ་ན་ལ་བ་ལང་སྙམ་པའི་རྣམ་པར་རྟོག་པ་བ་ལང་གི་རང་བཞིན་ཐ་མི་དད་པར་སྣང་བའི་རྣམ་པ་ཅན་སྐྱེས་ལ། དེ་ཡང་དོན་གྱི་ངོ་བོར་ལྷག་པར་ཞེན་པའི་ཕྱིར་ན་དེས་དོན་བསྒྲིབས་པར་འགྱུར་
རོ། །ད་ནི་དེའི་བསམ་པའི་དབང་གིས་སྤྱིར་ཇི་ལྟར་ཁས་བླངས་པ་དེ་སྟོན་ཏེ། རང་གི་ངོ་བོས་གཞན་གྱི་ངོ་བོ་སྒྲིབ་པའི་ངོ་བོ་ཀུན་རྫོབ་དེས་དངོས་པོ་རྣམས་བདག་ཉིད་ཐ་དད་ཀྱང་ཐ་དད་པ་ཉིད་བསྒྲིབས་པའི་དངོས་པོ་རྣམས་བ་ལང་ཉིད་ལ་སོགས་པའི་ངོ་བོས་ཐ་དད་པ་མིན་
པ་ལྟ་བུར་སྣང་ངོ་། །བློའི་ངོ་བོས་གཞན་གྱི་ངོ་བོ་བསྒྲིབས་པའི་ངོ་བོ་ཉིད་ཀྱིས་ན། དངོས་པོ་རྣམས་ཐ་དད་པ་ཡིན་ཡང་ཐ་དད་པ་མེད་པར་བསལ་བ་ན། བློ་དེ་ལ་ལྟོས་ནས་སྤྱིར་ཐ་སྙད་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འཁྲུལ་པའི་དབང་གིས་ཐ་དད་པ་རྣམས་ཀྱང་ཐ་དད་པར་

སྣང་བའི་ཕྱིར་དེ་ལ་ལྟོས་ནས་སྤྱི་ཡུལ་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ཉིད་བརྗོད་པར་བྱ་བ་མ་ཡིན་ནམ། རང་གི་ངོ་བོར་གཞན་གྱི་ངོ་བོ་བསྒྲིབས་པར་བརྗོད་པ་དོན་ཅི་ཡོད། ཇི་ལྟར་དོན་མེད། གང་གི་ཕྱིར་འཁྲུལ་པའི་ངོ་བོ་ཡང་བརྗོད་པར་བྱ་བ་ཉིད་དེ། ཇི་ལྟར་འདི་ཐ་དད་པ་ཐ་
མི་དད་པར་རྟོགས་པར་བྱེད། ཐ་མི་དད་པའི་རང་བཞིན་དེ་གལ་ཏེ་ཕྱི་རོལ་ན་མེད་ན་འོ་ན་བསལ་བ་དེ་གང་ཞིག་ཅེས་བརྗོད་པར་བྱ་བ་ན། དོན་གཅིག་ཏུ་ནི་སྣང་བའི་བློ། །ཞེས་བྱ་བས་དེ་བློའི་ངོ་བོར་བཤད་པ་ཡིན་ནོ། །བློ་ཉིད་རྣམ་པ་དེ་ལྟ་བུར་གྱུར་པ་ན་དོན་ཐ་དད་པ་མེད་པར་སྣང་
ངོ་ཞེས་བྱ་བ་འདི་ག་ལས་ཤེ་ན། བློའི་རང་གི་ངོ་བོ་ཉིད་དོན་དུ་མངོན་པར་ཞེན་པའི་ཕྱིར་ཏེ། དེ་ཐ་དད་པ་མེད་པར་གསལ་བ་ན། དོན་ཐ་དད་པ་མེད་པར་སྣང་ངོ་ཞེས་རྟོགས་པའི་ཕྱིར་རོ། །སྤྱི་དེ་ཡང་དོན་ཉིད་མཚུངས་པ་ཡིན་ནོ་ཞེས་རང་བཞིན་འདིས་བློས་ཇི་ལྟར་ཀུན་བརྟགས་
པ་དེ་ལྟར་དེ་དམ་པའི་དོན་དུ་མེད། དེ་དག་ནི་རང་བཞིན་ཐ་དད་པའི་ཕྱིར་རོ། །རེ་ཞིག་ཚིགས་སུ་བཅད་པ་དང་པོ་རྣམ་པར་འགྲེལ་པ་བཤད་པ་ནི། རྣམ་པར་རྟོག་པ་ཅན་གྱི་བློ་ནི་ཞེས་བྱ་བའོ། །ཁྲ་བོ་ལ་སོགས་པ་དེ་དག་ལས་གཞན་པ་རྟ་ལ་སོགས་པ་དེ་ལས་ལྡོག་པ་ཅན་
ཏེ། ཁྲ་བོ་ལ་སོགས་པ་ཉིད་དོ། །འདིས་ནི་ལོག་པ་ཉིད་བརྗོད་དོ། །རྣམ་པར་རྟོག་པ་ནི་དེ་ལྟ་བུར་གྱུར་པའི་དངོས་པོ་རྣམས་ལ་བརྟེན་ནས་སྐྱེ་བ་ཡིན་ནོ། །བརྟེན་པ་ཡང་ཇི་སྐད་བརྗོད་པ་བཞིན་ལྷག་པར་ཞེན་པའི་དབང་གིས་སམ་ཡང་ན་ཉམས་སུ་མྱོང་བས་ཆོས་པས་
རྒྱུ་ཉིད་དུ་འཛིན་པའི་རྣམ་པ་རྟོག་པ་ནི་དངོས་པོ་ཉམས་སུ་མྱོང་བའི་འདུ་བྱེད་ཀྱི་རྗེས་སུ་འབྲངས་ནས་སྐྱེ་བའི་ཕྱིར་དངོས་པོ་ལ་བརྟེན་པ་ཡིན་ནོ། །དངོས་པོ་དེ་དག་གི་ངོ་བོ་ཐ་དད་པ་མི་སྣང་བར་བྱས་ནས་དངོས་པོ་དེ་རྣམས་ཀུན་དུ་སྟོན་ཏོ། །ཇི་ལྟར་ཐ་དད་པར་མི་སྣང་བར་བྱེད་ཅེ་ན།
འདྲེས་པར་བྱེད་པ་སྟེ་དངོས་པོ་རྣམས་སྲེ་བར་བྱེད་པས་ནའོ། །དེ་ཡང་ཇི་ལྟར་ཞེ་ན། བདག་ཉིད་ཀྱི་རྣམ་པ་ཐ་མི་དད་པ་ཞེན་པར་བྱས་ཏེའོ། །དེ་དོན་ཉིད་དུ་ལྷག་པར་ཞེན་པར་བྱས་པ་ན་དོན་བཞིན་དུ་བྱས་པར་འགྱུར་བའི་ཕྱིར་ན། དོན་དེ་ཉིད་དུ་ལྷག་པར་ཞེན་པ་ཉིད་དོན་ལ་ལྷག་

པར་ཞེན་པ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ་བདག་ཉིད་ཀྱི་ཐ་མི་དད་པ་ལ་དོན་དུ་ལྷག་པར་ཞེན་པས་དོན་ཐ་མི་དད་པར་ཞེན་པར་བྱས་པར་འགྱུར་བ་དེས་ན་འདི་དག་འདྲེས་པར་བྱས་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་རྣམས་དོན་ཉམས་སུ་མྱོང་
བའི་འདུ་བྱེད་ལ་རྟོགས་པ་ཉིད་ཀྱིས་དོན་ལ་བརྟེན་པ་ཡིན་ན། ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་དོན་དུ་སྣང་བའི་བདག་ཉིད་དུ་འགྱུར་རོ། །རང་གི་བག་ཆགས་ཀྱི་རང་བཞིན་རྗེས་སུ་འགྲོ་བ་ཡིན་ན་ཡང་དོན་ལ་བརྟེན་པ་ཉིད་ཉམས་པར་འགྱུར་ཏེ། ཕན་ཚུན་འགལ་བའི་
ཕྱིར་རོ། །ཆ་དང་རྗེས་སུ་འབྲེལ་པ་མ་ཡིན་པའི་ཕྱིར་ན་ཉམས་སུ་མྱོང་བ་ལས་ནི་དོན་དུ་སྣང་བ་ཉིད་ཡིན་ལ་རང་གི་བག་ཆགས་ལས་ནི་ཕྱིན་ཅི་ལོག་ཏུ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་སོ་ཞེས་དོགས་པ་ལ། བསྒྲུབ་པར་བྱ་བ་དང་ཞེས་སྨོས་སོ། །བསྒྲུབ་པར་བྱ་བ་གཅིག་
པ་ཉིད་ཀྱིས་ཞེས་བྱ་བ་ནི་བཞོ་བ་དང་དགལ་བ་ལ་སོགས་པའི་བསྒྲུབ་པར་བྱའོ། །གལ་ཏེ་གསལ་བ་སོ་སོའི་བཞོ་བ་ཐ་དད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། འདི་ནི་བཞོ་བ་ཉིད་དུ་གྱུར་པ་ན་ཐ་དད་པ་ཡིན་གྱི་ཆུ་འཆུ་བ་ཉིད་ཡིན་པས་ནི་མ་ཡིན་པས་ཐ་མི་དད་པར་བརྗོད་དོ། །དེ་
བཞིན་དུ་བ་ལང་གི་མཚན་ཉིད་ཀྱི་དངོས་པོ་གཅིག་གིས་སྒྲུབ་པའི་ཕྱིར་སྒྲུབ་པ་གཅིག་པ་ཡིན་ཏེ། བ་ལང་ཐམས་ཅད་བ་ལང་གིས་སྒྲུབ་པ་ཡིན་པའི་ཕྱིར་སྒྲུབ་པ་གཅིག་པ་ཅན་ཉིད་ངེས་སོ། །བ་ལང་གི་གསལ་བ་རེ་རེ་ཞིང་སྐྱེད་པར་བྱེད་པའི་བ་ལང་ཐ་དད་པ་ཡིན་ཡང་བ་ལང་
ཉིད་དུ་གྱུར་པས་ཐ་དད་པའི་ཕྱིར་ཐ་མི་དད་པར་བརྗོད་དེ་སྔ་མ་བཞིན་ནོ། །དེས་ན་དོན་འདི་ཡིན་ཏེ་བཞོ་བ་དང་བཀལ་བའི་ནུས་པ་རེ་རེ་ལ་ཕན་ཚུན་རྗེས་སུ་འགྲོ་བ་མེད་པ་ཡོད་པའི་ཕྱིར་རོ། །འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། ཇི་ལྟར་མདུན་ནས་འཆད་པ་བཞིན་དུ། འདི་
དག་ལ་རྗེས་སུ་འགྲོ་བ་མེད་པའི་བ་ལང་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བ་ལང་ངོ་སྙམ་པའི་རྟོགས་པ་བྱེད་པ་ཉིད་ཡིན་ལ། དེ་ལྟ་ཡིན་ན་ཡང་མི་འདྲ་བར་མ་རྟོགས་པའི་ཕྱིར་རྟོགས་པ་ཐ་མི་དད་པའི་ཡིན་ནོ། །དེས་ན་རྣམ་པར་རྟོག་པའི་ས་བོན་དང་ལྡན་པའི་རྣམ་པར་

