Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 182

Văn bản gốc(Tây Tạng)

Trang 16 / 26 (50.000 ký tự/trang)
་པ་ཅན་བ་ལང་གི་གསལ་བ་གཞན་ལས་གཞན་གང་ཡིན་པ་དེ་
ལས་འབྱུང་བ་བ་ལང་ངོ་སྙམ་པར་ཤེས་པ་གཞན་གྱི་ངོ་བོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ནི་གཞན་གྱི་ངོ་བོ་མ་ཡིན་ནོ། །དེ་ལྟར་རྣམ་པར་ཤེས་པ་ནི་གཉི་ག་ལྟར་ཡང་སྤྱིའི་ངོ་བོར་སྲིད་པ་མ་ཡིན་ནོ་ཞེས་བཤད་པ་བསྡུས་ཏེ་སྟོན་པ་ནི། དེའི་ཕྱིར་ཞེས་བྱ་བ་ཡིན་ནོ། །

དེ་ལྟ་མ་ཡིན་ན་དེ་མེད་པར་ཉེ་བར་བཀོད་པ་འདི་ནི་རྣམ་པར་བརྟགས་པ་ཡིན་ནོ་ཞེས་དོགས་པ་ཡིན་ནོ། །ཤེས་པ་གཞན་ཞེས་བྱ་བ་ནི་བཤད་པ་ཕྱི་མའི་ཕྱོགས་ལ་ཡིན་ལ། གསལ་བ་གཞན་ཞེས་བྱ་བ་ནི་སྔ་མ་ལའོ། །འདི་ལྟར་གང་གི་ཚེ་ཤེས་པ་དེ་སྔ་མའི་རང་བཞིན་གྱིས་
གསལ་བ་ལ་རྗེས་སུ་མི་འགྲོ་བ་དེའི་ཚེ། ཇི་ལྟར་དེའི་གསལ་བའི་རང་བཞིན་དེའི་གསལ་བ་གཞན་ལ་རྗེས་སུ་འབྲང་བར་འགྱུར། དེ་ལྟ་བུ་ཉིད་ཀྱི་ཕྱིར་ན་འདི་ནི་སྤྱི་མ་ཡིན་ནོ། །གལ་ཏེ་སྣང་བཞིན་པའི་ངོ་བོ་ནི་དོན་དུ་འགྱུར་རོ། །དོན་མེད་ན་ནི་ཤེས་པ་ཁོ་ན་སྟེ། དེ་ལྟ་བུའི་
རྣམ་པར་ཤེས་པ་ཡོད་པ་ཉིད་ཀྱིས་དེ་སྣང་བའི་ཕྱིར་རོ། །གནོད་པར་བྱེད་པ་དང་ལྡན་པ་ལས་དེ་མེད་ཀྱང་སྣང་བཞིན་པའི་ངོ་བོ་ལ་མི་གནོད་པའི་ཕྱིར་ཤེས་པའི་ངོ་བོའི་མཐར་ཐུག་པར་འགྱུར་རོ། །ཤེས་པའི་རང་བཞིན་དུ་ཡང་ཡོད་པ་སྲིད་པ་མ་ཡིན་ན་ནི་སྤྱི་སྣང་བ་ཉིད་དུ་མི་
འགྱུར་བའི་ཕྱིར་བསམ་པའི་དབང་གིས་ན། སྤྱི་ཡོད་པར་ནི་རབ་ཏུ་བསྒྲགས། །ཞེས་ཅི་སྟེ་བརྗོད། འདི་ལྟར་སྤྱི་ནི་མི་སྣང་བ་ཡིན་ལ། མི་སྣང་ན་ཡང་བློའི་བསམ་པའི་སྤྱི་གང་ཞིག་ཡིན་ཞེས་དེ་ལྟར་དོགས་ན་དེ་བཤད་པ་ནི། དེ་ཕྱིར་ཞེས་བྱ་བའོ། །འདི་ནི་དོན་
རྣམས་ལ་གཅིག་གི་བདག་ཏུ་འཛིན་པ་མངོན་པར་ཞེན་པ་ལྷག་པར་རློམ་པ་ཡིན་གྱི་གསལ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སྤྱི་འདི་གསལ་བ་ཡིན་ན་ནི་དེའི་རྣམ་པ་ཅན་གྱི་ཤེས་པ་ལ་དེ་དེ་ལྟར་གསལ་བའི་ཕྱིར་ཤེས་པ་ཉིད་སྤྱིའི་བདག་ཉིད་དུ་འགྱུར་བ་
ཡིན་ཏེ། ཟླ་བ་གཉིས་ལ་སོགས་པའི་ངོ་བོ་བཞིན་ནོ། །གང་གི་ཚེ་ཤེས་པ་ཡང་སྤྱིའི་ངོ་བོར་འགལ་བ་དེའི་ཚེ་འདི་ལ་གསལ་བ་ཉིད་མེད་པའི་ཕྱིར་འདི་སྤྱིར་ཞེན་པ་ཙམ་མོ། །དཔེར་ན་རྣམ་པར་རྟོག་པ་དངོས་པོ་རིག་པ་མ་ཡིན་ཡང་དངོས་པོར་ལྷག་པར་ཞེན་པ་ཉིད་དངོས་པོ་རྟོགས་
པའི་རང་བཞིན་དུ་བརྗོད་ཀྱི་དངོས་པོ་གསལ་བའི་ངོ་བོས་ནི་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་རང་གི་མཚན་ཉིད་གཅིག་རྟོགས་པ་ན་བ་ལང་ལ་སོགས་པའི་རྣམ་པ་དེ་ལྟ་བུ་རྟོགས་པ་གང་ཡིན་པ་དེ་ལྟ་བུ་རང་གི་མཚན་ཉིད་གཞན་རྟོགས་ན། དེ་རྣམ་པ་གཅིག་ཏུ་ཞེན་པའི་ཕྱིར་སྤྱིར་

བཤད་དོ། །གལ་ཏེ་ཇི་ལྟར་རགས་པའི་རང་བཞིན་ཉིད་གཅིག་མི་སྲིད་ཀྱང་རྣམ་པར་རིག་པ་ཙམ་ལ་ཤེས་པའི་རང་བཞིན་དུ་མི་འགལ་བ་དེ་བཞིན་དུ་སྤྱིའི་ངོ་བོ་ཕྱི་རོལ་ལ་མི་སྲིད་པ་ཡང་ཕྱིའི་སྨྲ་བ་ལ་རྣམ་པར་ཤེས་པར་འགྱུར་རོ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ།
ཤེས་པ་གཞན་གྱི་བདག་ཉིད་མ་ཡིན་ན་དེ་ལྟ་བུའི་ངོ་བོར་མི་འགྲུབ་པའི་ཕྱིར་ཏེ་ཡང་མི་རུང་བའི་ཕྱིར་ཏེ། གཅིག་ཡོད་ན་གཞན་ངེས་པར་ཉེ་བ་མ་ཡིན་པའི་ཕྱིར་དང་། དེ་མེད་པར་ཡང་དེ་དེའི་རང་བཞིན་དུ་མི་འཐད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྤྱི་ནི་རགས་པའི་རྣམ་པ་བཞིན་དུ་ཀུན་རྫོབ་ཏུ་ཡང་
ཡོད་པ་མ་ཡིན་ནོ། །འོན་ཀྱང་རི་བོང་གི་རྭ་བཞིན་མེད་པ་ཁོ་ནའོ། །དེས་ན་ཤེས་པའི་བདག་ཉིད་དང་། ཐུན་མོང་མ་ཡིན་པ་དང་སྐད་ཅིག་མའི་སྔོན་པོ་ལ་སོགས་པའི་རྣམ་པ་འདི་ཕྱི་རོལ་དང་ཐུན་མོང་པ་ཉིད་དང་སྔོན་མཐོང་བ་ཉིད་དུ་རྟོགས་པ་ནི་ལྷག་པར་ཞེན་པ་ཁོ་ན་ཡིན་གྱི།
རིག་པ་ནི་མ་ཡིན་ཏེ། ཤེས་པའི་བདག་ཉིད་ལ་ཇི་སྐད་བརྗོད་པ་ལས་གཞན་དུ་ནི་མི་འཐད་པའི་ཕྱིར་དང་། དེ་ལྟ་བུའི་རྣམ་པ་མ་ཡིན་པ་དེ་དང་དེ་རིག་པ་ཉིད་མེད་པའི་ཕྱིར་རོ། །འདི་ཉིད་བཤད་པ་ནི། དོན་རྣམས་ནི་ཞེས་བྱ་བའོ། །གཞན་གྱི་ཁས་བླངས་པའམ་ཤེས་པའི་བདག་
ཉིད་ནི་ཐ་དད་པ་སྟེ། ཤེས་པའི་བདག་ཉིད་དངོས་པོར་ཡོད་པའི་གཅིག་པ་ཉིད་མ་གྲུབ་པས་སྤྱིའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དོན་རྣམས་ལ་དེ་ལྟར་སྤྱི་ཉིད་དུ་འཛིན་པ་སྟེ་ལྷག་པར་ཞེན་པའི་རྣམ་པར་རྟོག་པ་ནི་ལོག་པ་ཉིད་ཡིན་ནོ། །སྤྱི་བཞིན་དུ་སྔོན་པོ་ལ་སོགས་པའི་རང་བཞིན་
ལ་ཡང་འདི་ལོག་པའི་རྣམ་པར་རྟོག་པ་ཁོ་ན་མ་ཡིན་ནམ། བདེན་མོད་ཀྱི་འོན་ཀྱང་ཕྱི་རོལ་ཉིད་ཀྱིས་ཡིན་གྱི། སྔོན་པོའི་ངོ་བོས་ནི་མ་ཡིན་ཏེ། དེ་ནི་ཤེས་པའི་བདག་ཉིད་ཀྱིས་རང་རིག་པའི་ཡུལ་ཡིན་པས་ལོག་པ་ཉིད་མ་གྲུབ་པའི་ཕྱིར་རོ། །འདི་ཇི་ལྟར་མི་བདེན་པ་དེ་ལྟར་རྟོག་པ་
ནི་ལོག་པའི་རྣམ་པར་རྟོག་པ་ཡིན་ན་ཤེས་པ་ཉིད་དུ་མི་བདེན་པ་མ་ཡིན་ཏེ་ཕྱི་རོལ་གྱི་དོན་དུ་སྨྲ་བའི་ཕྱི་རོལ་བཞིན་དུ་ཤེས་པ་ཉིད་དུ་ཡང་སྔོན་པོ་འགལ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལྷག་པར་ཞེན་པའི་བདག་ཉིད་ཁོ་ནས་རྣམ་པར་རྟོག་པ་ལོག་པའི་ངོ་བོ་ཡིན་པའི་ཕྱིར་ན་རྣམ་པར་

རྟོག་པ་འཁྲུལ་ཞེས་བྱ་བས་ནི་ཕྱིན་ཅི་ལོག་ཏུ་ལྷག་པར་ཞེན་པ་ཉིད་བརྗོད་པ་ཡིན་ནོ། །གལ་ཏེ་ཡང་མདོའི་འཛིན་པ་ཞེས་བྱ་བ་ཉིད་ཀྱིས་བཤད་པ་དེ་ལྟར་ན་ཡང་དེ་ལྟར་འཛིན་པ་ནི་ལྷག་པར་ཞེན་པའི་རང་བཞིན་ནོ་ཞེས་རྣམ་པར་རྟོག་པ་ནི་འཁྲུལ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་འདིས་བརྗོད་པའི་
ཕྱིར་མཆོག་ཏུ་ལེགས་པ་ཡིན་ནོ། །ད་ནི་དེའི་ངོ་བོར་ཞེན་པའི་ཕྱིར་ཞེས་སྨྲས་པའི་ཕྱོགས་ཁས་ལེན་པས། དེ་ལ་དེ་ལྟར་ཤེས་པ་སྐྱེ་བའི་རྟེན་གང་ཡིན་ཞེས་བྱ་བས་བརྗོད་པར་བྱ་བ་གཞན་ལ་འཕངས་པ་གང་ཡིན་པ་དེ་བསྟན་པའི་ཕྱིར། མིང་དོན་གང་ལྡན་ཞེས་སྨོས་སོ། །འདི་
ལ་ཇི་ལྟར་ཆོས་ཐ་དད་པར་རྣམ་པར་རྟོག་པའི་རྟེན་གཞན་སེལ་བ་ཡིན་པར་སྔར་བཤད་པ་དེ་བཞིན་དུ་ཆོས་རྗེས་སུ་འགྲོ་བར་རྟོགས་པའི་ཡང་ཡིན་པར་འདིས་བརྗོད་པ་ཡིན་ནོ། །དེ་ལ་དངོས་པོ་གང་དང་གང་ལས་ཐ་དད་པ་དེ་དང་ཐ་མི་དད་པར་ཐལ་བ་སེལ་བ་ན་བྱེད་པ་ཐ་དད་པའི་ཡུལ་གྱིས་
རང་བཞིན་ཡང་ཐ་དད་པར་རྣམ་པར་བརྟགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ཏེ། དེས་ན་ཆོས་ཐ་དད་པ་འདིའི་ས་བོན་ལྡོག་པ་ཡིན་ནོ། །དེ་བཞིན་དུ་དེ་ལྟ་བུ་མ་ཡིན་པའི་དངོས་པོ་རྣམས་ལ་སྤྱིར་རྟོགས་པ་ཡང་རྒྱུ་མཚན་མེད་པ་ཅན་མ་ཡིན་ཏེ། ཐ་དད་པ་རྒྱུ་མཚན་ཡིན་པའི་ཕྱིར་
རོ། །འདི་ལྟར་ཁྲ་བོ་ལ་སོགས་པ་བ་ལང་གི་རང་བཞིན་རྣམས་ནི་སོ་སོར་བ་ལང་མ་ཡིན་པ་ལས་ཐ་དད་པ་ཡིན་ནོ། །དེས་ན་ཇི་ལྟར་ཁྲ་བོ་བ་ལང་མ་ཡིན་པ་ལས་ཐ་དད་པ་དེ་བཞིན་དུ། སེར་སྐྱ་ཡང་ཡིན་ཞིང་གསལ་བའི་དབྱེ་བ་གཞན་ཡང་དེ་དང་འདྲའོ། །དེས་ན་འདི་དག་རིགས་མི་
མཐུན་པ་དང་། ཐ་མི་དད་པར་ཐལ་བ་ན་གཅིག་ལ་སྒྲོ་བཏགས་པའི་བ་ལང་མ་ཡིན་པ་གང་ཡིན་པ་དེ་ཉིད་གཞན་དུ་ཡིན་པའི་ཕྱིར་དེ་དང་ཐ་མི་དད་པ་བཟློག་པའི་འབྲས་བུ་ཅན་ཉིད་ཀྱིས་བ་ལང་གི་ཁྱད་པར་མཐའ་དག་ལ་བ་ལང་གི་རྣམ་པར་རྟོག་པ་གཅིག་འཇུག་པ་མི་མཐུན་པ་མེད་དོ། །འདི་དག་
གི་རང་བཞིན་ནི་གཅིག་ཏུ་མི་འཐད་པའི་ཕྱིར་ན། དེ་དག་ལ་རང་བཞིན་རྟོགས་པའི་འབྲས་བུ་ཅན་གྱི་རྣམ་པར་རྟོག་པ་ནི་མི་འཇུག་གོ། །དེ་དག་ལས་ཐ་དད་པའི་རང་བཞིན་ནི་གཅིག་ཡིན་ལ། དེ་ཡང་དེ་རྣམས་ལ་ལོག་པའི་ཤེས་པས་རེ་རེ་ལ་སྒྲོ་བཏགས་པ་ཡིན་ནོ། །ཡང་དག་པའི་