རྟོག་པ་མེད་པ་ལ། དོན་གྱི་རང་བཞིན་གནས་པ་ན་རྣམ་པར་རྟོག་པ་དེ་ལྟ་བུའི་རྣམ་པ་སྐྱེ་བའི་ཕྱིར་དངོས་པོ་ལས་སྐྱེ་བ་འདི་ཐ་དད་པ་མེད་པར་སྣང་བ་གང་ཡིན་པར་སྣང་བ་འདི་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ནོ། །ཚིགས་སུ་བཅད་པ་གཉིས་པའི་དོན་ཉེ་བར་འགོད་པས་ཀུན་
རྫོབ་ཅེས་བྱ་བ་རྣམ་པར་འགྲེལ་ཏོ། །ཅིའི་ཕྱིར་འདི་རྣམ་པར་འགྲེལ་ཞེ་ན། ཀུན་རྫོབ་ཅེས་བྱ་བ་འདི་བློ་ཞེས་བྱ་བ་འདི་དང་འབྲེལ་པར་བརྟེན་པའི་ཕྱིར་ཏེ། གཞན་དུ་ན་ཀུན་རྫོབ་ཏུ་ཐ་དད་པ་མེད་པ་ཉིད་དུ་སྣང་ངོ་ཞེས་རྟོགས་པར་འགྱུར་རོ། །ཐ་མི་དད་པ་ནི་ཀུན་རྫོབ་ཀྱང་མ་ཡིན་
ཏེ། ཡོད་པར་ཐལ་བའི་ཕྱིར་རོ། །བརྟགས་པ་འདི་མེད་པ་ཉིད་དོ་ཞེས་དེ་ཕྱིར་དོན་ལ་གཅིག་བདག་ཏུ་འཛིན་པའི་རྣམ་རྟོག་འདི་འཁྲུལ་པ་ཞེས་འཆད་པར་འགྱུར་རོ། །རྣམ་པར་རྟོག་པའི་རྣམ་པ་ནི་ཡོད་ཀྱང་ཀུན་རྫོབ་མ་ཡིན་ཏེ་མི་འཐད་པ་མེད་པའི་ཕྱིར་མངོན་སུམ་གྱི་རྣམ་
པ་བཞིན་ནོ། །རྣམ་པར་ཤེས་པར་སྨྲ་བ་ལ་ནི་མངོན་སུམ་གྱི་རྣམ་པ་ཡང་ཀུན་རྫོབ་ཁོ་ནའོ། །བློ་ནི་འཁྲུལ་པའི་ཡུལ་བཞིན་དུ་མི་འཐད་པ་ཉིད་ཀྱིས་ཀུན་རྫོབ་ཏུ་མི་བརྗོད་དེ། དེས་ན་ཇི་ལྟར་གྲགས་པའི་ཀུན་རྫོབ་ཀྱི་དོན་སྤངས་ཏེ་འདི་བསྟན་པ་ཡིན་ནོ་ཞེས་སྟོན་པ་ནི་ཐ་མི་
དད་པ་བཞིན་དུ་སྣང་ངོ་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བའི་སྒྲ་སྨོས་པ་ནི། དངོས་སུ་ཐ་མི་དད་པ་རིག་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་སྟོན་པར་འགྱུར་རོ། །དེ་ནི་དེའི་བསམ་པའི་དབང་གིས་ན་ཞེས་བྱ་བ་འཆད་དོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །རྗེས་
སུ་བྱེད་པ་རྣམས་ཀྱིས་བློའི་སྣང་བ་ལ་ཐ་མི་དད་པར་སྣང་བའི་དངོས་པོ་དེ་དག་ཁོ་ནའི་སྤྱི་ཡིན་པར་བརྗོད་དོ། །ཐ་མི་དད་པར་སྣང་བ་ན་ཡང་བློ་ལ་གནས་པ་ཐོབ་པར་འགྱུར་རོ་ཞེས་བཤད་པ་ནི། བློ་ལ་སྣང་བའི་ཞེས་བྱ་བས་སོ། །དེ་བློ་ལ་སྣང་བ་རྣམས་ཁོ་ནའི་སྤྱི་ཡིན་པ་ན་ཇི་ལྟར་
གཞན་གྱི་ངོ་བོས་རང་གི་ངོ་བོ་སྒྲིབ་པར་བརྗོད་པ་དེ་སྟོན་པ་ནི་ཕྱི་རོལ་ལྟ་བུར་ཀུན་དུ་འཕྲོ་བ་ཞེས་བྱ་སྟེ། ཕྱི་རོལ་ཉིད་དུ་ཞེན་པར་བྱས་པ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། དེ་ཉིད་ཇི་ལྟར་ཞེ་ན། རྣམ་པའི་ཁྱད་པར་ཡོངས་སུ་འཛིན་པའི་ཕྱིར་ཞེས་སྨོས་སོ། །ཕྱིའི་དོན་གྱི་

རྣམ་པའི་ཁྱད་པར་གྱི་མྱོང་བའི་ཕྱིར་དེ་རྣམ་པ་དེ་ལྟ་བུར་ཤེས་པ་ལ་རྣམ་པའི་ཁྱད་པར་གསལ་བ་དོན་དུ་ལྷག་པར་ཞེན་པའི་རང་བཞིན་སྐྱེ་བར་འགྱུར་རོ། །གལ་ཏེ་བློའི་བསམ་པ་ལ་ལྟོས་ནས་སྤྱི་ཡིན་ན། གཞན་སེལ་བ་སྤྱིའི་རང་བཞིན་དུ་བརྗོད་པ་
འགལ་ལོ་ཞེས་བརྟན་པའི་ཕྱིར་ཕ་རོལ་པོ་དག་ནི་ཞེས་བརྗོད་དོ། །ལན་བཤད་པ་དེ་ཉིད་ཅེས་བྱ་བ་སྟེ། བློའི་སྣང་བ་ཉིད་གཞན་སེལ་བ་ཡིན་ནོ། །ཇི་ལྟར་བློའི་སྣང་བ་ཉིད་གཞན་སེལ་བ་ཡིན། གང་གི་ཕྱིར་རྟོགས་པ་པོ་སྒྲོ་བཏགས་ཀྱང་རང་བཞིན་དང་གཅིག་ཏུ་འགྱུར་
བའི་དོན་གཞན་ལས་ལོག་པར་འགྱུར་བ་དེས་ན་དེ་ཉིད་གཞན་སེལ་བ་ཡིན་ནོ། །དེས་ན་ཇི་ལྟར་རྣམ་པར་རྟོག་པའི་སྣང་བ་གཞན་སེལ་བ་ཉིད་ཡིན། དེ་ལ་ནི་སྒྲོ་བཏགས་པ་བསལ་བ་སྔོན་དུ་འགྲོ་བ་ཅན་གྱི་གཞན་ལས་ལོག་པ་ཉིད་ཡོད་པ་མ་ཡིན་ནོ། །སྒྲོ་འདོགས་ནི་
དོན་ཉིད་ལ་འཇུག་པའི་ཕྱིར་ཏེ། བློའི་སྣང་བ་ལ་ནི་མ་ཡིན་ནོ། །དེ་བཟློག་པའི་ཕྱིར། དེ་ནི་དེ་ཁོ་ན་ཞེས་སྨོས་སོ། །རང་གི་སྣང་བ་ཉིད་རྟོགས་པ་ན་བློ་འཁྲུལ་པའི་དབང་གིས་དངོས་པོ་འཛིན་པ་ལྟ་བུར་སྣང་སྟེ། རང་གི་བདག་ཉིད་ཁོ་ན་ལ་དངོས་པོར་ལྷག་པར་ཞེན་ནས་
འཇུག་པའི་ཕྱིར་རོ། །དེའི་ཕྱིར་རང་གི་བདག་ཉིད་ཀྱི་སྣང་བ་འཛིན་པ་ན་དངོས་པོ་འཛིན་པ་བཞིན་དུ་སྣང་བའི་ཕྱིར་དེ་ལ་ལྟོས་ནས་དེ་དངོས་པོ་ཡིན་ལ། དངོས་པོ་ལ་སྒྲོ་འདོགས་པའི་ཕྱིར་ནི་གཞན་གྱིས་དབེན་པ་ཡིན་པས་དེ་བས་ན་དེ་འཛིན་པ་ན་གཞན་སེལ་བའི་ཡུལ་
ཅན་ཉིད་དོ། །དེས་ན་སྣང་བ་དངོས་པོ་ལྟ་བུར་སྣང་བའི་ཕྱིར་དེ་དངོས་པོ་ཉིད་ཡིན་པས་ན། དངོས་པོ་གཞན་སེལ་བ་ཉིད་དེ། གཞན་གྱིས་དབེན་པའི་ཕྱིར་རོ། །དེས་ན་བློ་གཞན་སེལ་བའི་བློ་ཉིད་ཡིན་པས་ན་གཞན་སེལ་བ་སྤྱིའི་ངོ་བོ་ཉིད་དུ་རིགས་པ་ཁོ་ནའོ། །དེ་བཤད་
པ་ནི། དེ་ནི་ཞེས་བྱ་བ་ཡིན་ནོ། །དེས་ནི་དེ་ལྟར་རྟོགས་པའི་བསམ་པ་ལ་ལྟོས་ནས་བློའི་སྣང་བ་ཉིད་སྤྱིའི་རང་བཞིན་དུ་བཤད་པ་ཡིན་ཏེ། དེ་དག་གིས་སྤྱིར་རྟོགས་པ་དེ་ལྟར་ཁས་བླངས་པའི་ཕྱིར་རོ། །རང་གི་སྣང་བ་ཉིད་དེ་ལྟར་སྣང་བའི་ཕྱིར་དེ་ཉིད་སྤྱི་ཡིན་ནོ། །དེ་ཡང་གཞན་སེལ་བའི་རང་

བཞིན་ཡིན་ཏེ། སྒྲོ་འདོགས་དང་བྲལ་བར་གྱུར་པ་གཞན་གྱིས་དབེན་པ་གང་ཡིན་པ་དེའི་ཡུལ་ཅན་ཉིད་ཀྱིས་ན་བློ་འདི་གཞན་སེལ་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་དོན་ཁོ་ན་ལ་རང་གི་སྣང་བ་ཡང་དོན་བཞིན་དུ་སྣང་བའི་ཕྱིར་རོ། །དེ་ལ་དངོས་པོ་བཞིན་དུ་སྣང་བའི་
ཕྱིར་དེ་འཛིན་པའི་བློ་དངོས་པོ་འཛིན་པ་ཉིད་དུ་རྟོགས་པའི་ཕྱིར་དངོས་པོ་ཉིད་མ་རྟོགས་པ་ན། གཞན་དག་རྩོད་པར་བྱེད་པ་ནི་ཕྱི་རོལ་ཞེས་བྱ་བའོ། །དེ་ལ་གཞན་གྱིས་དབེན་པའི་དངོས་པོ་རྣམས་ལ་རང་སྣང་བའི་ཡུལ་ཅན་གྱི་བློ་ཡོད་པར་མ་གྲུབ་སྟེ། གང་གི་ཕྱིར་
ཕྱི་རོལ་གྱི་དོན་ཉིད་སྒྲོ་འདོགས་དང་བྲལ་བ་ལས་དབེན་པར་གྱུར་པ་ཡིན་ན་དེ་དག་ལ་ནི་རྣམ་པར་རྟོག་པ་རྣམས་མི་འཇུག་སྟེ། དེས་ན་གང་གི་ཐ་དད་པའི་ཡུལ་ཅན་དུ་གྱུར་པ་ཐ་དད་པ་རྣམས་ལ་བློ་འདི་ཇི་ལྟར་འཇུག་པར་འགྱུར་ཞེ་ན། འདི་བསལ་བའི་ཕྱིར་བཤད་པ། འཆད་
པར་བྱེད་པ་རྣམས་ཞེས་སྨོས་སོ། །གང་དག་དངོས་པོའི་རང་བཞིན་དངོས་པོ་ཉིད་ལས་རྟོགས་ནས་འཆད་པར་བྱེད་པ་དེ་དག་དེ་ལྟར་རྣམ་པ་འབྱེད་དེ། འདི་ལྟ་སྟེ་ཕྱི་རོལ་དག་ལ་རྣམ་པར་རྟོག་པ་མི་འཇུག་གོ་ཞེས་བྱ་བར་རོ། །ཐ་སྙད་འདོགས་པར་བྱེད་པ་རྣམས་ནི་མ་ཡིན་ཏེ་
དེ་དག་ལ་ནི་དངོས་པོའི་རང་བཞིན་རྣམ་པར་དཔྱད་པས་བསྐྱེད་པའི་རྣམ་པར་འབྱེད་པའི་གནས་སྐབས་འགའ་ཡང་མེད་དོ། །དེ་དག་ལ་ནི་གང་ལ་ཇི་ལྟར་རྟོགས་པ་དེ་ལ་དེ་ལྟར་རྟོགས་པ་ལས་མ་རྟོགས་པའི་རྣམ་པར་དཔྱོད་པ་འགའ་ཡང་མེད་དོ། །དེ་དག་ལ་ཡང་
དཔྱོད་པ་འགའ་ཞིག་ཡོད་པ་ཡང་ཡིན་ཏེ། འདི་ལྟར་འདིར་བ་ལང་ཡོད་པའི་རང་བཞིན་ཡང་ཡིན་ལ་མེད་པའི་རང་བཞིན་ཡང་ཡིན་ནོ་ཞེས་སྨྲས་པ་ན། དམུན་པོ་ཡང་གལ་ཏེ་ཡོད་པ་ཁོ་ན་ཡིན་ན། ཇི་ལྟར་མེད་པ་ཡིན་ཞེས་རྣམ་པར་རྟོག་པར་བྱེད་དོ། །འདི་དག་ཤེས་རབ་
ཕུལ་དུ་བྱུང་བས་ཐོབ་པར་བྱེད་པ་དེ་ལྟར་ནི་རྣམ་པར་དཔྱོད་པར་མི་བྱེད་དོ། །ཐ་སྙད་འདོགས་པར་བྱེད་པ་དེ་དག་ནི་སྣང་བ་དག་རྣམ་པར་རྟོག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས་འཇུག་གོ་ཞེས་བྱ་བ་ཐ་སྙད་དུ་བྱེད་དོ། །དེ་དག་གཅིག་ཏུ་བྱེད་པ་གང་ཞེ་ན། རང་གི་དམིགས་