ཤེས་པ་ནི་ཐ་དད་པ་རྣམས་ལ་ཐ་མི་དད་པར་དམིགས་པ་འགལ་གྱི། གཞན་ནི་མ་ཡིན་ཏེ། ལོག་པ་ནི་ཕྱིན་ཅི་ལོག་སྒྲོ་འདོགས་པ་ཉིད་ཀྱིས་ལོག་པ་ཡིན་པའི་ཕྱིར་རོ། །བ་ལང་གི་ཁྱད་པར་མཐའ་དག་ལས་གཞན་པའི་གཅིག་པོ་ཡང་བ་ལང་མ་ཡིན་པ་ཡིན་ལ། གཅིག་པོ་དེ་ནི་
འཁྲུལ་པ་དེས་དེ་ཐམས་ཅད་ལ་སྒྲོ་བཏགས་ཏེ། དེས་ན་འདི་དེ་ལྟར་འཇུག་པ་འཐད་པའི་ཕྱིར་རང་བཞིན་ལ་ཡང་གཅིག་ཏུ་རྟོགས་པའི་འཁྲུལ་པ་འདིར་འགྱུར་བ་གང་ཡིན་པ་དེ་དང་དབྱེ་བར་བྱ་བའི་དོན་དུ་དེ་དག་ལ་གཅིག་ཏུ་རྟོགས་པ་ཞུགས་པ་ལས་བཟློག་པ་ཡང་འཐད་པ་ཡིན་ནོ། །རང་བཞིན་གཅིག་ཏུ་
མ་རྟོགས་པར་ནི་རྣམ་པར་རྟོག་པ་གཅིག་འཇུག་པ་མ་ཡིན་ནོ། །འདི་གཅིག་འཇུག་པར་འགྱུར་བའི་ཕྱིར་སྤྱིར་ནོར་བ་ནི་འཇུག་པའི་མཐུས་བྱས་པ་ཡིན་ནོ། །འཇུག་པ་ཡང་སྒྲོ་འདོགས་ལ་བརྟེན་པ་ཡིན་ལ་དེ་ཡང་ཐ་དད་པ་ལས་ཡིན་པའི་ཕྱིར་རྟོགས་པ་འདི་ནི་ཐ་དད་པའི་ས་བོན་ཅན་ཡིན་ནོ། །གལ་ཏེ་ཐ་དད་པ་ནི་
སྤྱིར་རྣམ་པར་རྟོག་པའི་དམིགས་པ་ཡིན་གྱི་ས་བོན་ནི་མ་ཡིན་པ་མ་ཡིན་ནམ། བདེན་ཏེ། འོན་ཀྱང་དེ་ནི་དེ་ལའང་གཞན་ལས་ལོག་པ་དང་ཞེས་བཤད་པ་ཁྱད་པར་དག་ལས་ཐ་མི་དད་པའི་རང་བཞིན་ཉིད་ཡིན་ནོ། །ལྡོག་པའི་ངོ་བོ་ཉིད་མེད་ཕྱིར། །ཞེས་འཆད་པར་འགྱུར་བ་དངོས་པོ་གཞན་ལྡོག་པ་ཙམ་གང་
ཡིན་པ་དེ་ན་དམིགས་པ་མ་ཡིན་གྱི། འོན་ཀྱང་ས་བོན་ཁོ་ན་ཡིན་ཏེ། ཇི་སྐད་བཤད་པ་ཡིན་ནོ། །དེ་ཉིད་ནི་ས་བོན་དུ་འཐད་པ་ཉིད་དོ་ཞེས་བཤད་པ་ནི་མིང་དོན་གང་ལྡན་ཞེས་བྱ་བ་ཡིན་ནོ། །སྒྲ་ནི་གཞན་སེལ་བའི་ཡུལ་ཅན་ཡིན་ཏེ། དེས་ན་གཞན་སེལ་བ་ཉིད་སྤྱིར་ཤེས་པའི་ས་བོན་ཡིན་ནོ། །རྣམ་པར་རྟོག་
པའི་ཡུལ་ཉིད་སྒྲའི་དོན་ཡིན་པའི་ཕྱིར་རོ། །མིང་ནི་ཕན་ཚུན་ཐ་དད་པའི་དོན་ཅན་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདིར་མིང་དོན་གང་ལྡན་ཞེས་བཤད་པའི་ཕན་ཚུན་ཐ་དད་པ་ངེས་པ་ཉིད་ས་བོན་ཡིན་པར་བརྗོད་པའི་དོན་དུའོ། །འདི་ལྟར་དངོས་པོ་གཞན་ལ་མེད་པ་ཡང་ཐ་དད་པ་ཁོ་ན་ཡིན་ན། དེ་ནི་རྣམ་པར་
རྟོག་པ་དང་རྟོགས་འབྲེལ་འགའ་ཡང་མེད་དོ། །སྒྲོ་འདོགས་རྣམ་པར་གཅད་པའི་མཚན་ཉིད་ཀྱི་ཐ་དད་པ་གང་ཡིན་པ་དེ་ནི་ས་བོན་ཡིན་ནོ་ཞེས་བྱ་བར་རིགས་ཏེ། སྒྲ་ཡང་དེའི་དོན་དུ་ཡིན་པར་སྔར་བསྟན་ཟིན་ཏོ། །དེས་ན་ཐ་དད་པ་དེའི་ས་བོན་ཡིན་ནོ་ཞེས་བརྗོད་པའི་ཆེད་དུ་མིང་དོན་གང་ལྡན་ཞེས་བཤད་པ་

ཡིན་ནོ། །གལ་ཏེ་དེ་དེ་ལ་མེད་པའི་ཕྱིར་ཏེ་སྒྲོ་འདོགས་པར་བྱེད་པར་འཁྲུལ་པ་ཡིན་ལ། དེ་ལྟར་ན་ཡང་དེ་ཟློག་པར་བྱེད་པའི་རྣམ་པར་རྟོག་པ་འཇུག་པའི་ཕྱིར་དེ་ཡང་ས་བོན་ཉིད་དུ་སྲིད་པ་མ་ཡིན་ནམ། བདེན་མོད་ཀྱི་དངོས་ཀྱིས་ས་བོན་གྱི་ངོ་བོ་གང་ཡིན་པ་དེ་ཉིད་བརྗོད་པའི་ཕྱིར་དེ་ལྟར་ཉེ་བར་བཀོད་དོ། །
དེ་ཉིད་ཀྱི་ཕྱིར་རྣམ་པར་འགྲེལ་པ་ཡང་ཕན་ཚུན་ཐ་དད་པ་དེ་ནི་ས་བོན་ཡིན་ནོ་ཞེས་སོ། །དེ་གང་ཡིན་ཞེ་ན། གང་ཞིག་ཤེས་པར་བྱ་བའི་ཕྱིར་ཞེས་སྨོས་སོ། །སྒྲོ་འདོགས་རྣམ་པར་བཅད་པའོ། །ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཇི་ལྟར་ཁྲ་བོ་བུམ་པ་ལས་ཐ་དད་པ་དེ་བཞིན་དུ་སེར་སྐྱ་ལས་ཀྱང་ཡིན་པས་ཁྲ་
བོ་དང་བུམ་པ་དག་བཞིན་དུ་ཁྲ་བོ་དང་སེར་སྐྱ་གཉིས་ཀྱང་ཡིན་ཏེ་ཐ་དད་པའམ་ཐ་མི་དད་པའི་ཆོས་འགའ་ཞིག་གིས་སྟོང་པའི་ཕྱིར་རོ། །དེས་ན་ཁྲ་བོ་བ་ལང་ཉིད་ཡིན་པས་ན་དེ་ལས་གཞན་གང་ཡིན་པ་དེ་བ་ལང་མ་ཡིན་པས་བུམ་པ་བ་ལང་མ་ཡིན་པ་ཉིད་ཡིན་ན། སེར་སྐྱ་ཡང་བ་ལང་མ་ཡིན་པ་ཉིད་དུ་འགྱུར་རོ། །
འོན་ཏེ་ཐ་དད་པ་དེ་ཉིད་མ་ཡིན་པའི་ཡན་ལག་མ་ཡིན་ན་ནི་བུམ་པ་ལ་ཡང་བ་ལང་ཁོ་ནར་འགྱུར་རོ། །དེས་ན་གང་གིས་འདིར་སྤྱིའི་བློར་འགྱུར་བ་ཁྲ་བོ་དང་སེར་སྐྱ་གཉིས་བ་ལང་མ་ཡིན་པ་ལས་ལོག་པའི་ཕྱིར་བ་ལང་མ་ཡིན་པར་སྒྲོ་འདོགས་རྣམ་པར་བཅད་པའི་རྟེན་དུ་ཇི་ལྟར་འགྱུར། དེས་ན་ཕན་ཚུན་ཐ་དད་པ་ནི་
ས་བོན་མ་ཡིན་ཏེ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་ལྟར་དོགས་པ་འདི་བསུ་ནས་ཇི་ལྟར་ཁྲ་བོ་དང་སེར་སྐྱ་གཉིས་བ་ལང་མ་ཡིན་པ་ལས་ལྡོག་པ་གྲུབ་ཀྱི་ཁྲ་བོ་དང་བུམ་པ་གཉིས་ལ་ནི་མ་ཡིན་པ་དེ་བསྟན་པའི་ཕྱིར། བསྒྲུབ་པར་བྱ་བ་ཐ་མི་དད་པ་ཅན་གྱི་ཞེས་སྨོས་སོ། །བཞོ་བ་དང་དགལ་བ་ལ་སོགས་
པ་བསྒྲུབ་པར་བྱ་བ་ཐ་མི་དད་པ་གང་ལ་ཡོད་པ་རྣམས་ནི་བུམ་པ་ལ་སོགས་པ་དེའི་བསྒྲུབ་པར་བྱ་བ་ཅན་མ་ཡིན་པ་དེ་དག་ལས་ཐ་དད་པས་ཏེ་གཞན་ཉིད་དུ་ཤེས་པར་བྱས་ཏེ། སྒྲོ་འདོགས་ཀྱི་སྒོ་ནས་རབ་ཏུ་འབྲེལ་པ་དེ་དག་ཡོངས་སུ་སྤངས་ནས་ཏེ་རྣམ་པར་བཅད་ནས་འཇུག་པར་འགྱུར་བའི་གཏན་ཚིགས་
ཀྱིས་ན་ཐ་དད་པ་གང་ཞིག་ཤེས་པར་བྱ་བའི་ཕྱིར་བརྡ་བྱེད་པ་སྟེ་དེ་ལྟ་བུ་དེ་ཡང་སྒྲོ་འདོགས་པ་རྣམ་པར་བཅད་པ་ཁོ་ན་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ་ཁྲ་བོ་དང་སེར་སྐྱ་གཉིས་རང་བཞིན་གཅིག་དང་ལྡན་པ་མ་ཡིན་པ་དེ་ལྟ་ན་ཡང་གང་ལས་ཐ་དད་ཀྱང་ཐམས་ཅད་ཁྱད་པར་མེད་པར་མི་འགྱུར་བ་དོན་རྣམས་ལ་མི་

འདྲ་བ་ཡོད་པ་ཁོ་ནའོ། །འདི་ལྟར་རང་བཞིན་གཅིག་མེད་ཀྱང་ཇི་ལྟར་ཁྲ་བོ་བཞོ་བ་དང་དགལ་བ་ལ་སོགས་པ་ལ་ནུས་པ་དེ་བཞིན་དུ་ཐ་དད་པའི་རང་བཞིན་གྱི་བུམ་པ་ནི་མ་ཡིན་ལ་སེར་སྐྱ་ནི་ཐ་དད་པའི་རང་བཞིན་ཡང་ནུས་པ་ཡིན་ནོ། །དེས་ན་ཐ་དད་པ་ཞེས་བྱ་བ་ཙམ་གྱིས་ནི་ཐ་དད་པ་རྣམས་ཁྱད་
པར་མེད་པ་མ་ཡིན་ཏེ། འགའ་ཞིག་ཁོ་ན་དོན་བྱ་བ་དེ་བྱེད་པའི་ཕྱིར་དང་། ཐམས་ཅད་དམ་ཚིག་ཉིད་ནི་མ་ཡིན་པའི་ཕྱིར་རོ། །འདི་ཡང་ཁྱད་པར་རྣམས་སོ་སོ་རང་གི་རང་བཞིན་ཁོ་ནས་བྱེད་པ་ཡིན་པའི་ཕྱིར་མི་འདྲ་བ་འདི་ནི་ཁྱད་པར་གྱི་བདག་ཉིད་ཁོ་ནའོ། །དེ་ལས་ཐ་དད་པར་ཁྱད་པར་མེད་ཀྱང་དེ་ནི་མི་འདྲ་བའི་
བདག་ཉིད་ཁོ་ན་སྟེ། ཇི་ལྟར་འདི་རྣམས་ཀྱི་མི་འདྲ་བ་ཡིན་པ་དེ་བཞིན་དུ་འགའ་ཞིག་ཁོ་ནའི་ཡིན་ནོ། །ཕན་ཚུན་མ་འབྲེལ་པ་བ་ལང་གི་ངོ་བོ་ཡིན་གྱི་ཐ་དད་ཀྱང་གཞན་ནི་མ་ཡིན་པས་ཉེས་པ་འགའ་ཡང་མེད་དོ། །འདི་ལྟར་ཤེས་བརྗོད་ཐ་མི་དད་པའི་དངོས་པོ་ཉིད་ཀྱི་ཕྱིར་འདི་དག་ལ་སྤྱི་དགོས་པ་ཡིན་གྱི་རང་གི་ངོ་བོའམ།
རང་གི་ངོ་བོས་བསྒྲུབ་པར་བྱ་བའི་འབྲས་བུ་ལ་ནི་མ་ཡིན་ནོ། །འདི་དག་གི་རང་གི་ངོ་བོ་ནི་སྤྱི་ལ་ལྟོས་པ་འགའ་ཡང་མེད་དེ་དེ་ནི་རང་གི་རྒྱུ་ཁོ་ན་ལས་གྲུབ་པའི་ཕྱིར་རོ། །སྤྱིའི་སྟོབས་ཀྱིས་ནི་དེར་ཤེས་པ་ཐ་མི་དད་པར་འགྱུར་བ་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་དུ་འབྲས་བུ་ཡང་དེའི་རང་གི་ངོ་བོ་ཡོད་པ་ཉིད་ཙམ་ལ་ལྟོས་
པ་ཡིན་གྱི། སྤྱིས་ནི་དེ་ལ་ཅུང་ཟད་ཀྱང་མི་དགོས་ཏེ་ནུས་པ་ཡོད་པ་ཙམ་ཉིད་ལས་འབྱུང་བའི་ཕྱིར་རོ། །དེས་ན་ཐ་དད་ཀྱང་འདི་ལྟ་བུའི་བདག་ཉིད་ཅན་གྱི་རང་བཞིན་མི་འདྲ་བ་ཡོད་པ་དང་མེད་པ་དག་ནི་ཁྱད་པར་འགའ་ཞིག་ཁོ་ནར་གྲུབ་པ་ཡིན་ནོ། །དེས་ན་ལྡོག་པ་ལ་འགལ་བ་མེད་པའི་ཕྱིར་དེ་སྤྱིའི་རྟོགས་པའི་ས་
བོན་དུ་འཐད་པ་ཡིན་ནོ། །དེ་ཉིད་ས་བོན་དུ་གཞུང་གཟུགས་པའི་ཕྱིར་རྣམ་པར་རྟོག་པ་འདི་ནི་དེ་ཁོ་ན་འཛིན་པ་ན་ཞེས་སྨོས་སོ། །འཛིན་པའི་ཚིག་གི་ཚུལ་གྱིས་ནི་འདིའི་ཐ་མི་དད་པའི་རང་བཞིན་ཉིད་བརྗོད་དོ། །དེ་ཁོ་ན་ཞེས་སྤྱི་ལ་སོགས་པ་མི་འཛིན་པའི་བསམ་པས་ཇི་སྐད་བརྗོད་པའི་ཁྱད་པར་གྱི་བདག་
ཉིད་ཁོ་ན་མི་འདྲ་བ་ཡིན་པ་མི་བཟོད་པས་ཡང་ཇི་ལྟར་ན་ཞེས་སྨྲས་སོ། །ཐ་དད་པ་གང་དག་ཡིན་པ་དེ་རྣམས་ཀྱི་འབྲས་བུ་ཐ་མི་དད་པ་ཇི་ལྟར་ཡིན་ཏེ། ཐ་དད་པར་ཁྱད་པར་མེད་པའི་ཕྱིར། ཐ་དད་པ་ཐམས་ཅད་ཐལ་བར་འགྱུར་རོ་སྙམ་དུ་སེམས་པའོ། །དེས་ན་ཁྱད་པར་རྣམས་ལ་རྣམ་པ་དེ་ལྟ་བུའི་

མི་འདྲ་བ་མེད་པའི་ཕྱིར་འགའ་ཞིག་དང་ཐ་དད་པར་ག་ལ་འགྱུར་ཞེས་སྟོན་པ་ནི་གང་གིས་ཞེས་བྱ་བའོ། །དེ་ལ་བཤད་པ་ནི་དངོས་པོ་རྣམས་ཀྱི་ཞེས་བྱ་བའོ། །ཇི་ལྟར་འབྲས་བུ་ཐ་མི་དད། །ཅེས་ཕ་རོལ་པོས་དྲིས་པ་གང་ཡིན་པ་འདི་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ནོ། །འདི་ཉིད་གཞུང་གཟུགས་པའི་ཕྱིར་
བཤད་པ། འདི་ལྟར་གཅིག་གི་རྟོགས་པ་ནི་གཅིག་རྟོགས་ཏེ་སྤྱིའི་ཤེས་པའོ། །དོན་ཤེས་པ་ནི་ཉམས་སུ་མྱོང་བའོ། །སོགས་པའི་སྒྲས་ནི་བ་ལང་ལ་སོགས་པ་རྣམས་ཀྱི་བཞོ་བ་དང་དགལ་བ་ལ་སོགས་པ་སྟེ། འདི་ལྟ་བུའི་བདག་ཉིད་དོན་ཏེ། དགོས་པ་གཅིག་སྒྲུབ་ལ་ཐ་དད་པ་ཡིན་ཡང་ཁ་ཅིག་རང་བཞིན་
གྱིས་ངེས་པ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། དངོས་པོ་ཐམས་ཅད་ཐ་དད་པར་ཁྱད་པར་མེད་ཀྱང་ཁྲ་བོ་ལ་སོགས་པ་ཉིད་བ་ལང་བ་ལང་སྙམ་དུ་སྤྱིར་ཤེས་པ་གཅིག་དང་། དེ་བཞིན་དུ་བ་ལང་གི་རྣམ་པར་སྣང་བའི་མངོན་སུམ་དང་། བཞོ་བ་དང་དགལ་བ་ལ་སོགས་པ་སྐྱེད་པར་བྱེད་པ་ཡིན་གྱི་
ངང་པ་ལ་སོགས་པ་ནི་མ་ཡིན་ནོ། །འདི་ལྟར་དེ་དག་ཉིད་དེ་ལྟ་བུའི་མི་འདྲ་བ་དང་ལྡན་པ་ལ་ནི་སྤྱི་ཉིད་རྒྱུ་མཚན་ཡིན་ནོ། །སྐྱེད་པར་བྱེད་པའི་རང་བཞིན་དུ་རང་གི་རྒྱུ་ལས་སྐྱེས་པ་ཡིན་ལ་རྒྱུ་དེ་དག་ཀྱང་དེ་ལྟ་བུ་སྐྱེད་པར་བྱེད་ནུས་པར་རང་གི་རྒྱུ་ཁོ་ན་ལས་ཡིན་པའི་ཕྱིར་ཐོག་མ་མེད་དོ། །འདི་ལྟར་སྤྱི་ཡོད་ཀྱང་འབྲས་
བུ་སྒྲུབ་པའི་ནུས་པ་ངེས་པ་འདི་ནི་ཁྱད་པར་གྱི་བདག་ཉིད་ཡིན་ནོ། །དེས་ན་འདི་མི་འདོད་པའི་ཁྱད་པར་གཞན་ལ་བརྟེན་པར་ཐལ་གྱི་འདི་བདག་ཉིད་ཀྱི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་ཁས་མ་བླངས་པར་ཡང་བསྒྲུབ་པར་འགྱུར་བ་ཡིན་ནོ། །སྤྱི་དེའི་རྟེན་དུ་འགྱུར་བའི་ཁྱད་པར་རྣམས་ཁོ་ན་ནུས་པ་ཡིན་གྱི་གཞན་
རྣམས་ནི་མ་ཡིན་ནོ་ཞེ་ན། སྤྱི་ཞེས་བྱ་བ་ན་ཐ་མི་དད་པར་ཐ་སྙད་བྱེད་པ་ཡིན་གྱི། ཤེས་པ་ཐ་མི་དད་པ་ལ་སོགས་པ་ལྟར་དེ་དག་གི་ནུས་པ་ཡང་རྒྱུ་མཚན་ལ་བརྟེན་པ་ནི་མ་ཡིན་ནོ། །རང་གི་བདག་ཉིད་ཀྱི་དོན་རྣམས་ཉེ་བར་བསྒྱུར་བར་རྟོགས་པར་བྱེད་པས་ན་རང་གི་རྟེན་ཐ་མི་དད་པའི་ཤེས་པའི་
དམིགས་པར་འགྱུར་བར་བྱེད་པ་ཡིན་ནོ། །ནུས་པ་ནི་སྤྱིའི་རང་བཞིན་མ་ཡིན་ཏེ་དེ་ནི་གསལ་བ་ཁོ་ནའི་ཆོས་ཡིན་པའི་ཕྱིར་རོ། །ཅི་སྟེ་ཡང་རང་བཞིན་ཡིན་པ་དེ་ལྟ་ན་སྤྱི་ཉིད་བྱེད་པ་པོར་འགྱུར་གྱི་གསལ་བ་ནི་མ་ཡིན་ནོ། །འོན་ཏེ་གསལ་བའི་བདག་ཉིད་ཐ་དད་པར་ཁྱད་པར་མེད་ཀྱང་ནུས་པ་མི་འདྲ་བ་

འདི་ཡང་གྲུབ་པ་ཡིན་ན། དེས་ཅི་མེད་ཀྱང་འགྱུར་རོ། །ནུས་པ་འདི་ནི་བ་ལང་གི་ཡིན་གྱི་རྟའི་མ་ཡིན་ལ་བ་ལང་ཡང་ཁྲ་བོ་ལ་སོགས་པ་བ་ལང་ཉིད་དང་ལྡན་པའི་ཕྱིར་ཡིན་ཏེ་དེས་ན་ནུས་པ་མེད་ཀྱང་རྣམ་པ་དེ་ལྟ་བུའི་མི་འདྲ་བ་དང་ལྡན་པ་ལ་ནི་སྤྱི་ཉིད་རྒྱུ་མཚན་ཡིན་ནོ་ཞེ་ན། གལ་ཏེ་སྤྱི་རང་
དང་འབྲེལ་པས་ཁྱད་པར་རྣམས་ཀྱི་བདག་ཉིད་ཁྱད་པར་གཞན་དག་ལས་མི་འདྲ་བར་བྱེད་ན། འོ་ན་ནི་ཁྲ་བོ་ལ་སོགས་པ་རྣམས་ཀྱི་ངང་པ་ལ་སོགས་པ་ལས་མི་མཐུན་པ་ཉིད་ཕན་ཚུན་མི་མཐུན་པ་ཁྱད་པར་གྱི་བདག་ཉིད་དུ་རྗེས་སུ་ཞུགས་པའི་ཕྱིར་སྤྱི་ཐ་དད་པར་རྟོགས་པས་ཆོག་སྟེ། རྣམ་པ་དེ་འདྲ་བའི་མི་འདྲ་
བ་དང་ལྡན་པ་འདི་དག་རང་གི་རྒྱུ་དག་ཁོ་ན་ལས་སྐྱེ་བར་འགྱུར་མོད། །འདི་ལྟར་སྤྱི་དང་འབྲེལ་པས་བྱས་པའི་འདི་དག་གི་མི་མཚུངས་པའི་བདག་ཉིད་གལ་ཏེ་སྤྱི་ཉིད་ཡིན་ན། འོ་ན་ནི་ནང་གི་བདག་ཉིད་ལ་ངང་པ་ལ་སོགས་པ་དང་མི་འདྲ་བ་ཡོད་པའི་ཕྱིར་དེ་ལ་མི་སྲིད་པ་ནི་ནུས་པ་དང་ལྡན་པ་མ་ཡིན་པའི་ཕྱིར་ཇི་ལྟར་
འདི་བ་ལང་རྣམས་ཀྱི་ནུས་པ་ཡིན་ཞེས་བསྟན། གལ་ཏེ་བ་ལང་ཞེས་ཁྱད་པར་ཉིད་དེ་བསྟན་པ་ཡིན་ན། ཁྱད་པར་ཅན་གྱི་བདག་ཉིད་ཐུན་མོང་མ་ཡིན་པས་ན། དེ་དག་རྟ་ཞེས་བརྗོད་པའི་ཁྱད་པར་གཞན་དག་ལ་དེ་དག་ཁྱད་པར་དུ་གྱུར་པ་མེད་པའི་ཕྱིར་ཇི་ལྟར་འདི་དག་ཁོ་ནའི་ནུས་པ་ཡིན་གྱི་གཞན་དག་ནི་མ་
ཡིན། འོན་ཏེ་སྤྱི་ཉིད་ཡིན་ན་ཁྱད་པར་ནུས་པ་མེད་པ་ཁོ་ནའོ། །འོན་ཏེ་ཁྱད་པར་གྱི་བདག་ཉིད་ཐུན་མོང་མ་ཡིན་ཡང་། གཅིག་པོ་དེ་དང་འབྲེལ་པ་ལ་ཁྱད་པར་དུ་འགྱུར་ན། དེ་གཞན་ལ་མེད་པ་དེའི་བདག་ཉིད་རྗེས་སུ་ཞུགས་པས་ཁྱད་པར་ཕན་ཚུན་མཚན་ཉིད་མི་འདྲ་བ་ཁྱད་པར་ཐམས་ཅད་ལ་སྲིད་
པ་མ་ཡིན་པ་གསལ་བ་ཉུང་ཟད་ལ་བརྟེན་པ་ཡིན་པའི་ཕྱིར་དེ་དག་དེ་ལྟར་སྒྲུབ་པར་ནུས་པའི་རང་གི་རྒྱུ་དག་ཁོ་ན་ལ་དེ་ལྟར་སྐྱེ་ལ་རག་མོད། དེ་དག་ལ་སྤྱིས་ཅི་བྱ། དེས་ན་གསལ་བ་རྣམས་སོ་སོའི་བདག་ཉིད་ཁོ་ན་གསལ་བ་གཞན་དག་དང་མི་འདྲ་བ་ཡིན་ནོ་ཞེས་གནས་སོ། །དེ་བཞིན་དུ་རྣམ་པ་མཚུངས་པ་
ཉིད་མ་ཡིན་ཡང་མིག་ལ་སོགས་པ་ཕན་ཚུན་མེད་པའི་རང་བཞིན་རྣམས་ལ་མིག་གི་རྣམ་པར་ཤེས་པ་གཅིག་བྱེད་པ་ཉིད་ཡོད་པ་ཁོ་ན་ཐ་དད་པར་ཁྱད་པར་མེད་ཀྱང་རྣ་བ་ལ་སོགས་པ་ནི་མ་ཡིན་ནོ། །གལ་ཏེ་གཅིག་ཏུ་རྟོགས་པ་ཡང་འདིར་ཅིའི་ཆེད་དུ་བགྲང་ཞེ་ན། དོན་རྣམས་རང་གི་ངོ་བོས་ཀྱང་དེ་ལྟར་འཁྲུལ་

པ་སྐྱེད་པར་གྱུར་པར་བསྟན་པའི་དོན་དུའོ། །མིག་ལ་སོགས་པ་ལ་མི་སྲིད་པར་ལོག་པར་རྟོགས་པ་མེད་པས་ན་དཔེར་བསྟན་ཏོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འགྲེལ་པའོ། །དབང་པོ་དང་ཡུལ་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་སམ། བདག་དང་དབང་པོ་དང་ཡིད་དང་དོན་དང་། དེ་རྣམས་ཕྲད་
པ་ལ་ནི་མཚུངས་པ་ཡོད་པ་མ་ཡིན་ན། བདག་དང་ཞེས་བྱ་བ་ལ་སོགས་པ་ནི་གཞན་དུ་གྲགས་པ་ལ་ལྟོས་པ་ཡིན་ནོ། །དབང་ལ་སོགས་པ་བཞིན་ཞེས་བྱ་བ་བཤད་ནས། གཅིག་རྟོགས་པ་ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཞེས་བྱ་
བས་ནི་སོགས་པའི་སྒྲའི་དོན་བཤད་དོ། །ཁ་ཅིག་ཅེས་བརྗོད་པ་འཆད་པ་ནི། ཐ་དད་པར་ཁྱད་པར་མེད་ཀྱང་ཞེས་བྱ་བའོ། །དཔེར་ན་ཤིང་ཤ་པ་དང་སེང་ལྡེང་ལ་སོགས་པ་རྗེས་སུ་འགྲོ་བ་མེད་ཀྱང་ཚོས་པ་ལ་སོགས་པའི་དོན་བྱ་བ་གཅིག་སྐྱེད་པར་བྱེད་ཀྱི། ཆུ་ལ་སོགས་པ་ནི་མ་ཡིན་པ་
བཞིན་ནོ། །དེ་དག་ཀྱང་ཤིང་ཤ་པ་ལ་སོགས་པ་དང་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་བཤད་པ་ནི་ཐ་དད་པར་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དཔེར་ན་གཟུགས་ལ་སོགས་པ་རྣམ་པར་ཤེས་པའི་རྒྱུ་མཚན་དུ་རྣ་བ་ལ་སོགས་པ་ནི་སྐྱེད་པར་བྱེད་པ་མ་ཡིན་པ་ལྟ་བུའོ། །གཟུགས་ལ་སོགས་
པའི་རྣམ་པར་ཤེས་པ་འབྱུང་བ་ལ་ནི་རྣ་བ་ལ་སོགས་པ་རྣམས་ཀྱི་སྐྱེད་པར་བྱེད་པའི་བྱ་བ་མེད་པ་ཇི་ལྟ་བར་རོ། །ཐ་དད་ཀྱང་མིག་ལ་སོགས་པས་གཟུགས་ཀྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་ཀྱི། རྣ་བ་ལ་སོགས་པས་མ་ཡིན་ནོ། །དཔེར་ན་སྨན་ཁ་ཅིག་ཅེས་བྱ་བ་ནི་དཔེ་གཞན་དགོད་པའོ། །
དཔེར་ན་སྨན་ཁ་ཅིག་ཐ་དད་ཀྱང་ལྷན་ཅིག་པ་ཞེས་བྱ་བ་སྨན་གཞན་དང་ལྷན་ཅིག་པས་སམ། སོ་སོ་ཡིས་ཞེས་བྱ་བ་ཕན་ཚུན་ལྟོས་པ་མེད་པར་རིམས་ལ་སོགས་པ་ཞི་བར་བྱེད་པར་མཐོང་གི་སྤྱིས་ནི་མ་ཡིན་པ་བཞིན་ནོ། །ཤ་རི་བ་དང་ཁ་ར་བ་ལ་སོགས་པ་ནི་ལྷན་ཅིག་པས་ཀྱང་རིམས་སེལ་བར་
བྱེད་ལ། རེ་རེས་ཀྱང་ངོ་། །འདི་དག་སྤྱི་ནི་ཡོད་པ་མ་ཡིན་ནོ། །སྤྱི་མེད་ཀྱང་གཞན་ནི་དེ་ལྟར་འགྱུར་བ་མ་ཡིན་ནོ། །ཡང་ཅིའི་ཕྱིར་དཔེ་གཞན་བསྟན་ཞེ་ན། སྨྲས་པ་མིག་ལ་སོགས་པ་ལ་སྤྱི་སྲིད་པ་ནི་ས་བོན་མེད་པ་ཅན་ཁོ་ནའོ། །འདི་དག་ལ་ནི་སྨན་ཉིད་སྤྱིར་འགྱུར་ཏེ། དེས་ན་དེ་ལྟར་