པ་ཁོ་ན་ཞེས་སྨོས་ཏེ། བདག་ཉིད་ཀྱི་དམིགས་པ་བདག་ཉིད་ཀྱི་རྣམ་པར་རྟོག་པས་རྟོགས་པའི་རང་བཞིན་ཏེ། དེ་ཡང་བདག་ཉིད་ཀྱི་སྣང་བ་སྟེ་འདིས་ནི་རྣམ་པར་བརྟག་པར་བྱ་བར་བརྗོད་དོ། །དེ་ལ་དོན་བྱེད་པར་རུང་བར་སེམས་ཤིང་སྟེ། འདིས་ནི་མཐོང་
བ་དང་གཅིག་ཏུ་བྱེད་པར་བརྗོད་དོ། །དངོས་སུ་སྣང་བ་ལས་རྣམ་པར་བརྟག་པར་བྱ་བ་གཞན་ཡིན་ཡང་འདི་ལ་སྣང་བ་ཉིད་དུ་ངེས་པ་གང་ཡིན་པ་དེ་ཉིད་སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་པ་ཡིན་གྱི། དེ་ལྟར་རྣམ་པར་བརྟག་པར་བྱ་བ་མཐོང་བ་ཉིད་
དུ་བྱས་པས་གཅིག་ཏུ་བྱས་པར་ནི་མི་བརྗོད་དོ། །འོན་ཀྱང་སྣང་བ་ཉིད་དུ་ངེས་པས་སྣང་བ་ལྟ་བུར་བསྒྲུབ་པ་ལ་བརྗོད་དོ། །དེའི་དེ་ཡང་འཇུག་པ་ཉིད་ལས་ཤེས་པས་ནི་འཇུག་གོ་ཞེས་བརྗོད་དོ། །འདི་ལྟར་དོན་མི་སྣང་བཞིན་དུ་ཡང་དོན་གྱིས་བསྒྲུབ་པར་བྱའི་དགོས་པ་
དོན་དུ་གཉེར་བར་འཇུག་པ་ནི། དོན་ལས་བཟློག་པ་དེ་ལ་དོན་དུ་ལྷག་པར་ཞེན་པ་མེད་པར་མི་སྲིད་དོ། །དེ་ལྟ་ན་ཡང་ཕྱི་རོལ་རྣམ་པ་ཐ་དད་པ་ལ་ཞེས་བརྩད་པ་ཇི་ལྟར་སྤང་བར་འགྱུར་བ་དེ་བསྟན་པའི་ཕྱིར་དེ་དག་གི་ཞེས་སྨོས་སོ། །ཐ་སྙད་པའི་བསམ་པའི་
དབང་གིས་དེ་སྐད་ཅེས་བརྗོད་དོ། །ཇི་སྐད་བརྗོད་པ་སྟོན་པར་བྱེད་པ་ནི། དེ་བཞིན་དུ་ཞེས་བྱ་བ་དེ་བྱེད་པ་ཉིད་ཀྱི་དེ་བྱེད་པ་མ་ཡིན་པ་ལས་ཐ་དད་པའི་རྣམ་པ་དེ་ཉིད་ཀྱིས་ཏེ་རྒྱུར་གྱུར་པ་གང་དག་དེ་བྱེད་པ་མ་ཡིན་པ་དེ་དག་ལས་ཐ་དད་པ་རྣམས་ཏེ། དེ་བྱེད་པ་མ་ཡིན་
པའི་སྒྲོ་འདོགས་པ་དང་བྲལ་བ་དེ་དག་སྟོན་པར་བྱེད་དོ། །འདི་སྐད་བརྗོད་པ་ཡིན་ཏེ་དངོས་སུ་ན་རང་གི་མཚན་ཉིད་ཁོ་ན་དེ་བྱེད་པ་མ་ཡིན་པ་ལས་ཐ་དད་པ་ཡིན་པ་དེ་ལྟ་ན་ཡང་རྟོགས་པ་པོ་དེ་དག་གིས་དེ་ཉིད་རྣམ་པར་རྟོག་པའི་ཡུལ་ཡིན་པར་ཞེན་པའི་ཕྱིར་རོ། །ཡོངས་
སུ་རྟོགས་པར་བྱེད་པ་རྣམས་ལ་ཡང་ཐ་སྙད་བྱེད་པའི་ཆ་ཡོད་པས་ན་དེ་དག་གི་ཡོངས་སུ་རྟོགས་པ་ལས་ལངས་ཏེ། རྣམ་པར་རྟོག་པ་ཉིད་ཀྱི་དོན་ལ་འཇུག་པའི་ཕྱིར། སྒྲ་རྣམས་ཀྱི་དོན་གྱི་ཡུལ་ཅན་གྱི་ཐ་སྙད་མི་ལྡོག་གོ། དེ་བས་ན་རྣམ་པར་རྟོག་པའི་སྣང་

བ་དོན་ཉིད་དང་། དོན་ཡང་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་གཞན་སེལ་བའི་སྤྱིའི་ངོ་བོ་ཉིད་དུ་འཐད་པ་ཡིན་ནོ། །དངོས་སུ་ནི་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་དག་ཐ་དད་པ་ཁོ་ན་སྟེ། འདི་ལྟར་ཇི་ལྟར་སྣང་བ་ཉིད་དམིགས་པ་དེ་ལྟར་འདི་གསལ་བ་མ་ཡིན་ལ་གཞི་
མཐུན་པ་ལ་སོགས་པ་ཡང་མི་རུང་ངོ་། །དེ་ཉིད་སྟོན་པར་བྱེད་པ་ནི། དེ་ཁོ་ན་ཉིད་སེམས་པར་བྱེད་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པའོ། །དེས་ན་དེ་ལྟར་ལྷག་པར་ཞེན་པ་ལ་ལྟོས་ནས་དོན་གྱི་ཡུལ་ཅན་ཉིད་ཡིན་པ་ན། སྤྱིའི་རང་བཞིན་ཉིད་ཀྱང་ཞེན་པ་ལས་ཡིན་
པར་ངེས་པར་བྱའོ། །གང་གི་ཚེ་ཞེན་པའི་དབང་གིས་དོན་འབྲེལ་པར་འགྱུར་བ་དེའི་ཚེ་དེ་ལ་ལྟོས་ནས་བློའི་སྣང་བ་སྤྱིའི་ངོ་བོར་འཐད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་གྱི་ངོ་བོ་ཉིད་ཀྱིས་སྤྱི་ཞེས་འཆད་པར་འགྱུར་རོ། །འདིར་གལ་ཏེ་ཞེས་སྨྲས་ཏེ། དེ་ཁོ་ན་ཉིད་བསམ་པ་
ན་ནི་རྣམ་པར་རྟོག་པ་རང་གི་སྣང་བ་ཙམ་གྱི་ཡུལ་ཅན་དུ་བཤད་དོ། །གལ་ཏེ་ལྷག་པར་ཞེན་པ་ལ་ལྟོས་ནས་སྤྱིར་བརྗོད་ན་ནི། དེས་ན་རྟོགས་པ་པོའི་བསམ་པའི་རྗེས་སུ་ཡང་བྱེད་པ་ཡིན་ནོ། །ཁྱོད་ནི་རྟོགས་པ་པོའི་རྟོགས་པ་ལ་མི་ལྟོས་པ་ཁོ་ན་ཡིན་ནོ། །དེ་དག་ཀྱང་གལ་
ཏེ་དེ་རྟོགས་པའི་བསམ་པའི་རྗེས་སུ་ཡང་འཇུག་ན་ནི་གཞན་སེལ་བའི་སྤྱི་ཡིན་པར་མི་འགྱུར་ཏེ། གང་གི་ཕྱིར་དེ་ལྟར་རྟོགས་པ་ནི་མེད་དོ། །དོན་ལ་ལོག་པ་ཉིད་དུ་ཞེན་པ་ནི་མེད་དོ། །སྒྲོ་འདོགས་ཀྱི་དབེན་པ་ལ་ནི་འཇུག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཚུལ་ཁས་བླངས་
པ་མེད་པར་དགག་པ་ཙམ་གྱི་རང་བཞིན་ཁས་མ་བླངས་པའི་ཕྱིར་གཞན་སེལ་བ་མ་རྟོགས་པའི་ཉེས་པ་སྤངས་ཀྱང་རྟོགས་པའི་བསམ་པ་ཁས་ལེན་པ་ལ་ལྟོས་པར་ཐལ་བ་ཡིན་ནོ་ཞེ་ན། འདི་བསལ་བའི་ཕྱིར། དེ་ལྟར་མི་རྟོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་སྨོས་སོ། །
འདི་སྐད་བརྗོད་པ་ཡིན་ཏེ་རྟོགས་བཞིན་པའི་རང་བཞིན་ཐམས་ཅད་རྟོགས་པས་གྲུབ་པར་འགྱུར་བ་ནི་མ་ཡིན་ཏེ། རྟོགས་པའི་རང་བཞིན་གཞན་དུ་མི་སྲིད་པའི་དབང་གིས་འདིའི་རིགས་རྣམ་པར་གཞག་པ་གང་ཡིན་པ་དེ་རྟོགས་བཞིན་པའི་རང་བཞིན་ལས་ཕྱི་རོལ་དུ་གྱུར་པས་མི་