ཕྱོགས་སྔ་མའི་སྐབས་དབྱེ་བའི་ཕྱིར་འདི་ལྟར་བཀོད་དེ། སྤྱི་གཅིག་དང་ལྡན་པས་འདི་དག་ལ་འབྲས་བུ་གཅིག་ཡོད་པ་མ་ཡིན་པར་བསྟན་པའི་དོན་དུའོ། །ཡང་ན་དཔེར་ཞེས་བྱ་བ་ལ་སོགས་པ་ནི་འགྲེལ་པའོ། །གལ་ཏེ་འདི་སྙམ་དུ་ཞེས་བྱ་བ་འདི་ནི་སྐབས་རྙེད་དེ་རྩོད་པར་བྱེད་པའོ། །
འབྲས་བུ་གཅིག་བྱེད་པ་དེ་ལྟ་བུ་དེ་དག་ལས་གང་ལས་དེའི་འབྲས་བུ་ཡིན་པའི་ཕྱིར་གསལ་བ་རྣམས་ལ་འབྲས་བུ་གཅིག་མི་སྲིད་པ་གང་ཡིན། སྔར་བཤད་པའི་སྐྱོན་དུ་འགྱུར་བ་སྨན་ཉིད་ལ་སོགས་པའི་སྤྱི་ཅུང་ཟད་ཅིག་ཡོད་དོ་ཞེ་ན། དགག་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་སྨོས་སོ། །ཁྱད་པར་
མེད་པའི་ཕྱིར་ཞེས་བརྗོད་པ་ལ། གང་ཞེས་བྱ་བ་ལ་ལྟོས་པ་ན་སྤྱི་ཡིས་མ་ཡིན་ཞེས་བརྗོད་པ་དང་འགྲེལ་པ་སྟོན་པར་བྱེད་པ་ན་འགྲེལ་པ་ལས་སྤྱི་ཞེས་སྨོས་ཏེ། སྤྱིའི་མ་ཡིན་ནོ་ཞེས་བྱ་བ་ཚིག་ལེའུར་བྱས་པ་སྔ་མའི་ཆ་དང་འབྲེལ་པས་སྟོན་པའོ། །འབྲས་བུ་དེ་བྱེད་པ་ཞེས་བྱ་བ་ནི་རིམས་ལ་སོགས་
པ་ཞི་བར་བྱེད་པའི་སྨན་མཐོང་བའི་ཕྱིར་དེ་དག་འབྲས་བུ་དེ་བརྗོད་པ་ཡིན་ནོ། །དེ་ལ་ཁྱད་པར་མེད་པའི་ཕྱིར་སྤྱིས་རིམས་ལ་སོགས་པ་ཞི་བར་མཐོང་བ་ཞེས་བྱ་བ་དང་འབྲེལ་པས་ན། སྤྱིས་འབྲས་བུ་བྱེད་པ་མ་ཡིན་ནོ་ཞེས་བརྗོད་དོ། །ཇི་ལྟར་ཞེ་ན། དེ་དག་ཞིང་སོགས་ཐ་དད་ཀྱང་། །ཁྱད་པར་
མེད་པར་ཐལ་འགྱུར་ཕྱིར། །ཞེས་སྨྲས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་ཞིག་ཡོད་ན་གང་འབྱུང་བ་དེ་ནི་འབྲས་བུ་ཡིན་ནོ། །རིམས་ལ་སོགས་ཞི་བ་ཡང་སྨན་རྣམས་ཡོད་ན་འབྱུང་བའི་ཆོས་ཅན་ཡིན་པ་ན། གལ་ཏེ་ཡང་འདི་གསལ་བ་ཡོད་པ་འབྱུང་བ་ཡིན་ནམ། སྤྱིས་ཡིན་ཞེས་ཁྱད་པར་
དུ་རྗེས་སུ་འགྲོ་ལྡོག་རྟོགས་པ་མེད་པ་དེ་ལྟ་ན་ཡང་རྣམ་པ་གཞན་གྱིས་སྤྱིའི་འབྲས་བུ་ཉིད་བསལ་ནས་དེ་གསལ་བའི་འབྲས་བུ་ཁོ་ནར་ངེས་པར་བྱེད་དོ། །འདི་ལྟར་རྒྱུ་ཁྱད་པར་མེད་ཀྱང་འབྲས་བུ་ཁྱད་པར་དུ་འགྱུར་བ་ན། ཇི་ལྟར་འབྲས་བུ་ཡོད་པ་ན་རྒྱུ་མེད་པ་དེ་བཞིན་དུ། རྗེས་སུ་འགྲོ་བ་དང་
ལྡོག་པའི་རྗེས་སུ་བྱེད་པ་མེད་པ་དེ་ཉིད་ཡིན་ནོ། །སྤྱི་ལ་ནི་ཁྱད་པར་འགའ་ཡང་སྲིད་པ་མ་ཡིན་པ་དེས་ན། དེའི་འབྲས་བུ་ཡིན་ན་སྨན་རྣམས་ཞིང་ལ་སོགས་པ་ཐ་དད་པས་ཐ་དད་པ་ལ། རིམས་ལ་སོགས་པ་ཞི་བ་དེ་ཁྱད་པར་མེད་པར་འགྱུར་རོ། །ཁྱད་པར་ཡང་ཡོད་དེ། ཞིང་འགའ་ཞིག་

ལས་སླེ་ཏྲེས་ལ་སོགས་པ་རྣམས་ནུས་པ་གང་ན་ཉིད་ཀྱིས་མྱུར་དུ་བྱེད་པ་མ་ཡིན་པའི་ཕྱིར་ལ། གཞན་ལས་ནི་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འཆད་པའོ། །འོན་ཏེ་ཞིང་ལ་སོགས་པ་ཐ་དད་པས་སྤྱི་ཁྱད་པར་དུ་མི་འགྱུར་རོ་ཞེས་སྨོས་སོ། །གལ་ཏེ་ཞིང་ཐ་དད་པས་ཀྱང་སྤྱི་
ཁྱད་པར་དུ་འགྱུར་ན་དེར་གསལ་བ་ཐ་དད་པ་རྣམས་ལ་ཐ་དད་པའི་རྒྱུ་མཚན་གྱིས་རྟོགས་པ་ཐ་མི་དད་པར་མི་འགྱུར་ཏེ། དེ་ཐ་དད་པའི་ཕྱིར་རོ། །དེས་ན་རང་གི་ངོ་བོ་ཉམས་པར་ཐལ་བ་ཡིན་ནོ། །སུན་དབྱུང་བ་གཞན་ཡང་བཤད་པ་ནི། བསྟན་པ་ཞེས་བྱ་བའོ། །གང་ཞིག་ཅེས་བྱ་བ་ལྟོས་པ་ན་
སྐབས་སུ་བབ་པའི་སྤྱི་ཉིད་དང་འབྲེལ་པ་ཡིན་ནོ་ཞེས་སྟོན་པ་ནི། སྤྱི་ཞེས་བྱ་བ་ཡིན་ནོ། །གཏན་ཚིགས་དེ་བས་ན་ཕན་འདོགས་མེད་ཕྱིར་ཡང་སྤྱི་ནི་རྟག་པ་ཡིན་པ་དེས་ན་འགྱུར་ཡང་ཕན་འདོགས་པ་མ་ཡིན་ནོ། །དེས་ན་གསལ་བ་རྣམས་བཞིན་དུ་སྤྱི་ཡོད་ན་ཡང་འབྲས་བུ་འབྱུང་བ་ཡིན་ནོ་
ཞེས་ནི་བརྗོད་པར་མི་ནུས་ཏེ། སྤྱི་འབྲས་བུ་མེད་པ་ཉིད་གནོད་པའི་ཕྱིར་རོ། །ཕན་འདོགས་པ་མེད་པ་ཉིད་ནི་གལ་ཏེ་འདི་ཞེས་བྱ་བ་ལ་སོགས་པས་གཞུང་འཛུགས་པར་བྱེད་དོ། །གལ་ཏེ་སྤྱིས་འབྲས་བུ་བྱེད་ན་ལྷན་ཅིག་བྱེད་པ་ལ་མི་ལྟོས་པའི་ཕྱིར་ཅིག་ཅར་ཐམས་ཅད་མངོན་པར་སྒྲུབ་པར་འགྱུར་
རོ། །འདི་ཡང་མངོན་དུ་སྟོན་པར་འགྱུར་རོ། །གལ་ཏེ་སྤྱི་བཞིན་དུ་གསལ་བ་ཡང་སྐད་ཅིག་མ་ཉིད་མ་ཡིན་པས་ན། འགའ་ལ་ཡང་ཕན་འདོགས་པ་མེད་པའི་ཕྱིར། དེ་ལྟར་སྤྱི་ལ་བཏོན་པས་ཁྱད་པར་དུ་འཕགས་པ་ཞིག་བརྗོད་ཅེ་ན། ཇི་ལྟར་ཁྱད་པར་དུ་འཕགས་པ་མེད། འདི་ལྟར་
གསལ་བ་སྐད་ཅིག་མ་མ་ཡིན་པས་ཉེ་བར་མི་སྦྱོར་ན་སྐད་ཅིག་ཉིད་ཀྱིས་ཕན་འདོགས་པར་འགྱུར་རོ། །སྤྱི་ནི་སྐད་ཅིག་མ་ཉིད་མ་ཡིན་ན། རང་གི་ངོ་བོ་ཉིད་མེད་པར་འགྱུར་རོ། །དཔེ་ནི་དེ་ལྟར་སྤྱི་ཁྱད་པར་མེད་པའི་ཕྱིར་དང་ཕན་འདོགས་པ་མེད་པའི་ཕྱིར་འབྲས་བུའི་ཁྱད་པར་གྱི་རྒྱུ་མ་ཡིན་
ནོ་ཞེས་བསྒྲུབས་ནས་གསལ་བ་ཁྱད་པར་དང་ལྡན་པ་ཡིན་པའི་ཕྱིར་དེའི་ཁྱད་པར་གྱི་རྗེས་སུ་བྱེད་པ་ཉིད་དུ་བསྟན་པའི་ཕྱིར། གསལ་བ་དུས་དང་ཡུལ་ཞེས་བྱ་བའོ། །རྒྱུའི་ཁྱད་པར་ལས་ཁྱད་པར་སྒྲུབ་པས་འབྲས་བུའི་ཁྱད་པར་བྱེད་པར་འགྱུར་རོ། །འདི་ཡང་སྐད་ཅིག་མ་ཉིད་དུ་ཡང་མདུན་

ནས་སྟོན་པར་འགྱུར་རོ། །དེས་ན་དེ་ལྟར། དཔེར་ན་སྨན་ཁ་ཅིག་ཅེས་བྱ་བ་ལ་སོགས་པ་གཅིག་རྟོགས་དོན་ཤེས་ལ་སོགས་པ། །ཞེས་བྱ་བ་གཞུང་འཛུགས་པ་བརྗོད་ནས། གཅིག་རྟོགས་ཞེས་བྱ་བ་ལ་སོགས་པ་གྲུབ་པར་སྟོན་པ་ནི་དེ་བཞིན་དུ་ཞེས་བྱ་བ་ཡིན་ནོ། །
དེས་ན་དེ་དག་དེའི་འབྲས་བུ་ཅན་མ་ཡིན་པ་དག་ལས་ཀྱང་ཁྱད་པར་མེད་པར་ཐ་དད་པར་གྲུབ་པོ་ཞེས་སྟོན་པ་ནི། དེ་དག་བྱེད་པ་ན་དེ་མི་བྱེད་པ་ཅན་དག་ལས་ཐ་དད་པའི་ཕྱིར་ཐ་མི་དད་པ་ཞེས་བྱ་བའོ། །དེ་རྒྱུ་ཅན་མ་ཡིན་པ་དག་ལས་ཀྱང་ཐ་དད་པའི་ཕྱིར་དེ་དག་ཐ་མི་དད་པར་བཤད་པ་ནི། གཅིག་
གི་ཞེས་བྱ་བའོ། །དེ་དེ་ལྟར་བསམ་པ་ལ་ལྟོས་ན་སྤྱི་ཁས་བླངས་པ་དང་། རྣམ་པར་རྟོག་པ་དངོས་པོའི་ཡུལ་ཅན་མ་ཡིན་པ་དང་། སྤྱི་ཞེས་བྱ་བ་འགའ་ཡང་མེད་དོ་ཞེས་གནས་པ་ན། ཇི་ལྟར་རྣམ་པར་རྟོག་པ་དངོས་པོའི་ཡུལ་ཅན་མ་ཡིན་པ་དག་གིས་ཀྱང་བློ་ལ་ལྟོས་པའི་སྤྱི་ལ་དོན་རྣམ་པར་
གནས་པ་འགྲུབ་པ་དེ་བསྟན་པའི་ཕྱིར་རྩོད་པ་སློང་བར་བྱེད་པ་ནི་ཡང་ཅི་ཞེས་བྱ་བའོ། །གཉི་ག་ལྟར་ཡང་ཉེས་པ་ཅི་ཡོད་ཅེས་རྩོད་པར་བྱེད་པ་ལ་འདྲི་བ་ནི། དེ་ལ་ཅིར་འགྱུར་ཞེས་བྱ་བའོ། །རང་གི་མཚན་ཉིད་རྣམ་པར་རྟོག་པའི་ཡུལ་དུ་མི་སྲིད་པའི་ཕྱིར། གཞན་སེལ་བའི་མཚན་ཉིད་ཀྱི་
སྤྱི་རང་གི་མཚན་ཉིད་ཕྱི་རོལ་གྱི་དངོས་པོ་མཚུངས་པ་ཞེས་བྱ་བར་རྟོགས་པ་ཡིན་ནོ། །ཡང་ན་གཞན་ཕྱི་རོལ་གྱི་དངོས་པོ་མ་ཡིན་པས་ཇི་ལྟར་དོན་བྱེད། འདི་སྐད་བརྗོད་པ་ཡིན་ཏེ་རྣམ་པར་རྟོག་པ་རྣམས་དངོས་པོའི་ཡུལ་ཅན་མ་ཡིན་པའི་ཕྱིར་གལ་ཏེ་འདི་ལྟ་བུའི་བདག་ཉིད་ཀྱི་སྤྱིས་རང་གི་མཚན་
ཉིད་མཚུངས་སོ་ཞེས་རྟོགས་པར་བྱ་བ་མ་ཡིན་གྱི་འོན་ཀྱང་དངོས་པོའི་རང་བཞིན་གཞན་ཁོ་ན་ཡིན་ནོ། །འོ་ན་ཇི་ལྟར་དུ་བས་མེ་རྗེས་སུ་དཔོག་པས་འཇུག་པ་མེས་བསྒྲུབ་པར་བྱ་བ་འཐོབ་པར་འགྱུར། རྣམ་པར་རྟོག་པ་དེ་མེའི་ཡུལ་ཅན་ཡིན་ནོ་ཞེས་མེ་མ་ཡིན་པ་རིག་པས་ཞུགས་པས་
མེས་བསྒྲུབ་པར་བྱ་བའི་དོན་གྲུབ་པ་ནི་མ་ཡིན་ནོ། །དེ་ལྟར་མ་ཡིན་ན། སྨིག་རྒྱུ་ལ་ཆུར་ཤེས་པ་ན་ཡང་ཆུས་བསྒྲུབ་པར་བྱ་བ་འགྲུབ་པར་འགྱུར་རོ། །དེས་ན་རྣམ་པར་རྟོག་པའི་ཡུལ་ལ་དེ་མི་བྱེད་པ་ལས་ཐ་དད་པ་ཡང་རྙེད་པར་དཀའོ། །དེས་ན་ཇི་ལྟར་འདི་དེ་བྱེད་པ་ཉིད་ཀྱི་དེ་མི་བྱེད་པ་དག་

ལས་ཐ་དད་པའི་མཚན་ཉིད་ཀྱི་སྤྱི་མཚུངས་སོ་ཞེས་བྱ་བར་ངེས་པར་བྱ། ཉེས་པ་གཞན་ཡང་བརྗོད་པ་ནི། རང་གི་མཚན་ཉིད་ལ་ཡང་ཞེས་བྱ་བའོ། །མི་རྟག་པ་ཉིད་ཀྱི་བདག་ཉིད་ཀྱི་སྤྱིས་རྣམ་པར་རྟོག་པ་རྣམས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པའི་ཕྱིར་གལ་ཏེ་བྱས་པ་ཉིད་ལས་སྒྲ་མི་རྟག་པར་
རྗེས་སུ་དཔོག་པ་ན། སྒྲ་མི་རྟོགས་ན་ནི་དོན་མི་རྟག་པ་ཉིད་དུ་མི་འགྱུར་རོ། །དེ་བཞིན་དུ་བདག་མེད་པ་ཉིད་ལ་སོགས་པར་རྗེས་སུ་དཔག་པ་གཞན་ཡང་མེད་པར་འགྱུར་རོ། །གཞན་ཡང་རྗེས་སུ་དཔག་པའི་དངོས་པོའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་མི་རྟག་པ་དང་བདག་མེད་པ་ལ་སོགས་པ་
རྗེས་སུ་དཔག་པ་དེ་ལྟ་བུར་གྱུར་པ་དངོས་པོའི་རང་བཞིན་ཡིན་ནོ་ཞེས་གྲུབ་ན། ཆ་མེད་པའི་དོན་མངོན་སུམ་གྱིས་བཟུང་བ་ན་དེ་དག་བཟུང་བར་འགྱུར་བ་ཞིག་ན། རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་མ་ཡིན་ན་ནི་འདི་དག་རྣམ་པར་རྟོག་པའི་སྣང་བ་ཁོ་ན་ཡིན་གྱི། དངོས་པོའི་ངོ་བོ་ནི་མ་ཡིན་
ནོ། །དེ་བཤད་པ་ནི། དེ་དག་ཀྱང་ཞེས་བྱ་བ་སྟེ་མི་རྟག་པ་ཉིད་ལ་སོགས་པ་དག་གོ། །དེ་དག་ནི་དངོས་པོའི་ངོ་བོ་མ་ཡིན་ཏེ། བརྟགས་པའི་བདག་ཉིད་ལ་གནས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ལྷག་པར་ཞེན་པ་ལ་ལྟོས་ནས་དོན་གྱི་ཡུལ་ཅན་དུ་བརྗོད་པ་མ་ཡིན་ནམ་ཞེ་ན་བདེན་མོད་
ཀྱི། འོན་ཀྱང་གལ་ཏེ་མི་རྟག་པ་ཉིད་རིག་པ་མ་ཡིན་པ་ཉིད་ཡིན་ན་དེ་ལྷག་པར་ཞེན་པའི་དབང་གིས། མི་རྟག་པ་ཉིད་ཀྱི་ཡུལ་ཅན་དུ་མི་འཐད་དོ། །རིག་པ་ལས་མ་གཏོགས་པར་ནི་ཡུལ་གྱི་དོན་འགའ་ཡང་མེད་དོ། །དེས་ན་མི་རྟག་པ་ཉིད་མི་ཤེས་པ་བཞིན་དུ་རྣམ་པར་ཤེས་པ་མི་རྟག་
པའི་ཡུལ་ཅན་དུ་འགྱུར་བ་ནི་མ་ཡིན་ནོ། །དེ་སྟེ་མི་རྟག་པ་ཉིད་རིག་པ་ཁོ་ན་ཡིན་ན་ནི་རིག་པ་ཉིད་ཀྱིས་མི་རྟག་པའི་ཡུལ་ཅན་ཡིན་གྱི་ཞེན་པས་ནི་མ་ཡིན་ནོ། །དེས་ན་རྣམ་པར་རྟོག་པ་རྣམས་དངོས་པོའི་ཡུལ་ཅན་མ་ཡིན་པར་ཇི་ལྟར་འགྱུར་ཞེ་ན་འདི་བསལ་བའི་ཕྱིར་ཉེས་པ་དེ་ནི་མེད་དེ་ཞེས་སྨོས་སོ། །
དེ་ལྟར་མཚུངས་སོ་ཞེས་རྟོགས་པར་བྱ་བ་ནི་གཞན་ཡིན་གྱི་རང་གི་མཚན་ཉིད་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། ཤེས་པ་ལ་སྣང་བ་ཞེས་བྱ་བ་ཡིན་ནོ། །གཞི་མཐུན་པ་ལ་སོགས་པ་ཡང་འདི་ཁོ་ནར་ཡིན་ནོ། །རྣམ་པར་ཤེས་པ་དེ་ཇི་ལྟ་བུར་གྱུར་པ་དང་། དོན་ཡང་ཇི་ལྟ་བུར་གྱུར་པ་དང་། དེ་

ལ་སྤྱི་ལ་སོགས་པའི་ཐ་སྙད་ཇི་ལྟར་ཡིན་པ་དེ་སྟོན་ཏེ། ཤེས་པ་སྐྱེ་བ་གང་ཡིན་པ་འདི་ནི་དེ་ལ་ཡོད་པའི་དོན་ཀྱང་རྣམ་པ་གང་ཡིན་པའི་དོན་དེ་དག་མཚུངས་སོ་ཞེས་འཛིན་ཏོ་ཞེས་བྱ་བར་འབྲེལ་ཏོ། །ཤེས་པའི་རང་གི་ངོ་བོ་རྒྱུ་དང་རང་གི་ངོ་བོའི་སྒོ་ནས་སྟོན་པ་ནི། དངོས་པོའི་རང་
གི་ངོ་བོ་འཛིན་པས་ཞེས་བྱ་བའོ། །དེའི་ཡུལ་ཅན་མ་ཡིན་ཡང་དེའི་ཡུལ་ཅན་གྱི་རྒྱུ་མཚན་ནི་དེ་ཉམས་སུ་མྱོང་བ་གཞན་པའི་བག་ཆགས་ལ་བརྟེན་ནས་སྐྱེ་བ་ཡིན་ལ། འབྲས་བུ་ཐ་མི་དད་པའི་དངོས་པོ་ལས་སྐྱེ་བ་ནི་དོན་ཐ་མི་དད་པར་འཛིན་པའི་རྒྱུ་མཚན་ཡིན་ནོ། །གང་གི་ཕྱིར་འདི་ཉམས་སུ་
མྱོང་བའི་དངོས་པོ་ལས་དེའི་འདུ་བྱེད་པའི་དབང་གིས་སྐྱེ་བ་དེའི་ཕྱིར་དངོས་སུ་ནི་དེའི་ཡུལ་ཅན་མ་ཡིན་པ་དེ་ལྟར་ལྷག་པར་ཞེན་པ་ཡིན་ནོ། །དེ་བས་ན་དེའི་ཡུལ་ཅན་མ་ཡིན་ཡང་དེའི་ཡུལ་ཅན་ལྟ་བུ་ཞེས་བྱ་བས་ནི་དེ་མ་ཡིན་པ་ལ་དེར་ལྷག་པར་ཞེན་པ་ཉིད་བརྗོད་པ་ཡིན་ནོ། །དོན་ཐ་མི་དད་པ་འཛིན་པ་
ཞེས་བྱ་བ་འདིར་ཡང་ལྟ་བུའི་སྒྲ་བྱས་པ་ནི་སྤྱི་ལྷག་པར་ཞེན་པའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །དམིགས་པ་མ་ཡིན་ཡང་རང་བཞིན་ཉིད་ཀྱིས་མཚུངས་པར་རྟོགས་པ་དེའི་ས་བོན་ནི་གཞན་ལས་ཐ་དད་པ་ཁོ་ན་ཡིན་ནོ་ཞེས་སྟོན་པ་ནི། དོན་དམ་པར་ཞེས་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ཐ་དད་པ་ནི་དེ་དང་འབྲེལ་
པ་ཡིན་ནོ། །ཤེས་པའི་རང་བཞིན་བརྗོད་ནས་དེ་དང་རྗེས་སུ་མཐུན་པར་དེའི་ཡུལ་ཀྱི་རང་བཞིན་བཤད་པ་ནི། དེ་ལ་ཞེས་སྨོས་སོ། །དོན་དེ་ཉམས་སུ་མྱོང་བའི་བག་ཆགས་ལས་སྐྱེས་པའི་ཕྱིར་འདི་ཕྱི་རོལ་ལྟ་བུ་དང་རྣམ་པ་ཐ་མི་དད་པ་འཛིན་པ་ཉིད་ཀྱིས་གཅིག་པ་ལྟ་བུ་དང་། དེའི་ཡུལ་ཅན་
མ་ཡིན་ཡང་དེའི་ཡུལ་ཅན་ལྟ་བུ་ཉིད་ཀྱིས་ནི་དོན་མི་བྱེད་ཀྱང་དེ་བྱེད་པ་ལྟ་བུའོ། །འདི་ཉིད་གཞུང་གཟུགས་པའི་ཕྱིར། ཐ་སྙད་འདོགས་པ་རྣམས་ཞེས་སྨོས་སོ། །དོན་བྱ་བ་བྱེད་པ་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་དེའི་ཡུལ་ཅན་ལྟ་བུ་ཞེས་བརྗོད་ལ། ལྷག་པར་ཞེན་པ་དེ་ཡང་ཐ་སྙད་འདོགས་པ་
རྣམས་ལ་ཡོད་པ་ཡིན་ཏེ། གལ་ཏེ་མེད་ན་ནི་འཇུག་པ་ཉིད་དུ་མི་འགྱུར་རོ། །འདི་ལྟར་རིག་པར་མ་གྱུར་པའི་དོན་ལ་གལ་ཏེ་དེར་ཞེན་པ་ཡང་མེད་ན་ནི་གཞན་ལས་ཐ་དད་པ་ལ་མི་འཇུག་པ་ཁོ་ནར་འགྱུར་རོ། །རིགས་མི་མཐུན་པ་ཐ་དད་པའི་ཡུལ་ཅན་ཉིད་ཀྱིས་ཀྱང་དེ་མི་བྱེད་པ་དག་

ལས་ཀྱང་ཐ་དད་པ་ལྟ་བུའོ། །གལ་ཏེ་འདིར་ལྡོག་པར་སྣང་བ་མེད་པའི་ཕྱིར་ཇི་ལྟར་ཐ་དད་པ་ལྟ་བུ་ཞེས་བརྗོད་ཅེ་ན། དེ་ནི་དོན་བྱ་བ་བྱེད་པ་ཉིད་དུ་ཞེས་སྨོས་སོ། །དེ་ལྟར་སྣང་བ་ཉིད་དེ་མ་ཡིན་པ་ལས་ཐ་དད་པར་སྣང་བ་ཡིན་ཏེ། ཇི་སྐད་བཤད་ཟིན་པ་བཞིན་ནོ། །རྣམ་པ་དེ་ཉིད་ཀྱང་རྣམ་
པར་རྟོག་པའི་གཟུགས་བརྙན་ཡིན་པའི་ཕྱིར། ཐ་དད་པ་ཞེས་བརྗོད་དོ། །དེ་ཡང་དངོས་པོའི་ངོ་བོ་མ་ཡིན་ནོ་ཞེས་བཤད་པ་ནི། དེ་ཡང་བརྟག་པའི་ཞེས་བྱ་བའོ། །དེ་ནི་སྤྱིའི་ཐ་སྙད་དེ་ལ་བརྟེན་པ་ཉིད་དུ་བཤད་པ་ན་ནི་བློ་ལ་གནས་པའི་དོན་དེ་དག་ནི་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཡང་དོན་རྣམ་པ་
གཅིག་ཉིད་ཀྱི་སྐབས་ཡིན་པ་དེ་ལྟ་ན་ཡང་སྤྱི་ཉིད་གཞན་ལ་ལྟོས་པའི་ཕྱིར་མང་པོའི་ཚིག་ཏུ་བརྗོད་དོ། །དེ་ཞེས་བྱ་བའི་ཐ་དད་པའི་མཚན་ཉིད་སྤྱིས་མཚུངས་སོ་ཞེས་བྱ་བར་འཛིན་ཏོ། །གང་གི་ཕྱིར་འདིར་ལོག་པའི་བདག་ཉིད་དེ་དག་སྣང་བ་ཡིན་ནོ། །རང་གི་མཚན་ཉིད་ནི་མ་ཡིན་ཏེ། ཇི་སྐད་བརྗོད་
པའི་ཤེས་པ་དེ་ལ་མི་སྣང་བ་ཉིད་དོ། །གཞི་མཐུན་པ་ཡང་དེ་ཉིད་ལ་ཡིན་པར་བཤད་པ་ནི། དེ་དག་ཉིད་ཅེས་བྱ་བའོ། །བ་ལང་མ་ཡིན་པ་ལས་ལོག་པར་སྣང་བ་ནི་དཀར་པོ་མ་ཡིན་པ་ལས་ཀྱང་ལོག་པར་སྣང་ངོ་། །དེས་ན་བ་ལང་ཞེས་བྱ་བ་སྣང་བ་གང་ཡིན་པ་དེ་ལ་རྟེན་ཉིད་དུ་དཀར་པོ་
ཞེས་སྣང་བ་ན་དེ་དང་ཐ་མི་དད་པར་སྣང་བ་ཡིན་ཏེ། དེ་ཉིད་དཀར་པོ་ཡིན་པའི་ཕྱིར་རོ། །དེས་ན་རྣམ་པ་འདི་གཉིས་རྣམ་པར་རྟོག་པ་ལ་སོ་སོར་ཐ་དད་པར་སྣང་བ་ཡིན་ཡང་ཕན་ཚུན་འབྲེལ་པས་བྱས་པས་གཅིག་ཏུ་སྣང་བ་འདི་ཉིད་གཞི་མཐུན་པ་ཡིན་གྱི། གང་གིས་འདི་གཉིས་གཞི་མཚུངས་
པ་ཡིན་པའི་ཕྱིར་གཞི་མཐུན་པར་འགྱུར་བ་ཆོས་ཅན་གསུམ་པ་ནི་འདིར་ཡང་སྣང་བ་མེད་དོ། །བ་ལང་ངོ་སྙམ་པ་འདི་ཉིད་དུས་ཅན་རྟོགས་པ་ཡིན་ལ་དེ་ཉིད་ཀྱང་དཀར་པོའི་བདག་ཉིད་དུ་གྱུར་པ་ཡིན་ནོ། །འདི་ལ་ཇི་ལྟར་ཤེས་དང་ཐ་དད་མ་ཡིན་པ་ཞེས་བྱ་བའི་ཚུལ་འདིས་བློའི་དོན་རྣམས་
ལོག་པའི་རྣམ་པར་རྟོག་པ་ལས་བྱུང་བའི་བདག་ཉིད་དུ་བཤད་པ་དེ་བཞིན་དུ། ཐ་དད་པ་རྣམས་འབྲེལ་པར་རྟོགས་པ་ཡང་མ་གྲུབ་པའི་ཕྱིར་གཞི་མཐུན་གཅིག་པ་ཉིད་ཀྱང་ལྷག་པར་ཞེན་པ་ཙམ་གྱི་རང་བཞིན་ལོག་པའི་དོན་ཁོ་ན་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་ཉིད་ཀྱི་

མེད་ཀྱང་ཞེས་སྨོས་སོ། །དོན་དེ་རྣམས་བདག་ཉིད་ཀྱིས་མེད་ཀྱང་ལྷག་པར་ཞེན་པའི་རང་བཞིན་གྱི་བློས་སྤྱི་དང་གཞི་མཐུན་པའི་རང་བཞིན་དེ་ལྟར་སྟོན་པའི་ཕྱིར་ཐ་སྙད་འདི་ནི་དེ་ཁོ་ན་མ་ཡིན་ནོ། །དེས་ནི་དེ་ལྟར་མཚུངས་པ་ཉིད་དུ་རྟོགས་པར་བྱ་བ་གང་ཡིན་པ་དེ་བསྟན་
ནས། ཡང་ན་ནི་གཞན་གྱིས་ཇི་ལྟར་དོན་བྱེད་ཅེས་དངོས་པོ་མེད་པའི་ཡུལ་ཅན་ཉིད་ལ། སུན་འབྱིན་པ་བརྗོད་པ་གང་ཡིན་པ་དེ་སྤང་བའི་ཕྱིར། འདི་ཐམས་ཅད་ནི་ཞེས་བྱ་བའོ། །འདི་ལྟར་བསམ་པ་ཡིན་ཏེ། ཉམས་སུ་མྱོང་བའི་བག་ཆགས་ཀྱི་རྩ་བ་ཅན་ཉིད་ཀྱིས་ན་རྣམ་པར་
རྟོག་པ་ནི་གདོན་མི་ཟ་བར་མཐོང་བའི་དོན་གྱི་རྗེས་སུ་འབྲང་བ་ཡིན་ནོ། །དེས་ཡུལ་དུ་བྱས་པ་ལས་གཞན་འཛིན་ན་ནི། ཉམས་སུ་མྱོང་བའི་བག་ཆགས་ལ་བརྟེན་པ་ཉིད་དུ་མི་འགྱུར་རོ། །དེ་ལ་གང་ལ་ཉམས་སུ་མྱོང་བར་གྱུར་པའི་རང་གི་ངོ་བོ་ཇི་ལྟ་བུར་གྱུར་པ་ཁོ་ན་དེའི་འདུ་བྱེད་པས་བསྐྱེད་
པའི་བློ་ལ་སྣང་བ་ཡིན་ན་ནི། རྣམ་པར་རྟོག་པ་འཁྲུལ་པར་མི་འགྱུར་རོ། །གང་གི་ཚེ་རྣམ་པར་རྟོག་པ་དེའི་འདུ་བྱེད་པས་བསྐྱེད་པ་ཉིད་ཡིན་ཡང་དེའི་འདུ་བྱེད་པས་བསྐྱེད་པ་ཉིད་ཀྱིས་དེ་ཡོངས་སུ་སྤངས་ཏེ་གཞན་རྗེས་སུ་རྟོགས་པར་མི་ནུས་ལ་རྣམ་པར་རྟོག་པའི་རང་བཞིན་གྱིས་ནི་ཇི་ལྟར་ཉམས་སུ་མྱོང་
བ་བཞིན་རྟོགས་པར་ནུས་པ་དང་བྲལ་བས་སྣང་བ་ཐ་དད་པས་ཉེ་བར་མཚོན་པ་དེའི་རང་བཞིན་གཞན་དུ་གྱུར་པ་ལ་དོན་དུ་ལྷག་པར་ཞེན་པའི་རྣམ་པར་རྟོག་པ་སྐྱེ་བ་དེའི་ཚེ་འདི་འཁྲུལ་པ་ཞེས་བརྗོད་པ་ཡིན་ནོ། །མི་འདྲ་བ་ཙམ་གྱི་ནི་གཞན་ཉིད་དུ་འགྱུར་གྱི། འཁྲུལ་པར་ནི་མ་ཡིན་ནོ། །འཁྲུལ་པ་
ཉིད་ནི་མི་འདྲ་བ་ལ་ཡང་དེ་ཉིད་དུ་ཞེན་པས་བྱས་པ་ཡིན་ནོ། །དེའི་འདུ་བྱེད་པའི་རྩ་བ་ཅན་ཉིད་ཀྱིས་འབྲེལ་པའི་སྣང་བ་དང་རྣམ་པར་བརྟག་པ་ཉིད་ཀྱི་སྣང་བ་ལས་རྣམ་པར་བརྟག་པར་བྱ་བ་མི་འདྲ་བ་ཉིད་ནི་ཁྲ་བོ་ལས་སེར་སྐྱ་མི་འདྲ་བ་ལྟ་བུ་ཡིན་གྱི། ཁྲ་བོ་དང་བུམ་པ་མི་འདྲ་བ་ལྟ་བུ་ནི་མ་ཡིན་ནོ། །
དེས་ན་རང་གི་མཚན་ཉིད་ཀྱི་མཐོང་བའི་འདུ་བྱེད་པ་ལས་སྐྱེས་པའི་བག་ཆགས་ཀྱིས་བྱས་པས་ན་འཁྲུལ་པ་འདི་དངོས་པོ་ཇི་ལྟ་བ་བཞིན་པའི་བསླད་པ་ཡིན་པར་བརྗོད་དོ། །འཁྲུལ་པ་གཉིས་ནི་དངོས་པོའི་ཁྱད་པར་སྲིད་པ་དང་མི་སྲིད་པ་དང་ལྡན་པའི་རང་བཞིན་གྱི་དབྱེ་བ་སྟེ། དཔེར་ན་ཟླ་བ་ལ་