སྲིད་པར་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་གྱུར་ན་ནི་གཞན་སེལ་བའི་ཡུལ་ཅན་གྱི་ཕྱོགས་ལ་ཇི་ལྟར་ལོག་པར་རྟོགས་པ་མེད་པའི་ཕྱིར་དེ་སྤྱིའི་ངོ་བོ་མ་ཡིན་པར་བརྗོད་པ་དེ་བཞིན་དུ། སྤྱི་ཁས་ལེན་པའི་ཕྱོགས་ལ་ཡང་ཐ་དད་པ་ལ་སོགས་པར་རྟོགས་
པ་མེད་དོ། །དེས་ན་གཞན་སེལ་བའི་རང་བཞིན་ལྟར་དེ་ཡང་འདོད་པར་མི་བྱའོ། །དེས་ན་འདི་ལྟར་འབྲེལ་པ་ཡིན་ཏེ། གཞན་སེལ་བའི་རང་བཞིན་དུ་མི་རྟོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཇི་སྲིད་དུ་ཐ་དད་པ་དང་ཐ་མི་དད་པ་ལ་སོགས་པར་ཡང་མི་རྟོགས་པ་ཉིད་དོ། །དེས་ན་
གལ་ཏེ་མ་རྟོགས་པའི་ཕྱིར་གཞན་སེལ་བ་མི་འགྱུར་ཞེས་ཟེར་ན། ཐ་དད་པ་ལ་སོགས་པའི་ངོ་བོར་ཡང་མི་འགྱུར་རོ། །དེ་ལྟར་མཚུངས་པ་ཉིད་བསྒྲུབས་ནས་ལན་འདེབས་པ་ནི་བློ་རྣམ་པ་ཐ་མི་དད་པ་ཅན་ཞེས་སྨོས་ཏེ་ཐ་མི་དད་པ་ཅན་དུ་སྣང་བའོ། །དེ་སྐྱེ་བ་ལ་གཅིག་གིས་
ནི་དེའི་ཡུལ་ཐ་མི་དད་པའི་བདག་ཉིད་ཅན་དངོས་པོར་ཡོད་པའི་སྤྱི་ཡིན་པར་བརྗོད་དོ། །དེ་ལྟར་དེ་ཡང་ཐ་མི་དད་པར་རྟོགས་པའི་རྟེན་དུ་འགྱུར་བ་ཁོ་ནའོ། །དེའི་རང་བཞིན་ཐ་མི་དད་པར་རྟོགས་པ་ཙམ་གྱིས་གྲུབ་པ་ལ་བརྟེན་ནས་དེའི་རང་བཞིན་གཞན་དུ་མི་འཐད་པའི་དབང་གིས་
ཐ་དད་པ་ལ་སོགས་པའི་ཆོས་ཇི་ལྟར་བརྟགས་པ་དེ་བཞིན་དུ། ཁོ་བོ་ཅག་ཀྱང་རྟོགས་པས་གྲུབ་པ་ཐ་མི་དད་པ་ཙམ་གྱི་རང་བཞིན་ལ་བརྟེན་ནས་གཞན་དུ་མི་སྲིད་པའི་དབང་ཁོ་ནས་དེ་སྣང་བ་ཙམ་གྱི་རང་བཞིན་དུ་བརྗོད་ཅིང་དེ་བཞིན་དུ་སྒྲོ་འདོགས་རྣམ་པར་གཅོད་པར་གྲུབ་པའི་རང་བཞིན་
ཉིད་ཀྱི་གཞན་སེལ་བའི་རང་བཞིན་ཉིད་དོ། །དེས་ན་རྒོལ་བ་གཉི་ག་ཡང་རྟོགས་པ་ལ་བྱེ་བྲག་མེད་དོ། །རྟོགས་པས་གྲུབ་པ་འདིས་མ་གཏོགས་པའི་ངོ་བོ་ཁས་བླངས་པར་གྲུབ་པ་བསྒྲུབས་པ་བཞིན་དུ་ངེད་ཀྱིས་ཀྱང་བརྟགས་སོ། །འོན་ཀྱང་ངེད་ཀྱིས་བརྟགས་པའི་ཚུལ་ཁས་མ་བླངས་པར་ནི་ཐ་དད་
པ་ལ་སོགས་པས་ཀྱང་སྤྱི་འགྲུབ་པ་ལེགས་པར་བསྒྲུབ་པར་མི་འགྱུར་བ་དེས་ནི་དེ་སྐད་བརྗོད་པར་ཟད་དོ། །སྤྱི་ཞེས་བྱ་བ་ནི་བསྒྲུབ་པ་མ་ཡིན་གྱི་འོན་ཀྱང་ཐམས་ཅད་དུ་རྟོགས་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེས་ན་འདི་གལ་ཏེ་རང་གྲུབ་པར་བྱ་བའི་དོན་དུ་རྟོགས་པའི་

རང་བཞིན་གྲུབ་པ་འཕེན་ན་ནི་དངོས་པོ་འགྲུབ་པོ། །དེ་སྟེ་གྲུབ་པ་དེ་ཉིད་རང་འགལ་ན་ནི་ཡུལ་མེད་པའི་རྟོགས་པ་ཙམ་ཞིག་གྲུབ་པ་ལ་འཆེལ་བར་བྱ་བ་ཡིན་ཏེ། དངུལ་ལ་སོགས་པ་ཤེས་པ་བཞིན་ནོ། །དེའི་ཕྱིར་ངེད་ཀྱི་གཞུང་ཁོ་ན་ལ་མི་རྟོགས་པ་དེ་ལྟར་གྲུབ་པའི་རང་
བཞིན་དུ་བསྒྲུབས་པར་འགྲུབ་པའི་ཕྱིར་བློ་ལ་སྣང་བའི་སྤྱི་གཞན་སེལ་བར་བརྗོད་དོ། །དེ་ཉིད་བཤད་པ་དེ་ནི་ཞེས་བྱ་བའོ། །དངོས་པོ་གཞན་ལས་ལོག་པ་ཡིན་པའི་ཕྱིར་དེ་ལ་གཞན་སེལ་བ་ཡོད་དོ། །སྤྱིའི་ཡུལ་ཅན་ལ་འགོག་པར་བྱེད་པའི་འགལ་བ་ཡོད་པ་ལྟར་གཞན་
སེལ་བའི་ཡུལ་ཅན་ལ་ནི་མེད་དོ། །སྒྲའི་རྟེན་ཅན་གྱི་ཐ་སྙད་ཀྱང་དེ་ལྟར་སྣང་བ་ཡིན་ཏེ། དངོས་པོའི་ཡུལ་ཅན་དུ་དམིགས་པའི་ཕྱིར་དང་དེ་ཡང་གཞན་སེལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་བསམ་པའི་དབང་གིས་ན་སྤྱི་ཡོད་པ་ཡིན་ནོ་ཞེས་བསྟན་ནས། ད་ནི་དམ་པའི་
དོན་དུ་མེད་ཅེས་བྱ་བ་བཤད་པའི་ཕྱིར་བློ་འདི་ཞེས་སྨོས་སོ། །བསམ་པའི་དབང་གིས་ཐ་དད་པ་མེད་པའི་རྣམ་པ་ཅན་གྱི་བློའི་གཟུང་བ་གཞན་སེལ་བར་བརྗོད་ཀྱི། སྤྱི་ཞེས་བྱ་བ་ནི་མེད་དོ། །ཇི་ལྟར་བློ་རྣམས་ཐ་མི་དད་པ་ཅན་སྐྱེ་བ་དེའི་རྟེན་ཞེས་བྱ་བས་ནི་སྣང་བ་བརྗོད་པ་ཡིན་
གྱི། དེ་དེའི་རྟེན་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་དེའི་གཞུང་གཟུགས་པའི་ཕྱིར། འདི་ལྟར་ཞེས་སྨོས་སོ། །ཁྲ་བོ་ལ་སོགས་པའི་གསལ་བ་རྣམས་ནི་རྗེས་སུ་མི་འགྲོ་ཞིང་ཕན་ཚུན་རྗེས་སུ་འཇུག་པ་མ་ཡིན་ཏེ། ཁྲ་བོ་སེར་སྐྱ་མ་ཡིན་ལ་སེར་སྐྱ་ཡང་ཁྲ་བོ་མ་ཡིན་
ནོ། །རྗེས་སུ་མི་འགྲོ་བར་ཇི་ལྟར་རྟོགས་ཤེ་ན། གསལ་བ་ཉིད་ཀྱི་ཕྱིར་རོ། །སྤྱི་ནི་གསལ་བ་ཡོད་ན་འགྱུར་ཏེ། དེ་ལ་བརྟེན་པའི་ཕྱིར་དང་དེ་ཡང་ཕན་ཚུན་ཐ་དད་པའི་ཕྱིར་རོ། །རྗེས་སུ་འགྲོ་ན་ནི་ཁྲ་བོ་ལ་སེར་སྐྱ་ཡོད་པའི་ཕྱིར་ཁྲ་བོ་གང་ཡིན་པ་དེ་ཉིད་སེར་སྐྱར་འགྱུར་
རོ། །ད་ལྟར་གསལ་བ་རྣམས་གཅིག་པ་ཡིན་ན་སྤྱི་ཉིད་དུ་ག་ལ་འགྱུར། མཚུངས་པ་རྣམས་ཀྱི་དེ་ལྟར་འགྱུར་བའི་རྒྱུ་མཚན་དུ་གྱུར་པའི་རང་བཞིན་ནི་སྤྱི་ཡིན་ན་གཅིག་ཏུ་གྱུར་ན་ནི་མཚུངས་པ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་དངོས་པོ་གང་གི་སྤྱིར་འགྱུར། དེའི་

ཕྱིར་གསལ་བ་ཉིད་ཀྱིས་གསལ་བ་རྣམས་རྗེས་སུ་མི་འགྲོ་བའི་ཕྱིར་འདིར་རིགས་པ་གཞན་མ་བཤད་དོ། །གསལ་བ་རྣམས་རྗེས་སུ་མི་འགྲོ་མོད། དེ་དག་ལ་རྗེས་སུ་འབྲེལ་པ་མཚུངས་པའི་རྒྱུ་མཚན་གྱི་སྤྱི་གཞན་ཡོད་པར་འགྱུར་རོ་ཞེ་ན། མེད་དོ་
ཞེས་བཤད་པ་ནི་རྗེས་འགྲོ་གཞན་ནི་ཞེས་བྱ་བའོ། །གསལ་བ་དག་ལས་འབྲེལ་ཏོ། །དེས་ན་དེ་ལྟ་བུའི་རྗེས་སུ་འགྲོ་བ་ཅན་གསལ་བ་གཅིག་ལ་ཡོད་པ་གསལ་བ་གཞན་ལ་ཡང་གནས་པར་ནི་སྣང་བ་མེད་དོ། །གསལ་བ་ལ་རྗེས་སུ་འགྲོ་བ་ཅན་ཐ་དད་པ་ནི་འགའ་ཡང་མངོན་སུམ་
ལ་སྣང་བ་མེད་དོ་ཞེས་པའི་དོན་ཏོ། །འདིར་ནི་མངོན་སུམ་དུ་མི་སྣང་བར་སྒྲུབ་པ་ཡིན་ཏེ། ཇི་ལྟར་བརྟགས་པ་ལྟར་ནི་རྣམ་པར་རྟོག་པས་ཀྱང་རྟོགས་པ་མེད་པ་ནི་འོག་ནས་འཆད་པར་འགྱུར་རོ། །རྗེས་སུ་འགྲོ་བ་གཞན་མངོན་སུམ་གྱིས་མ་རྟོགས་སོ་ཞེས་བྱ་བ་ཇི་ལྟར་
རྟོགས། འདི་ལྟར་གསལ་བ་ཐ་དད་པ་དག་ལ་གསལ་བ་དེ་དང་དེ་མཚམས་སྦྱོར་བས་སྟོང་པའི་རྣམ་པ་གཅིག་ཏུ་རྟོགས་པ་ནི་ཡོད་པ་ཡིན་ཏེ། ཁྲ་བོ་བ་ལང་ཡིན་ལ་སེར་སྐྱ་ཡང་བ་ལང་ངོ་ཞེས་བྱ་བ་ཡིན་གྱི། ཁྲ་བོ་གང་ཡིན་པ་དེ་ཉིད་སེར་སྐྱ་ཡིན་ནོ་ཞེས་ནི་མ་ཡིན་ནོ། །དེའི་
ཕྱིར་ཐ་དད་པ་དང་རྗེས་སུ་འབྲེལ་པ་ནི་ཡོད་པ་ཡིན་ཏེ། ཐ་མི་དད་ན་གསལ་བ་མཚམས་སྦྱོར་བར་ཐལ་བའི་ཕྱིར་དང་། མཚམས་སྦྱོར་བ་མེད་ན་ཡང་རྟོགས་པ་གཅིག་པ་མི་འགྲུབ་པའི་ཕྱིར་རོ། །དེ་ནི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་འདིའི་བ་ལང་ཉིད་དམ་མི་རྟག་པ་ཉིད་ཅེས་ཐ་
དད་པར་འཛིན་པ་ཁོ་ནའོ། །དེས་ན། རྗེས་འགྲོ་གཞན་ནི་སྣང་བ་མེད། །ཅེས་ཇི་ལྟར་བརྗོད། མངོན་སུམ་གྱིས་སྣང་བ་མེད་པའི་ཕྱིར་རོ་ཞེ་ན་འདི་ཉིད་མངོན་སུམ་མ་ཡིན་ནོ་ཞེས་ག་ལས་རྟོགས། མངོན་སུམ་མ་ཡིན་ན་ནི་ལོང་བ་ལ་ཡང་བ་ལང་ངོ་སྙམ་དུ་རྟོགས་པ་ཡོད་
པར་འགྱུར་རོ། །རྣམ་པར་རྟོག་པའི་ཕྱིར་མངོན་སུམ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ་འགལ་བ་མེད་པའི་ཕྱིར་རོ། །དེ་མེད་ན་ནི་རྟོག་པ་དང་བྲལ་བ་ཉིད་མངོན་སུམ་གྱི་མཚན་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དེས་ན་རྗེས་སུ་འགྲོ་བ་གཞན་མི་སྣང་བར་མ་གྲུབ་བོ་ཞེ་ན། འདི་ལ་བརྗོད་

པ་ཐ་དད་པ་དང་རྗེས་སུ་འགྲོ་བ་དག་ནི་མངོན་སུམ་གྱི་ཆོས་སུ་མ་གྲུབ་པའི་ཕྱིར་རོ། །ཐ་དད་པ་དང་རྗེས་སུ་འགྲོ་བའི་རྟོག་པ་མངོན་སུམ་དང་ལྷན་ཅིག་འབྱུང་བ་ཡིན་ཡང་འདི་མངོན་སུམ་དུ་སྣང་བ་ཉིད་དམ། རྟོག་པ་དང་བཅས་པ་དང་། རྟོག་པ་མེད་པའི་ཡིད་གཉིས་ཅིག་ཅར་
འཇུག་པའི་ཕྱིར་ན་རྣམ་པར་རྟོག་པ་ཉིད་ཡིན་ཞེས་རྣམ་པར་དཔྱད་པ་ན་མངོན་སུམ་གྱི་སྣང་བ་དང་མི་འདྲ་བ་ཉིད་ཀྱིས་རྣམ་པར་རྟོག་པ་མངོན་སུམ་ཉིད་ཡིན་པ་བསལ་བས་ན་འདི་ནི་རྣམ་པར་རྟོག་པ་ཡིན་གྱི་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་བརྗོད་དོ། །འདི་ལྟར་གང་གིས་
སྔོན་པོ་རིག་པ་མེད་ཀྱང་མིག་བྱེད་པ་མེད་པ་སྔོན་པོ་མངོན་དུ་བྱས་པར་རྟོགས་པ་མེད་ལ། མིག་བྱེད་པ་དང་ལྡན་པ་ལ་ནི་ཡོད་པར་འགྱུར་བ་མངོན་སུམ་དང་། རྣམ་པར་རྟོག་པའི་སྣང་བ་གཉིས་ཀྱི་དབང་པོའི་བྱེད་པ་ཡོད་པ་དང་མེད་པ་དག་གི་རྣམ་པའི་ཁྱད་པར་ནི་ཉེ་བར་མཚོན་
པར་གྱུར་པའི་སྔོན་པོ་རྟོགས་པ་ཡོད་པ་ན་གཏན་ལ་ཕེབས་པ་ཁོ་ནའོ། །དེའི་ཕྱིར་དངོས་པོ་སྣང་བའི་ཉམས་སུ་མྱོང་བ་ཡང་གཞན་དུ་གྱུར་པ་ཡིན་ལ། དེ་མི་སྣང་བའི་རྣམ་པར་རྟོག་པ་ཡང་གཞན་དུ་གྱུར་པ་ཡིན་ནོ། །དེ་བཞིན་དུ་ཐ་དད་པ་སྣང་བ་ཡང་རྣམ་པར་རྟོག་པ་དང་
ཉམས་སུ་མྱོང་བ་དག་ལ་རང་བཞིན་ཐ་དད་པར་རྟོགས་པ་ཁོ་ནའོ། །རྣམ་པར་རྟོག་པ་ལ་སྣང་བའི་བ་ལང་གང་ཡིན་པ་ནི། རང་གི་ངོ་བོ་བཞིན་དུ་ཐ་དད་པ་ཡང་མི་གསལ་བ་ཡིན་ཏེ་དེ་ནི་རང་གི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་རོ། །ཉམས་སུ་མྱོང་བ་ལ་ནི་རང་གི་ངོ་བོ་
བཞིན་དུ་གསལ་བ་ཁོ་ན་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་དག་གསལ་བ་དང་མི་གསལ་བ་དག་ལས་སྣང་བ་ཐ་དད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཐག་རིང་པོས་བསྐལ་པ་མ་ཡིན་པར་རྟོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐག་རིང་པོ་ནས་ཉམས་སུ་མྱོང་བའི་མི་གསལ་བ་
ཉིད་ནི་རྣམ་པར་རྟོག་པའི་སྣང་བ་དང་མི་མཐུན་པ་ཉིད་ཡིན་ཏེ། གང་གིས་དེར་ནི་མཐོང་བ་ཉིད་རྟོགས་པ་ཡིན་ལ། རྣམ་པར་རྟོག་པ་ནི་མ་ཡིན་པའོ། །དེས་ན་འདིར་སྔོན་པོ་རྟོགས་པ་ན་འདི་ནི་སྔོན་པོ་ཉིད་ཅེས་ཐ་དད་པར་རྟོགས་པའི་སྔོན་པོ་ཉིད་ཀྱང་གསལ་བར་

སྣང་བ་མ་ཡིན་ཏེ། དེ་ཉིད་དུ་ཐ་དད་པའི་དངོས་པོ་གཞན་ཡིན་ནོ། །འདི་དག་གི་ཐ་དད་པ་ནི་མི་གསལ་བ་ཁོ་ནའོ་ཞེ་ན། དངོས་པོ་ནི་མི་གསལ་བ་ཞེས་བྱ་བར་མི་སྲིད་དོ། །ཐག་རིང་པོ་ནས་མི་གསལ་བ་ཉིད་ཀྱི་རང་བཞིན་ནི་བསྟན་ཟིན་ཏོ། །གསལ་བའི་
དངོས་པོ་ལ་མི་གསལ་བའི་ཐ་དད་པ་ཞེས་བྱ་བ་གང་ཞིག་ཡིན། ཐ་དད་པ་ནི་གཉིས་ཀྱི་རང་གི་ངོ་བོ་མཐར་ཐུག་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་སྔོན་པོའི་བདག་ཉིད་ཁོ་ན་ལ། སེར་པོ་ལ་སོགས་པ་འགའ་ཞིག་ལས་ཐ་དད་པར་རང་བཞིན་གཞན་དང་མ་འདྲེས་པའི་རང་
གི་ངོ་བོ་དང་ལྡན་པ་འགའ་ཞིག་གསལ་བ་ཡིན་ཏེ། དེས་ན་ཐ་དད་པར་རྟོགས་པ་ཉམས་སུ་མྱོང་བ་མ་ཡིན་ནོ། །རྗེས་སུ་འགྲོ་བ་ཡང་ཉམས་སུ་མྱོང་བ་མ་ཡིན་པ་ཉིད་དོ། །ཁྲ་བོ་དང་སེར་སྐྱ་དག་བདག་ཉིད་ཐམས་ཅད་ཀྱིས་རང་གི་བདག་ཉིད་དང་རང་གི་ཡུལ་
ལས་གཞན་པའི་བདག་ཉིད་དང་། ཡུལ་དག་ན་སྣང་བ་མེད་པའི་ཕྱིར་རོ། །གསལ་བ་ནི་མི་གསལ་བའི་རྣམ་པས་རྗེས་སུ་འགྲོ་བ་མ་ཡིན་ནོ། །གལ་ཏེ་རང་གི་བདག་ཉིད་དང་རང་གི་ཡུལ་ལས་གཞན་དུ་སྣང་བ་ཡོད་པ་ཡིན་ལ། ཁྲ་བོ་ནི་མ་ཡིན་གྱི་འོན་ཀྱང་
དེ་ལ་ཡོད་པའི་བ་ལང་ཉིད་དོ། །འདི་ལྟར་ཁྲ་བོ་བ་ལང་ཡིན་ལ། སེར་སྐྱ་བ་ལང་ཉིད་དུ་སྣང་བ་ཡིན་ཏེ། བ་ལང་མ་ཡིན་ན་མ་ཧེ་ལ་སོགས་པའི་རང་བཞིན་དུ་སྣང་བར་ཐལ་བར་འགྱུར་རོ། །དེའི་ཕྱིར་གཅིག་ལ་ཡོད་པ་གང་ཡིན་པ་དེ་གཞན་ན་ཡང་ཡོད་པའི་ཕྱིར་
ཇི་ལྟར་རང་བཞིན་རྗེས་སུ་འགྲོ་བ་མེད་ཅེ་ན། འདི་ལ་བརྗོད་པ། བདེན་ཏེ། མ་ཧེ་ལ་སོགས་པ་དང་མི་འདྲ་བའི་རང་བཞིན་དུ་ཁྲ་བོ་དང་སེར་སྐྱ་སྣང་བ་ཡིན་མོད་ཀྱི་ཁྲ་བོ་ལ་ཡོད་པ་གང་ཡིན་པ་དེ་ཉིད་སེར་སྐྱ་ལ་ཡང་ཡོད་པ་ནི་མ་ཡིན་ཏེ། ཡུལ་ལ་སོགས་པ་ཐ་དད་
པའི་ཕྱིར་དེས་ན་བ་ལང་མ་ཡིན་ན། གཉི་ག་ཡང་བ་ལང་མ་ཡིན་པ་ལས་ལྡོག་པར་མི་རུང་བའི་ཕྱིར་རོ། །ཁྲ་བོ་བ་ལང་ཡིན་པ་ན། སེར་སྐྱ་ཡང་བ་ལང་ཉིད་ཡིན་པ་དེ་ལྟ་ན་ཡང་གཅིག་ལ་ཡོད་པའི་བ་ལང་ཉིད་གང་ཡིན་པ་དེས་ནི་གཞན་ལ་ཡོད་པ་མ་ཡིན་ཏེ།