ཟླ་བ་གཉིས་སུ་སྣང་བའམ། ནོར་བུའི་འོད་ལ་ནོར་བུར་སྣང་བ་བཞིན་ནོ། །ཟླ་བ་གཉིས་དང་ནོར་བུའི་རྣམ་པ་དག་ནི་ཟླ་བ་དང་སྒྲོན་མ་ལ་མེད་པའི་ཕྱིར་རོ། །རང་གི་འོད་འཁྱིམས་པ་ལ་ནོར་བུའི་འོད་ཆེན་པོར་ངེས་པས་ནོར་བུའི་འོད་ལ་ནོར་བུར་ངེས་པ་ནི་སྲིད་པའི་བདག་ཉིད་ཀྱིས་འཁྲུལ་པ་ཡིན་ནོ། །འཁྱིམས་
པའི་ཚད་ཀྱིས་ནོར་བུ་ཆེན་པོར་ངེས་ཀྱང་དེར་ནོར་བུ་ཡོད་པ་མ་བཀག་པའི་ཕྱིར་རོ། །མིག་མི་གསལ་བས་གསལ་བའི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བའི་སྒྲོན་མ་རྟོགས་པ་ལ་དེ་ལྟ་བུའི་ནོར་བུ་ཆེན་པོར་ངེས་པ་ནི་དངོས་པོ་དང་མི་ལྡན་པ་ཁོ་ནའོ། །དེའི་ཕྱིར་དོན་ཇི་ལྟ་བ་བཞིན་དུ་འཁྲུལ་པའི་རྣམ་
པར་རྟོག་པ་ནི་དོན་དེ་དང་འབྲེལ་པས། དེར་མི་འཁྲུལ་པས་ན་རྟོགས་པ་དེ་ལས་འཇུག་པ་དེ་དམིགས་པ་ཉིད་མེད་ཀྱང་། དེ་ཐོབ་པའི་རྩ་བ་ཅན་དེས་བསྒྲུབ་པའི་དོན་བྱ་བ་གྲུབ་པ་མེད་པ་མ་ཡིན་ཏེ། དུ་བ་ལས་མེ་རྟོགས་པ་ན་དེ་དང་མི་མཐུན་པའི་རང་བཞིན་རྟོགས་པ་ཡིན་ཡང་མི་
རྟོགས་པ་ཉིད་མ་སྤངས་པས་ན། ཞུགས་པས་མེ་ཐོབ་པ་ན་བསྲེགས་པ་ལ་སོགས་པ་གྲུབ་པ་བཞིན་ནོ། །ཚུལ་འདི་རྣམ་པར་རྟོག་པ་ཐམས་ཅད་ལ་ནི་ཡོད་པ་མ་ཡིན་ཏེ། རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་གཏན་མེད་པའི་དོན་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ། །དངུལ་ལ་སོགས་
པའི་རྣམ་པར་རྟོག་པ་རྣམས་ནི་དེའི་ཡུལ་དང་དུས་ན་མེད་པ་རྟོག་པ་ཡིན་ནོ། །དངོས་པོའི་ཡུལ་ལ་མི་སླུ་སྟེ། དེའི་དོན་བྱེད་པ་གནས་པར་གྱུར་པའོ། །ཇི་ལྟར་མཐོང་བའི་ཁྱད་པར་གྱི་རྗེས་སུ་འབྲང་བ་ནི། མཐོང་བ་ཇི་ལྟར་རྟོགས་པའོ། །འདྲ་བ་ཅུང་ཟད་ཙམ་བཟུང་བ་ནི་ཉ་ཕྱིས་ལ་
སོགས་པ་ལ་དངུལ་ལ་སོགས་པ་དང་ཇི་སྐད་བཤད་པ་བཞིན་ནོ། །མི་རྟག་པ་ཉིད་རྟག་པ་དང་འདྲ་བ་ནི་སྔོན་པོ་ཙམ་གྱི་རང་བཞིན་གྱིས། དུས་གསུམ་ཁྱབ་པ་སྟེ། གཅིག་ནི་མི་འཇོག་པའི་ཕྱིར་ལ། གཞན་ནི་རྒྱུན་འདྲ་བ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདིར་དཔེ་ནི། མར་མེའི་
འོད་ལ་ནོར་བུར་རྟོགས་པ་ཡིན་ནོ། །དེས་ན་ཡང་ན་ནི་ཇི་ལྟར་གཞན་གྱི་དོན་བྱེད་ཅེས་གང་བརྗོད་པའི་སྐྱོན་མེད་དོ་ཞེས་བཤད་པ་ནི། དེའི་ཕྱིར་ཞེས་བྱ་བ་ཡིན་ནོ། །གལ་ཏེ་འདི་མེ་མ་ཡིན་པར་རིག་པ་ཡིན་ན་མེས་བསྒྲུབ་པར་བྱ་བ་འཁྲུལ་པར་མི་འགྱུར་རོ། །ཡང་ན་མེ་རིག་པ་ཙམ་གྱི་རང་བཞིན་

ལས་མེའི་ཡུལ་ཅན་ཡིན་ན་ནི་དངོས་པོ་མེད་པའི་ཡུལ་ཅན་མེ་རིག་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་ན་འོ་ན་སྨིག་རྒྱུ་ལ་ཆུར་རིག་པ་ཡང་ཆུར་རིག་པ་ཉིད་དུ་འགྱུར་རོ་ཞེ་ན་བདེན་མོད་ཀྱི་ཆུ་ནི་མེད་དོ། །དེ་ལྟར་རྗེས་སུ་དཔག་པའི་རིགས་པ་ནི་དོན་མེད་པར་མི་འགྱུར་ཏེ། དོན་ལ་མི་
འཁྲུལ་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་རྟོག་པའི་ཡུལ་ནི་དོན་གྱི་བྱ་བ་མེད་ཀྱང་དོན་བྱ་བ་འགྲུབ་པ་འཐད་པ་ཡིན་ནོ། །གཞན་དུ་ན་དོན་ཡུལ་དུ་མ་བྱས་པའི་ཕྱིར་དང་། དོན་གྲུབ་པར་འགྱུར་བ་དེས་ན་རྣམ་པར་རྟོག་པའི་ཡུལ་ཉིད་ལས་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དོན་ཉིད་ལས་ཡིན་ན་ནི་
རྣམ་པར་རྟོག་པའི་ཡུལ་དེ་ལྟར་ཐལ་བ་མེད་དོ། །རྣམ་པར་རྟོག་པའི་ཡུལ་ནི་རང་གི་མཚན་ཉིད་ལས་གཞན་པ་ཡིན་པའི་ཕྱིར་དེ་མི་བྱེད་པ་ལས་ཐ་དད་པར་མི་འགྱུར་རོ་ཞེས་སྨོས་པ་གང་ཡིན་པ་དེ་ནི་ཕྱི་རོལ་པ་རྣམ་པ་ཐ་དད་པ་ལ་རྣམ་པར་རྟོག་པ་མི་འཇུག་པ་མ་ཡིན་ནམ་ཞེས་བྱ་བ་དེ་ཉིད་དུ་བསལ་
ཟིན་ཏོ། །སྒྲ་མི་རྟག་པ་ཉིད་དུ་མ་རྟོགས་པའི་ཕྱིར་འདི་ལྟ་བུའི་བདག་ཉིད་སྤྱི་རང་གི་མཚན་ཉིད་མཚུངས་པ་མ་ཡིན་པའི་ཕྱིར་སྒྲ་མི་རྟག་པ་ཉིད་དུ་མི་འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་སྤང་བའི་ཕྱིར་རང་གི་མཚན་ཉིད་ལ་ཞེས་སྨོས་སོ། །རང་གི་མཚན་ཉིད་ཀྱིས་རང་གི་བདག་ཉིད་ལ་
མི་རྟག་པ་ཡོད་པ་ཁོ་ན་སྟེ། འདི་ལྟར་དངོས་པོ་གཡོ་བ་ཉིད་འཇིག་པ་ཞེས་བྱ་བའི་མི་རྟག་པ་ཉིད་ཡིན་གྱི་མི་རྟག་པ་ཉིད་ཅེས་བྱ་བའི་སྤྱི་དང་ལྡན་པ་ནི་མ་ཡིན་ནོ། །དེས་ན་གལ་ཏེ་རྣམ་པར་རྟོག་པ་ལ་སྣང་བའི་མི་རྟག་པ་ཉིད་ཀྱི་རང་བཞིན་གྱི་སྤྱིས་རང་གི་མཚན་ཉིད་མཚུངས་པར་རྣམ་པར་
མི་རྟོག་མོད། དེ་ཙམ་གྱིས་ནི་དེ་ལ་མི་རྟག་པ་ཉིད་མེད་པ་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་སྔོན་མ་བྱུང་བ་བྱུང་ནས་མེད་པར་འགྱུར་བ་དེ་མི་རྟག་པ་ཇི་ལྟར་མ་ཡིན། འདི་ལྟར་མི་རྟག་པར་རྟོགས་པས་ཀྱང་དངོས་པོ་དེ་ལྟ་བུར་གྱུར་པ་ཉིད་རྣམ་པར་འཇོག་པ་ཡིན་ནོ། །དེ་བཤད་པ་ནི། དེ་
དེ་ལྟ་བུ་ལ་སྐད་ཅིག་མར་གནས་པའི་ཞེས་བྱ་བའོ། །དེས་ན་སྐད་ཅིག་མར་གནས་པའི་ཆོས་ཉིད་དུ་གནས་པའི་ཕྱིར་དངོས་པོ་སྐད་ཅིག་མར་གནས་པའི་ཆོས་ཉིད་དུ་འཛིན་པ་ན་འདི་ནི་མི་རྟག་པའོ། །འདི་ནི་མི་རྟག་པ་ཉིད་དོ་སྙམ་དུ་སེམས་པར་འགྱུར་གྱི། གང་གིས་ན་སེལ་བའི་བདག་

ཉིད་འདི་གཞན་གྱི་མཐར་ཐུག་པའི་ཕྱིར་དངོས་པོ་དེ་ལྟ་བུ་མི་འགྱུར་བ་སྤྱི་འགའ་ཞིག་དང་ལྡན་པ་ལ་ལྟོས་པ་ནི་མ་ཡིན་པ་དེས་ན་བློ་ཡང་དེ་ཡོད་པ་ལ་མི་ལྟོས་སོ་སྙམ་དུ་བསམས་པའོ། །དེས་ན་དངོས་པོ་དང་རྟོགས་པ་ཡང་འཇིག་པ་ཉིད་མི་རྟག་པ་ཉིད་ཡིན་པའི་ཕྱིར་དངོས་པོ་ལ་མི་རྟག་པ་ཉིད་ལ་
སོགས་པ་ཡོད་པ་ཡིན་ནོ་ཞེས་བསྒྲུབས་ཏེ་དེ་དང་འགལ་བའི་རང་བཞིན་གཞན་དང་ལྡན་པ་ཡིན་ཡང་རྣམ་པར་རྟོག་པ་ལ་ཡང་དེ་ལྟ་བུའི་རང་བཞིན་དུ་སྣང་བ་ནི་ཡོད་པ་ཉིད་དུ་སྟོན་པ་དེའི་ཆོས་ཉིད་ཁོ་ན་ལ་འཇུག་པ་སྟེ། གཟུགས་བརྙན་དང་ལྡན་པས་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་རྟོགས་པར་བྱེད་པ་
ནའོ། །རྣམ་པར་རྟོག་པ་ནི་མི་རྟག་པ་ཉིད་དུ་སྣང་བར་གྱུར་པ་ན། ཁྲ་བོ་དང་བ་ལང་དང་ཆེན་པོ་ཞེས་དུ་མ་ཉིད་དུ་སྟོན་པར་བྱེད་པར་འགྱུར་ལ་བ་ལང་ཞེས་གཅིག་བསྟན་པ་ནི་ཆོས་ཅན་བསྟན་པར་འགྱུར་ལ། ཐ་དད་པར་བསྟན་ན་ནི་ཆོས་བསྟན་པར་འགྱུར་བ་ཡིན་ནོ། །དེས་ན་དོན་ལ་མི་
སྲིད་པའི་ཆོས་ཀྱིས་རྣམ་པར་བཅད་པའི་མི་རྟག་པ་ཉིད་སྣང་བ་ཡང་ཕྱི་རོལ་སྣང་བ་ན་ནི་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་མི་རྟག་པར་སྣང་བ་མ་སྤངས་པའི་ཕྱིར་མི་རྟག་པ་རྟོགས་པ་མེད་པ་ནི་མ་ཡིན་ནོ། །དངོས་པོ་མེད་པ་ལ་བརྟེན་པ་ཉིད་ཀྱིས་འདི་དག་ཇི་ལྟར་དངོས་པོའི་གཟུགས་བརྙན་དང་
ལྡན་པ་ཉིད་ཡིན་ཞེ་ན། དགོས་པ་འདི་ལ་བཤད་པ་ནི། དེ་རྣམས་རྟེན་མེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །རང་གི་མཚན་ཉིད་ཀྱི་རྒྱུ་མ་ཡིན་ཡང་དེ་རྣམས་རྟེན་མེད་པ་ནི་མ་ཡིན་ཏེ། དེའི་ཆོས་ཉིད་ལ་འཇུག་པ་ན་མཐོང་བའི་བག་ཆགས་ཀྱིས་དེ་ལྟ་བུའི་གཟུགས་བརྙན་ཉིད་སྐྱེ་བའི་ཕྱིར་
རོ། །དེ་ཉིད་ཀྱི་ཕྱིར་འདི་དག་དངོས་པོ་མེད་པར་འགྱུར་བའི་ཉེས་པ་མེད་དོ་ཞེས་སྟོན་པ་ནི། དངོས་པོ་མེད་པའི་ཆོས་ཉིད་ཀྱང་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་འདི་དག་དངོས་པོའི་རང་བཞིན་གྱི་རྗེས་སུ་འགྲོ་བ་སྤངས་ནས་སྣང་བ་ཡིན་ན་ནི། དངོས་པོའི་ཆོས་ཉིད་མ་ཡིན་པར་འགྱུར་
བ་ཞིག་ན། གང་གི་ཚེ་ཉམས་སུ་མྱོང་བའི་སྒོ་ནས་ཉེ་བར་འོངས་པ་དངོས་པོའི་ཆོས་སུ་གྱུར་པ་དག་ཁོ་ན་སྣང་བ་དེའི་ཚེ་ཇི་ལྟར་དངོས་པོའི་ཆོས་ཉིད་མ་ཡིན་པར་འགྱུར། གལ་ཏེ་དངོས་པོའི་རང་བཞིན་པ་ཡིན་ན། འོ་ན་ཇི་ལྟར་རྣམ་པར་རྟོག་པ་འཁྲུལ་པ་ཉིད་ཡིན་ཞེ་ན། དངོས་པོ་ལ་