ལྷན་ཅིག་སྐྱེ་བ་ལ་སོགས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཁྲ་བོ་ལ་སོགས་བ་ལང་གི་གསལ་བ་དག་ནི་བ་ལང་ཁོ་ན་སྟེ། བ་ལང་ཉིད་མ་ཡིན་ན། མ་ཧེ་ལ་སོགས་པ་བཞིན་བ་ལང་མ་ཡིན་པ་ལས་ལྡོག་པ་མི་རུང་བའི་ཕྱིར་རོ། །འོན་ཀྱང་གཅིག་གི་བ་ལང་ཉིད་གང་
ཡིན་པ་དེ་ནི་གཞན་ལ་མེད་པས་ན་རྗེས་སུ་འགྲོ་བ་མེད་ཀྱང་བ་ལང་ཉིད་དུ་སྣང་བར་གྲུབ་པོ། །འགྲེལ་པ་ནི་གསལ་བ་འདི་དག་ནི་ཞེས་བྱ་བ་ལ་སོགས་པའོ། །ཕན་ཚུན་རྗེས་སུ་མི་འཇུག་པའི་ཕྱིར་ཐ་དད་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །རྗེས་འགྲོ་གཞན་ཡང་ཞེས་
བཤད་པའི་ཕྱིར་དེ་རྣམས་ལ་ཞེས་སྨོས་སོ། །གང་ལ་ལྟོས་ནས་གཞན་ཡིན་པ་དེ་བསྟན་པ་ནི། དེ་རྣམས་ལས་ཞེས་བྱ་བའོ། །ཐ་དད་པ་ཞེས་བྱ་བ་ནི་དོན་གཞན་དུ་གྱུར་པའོ། །དེ་ལྟར་ཞེས་བྱ་བ་ནི་ཐ་དད་པ་ཉིད་དུའོ། །དེ་ལྟ་ན་ཡང་ཐ་དད་པ་མ་མཐོང་བས་
མེད་པར་བརྗོད་པ་ཡིན་ནོ། །གང་གི་མཐོང་བ་ལ་རྟོགས་པའི་འདུ་བྱེད་ཡོད་པ་དེ་མེད་པར་འགྲུབ་པ་ཡིན་ཏེ། བུམ་པ་ལ་སོགས་པ་ལྟ་བུ་མཐོང་བ་ནི་དམིགས་པ་ག་ལ་བརྟན་པར་གྱུར་པ་དེ་ལ་རྣམ་པར་འཇིག་པའི་ཡན་ལག་ཡིན་ན། དེ་ལྟར་བལྟར་མི་རུང་བའི་སྤྱི་ནི་
ངེས་པར་ནུས་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ཉིད་ངེས་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེ་ན། བརྗོད་པ་སྣང་བ་རང་གི་ངང་གིས་ཇི་ལྟར་མི་རྟོགས་པ་དེ་ལྟར་རྟོགས་པ་མ་ཡིན་ཡང་འདི་ནི་འདི་ལྟར་ཡིན་ནོ་ཞེས་ངེས་པར་བརྟག་པར་ནུས་པ་ཡིན་ནོ། །དཔེར་ན་རྣམ་པར་རྟོག་པའི་མྱོང་བར་
བྱ་བའི་རང་བཞིན་སྣང་བ་ཉིད་དུ་རྟོགས་པ་ཡིན་ཡང་མྱོང་བར་བྱ་བའི་རང་བཞིན་དུ་ངེས་པར་བརྟག་པར་ནུས་པས་ཡོངས་སུ་རྟོགས་པར་བྱེད་པས་སྣང་བ་དང་མི་མཐུན་པར་འཇོག་པ་བཞིན་ནོ། །དེ་བཞིན་དུ་བ་ལང་ལ་སོགས་པ་སྣང་བ་ཡང་གལ་ཏེ་ཐ་མི་དད་པའི་རྣམ་པར་སྣང་
བ་རྟོགས་པའི་མཐར་ཐུག་པར་འགྱུར་བ་དེ་ལྟ་ན་ཡང་ངེས་པར་བརྟག་པར་ནུས་པ་ཐ་དད་པ་དང་རྗེས་སུ་འགྲོ་བའི་ངོ་བོས་སྟོང་པ་ཉིད་རྣམ་པར་འཇོག་པ་ཡིན་ནོ། །དེ་ལྟར་རྣམ་པར་གནས་པ་ཡང་མངོན་སུམ་གྱི་སྣང་བ་ལ་བརྟེན་ནས་རྣམ་པར་གཞག་པར་འགྱུར་བའི་

ཕྱིར་ན། འདིར་མངོན་སུམ་ཉིད་ཚད་མར་བྱས་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་སྣང་བ་དང་རྣམ་པར་བརྟག་པ་དག་སྣང་བ་ཐ་དད་པ་ཡང་མངོན་སུམ་ཉིད་ཀྱིས་རྣམ་པར་གཞག་པར་འགྱུར་བ་ཡིན་ནོ། །གང་དུ་རང་གི་ངང་གིས་འདུ་བྱེད་པ་ཅན་གྱི་མངོན་སུམ་དེར་ཡང་དེ་ལྟ་
བུའི་ཡུལ་སྣང་བ་ཙམ་ལས་འདིའི་བྱེད་པ་གཞན་ནི་འགའ་ཡང་མེད་དོ། །འོན་ཀྱང་དེ་ལྟར་སྣང་ན་ཡང་ཇི་ལྟར་དེའི་རང་བཞིན་ཤེས་པར་ནུས་པ་དེ་ལྟར་འདུ་བྱེད་པ་རབ་ཏུ་ཆགས་པ་འབད་པ་ལ་མི་ལྟོས་པ་ཙམ་དུ་ཟད་དོ། །ཇི་ལྟར་ནུས་པ་མ་ཡིན་པའི་ཕྱིར་འདུ་བྱེད་པ་མེད་པ་
དེ་ལྟར་ངེས་པར་བརྟག་པར་ནུས་པ་ལ་ནི་དེ་སྔོན་དུ་འགྲོ་བ་ཅན་གྱི་རྟོགས་པ་དེ་ཉིད་ལས་ཡིན་ཏེ། ཇི་སྐད་བཤད་པ་བཞིན་ནོ། །ཇི་ལྟར་ངེས་པར་བརྟག་པར་མི་ནུས་པར་དེ་ལྟར་རྟོགས་པ་ནི། དེའི་རྩ་བ་ཅན་མ་ཡིན་པ་ཁོ་ན་སྟེ། སྐད་ཅིག་མའི་རང་བཞིན་ནི་སྣང་བ་མ་ཡིན་ལ། སྣང་
བ་ཉིད་ལས་ངེས་པར་བརྟག་པར་ནུས་པ་མ་ཡིན་པའི་སྣང་བ་ལ་བརྟེན་ནས་རྣམ་པར་གནས་པ་མ་ཡིན་པས་རྟགས་ཉིད་ཀྱི་རྣམ་པར་གཞག་པ་ཡིན་ནོ། །དེའི་ཕྱིར་མེད་པ་ལ་སོགས་པ་ནི་ཡོངས་སུ་རྟོགས་པར་བྱེད་པ་རྣམས་ཀྱི་མངོན་སུམ་ཡིན་གྱི། ཐ་སྙད་པ་རྣམས་ཀྱི་
ནི་མ་ཡིན་ནོ། །གང་ལས་འདི་མི་སྣང་ཡང་མེད་པར་མི་འགྱུར་བ་འདི་ནི་མི་སྣང་བར་ཁས་བླངས་པར་ནུས་པ་ནི་མ་ཡིན་ནོ་ཞེས་བཤད་པ་ནི། མི་སྣང་ན་ཞེས་བྱ་བའོ། །འདི་ལ་ཇི་ལྟར་རང་གིས་སྐྱེ་བའི་རྣམ་པར་ཤེས་པ་ལ་མིག་ལ་སོགས་པ་བཞིན་དུ། དེ་ལྟ་བུར་
གྱུར་པ་ཉིད་ཁྱད་པར་ཁོ་ནར་རྟོགས་པའམ། རྗེས་སུ་དཔག་པ་ཡང་དེར་འགྱུར་བ་གང་ཡིན་པ་སྤྱི་ཐ་དད་པ་ཡང་དོན་དང་འབྲེལ་པ་ཙམ་གྱི་རང་བཞིན་ནི་མ་ཡིན་ནོ། །དེས་ན་རང་བཞིན་ཐ་དད་པ་ཡིན་ཡང་རང་གི་རྟེན་ཐ་མི་དད་པར་གསལ་བ་ཡིན་ནོ། །འདི་བ་ལང་ཞེས་གཞི་མཐུན་
པར་རྟོགས་པའི་ཕྱིར་རོ། །དེས་ན་གསལ་བ་གཞན་ལ་ཡང་རང་བཞིན་དེ་ཉིད་རྟོགས་པ་ཡིན་པའི་ཕྱིར་དེར་ཡང་དེ་ཁོ་ན་བཞིན་རྟོགས་པས་ན་ཐ་མི་དད་པར་རྟོགས་པ་ཡིན་ནོ། །དེས་ན་འདི་ནི་དེ་ལྟར་བདག་ཉིད་དུ་གཞན་འཛིན་པའམ་ཐ་སྙད་འདོགས་པར་བྱེད་པ་ཡིན་ནོ། །

རྣམ་པ་དེ་ལྟ་བུ་ནི་མི་སྣང་བར་འགྱུར་བ་མ་ཡིན་ཏེ། དེས་ན་སྣང་བ་ཉིད་དུ་འགྱུར་བ་ལས་དེ་མེད་པའི་ཕྱིར་མེད་པ་ཁོ་ནའོ། །སྤྱི་ཁས་བླངས་ཀྱང་དངོས་པོ་རྣམས་རིགས་མཐུན་པ་དང་། མི་མཐུན་པ་ལས་ལྡོག་པ་བརྗོད་པ་ཡིན་པས་ཉེས་པ་དེའི་སྟོབས་ཀྱིས་ཀྱང་སྤྱི་དངོས་
པོར་གྱུར་པ་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ནི། དེ་དག་དང་འབྲེལ་པ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་གཅིག་པོ་དེ་དང་འབྲེལ་པའི་ཕྱིར་འདི་དང་མཚུངས་པར་འགྱུར་ན་ནི་དེའི་ཚེ་དེ་དག་དང་འབྲེལ་པ་གཅིག་ཡོད་པ་ཡིན་པའི་ཕྱིར་སྤྱིར་འགྱུར་བ་ཞིག་ན། དེ་ལྟར་ཡང་
མ་ཡིན་པས་སྤྱིའི་ངོ་བོ་མ་ཡིན་ཏེ། གྲངས་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་བཟློག་པའི་ཕྱིར་ཕ་རོལ་པོ་དག །གལ་ཏེ་ཞེས་བྱ་བ་ལ་སོགས་པས་གྲངས་ལ་སོགས་པ་དག་ལས་སྤྱི་ཁྱད་པར་དུ་བརྗོད་དོ། །གང་
དུ་ཐ་མི་དད་པའི་བརྗོད་པ་དང་། བློའི་རྒྱུ་ཡིན་པ་མི་བརྗོད་པ་དེས་ན། དེ་དག་དང་འབྲེལ་པ་གཅིག་ཡོད་པ་ཞེས་བྱ་བ་དེར་དེ་དང་ཞེས་བརྗོད་པ་དང་། དེ་དག་ལ་ཞེས་རྣམ་པར་འབྱེད་པ་བསྒྱུར་ཏེ་འབྲེལ་ཏོ། །དེ་དག་དང་འབྲེལ་པ་གཅིག་སྤྱིའི་རང་བཞིན་དུ་
བརྗོད་པ་ན། དེ་ཉིད་དུ་བརྗོད་པ་དང་རྟོགས་པ་འཇུག་པའི་རྒྱུ་མཚན་དུ་རིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་གཞན་གྱི་སྒོ་ནས་གཞན་ལ་ཞེས་བྱ་བའི་ལན་ཡང་རུང་བ་ཡིན་ཏེ། དེ་ལྟ་མ་ཡིན་ན། འདི་མ་བརྩད་བཞིན་དུ་བརྒལ་ཞིང་བརྟག་པར་ཇི་ལྟར་
འགྱུར། རང་གི་མཚན་ཉིད་དེ་དག་ལ་ཤེས་བརྗོད་ཐ་མི་དད་པའི་རྒྱུ་མཚན་གཅིག་པོ་གང་ཡིན་པ་དེ་ནི་སྤྱི་ཡིན་ནོ། །གྲངས་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཏེ། གཉིས་ཉིད་ཀྱི་གྲངས་བརྟེན་པ་ཡིན་ཡང་རིགས་མི་མཐུན་པ་དག་ལ་ཐ་མི་དད་པའི་བརྗོད་པ་དང་རྟོགས་པ་མེད་པའི་ཕྱིར་རོ། །འདི་
ལ་ཇི་ལྟར་ཞེས་གསུངས་ཏེ། དངོས་པོ་ཐ་དད་པ་གཞན་གྱི་སྒོ་ནས་དོན་གཞན་ལ་ཤེས་པ་འཇུག་པ་ཇི་ལྟར་འགྱུར། དེ་སྐད་དྲིས་པ་ན་གཞན་དག་གལ་ཏེ་ལོག་ན་གནས་པའི་སྤྱིའི་ངོ་བོ་ལས་མིག་ལས་གཟུགས་ཤེས་པ་ལྟར་དེ་དག་ལ་དེ་ལྟར་རྟོགས་པ་སྐྱེད་ན་ནི། དེའི་ཚེ་དེ་དག་ལ་རྣམ་པ་དེ་ལྟ་བུའི་རང་

བཞིན་མེད་པའི་ཕྱིར་ན། དམིགས་པ་མེད་པས་འཁྲུལ་པར་ཐལ་ཏེ་རང་གི་ཉེ་བར་ལེན་པའམ་གཞན་ལས་ཀྱང་རུང་ཏེ། རྣམ་པ་དེ་ལྟ་བུར་རྟོགས་པ་ཁྱད་པར་ཅི་ཡོད་སྙམ་དུ་བསམས་ནས། དེ་དང་འབྲེལ་པའི་ཕྱིར་རོ་ཞེས་སྨོས་སོ། །འདི་
སྐད་བརྗོད་པ་ཡིན་ཏེ། གང་གི་ཚེ་ཐ་མི་དད་པའི་དངོས་པོ་འདི་ཐ་དད་པ་དེ་དག་ལ་གནས་པ་དེའི་ཚེ་བདག་ལ་དམིགས་པ་ཐ་མི་དད་པའི་ཤེས་པ་དེ་དག་ལ་འཇུག་པར་བྱེད་པ་ཡིན་ཏེ། དེ་དག་དེ་དང་ཐ་མི་དད་པར་རྟོགས་པའི་ཕྱིར་དེ་དག་ལ་ཐ་མི་དད་པར་རྟོགས་པའི་རྒྱུར་འགྱུར་
བ་ཡིན་ལ་དེ་ལ་དམིགས་པའི་རྟོགས་པས་དེ་དག་ཀྱང་རྟོགས་པ་ཡིན་པ་དེའི་ཚེ་འགལ་བ་འགའ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་ན་འོ་ན་གྲངས་ལ་སོགས་པ་ཡང་རང་བཞིན་དེ་ཉིད་དུ་ཐལ་ལོ་ཞེས་བཤད་པ་ནི། གྲངས་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་
བསམ་པ་མ་རྟོགས་པར་སྔར་བརྗོད་པའི་བསམ་པས་རྩོད་པ་ནི། གལ་ཏེ་སྤྱིའི་བདག་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བའོ། །ཇི་སྐད་བཤད་པ་བཞིན་དུ་འདི་དག་ནི་ཐ་མི་དད་པའི་རྗོད་པ་དང་རྟོགས་པའི་རྒྱུ་མ་ཡིན་པས་ན་གྲངས་ལ་སོགས་པ་ནི་དེའི་རང་བཞིན་མ་ཡིན་པ་
ཉིད་དོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་དེ་བསམ་པ་གང་གིས་བརྗོད་པ་དེ་གསལ་བར་བྱེད་པའི་སྒོ་ནས་དེ་བཟློག་པ་ནི་སྤྱིའི་བདག་ཉིད་འདི་གང་ཡིན་ཞེས་དཔྱོད་པ་མ་ཡིན་ནམ་ཞེས་བྱ་བའོ། །ཤེས་པ་དང་བརྗོད་པ་དང་ཐ་མི་དད་པའི་རྒྱུ་མཚན་གཅིག་ནི་སྤྱི་ཡིན་ནོ་ཞེས་
སྤྱིའི་ལུས་བརྗོད་པ་ཡིན་ཏེ། སྤྱིའི་བདག་ཉིད་མ་ཡིན་པ་གྲངས་ལ་སོགས་པ་ཐལ་བར་མི་འགྱུར་རོ་ཞེས་གང་བརྗོད་པ་ཡིན་ནོ། །དེ་སྤྱིའི་བདག་ཉིད་མ་ཡིན་གྱི་གཞན་དུ་འགྱུར་རོ་ཞེས་བྱ་བ་ཇི་ལྟར་ཞེས་དཔྱོད་པ་ཡིན་ནོ། །དཔྱོད་པ་དེ་ལ་སྐབས་སུ་བབ་པའི་སྤྱི་དང་
འབྲེལ་པ་ཡོད་ན། འབྲེལ་པ་ཅན་གཞན་ལ་ཤེས་པ་འཇུག་སྟེ། དེས་ན་སྤྱི་ཡིན་ནོ་ཞེས་སྤྱིའི་བདག་ཉིད་ཡིན་ནོ། །དེ་ལྟ་ན་ཡང་འབྲེལ་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །སྤྱིའི་བདག་ཉིད་དེ་ལྟ་བུ་ཡིན་པ་དེ་ལ་བཤད་པ། དུ་མ་དང་འབྲེལ་པ་ཅན་དག་ལས་

ཀྱང་སྟེ། རྫས་ནི་ཡན་ལག་དུ་མ་དང་འབྲེལ་པ་གཅིག་དེ་དག་ལ་ཡོད་པ་ཡིན་ལ། གྲངས་ཀྱང་གྲངས་དང་ལྡན་པ་ལ། བྱ་བ་བྱེད་པ་པོ་རྣམས་ལ་ཡིན་པས་གཅིག་དུ་མ་ལས་ཡོད་པའི་མཚན་ཉིད་རྟོགས་པ་ཐ་མི་དད་པའི་རྒྱུ་ཉིད་ཡོད་པས་ན། དེ་དག་ལས་དུ་མ་ལ་ཤེས་
པ་འཇུག་སྟེ། གཏན་ཚིགས་དེའི་ཕྱིར་དུ་མ་དང་འབྲེལ་པ་ཅན་གྱི་རྫས་ལ་སོགས་པ་རྣམས་སྤྱིའི་བདག་ཉིད་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། རང་གི་ཉེ་བར་བསྒྱུར་བའི་སྒོ་ནས་ཤེས་པ་སྐྱེད་པ་ན། ཤེས་པ་འཁྲུལ་པ་མེད་པའི་རྒྱུ་ཉིད་དང་། སྤྱི་ཉིད་དུ་ཡང་འགྱུར་
བ་ཡིན་ནོ། །དེ་དང་འབྲེལ་པས་བྱས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན། གཅིག་པོ་གང་ཡིན་པ་དེ་ཉིད་གཅིག་ཉིད་དུ་རྟོགས་པར་འགྱུར་བའི་ཕྱིར་ན་གསལ་བ་རྣམས་ལ་གཅིག་ཏུ་ཤེས་པའི་རྟེན་དུ་མི་འགྱུར་རོ། །དེས་ན་དེ་དག་ལ་འབྲེལ་པས་ན་དེ་དག་ཉིད་དུ་འཛིན་པར་
བྱེད་པ་ཡིན་པས་སྤྱི་ཉིད་ཡིན་པར་རྣམ་པར་གནས་པ་ན་གྲངས་ལ་སོགས་པ་དང་ཁྱད་པར་ཅི་ཡོད། འདི་ལྟར་དེ་དག་ཀྱང་བདག་ཉིད་གཅིག་དུ་མ་ལ་གནས་པ་ཡིན་ནོ། །དེས་ན་རྫས་དང་གྲངས་དང་ལས་ཀྱང་གཅིག་དུ་མ་དང་འབྲེལ་པ་ཡིན་པས་ན། ཇི་ལྟར་རང་
གི་ཉེ་བར་བསྒྱུར་བས་གསལ་བ་འཛིན་པར་བྱེད་པ་མ་ཡིན། གལ་ཏེ་སྤྱི་བ་ལང་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་དེས་བ་ལང་ངོ་ཞེས་གསལ་བ་འཛིན་པར་བྱེད་པར་འགྱུར་ན། གྲངས་ཀྱང་གཉིས་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རེ་རེ་ལ་ཡང་གཉིས་གཉིས་སོ་ཞེས་
རྟོགས་པ་སྐྱེད་པར་བྱེད་པར་འགྱུར་ལ། དེ་བཞིན་ཡན་ལག་ཅན་ཡང་ཡན་ལག་རྣམས་སུ་ལས་ཡན་ལག་སོ་སོ་ལ་ཡན་ལག་ཅན་ནོ་སྙམ་པ་དང་བྱ་བ་ཡང་ཤིང་ལ་སོགས་པ་ལ་ཚོས་པ་ཚོས་པ་སྙམ་པའི་རྟོགས་པ་སྐྱེད་པར་འགྱུར་རོ། །འོན་ཏེ་ཡང་རྟོགས་པ་སྐྱེད་པའི་
ནུས་པ་འདི་ནི་སྤྱི་ཁོ་ནའི་ཡིན་གྱི། གྲངས་ལ་སོགས་པ་ལ་ནི་ཡོད་པ་མ་ཡིན་ནོ་སྙམ་ན། དེ་ནི་མ་འབྲེལ་ཏེ། དེ་ལྟར་བརྟགས་པ་ལ་དེ་ལྟ་བུའི་རྟོགས་པ་མཐོང་བའི་ཕྱིར་གཅིག་དུ་མ་དང་འབྲེལ་པ་ལ་དེ་ལྟར་རྟོགས་པ་འཇུག་པའི་ཕྱིར་ལ། དེ་ཡང་དེ་ལྟར་མ་ངེས་པར་