ཞེས་སྨོས་སོ། །ཉམས་སུ་མྱོང་བའི་བག་ཆགས་ཀྱི་སྒོ་ནས་དེ་ལྟར་ཉེ་བར་རྟོགས་པའི་དངོས་པོ་ལ་ཐ་དད་པ་ལ་སོགས་པར་རྟོགས་པ་ཉིད་འཁྲུལ་པ་ཡིན་ཏེ། དངོས་པོ་སྣང་བ་ནི་དེའི་སྒོ་ནས་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དངོས་པོར་སྣང་བ་འཁྲུལ་པ་
ཡིན་ན། །དེ་ཇི་ལྟར་མི་རྟག་པ་ཉིད་རྟོག་པ་ཡིན་ཞེ་ན། བདེན་ཏེ་དངོས་སུ་ནི་མ་ཡིན་གྱི་འོན་ཀྱང་ཞེན་པ་ལས་སོ། །འོན་ཏེ་རྟག་པ་ཉིད་མི་སྣང་ན། ལྷག་པར་ཞེན་པས་ཀྱང་དངོས་པོ་ཡུལ་དུ་བྱེད་པར་ནི་མི་ནུས་སོ། །མི་རྟག་པའི་རྣམ་པ་སྣང་བ་ལས་ནི་དེ་ཕྱི་རོལ་དང་མི་མཚུངས་པས་ན་དངོས་སུ་
དེ་རིག་པ་དང་བྲལ་བ་ཡིན་ཡང་དེའི་དངོས་པོར་ལྷག་པར་ཞེན་པ་ལས་རིག་པ་དེ་རིག་པ་མ་ཡིན་པར་བརྗོད་དོ། །འདི་ལྟར་དེ་ནི་མི་རྟག་པ་ཡིན་ལ་མི་རྟག་པ་རིག་པ་འདི་ཡང་དེ་ལྟར་ཞེན་པ་ཡིན་པའི་ཕྱིར་འགལ་བ་མེད་པས་ན་དེ་ལས་དེ་རྣམ་པར་གནས་པར་འགྱུར་བ་ཁས་ལེན་པ་ཡིན་གྱི། དེ་ལྟར་
རྣམ་པར་གནས་པར་གྲུབ་པ་ལ་མངོན་པར་ཞེན་པས་མི་འཐད་ཀྱང་དངོས་པོའི་ཡུལ་ཅན་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ། །རྣམ་པར་འཇོག་པར་བྱེད་པ་ནི་དངོས་པོའི་ཡུལ་ཅན་མ་ཡིན་པར་ཡང་རུང་བ་ཁོ་ནའོ། །དེ་ལྟར་རིག་པ་ནི་དེའི་ཡུལ་ཅན་མ་ཡིན་པའི་དངོས་པོར་མ་རྟོགས་པ་ཡིན་ལ་དེ་ཡང་
རྣམ་པ་དེ་ལྟར་རིག་པར་བྱ་བ་ཡིན་པའི་ཕྱིར་དངོས་སུ་དངོས་པོ་རིག་པ་དང་ཁྱད་པར་ཡོད་པ་མ་ཡིན་ནོ། །དངོས་སུ་དེ་ལྟ་བུ་ལ་དེ་ལྟར་རྟོགས་པ་ཡང་དངོས་པོ་ལས་མི་འཁྲུལ་པ་ལས་རྣམ་པ་དེ་ལྟ་བུའི་དངོས་པོ་ཡོད་པའི་ཕྱོགས་གཞན་ལ་ཡང་བྱེ་བྲག་མེད་དོ། །རྟོགས་པ་དང་རྗེས་སུ་མཐུན་
པ་ཙམ་ལས་དེའི་ཡུལ་ཅན་མ་ཡིན་ཡང་དེ་རྣམ་པར་འཇོག་པར་བྱེད་པ་ཡིན་ན། དུང་སེར་པོར་ཤེས་པ་ལ་སོགས་པ་དག་གིས་ཀྱང་རྣམ་པར་འཇོག་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། མངོན་སུམ་འཇུག་པ་མེད་པས་མངོན་སུམ་གྱི་ཆོས་དང་བྲལ་བའི་ཕྱིར་དང་། དེའི་ཡུལ་ཅན་མ་ཡིན་
པར་རྟོགས་པས་ནི་ཚད་མ་གཞན་དང་བྲལ་བ་ཡིན་ནོ། །འཁྲུལ་པ་ཉིད་གཞུང་གཟུགས་པའི་ཕྱིར། དོན་གཅིག་དང་ཞེས་སྨོས་སོ། །འབྲས་བུ་གཅིག་དང་དུ་མ་བྱེད་པ་ལས་འབྲས་བུ་གཅིག་དང་དུ་མ་ཤེས་པར་འདོད་ན་ངོ་བོ་དེ་ཉིད་བསྟན་པའི་ཆེད་དུ་གཅིག་དང་དུ་མ་ཉིད་དུ་བྱེད་པ་ཉིད་

དུ་གཞག་པ་བྱས་པའི་གཅིག་དང་དུ་མར་འཛིན་གྱི། དངོས་པོ་གཅིག་དང་དུ་མའི་རང་བཞིན་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་དངོས་པོ་ལ་ཐ་དད་པ་ཡོད་ན་འདི་དུ་མའི་རང་བཞིན་དུ་འགྱུར་བ་ཡིན་ཞིང་ཐ་དད་པ་རྗེས་སུ་འགྲོ་བ་དང་ལྡན་པས་ཀྱང་དངོས་པོ་གཞན་དང་གཅིག་ཏུ་འགྱུར་ལ། དེ་ལྟ་ན་
ཡང་འདི་མ་འཁྲུལ་པར་འགྱུར་རོ། །རྒོལ་བའི་ཡན་ལག་གིས་འདི་འདི་ལྟར་རྣམ་པར་གཞག་པ་ནི་མ་ཡིན་ཏེ། རང་གི་རྒྱུ་ཁོ་ན་ལས་ཡོད་པའི་ཕྱིར་རོ་ཞེ་ན། དེ་ནི་བདེན་ཏེ། རང་གི་རྒྱུ་ཉིད་ལས་ད་ལྟར་འགྱུར་བ་ན་དགོས་པ་འདི་འགྲུབ་པའི་ཕྱིར་དེ་ལྟར་བརྗོད་པ་ཡིན་ནོ། །དངོས་པོ་དེ་ཐ་དད་པ་མ་ཡིན་
ན་ནི་ཆོས་ཐ་དད་པ་ལ་བརྟེན་པའི་དུ་མ་ཉིད་སྲིད་པ་མ་ཡིན་ལ། གང་ལས་སྤྱིའི་བདག་ཉིད་ཀྱིས་གསལ་བ་གཞན་དང་། གཅིག་ཏུ་འགྱུར་བ་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཀྱང་མ་ཡིན་ཏེ། དེས་ན་གཅིག་དང་དུ་མར་འཛིན་པ་ནི་འཁྲུལ་པ་ཁོ་ནའོ། །གང་ལས་ཆོས་ཐ་དད་པའམ།
སྤྱི་དང་ཁྱད་པར་གྱི་བདག་ཉིད་མེད་པར་འགྱུར་བ་དངོས་པོ་ཐ་མི་དད་པ་ཉིད་ཇི་ལྟར་ཞེ་ན། གཅིག་པོ་དེ་ལ་ཞེས་སྨོས་སོ། །རེ་ཞིག་ཅིག་ཉིད་ཀྱི་ཕྱིར་དངོས་པོའི་བདག་ཉིད་ལ་དུ་མ་མི་རུང་བའི་ཕྱིར་དངོས་པོ་ཆོས་ཐ་མི་དད་པའི་རང་བཞིན་ནི་མ་ཡིན་ནོ། །དོན་དེ་དག་ནི་དུ་མ་ཉིད་དུ་འགྱུར་
གྱི། དུ་མའི་བདག་ཉིད་གཅིག་ནི་མ་ཡིན་ནོ། །དོན་གཞན་དང་གཅིག་པ་ཉིད་ཀྱང་མི་རུང་སྟེ། དུ་མ་ལ་ཡང་གཅིག་མེད་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་ནི་ཆོས་ཐ་དད་པའི་བདག་ཉིད་ཅན་མ་ཡིན་ལ། དེའི་བདག་ཉིད་དོན་གཞན་དང་གཅིག་ཏུ་འགྱུར་བ་ཡང་མ་ཡིན་པའི་ཕྱིར་སྤྱི་དང་
ཁྱད་པར་གྱི་རང་བཞིན་ཉིད་མེད་དོ། །འགལ་བའི་ཕྱིར་རང་གི་བདག་ཉིད་ལ་ཐ་དད་པ་དང་ཁྱད་པར་གཞན་དང་གཅིག་ཏུ་གྱུར་པ་ཡང་མེད་མོད། །དངོས་པོ་ཐ་མི་དད་པའི་བདག་ཉིད་ཀྱི་ཆོས་ཉིད་ཐ་དད་པར་འགྱུར་རོ། །དེས་ན་གཅིག་དུ་མ་ཉིད་ནི་མ་ཡིན་ལ་ཕན་ཚུན་ཐ་དད་པ་རྣམས་ཀྱི་བ་ལང་ཉིད་
ལ་སོགས་པའི་ཆོས་གཞན་ཉིད་ཐ་མི་དད་པའི་ཕྱིར་དུ་མ་གཅིག་པ་ཡིན་ནོ་ཞེས་དོགས་པ་ལ་ཐ་དད་པ་ཡང་བཀག་པའི་ཕྱིར་རོ་ཞེས་སྨོས་སོ། །རྗེས་འགྲོ་གཞན་ཡང་སྣང་བ་མེད་ཅེས་ཐ་དད་པ་ནི་བཀག་ཟིན་ཏོ། །དེས་ན་གཅིག་དང་དུ་མར་འཛིན་པ་ནི་འཁྲུལ་པ་ཉིད་དུ་འཐད་དོ། །ཐ་དད་པ་

ལ་ཉེས་པ་གཞན་ཡང་བཤད་པ་ནི། དེ་རྣམས་ཀྱི་ཞེས་བྱ་བ་སྟེ། ཐ་དད་པ་རྣམས་ཀྱི་གཞི་མཐུན་པ་ཉིད་མི་རུང་བའི་ཕྱིར་རོ། །བ་ལང་ཉིད་ཀྱི་མཚན་ཉིད་ནི་རིགས་དང་དཀར་པོ་ལ་སོགས་པ་ཡོན་ཏན་རྣམས་ནི་རྫས་ལས་གཞན་ཉིད་ཡིན་པ་དེས་ན། འདི་གཉིས་གཞི་མཐུན་པ་
ཉིད་དུ་མི་རུང་ངོ་། །དེ་བཤད་པ་ནི། རང་བཞིན་ཐ་དད་པའི་ཕྱིར་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ་བ་ལང་ཞེས་བྱ་བར་བཏགས་པ་ནི་དཀར་པོའི་རྣམ་པ་མ་ཡིན་ཏེ། དེ་ལས་གཞན་ཡིན་པའི་ཕྱིར་རོ། །དེས་ན་ཇི་ལྟར་དེ་དེའི་རྣམ་པར་རྟོག་པའི་བདག་ཉིད་གཞི་མཐུན་པར་འགྱུར།
འཁྲུལ་པ་ལ་ལྟོས་ནས་འགྱུར་རོ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི། སྒྲའི་དོན་དོན་དངོས་པོ་ཇི་ལྟ་བ་བཞིན་ཞེས་སྨོས་སོ། །དོན་གྱི་རང་བཞིན་ཇི་ལྟ་བ་དེ་ཁོ་ན་ལྟར་སྒྲར་བརྗོད་དོ་ཞེས་ཁས་ལེན་ན་དཀར་པོ་ཞེས་རྟོགས་པ་བ་ལང་གི་ཚིག་གི་དོན་གྱི་རང་བཞིན་མ་ཡིན་པའི་ཕྱིར་ཇི་ལྟར་ན་དེ་
རྟོགས། དེ་ལྟ་མ་ཡིན་ན་སྣམ་བུ་དང་བུམ་པ་ཞེས་བྱ་བ་ཡང་གཞི་མཐུན་པར་འགྱུར་རོ། །གང་ཞིག་རང་གི་རང་བཞིན་ནོ་ཞེས་བྱ་བར་རྟོགས་པ་དེ་རང་གི་ཚིག་གི་གཟུགས་དང་བྲལ་བས་གཟུགས་ལ་རེ་བ་ན། དེའི་ངོ་བོར་རུང་བ་ཉེ་བར་གནས་པ་དེའི་རང་བཞིན་དུ་རྟོགས་པ་ཡིན་ན་ཐ་དད་པའི་
ཕྱོགས་ལ་ནི། འགའ་ཡང་འགའ་ཞིག་གི་རང་བཞིན་དུ་རྟོགས་པ་མེད་པའི་ཕྱིར་འགའ་ལ་ཡང་རེ་བ་མེད་པས་ན་འགའ་དང་ཡང་འབྲེལ་པ་མ་ཡིན་ནོ། །འོ་ན་གང་ཞིག་གང་གི་རང་བཞིན་དུ་རྟོགས་པ་དེ་རང་གི་ཚིག་གིས་དེས་སྟོང་པར་རྟོགས་པར་མི་ནུས་པའི་ཕྱིར་དེར་ཡང་དེ་རྟོགས་པར་ཇི་ལྟར་
འགྱུར་ཞེ་ན། ཇི་ལྟར་ཡང་མི་འགྱུར་ཏེ། ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་གཉིས་ཀ་ལ་ཡང་སྒྲའི་དོན་དངོས་པོ་ཇི་ལྟ་བ་བཞིན་དུ་མི་རུང་བའི་ཕྱིར་ཏེ། དེ་ལྟ་ཡིན་ན་དངོས་དོན་རྣམས། །ཞེས་བྱ་བ་ལ་སོགས་པ་བཤད་པ་བཞིན་ནོ། །སྒྲའི་དོན་དངོས་པོ་ཇི་ལྟ་བ་བཞིན་དུ་ཁས་བླངས་ཀྱང་། ཐ་དད་པ་ལ་
གཞི་མཐུན་པར་ཇི་ལྟར་འགྱུར། འདི་ལྟར་དངོས་པོ་གཅིག་རིགས་ལ་སོགས་པའི་ཁྱད་པར་དུ་མ་དང་ལྡན་པ་ཡིན་ནོ། །དེས་ན་འདི་ཁྱད་པར་དུ་མ་དང་ལྡན་པར་དམིགས་པ་ཡིན་པའི་ཕྱིར་བ་ལང་ཞེས་ཁྱད་པར་གཅིག་གིས་བསྟན་པས་ནི་དེ་དང་ལྡན་པར་རྟོགས་པར་འགྱུར་བ་རྣམ་པ་གཞན་ལ་རེ་བ་

དང་བཅས་པ་དཀར་པོ་ཞེས་དེ་ལྟར་བསྟན་པས་ནི་དེ་དང་ལྡན་པ་ཉིད་དུ་རྟོགས་པར་འགྱུར་རོ། །དེ་སྨྲས་པ་ནི། གལ་ཏེ་ཁྱད་པར་དེ་དང་ཞེས་བྱ་བའོ། །དེ་དག་ཅེས་བྱ་བས་ནི་སྐབས་སུ་བབ་པའི་ཐ་སྙད་པ་རྣམས་བཟུང་ངོ་། །དེ་ཟློག་པ་ནི་ཕན་མི་འདོགས་པ་རྣམས་ལ་ཞེས་བྱ་བའོ། །ཁྱད་པར་ཞེས་བྱ་
བ་ནི་བདག་ལ་བརྟེན་པའི་བརྗོད་པ་དང་རྟོགས་པ་དག་གིས་དོན་ལ་ཐ་སྙད་དུ་བྱེད་པར་བྱེད་པ་ཡིན་ནོ། །གང་གི་ཚེ་ཁྱད་པར་རྣམས་དེ་ཙམ་གྱི་གཞན་གྱི་དབང་མ་ཡིན་པ་དེའི་ཚེ་མེད་ཀྱང་ཡོད་པའི་ཕྱིར་ཇི་ལྟར་དེས་དེ་ལྟར་ཐ་སྙད་བྱེད་པའམ། དེ་ཉེ་བར་སྒྱུར་བར་བྱེད་པར་འགྱུར་རོ། །ཁྱད་པར་ནི་གདོན་མི་
ཟ་བར་དེའི་གཞན་གྱི་དབང་དུ་འགྱུར་དོགས་ན། འདི་ནི་དེའི་གཞན་གྱི་དབང་དུ་འཐད་པ་མ་ཡིན་ཏེ། ཕན་འདོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཁྱད་པར་དང་ལྡན་པ་ནི་ཁྱད་པར་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ནོ། །དེ་དང་ལྡན་པ་ནི། བདག་ཉིད་ཉེ་བར་བསྒྱུར་བའམ། ཉེ་བར་བསྒྱུར་བའི་
ཤེས་པ་དེ་ལ་ལྟོས་པའི་ཕྱིར་རོ། །ཁྱད་པར་ལ་ནི་ཁྱད་པར་དང་ལྡན་པས་བྱ་བ་ཡོད་པ་མ་ཡིན་ནོ། །དེས་ན་ཁྱད་པར་དང་ལྡན་པ་ནི་ཕན་འདོགས་པར་བྱེད་པ་ཡིན་ནོ། །ཕན་འདོགས་པ་ཡོད་ན་ནི། དེ་ཉིད་ལ་བདག་ཉིད་ཐོབ་པའི་ཕྱིར་དེའི་གཞན་གྱི་དབང་དུ་འགྱུར་རོ། །འོ་ན་ཉེ་བར་སྒྱུར་བར་བྱེད་པ་
ཡིན་གྱི་ཕྱིར་ཁྱད་པར་གྱིས་དེ་དང་ལྡན་པ་ལ་ཕན་གདགས་པར་བྱ་བར་འགྱུར་རོ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ། དེ་ཕན་འདོགས་པར་བྱེད་པ་ཡིན་པས་གཞན་གྱི་དབང་མ་ཡིན་པའི་ཕྱིར་དེ་མེད་ཀྱང་ཡོད་པས་ན་དེ་ལ་བརྟེན་པའི་ཐ་སྙད་ཀྱིས་ཁྱད་པར་འགྲུབ་པའི་ཡན་ལག་མ་ཡིན་པར་ཐལ་བའི་ཕྱིར་
རོ། །དེས་ན་ཁྱད་པར་ཉིད་གཞན་གྱི་དབང་དུ་འཐད་པ་ཡིན་ནོ། །དེ་ལྟར་ཡང་རུང་བ་མ་ཡིན་ཏེ། ལྟོས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྫས་དང་ཁྱད་པར་འདུ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་མ་ཡིན་ནམ། །དེ་ནི་རྫས་ལ་བརྟེན་པའི་ཕྱིར་རོ། །དེས་ན་ཇི་ལྟར་གཞན་གྱི་དབང་
མ་ཡིན་ཞེ་ན། དེ་དང་རྟེན་དང་བརྟེན་པའི་དངོས་པོ་ལས་གཞན་གྱི་དབང་དུ་འདུ་བས་བྱས་པ་ནི། འཆད་པར་འདུ་བའི་ཚུལ་གྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ལས་འདའ་བ་མ་ཡིན་ནོ་ཞེས་བཤད་པ་ནི་གཞན་གྱི་དབང་ཉིད་ཡིན་ན་ཞེས་བྱ་བའོ། །བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་