བྱས་པ་ཡིན་ཏེ། གལ་ཏེ་གཅིག་དུ་མ་དང་འབྲེལ་པ་འདིར་རང་ལ་བརྟེན་པའི་ཤེས་པ་ཉེ་བར་སྡུད་ན་གྲངས་ལ་སོགས་པས་ཀྱང་སྡུད་པར་འགྱུར་རོ། །གལ་ཏེ་འབྲེལ་ཀྱང་དེ་ཙམ་གྱི་མཐར་ཐུག་པའི་ཕྱིར་དེ་དེ་ལ་བརྟེན་པའི་ཤེས་པ་ཡུལ་གཞན་ལ་ཐོབ་པར་བྱེད་
པ་མ་ཡིན་ན། སྤྱི་ཡང་དེ་ཁོ་ན་བཞིན་དུ་འགྱུར་རོ། །འདི་ལྟར་གལ་ཏེ་ནུས་པ་ལ་ཡང་རྣམ་པ་དེ་ལྟ་བུའི་ཤེས་པ་དམིགས་པ་དང་བཅས་པ་ཉིད་ཡིན་ན། འོ་ན་འདི་དམིགས་པའི་ཆོས་ཉིད་ཡིན་པའི་ཕྱིར་གྲངས་ལ་སོགས་པ་ལ་ཡང་འགྱུར་རོ། །སྔོན་པོ་གཅིག་ལ་སྔོན་པོའོ་
སྙམ་དུ་ཤེས་པ་ནུས་པ་དེ་ལ་བརྟེན་པར་འགྱུར་བའི་ཕྱིར་ཤེས་པར་འགྱུར་བ་གཞན་དག་ལ་ཡང་མི་འགྱུར་བ་ནི་མ་ཡིན་ནོ། །འོན་ཏེ་འདི་དམིགས་པ་དང་བཅས་པ་དང་། མ་འཁྲུལ་བ་མ་ཡིན་ན་ནུས་པ་ལ་ཡང་འགྱུར་རོ། །དེ་བཤད་པ་ནི་དེ་ལྟར་ན་ནི་ཞེས་བྱ་བ་ཡིན་ནོ། །དེ་ལྟར་
ངོ་བོ་འཆོལ་བ་ཡིན་ནོ། །གལ་ཏེ་གཉིས་ཁོ་ན་ལ་གཉིས་སུ་འགྱུར་བ་ཡིན་གྱི། གཅིག་ལ་ནི་མ་ཡིན་པའི་ཕྱིར་ཇི་ལྟར་གཉི་ག་ལ་གཉིས་གཉིས་ཞེས་རྟོགས་པར་འགྱུར། དེས་ན་ཇི་ལྟར་ཤེས་པ་ཐ་མི་དད་པའི་ཡུལ་ཉིད་ཡིན། དེ་བཞིན་དུ་རྫས་ཀྱང་ཡན་ལག་རྣམས་ལ་
ཡན་ལག་རེ་རེ་ལ་ཡན་ལག་ཏུ་འཛིན་པ་འཇུག་པའི་རྒྱུ་མ་ཡིན་ཏེ་སྤྱི་བཞིན་ནོ། །བརྗོད་པ་གཉིས་ཉིད་ལ་གནས་པ་ན། གལ་ཏེ་རེ་རེ་ལ་གནས་པ་མ་ཡིན་ན་ནི་འགའ་ལ་ཡང་གནས་པར་མི་འགྱུར་རོ། །འོན་ཏེ་གནས་ན་ཇི་ལྟར་རེ་རེ་ལ་དེ་ལྟར་མི་རྟོགས་འདི་ལྟར་གལ་ཏེ་གཉིས་རེ་
རེ་ལ་ཡོངས་སུ་རྫོགས་པར་ནི་མི་གནས་པ་དེ་ལྟར་ནི་ཡང་གནས་པ་ཡིན་པའི་ཕྱིར་དེ་ལྟར་རྟོགས་པར་འགྱུར་རོ། །ཆ་མེད་པ་ནི་དུ་མ་ལ་གནས་པ་ན། རེ་རེ་ལ་ཡོངས་སུ་མ་རྫོགས་པར་མི་འགྱུར་ཏེ་ཆ་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་དེ་ལྟར་དེ་ནི་
དམ་པའི་དོན་དུ་མེད། །ཅེས་བྱ་བ་བསྒྲུབས་པ་ན། །གང་གིས་རང་གི་ངོ་བོ་ཡིས། །ཞེས་བྱ་བ་ལ་སོགས་པས་སྤྱི་ཐ་དད་པ་བཀག་པའི་སྒོ་ནས་བློའི་སྣང་བ་སྤྱིའི་ངོ་བོར་བཤད་པ་ལ་བརྟེན་ནས། དེ་ནི་དམ་པའི་དོན་དུ་མེད། །ཅེས་བྱ་བ་བཟློག་པའི་ཕྱིར། གཞན་དག་དེ་ལྟ་

འོ་ན་ཞེས་སྨྲའོ། །ཇི་སྐད་བཤད་པའི་ཚུལ་གྱིས། ཕྱི་རོལ་གྱི་སྤྱི་མེད་ཀྱང་། བློའི་བསམ་པའི་དབང་གིས་སྤྱི་ཁས་བླངས་པས། བློའི་སྣང་བ་ཁོ་ན་སྤྱི་ཡིན་པར་འགྱུར་རོ། །འདི་ལྟར་བློའི་བསམ་པས་སྤྱིར་བསྟན་པ་ན། བདག་ཉིད་ཀྱི་ཐ་མི་དད་པར་སྣང་བ་སྒྲོ་
བཏགས་ནས་འདྲེས་པར་བཤད་པ་ཡིན་ཏེ། དེས་ན་ཐ་མི་དད་པ་འདི་ཉིད་སྤྱི་ཡིན་ནོ། །དེ་ཡང་ཡོད་པ་ཉིད་ཡིན་པས་དེ་ནི་དམ་པའི་དོན་དུ་མེད་ཅེས་བྱ་བ་མི་རིགས་སོ། །དེ་ཇི་ལྟར་ཡོད་ཅེ་ན། སྨྲས་པ་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེ་ན། དེ་བཟློག་པའི་དོན་དུ་མེད་པ་ཉིད་
གཞུང་གཟུགས་པའི་ཕྱིར་དེ་ནི་མ་ཡིན་ནོ་ཞེས་སྨྲས་སོ། །གལ་ཏེ་ཡང་ཤེས་པའི་སྣང་བ་ཐ་མི་དད་པ་ཡིན་པ་དེ་ལྟ་ན་ཡང་། འདི་དག་གི་ཕྱིར་འགྱུར་བ་གང་ཡིན་པ་དེས་དོན་མཚུངས་པར་འགྱུར་བ་ནི་མ་ཡིན་ནོ། །དེས་དེ་དག་རྣམས་མཚུངས་པ་མེད་པར་ནི་དེ་དག་གི་
སྤྱིར་འགྱུར་བ་མ་ཡིན་ནོ། །དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་བློའི་སྣང་བ་ནི་ཤེས་པ་དང་ཐ་དད་པ་མ་ཡིན་ནོ། །ཕྱིའི་དོན་གྱི་དངོས་པོ་ཉིད་ནི་དེ་ལས་ཐ་དད་པ་ཁོ་ན་ཡིན་ནོ་ཞེས་སྟོན་པ་ནི། དོན་གཞན་ཞེས་བྱ་བའོ། །དོན་ཐ་དད་པ་ནི་དོན་གཞན་ཏེ་ཤེས་པ་ལ་ལྟོས་པ་
ཉིད་ཀྱིས་སོ། །དེ་ལྟ་བུར་གྱུར་པ་དེར་འདི་ཇི་ལྟར་འབྲང་བར་འགྱུར་ཏེ་གང་གིས་འདི་དེའི་སྤྱིར་འགྱུར་བ་ཇི་ལྟར་དེ་དང་འདྲེ་བར་འགྱུར། འདི་ཉིད་བཤད་པ་ནི། ཤེས་པའི་ངོ་བོར་ཞེས་བྱ་བའོ། །འདི་ནི་ཤེས་པ་ཡིན་ལ་འདི་དག་ནི་དོན་ཡིན་ནོ་ཞེས་ཐ་དད་པ་བཤད་པ་ཡིན་ནོ། །
ད་ནི་གང་གིས་རང་གི་ངོ་བོ་ཡིས། །ཞེས་བྱ་བ་ལ་སོགས་པའི་གཞུང་དུ་ཤེས་པའི་སྣང་བ་ཇི་ལྟར་སྤྱིའི་རང་བཞིན་དུ་བཤད་པ་དེ་བསྟན་པས་རྩོད་པར་བྱེད་པ་ནི་གལ་ཏེ་དེའི་ངོ་བོ་ཞེས་བྱ་བ་ལ་སོགས་པའོ། །དོན་ཉིད་དུ་ཞེན་པའི་ཕྱིར་དེ་སྐབས་ཀྱི་བློའི་སྣང་བ་ལའོ། །དེ་ལྟར་ཞེས་བྱ་བ་ནི་ཤེས་
པའི་ངོ་བོ་དོན་རྣམས་ཀྱི་ཕྱིར་འཁྲུལ་པས་ཐ་སྙད་འདོགས་སོ་ཞེ་ན། འདི་སྐད་བརྗོད་པ་ཡིན་ཏེ། བ་ལང་ངོ་ཞེས་ཐ་མི་དད་པར་སྣང་བ་ཤེས་པའི་རང་གི་ངོ་བོ་ཡིན་ཡང་དོན་ཉིད་དུ་ངེས་པ་ཡིན་ནོ། །དེས་ན་བ་ལང་ཞེས་བྱ་བའི་རྣམ་པ་འདི་དོན་ཡིན་པར་འགྱུར་ལ། དེ་ཡང་

བློའི་སྣང་བ་ཉིད་ཡིན་པས་དེས་དོན་མཚུངས་པར་བརྗོད་པ་ཡིན་ནོ། །འདིར་དེ་ལ་ཞེས་གསུངས་ཏེ། འདིས་ནི་ཇི་ལྟར་བརྩད་པ་མ་བཀག་པས་བརྟན་པ་ཉིད་དུ་བསྟན་ཏོ། །འོན་ཀྱང་བརྒལ་ཞིང་བརྟག་པ་གཞན་གྱིས། རྩོད་པ་པོས་བསྒྲུབ་པར་བྱ་
བའི་དངོས་པོ་གཞན་འཕངས་པར་བྱས་པ་ཡིན་ནོ། །བློའི་སྣང་བ་དེ་ལ་དེ་ལྟར་དེའི་ངོ་བོར་ཞེན་པའི་རང་བཞིན་གྱི་ཤེས་པ་སྐྱེ་བའི་རྒྱུ་གང་ཞིག་ཡིན་ན། གང་གིས་འདི་དོན་རྣམས་ཀྱི་སྤྱིར་འགྱུར། རྒྱུ་མཚན་མེད་བཞིན་དུ་འཁྲུལ་པ་སྐྱེ་ན་ཡང་ཧ་ཅང་ཐལ་བར་འགྱུར་རོ་ཞེས་
བསྟན་པ་ནི། རྟེན་མེད་པར་ཞེས་བྱ་བའོ། །དེས་ན་དེ་ལྟར་བློའི་སྣང་བ་ཐ་མི་དད་ཀྱང་དེ་དོན་རྣམས་ཀྱི་སྤྱི་མ་ཡིན་ནོ་ཞེས་བསྒྲུབས་པ་ཡིན་ཏེ། དེས་ན་སྤྱི་ཐ་དད་པའི་ཚུལ་འདི་ལ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་བློའི་སྣང་བའི་སྣང་བ་ཐ་མི་དད་པ་ཉིད་
གསལ་བའི་ཕྱིར་མདོ་འདི་ཉིད་སྦྱོར་བར་བྱེད་པ་ནི། རྣམ་པ་གཅིག་ཏུ་ན་ཞེས་བྱ་བའོ། །ཐམས་ཅད་རང་གི་བདག་ཉིད་ལ་ནི་ཐ་དད་པ་མ་ཡིན་ནོ། །གལ་ཏེ་ཤེས་པའི་སྣང་བ་བློ་གཞན་ལ་ཡོད་པ་ཤེས་པའི་སྣང་བ་གཞན་དང་ཐ་མི་དད་པ་ནི་སྤྱི་ཐ་དད་པར་སྨྲ་བའི་ཕྱོགས་སུ་
འགྱུར་རོ། །ཤེས་པ་གཅིག་པ་ཐ་དད་པ་མ་ཡིན་པ་བློའི་སྣང་བའི་བདག་ཉིད་ཀྱི་སྤྱི་ཇི་ལྟར་ཤེས་པ་གཞན་གྱི་ངོ་བོ་ཡིན། དོན་གཞན་ཞེས་བྱ་བས་ནི་ཤེས་པ་གཞན་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བ་ལང་ངོ་ཞེས་ཞེས་བྱ་བ་ཤེས་པའི་སྣང་བ་རྟའི་ཤེས་པའི་རང་
བཞིན་མ་ཡིན་མོད། གཞན་ལ་ཡང་བ་ལང་ངོ་སྙམ་པ་ཉིད་ཀྱི་ཤེས་པ་གཉིས་པའི་ནི་ཡིན་ནོ་ཞེ་ན། དེ་དགག་པའི་ཕྱིར་གསལ་བ་གཞན་ལ་འབྱུང་བའི་ཞེས་སྨྲས་སོ། །བ་ལང་ཉིད་ཅེས་བྱ་བའི་སྤྱི་དང་འབྲེལ