པོ་ཡིན་ན་ཐ་དད་པས་ལྷན་ཅིག་མི་གནས་པའི་ཕྱིར་བ་ལང་ཞེས་བྱ་བའི་སྒྲས་གཉིས་བརྗོད་པ་མ་ཡིན་པའི་ཕྱིར། བ་ལང་ཉིད་ཀྱིས་ཉེ་བར་བསྒྱུར་བའི་རྫས་བརྗོད་པར་མི་འགྱུར་རོ། །ཁྱད་པར་གྱིས་ནི་རྣམ་པར་གནས་པ་ཁོ་ན་ལ་རང་ལ་བརྟེན་པའི་ཤེས་པ་ཉེ་བར་སྡུད་པ་ཡིན་
ནོ། །རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཡིན་ན་ནི་ཁྱད་པར་གྱི་དུས་ན་ཁྱད་པར་ཅན་མེད་པ་ཉིད་ཀྱི་ཕྱིར་འདི་གང་ཞིག་ལ་ཤེས་པ་ཉེ་བར་སྡུད་པར་བྱེད་པར་འགྱུར། རྟོགས་པའི་བྱེད་པའི་དུས་ན་མེད་པའི་དོན་ཉིད་ནི་བྱེད་པས་ཡུལ་དུ་བྱས་པའི་ཁྱད་པར་གྱིས་དེའི་ངོ་བོར་འཛིན་པ་མ་ཡིན་ནོ། །ཁྱད་
པར་དང་ལྡན་པ་ལོག་པ་ཡང་བློ་ལ་སྣང་བ་ཡིན་ཏེ། རྣམ་པར་རྟོག་པ་རྣམས་ཉེ་བ་ཉིད་འཛིན་པར་མ་ངེས་པའི་ཕྱིར་ཏེ། དྲན་པ་ལ་སོགས་པ་འདས་པ་ཡང་རྟོགས་པའི་ཕྱིར་རོ་ཞེས་དོགས་པ་ལ་བློས་གཅིག་ཅེས་བྱ་བ་སྨོས་སོ། །བློས་སྒྲོ་འདོགས་པའི་ཡུལ་དུ་བྱེད་པ་ཉིད་ཀྱིས་ད་ལྟ་བར་བྱེད་པ་ཉིད་
དོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཚེ་འདི་ལོག་པ་བློས་ཡུལ་དུ་བྱེད་པ་དེའི་ཚེ་རང་གི་བདག་ཉིད་དུ་གྱུར་པར་སྣང་བས་དེ་སྣང་བ་མ་ཡིན་ནོ། །དེས་ན་དེའི་ཡུལ་ཅན་གྱི་བློ་དངོས་པོའི་ཡུལ་ཅན་མ་ཡིན་ཏེ། དེ་མི་སྣང་བའི་ཕྱིར་རོ། །འོན་ཏེ་བདག་གི་རང་བཞིན་ནི་མ་ཡིན་གྱི། འོན་ཀྱང་དོན་གྱི་
ཤེས་པ་སྣང་བར་བརྗོད་ན། དེ་ལྟ་ན་བློའི་སྣང་བར་ཁས་བླང་བར་བྱ་བ་མ་ཡིན་ཏེ། གཞན་དུ་ན་དེ་དེའི་སྣང་བར་མི་འགྱུར་རོ། །དེ་ལྟ་ན་ཡང་དེ་ཉིད་ཁྱད་པར་གྱི་གཟུགས་ཀྱི་ངོ་བོ་ཉིད་དུ་རྟོགས་པས་ཁྱད་པར་དེ་དང་ལྡན་པ་བདག་དེ་ལྟར་རྟོགས་པར་ཁས་བླང་བར་བྱའོ། །དེས་ན་ཁྱད་པར་དང་དེ་དང་ལྡན་
པ་དག་གིས་ཞེས་བྱ་སྟེ། བློ་ལ་སྣང་བའི་ཡུལ་ཅན་ཉིད་ཡིན་མོད། དེ་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཉིད་ཡིན་ནོ། །དེ་བཤད་པ་ནི། བློ་ལ་སྣང་བའི་ཡུལ་ཅན་ཉིད་གཅིག་ཡིན་ན་ནི་ཞེས་བྱ་བའོ། །དེ་ཉིད་དེ་ལྟར་སྣང་བའི་ཕྱིར་རོ་ཞེས་སྟོན་པ་ནི། དེ་ལྟ་བུ་ཡིས་ཞེས་བྱ་བ་ཡིན། འབྲེལ་པ་
ཙམ་ཡོད་ཀྱང་དུས་ཐ་དད་ན་རང་བཞིན་དང་རང་བཞིན་ཅན་ཉིད་མ་ཡིན་པས་ན། བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་སྐད་ཅིག་འཇིག་པ་ལ་མི་བརྟེན་པས་ན། རྒྱུ་སྔར་བྱུང་བ་འབྲས་བུའི་དུས་ན་ཡང་མི་འཛིན་པའི་ཕྱིར་ལྷན་ཅིག་པ་ཉིད་ཡོད་པ་ཁོ་ནའོ། །ས་བརྗོད་པ་ནི། གལ་ཏེ་ཁྱད་པར་དང་དེ་དང་ལྡན་པ་

དག་ཅེས་བྱ་བའོ། །དེས་ན་དེ་ལས་སྐྱེས་པའི་ཕྱིར་ནི་དེའི་གཞན་གྱི་དབང་ཡིན་ལ། དེ་དང་ལྷན་ཅིག་གནས་པས་ནི་དེ་ཉེ་བར་སྒྱུར་བར་བྱེད་པ་ཉིད་འཐད་པ་ཡིན་ནོ་ཞེས་འདོགས་པ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ཡིན་ཀྱང་གཞན་གྱི་དབང་ཉིད་བཟློག་པའི་ཕྱིར་མ་ཡིན་ཏེ་ཞེས་གསུངས་སོ། །གྲུབ་པ་ཡོད་
པ་ནི་རང་གི་ངོ་བོ་ཐོབ་ཟིན་པས་གཞན་གྱི་དབང་མེད་ལ། མ་གྲུབ་པ་ཡང་མ་ཡིན་ཏེ། རང་གི་ངོ་བོར་མ་རེག་པའི་ཕྱིར་རོ། །དེས་ན་ཡོད་པ་དང་མེད་པའི་གནས་སྐབས་ན་གཞན་གྱི་དབང་མེད་པའི་ཕྱིར། རྣམ་པ་ཐམས་ཅད་གཞན་གྱི་དབང་ཉིད་མེད་པ་ཉིད་དོ། །གཉི་ག་ཡང་ཡོད་པར་ཁྱད་པར་
མེད་པས་གང་གིས་གཞན་གྱི་དབང་ཉིད་དུ་བརྗོད་ཅིང་གང་ཞིག་གཞན་གྱི་དབང་དུ་བརྗོད་དུ་མེད་ན་ཡང་ཅུང་ཟད་མེད་པ་གང་ཡིན་པ་དེ་ནི་འགའ་ཞིག་ཡང་གཞན་གྱི་དབང་དུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་རང་གི་ངོ་བོ་གཞན་ལས་གྲུབ་པ་ཉིད་དེ་ལ་རག་ལས་པ་དེ་གཞན་གྱི་དབང་དུ་འགྱུར་བ་དེ་འབྲས་
བུ་ཉིད་རྒྱུ་དང་འབྲེལ་པ་ཡིན་ནོ་ཞེ་ན། དེར་ཡང་སྐྱེ་བ་ཉིད་རག་ལས་པར་བརྗོད་ཀྱི། མི་འཁྲུལ་པའི་ས་བོན་དུ་གྱུར་པ་གཞན་ནི་འགའ་ཡང་མེད་དོ། །འོ་ན་འདི་ཁྱད་པར་ལ་འགྱུར་བ་ཡིན་ནོ་ཞེ་ན་དེ་ལྟར་ནི་མི་ནུས་ཏེ། ངོ་བོ་གཞན་གྱི་དབང་དུ་ཁས་བླངས་པ་མེད་པར་ཁྱད་པར་མ་ཡིན་པའི་ཕྱིར་རོ། །
འདི་ལྟར་ཡོད་པའི་དུས་ཉིད་ན་དེ་དེའི་རང་བཞིན་ཡིན་པའི་ཕྱིར་ཁྱད་པར་ཉིད་དོ། །དེས་ན་གཞན་གྱི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་བདག་ཉིད་ཅན་གྱི་གཞན་གྱི་དབང་གང་ཡིན་པ་དེ་མི་སྲིད་པ་ཉིད་དོ། །དེས་ན་འདི་འདིར་རྣམ་པ་ཐམས་ཅད་དུ་མེད་པར་བརྗོད་དོ། །གལ་ཏེ་འདིའི་
རང་བཞིན་ནི་འདིའི་ཞེས་གཞན་གྱི་དབང་ཉིད་རྟོགས་པ་མ་ཡིན་ནམ་ཞེ་ན། རྟོག་པས་སྒྲོ་བཏགས་ན་ཞེས་སྨོས་སོ། །དེས་ན་དངོས་པོ་ལ་མི་འཐད་པས་རྣམ་པ་ཐམས་ཅད་དུ་གཞན་གྱི་དབང་མེད་པས་རྟོགས་པ་ལ་སྣང་བ་ཡིན་པའི་ཕྱིར་དངོས་པོ་རྣམ་པ་དེ་ལྟ་བུའི་རྗེས་སུ་བྱེད་པ་སྤངས་ཏེ།
དེ་ལྟ་བུའི་ཐ་སྙད་དུ་བློ་ཁོ་ན་ཅི་ཁས་མི་ལེན། འདི་སྐད་བརྗོད་པ་ཡིན་ཏེ། ཅིག་ཁྱད་པར་དུ་མ་བརྗོད་ན། གཞི་མཐུན་པར་མི་འགྱུར་ཏེ་ཁྱད་པར་ཉིད་མི་རུང་བའི་ཕྱིར་རོ། །དངོས་པོ་ལ་མི་འཐད་པ་ན། གལ་ཏེ་རྟོགས་པ་ལས་ཡོད་དོ་ཞེས་འདོད་ན། རྟོགས་པ་ཉིད་ཀྱི་རྗེས་སུ་བྱེད་པར་

འགྱུར་ཏེ། དངོས་པོའི་ནི་མ་ཡིན་ནོ། །དངོས་པོའི་ཡུལ་ཅན་ཡིན་ན་ནི། དོན་གྱི་རང་གི་ངོ་བོ་གཅིག་ཅེས་བྱ་བ་ལ་སོགས་པས་སྐྱོན་དུ་མི་འགྱུར་བ་གང་ཡིན་པ་དེ་ཡང་དེ་ལྟར་ནི་མི་འགྱུར་རོ། །དེས་ན་བློ་ཉིད་དེ་ལྟར་ཁས་བླངས་པར་རིགས་སོ། །དེ་སྟོན་པ་ནི་སྒྲ་དང་ཚད་
མ་གཅིག་གིས་ཞེས་བྱ་བ་ལ་སོགས་པའོ། །བློས་དངོས་པོ་རྟོགས་ན་ནི། སྔར་ཇི་སྐད་བཤད་པའི་དངོས་པོའི་དབང་གིས་བྱུང་བའི་ཉེ་བར་འགྱུར་བ་ཉིད་དོ། །གང་གི་ཚེ་དངོས་པོའི་རྗེས་སུ་བྱེད་པ་སྤངས་ནས་བློ་ཉིད་ལ་བརྟེན་པ་དེའི་ཚེ་ནི་དངོས་པོ་མེད་པའི་བློའི་སྣང་བ་ལ། གང་གི་ལྟར་
བློ་ཁྱད་པར་ནི། །སྣ་ཚོགས་ཅན་དོན་ཐ་དད་འཛིན། །ཞེས་བྱ་བ་ལ་སོགས་པའི་སྐྱོན་དུ་མི་འགྱུར་རོ། །དེ་བཤད་པ་ནི་བློ་ལ་སྣང་བ་ནི་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བའོ། །བློའི་རྗེས་སུ་བྱེད་པ་ལ། དོན་གྱི་རང་གི་ངོ་བོ་གཅིག །ཅེས་བྱ་བ་ལ་སོགས་པའི་ཉེས་པར་ཐལ་བ་མེད་མོད། སྐབས་
ཀྱི་གཞི་མཐུན་པ་མེད་པའི་ཉེས་པར་ནི་ཇི་ལྟར་མི་འགྱུར་ཞེ་ན། དེ་ཐ་མི་དད་པ་དང་ཞེས་བྱ་བ་ལ་སོགས་སྨོས་སོ། །གཞི་མཐུན་པ་ལ་སོགས་ཇི་ལྟར་ཤེས་པ་བཞིན་མི་འགལ་ལོ། །གཅིག་པོ་དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་སྤྱི་མེད་པའི་ཉེས་པ་བརྗོད་པ་ཡིན་ནོ། །གཞི་མཐུན་པ་མེད་པས་ན་
ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་མེད་པ་ཡང་ངོ་། །སྤྱི་ལ་སོགས་པ་དེ་དག་རྟོགས་པ་ལས་མ་འདས་པ་ནི་མི་འགལ་ལོ། །དངོས་པོ་ལ་ནི་འགལ་བ་བཤད་ཟིན་ཏོ། །བ་ལང་ཞེས་བྱ་བ་ལ་སོགས་པའི་སྤྱི་ཐ་མི་དད་པ་བློ་ལ་སྣང་བའི་ཕྱིར་སྤྱི་མི་འགལ། བ་ལང་ཞེས་རྣམ་པ་གཅིག་ཡུལ་
དུ་བྱས་ཀྱང་ཅི་འདིར་དཀར་རམ་འོན་ཏེ་གནག་ཅེས་དཀར་པོ་ལ་སོགས་པའི་རྣམ་པ་གཞན་ལ་མ་ངེས་པ་དཀར་པོ་ལ་སོགས་པའི་རྣམ་པ་གཞན་ལ་རེ་བ་དང་བཅས་པའི་བློས་གཟུང་བར་བྱ་བ་དང་། དཀར་པོ་ལ་སོགས་པ་སྒྲའི་དོན་ཐ་དད་པ་སྒྲུབ་པ་དག་ཀྱང་བ་ལང་དཀར་པོ་ཞེས་དཀར་
པོ་ལ་སོགས་ཐ་མི་དད་པར་བློ་ལ་སྣང་བས་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་དང་གཞི་མཐུན་པ་མི་འགལ་ལོ། །གང་གི་ཚེ་གཟུང་བ་ཉིད་ལ་རེ་བ་ན་རུང་བ་ཉེ་བར་གནས་པ་གང་ཡིན་པ་དེ་དང་འབྲེལ་པ་རྟོགས་པའི་ཕྱིར་བརྡའི་དབང་གིས་བ་ལང་དཀར་པོའི་རང་བཞིན་དུ་ངེས་པ་མ་

ཡིན་ཏེ། དེས་ན་དེའི་ཡོན་ཏན་དེས་ཡོན་ཏན་གཞན་རྣམ་པར་བཅད་པ་གང་ཡིན་པ་དེ་ནི་ཡོན་ཏན་དང་ཡོན་ཏན་དག་གི་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་ཡིན་ལ། གཞན་དང་འབྲེལ་པ་གང་ཡིན་པ་དེ་ནི་གཞི་མཐུན་པ་ཡིན་ཏེ། དེས་ན་དེ་ལྟར་གཉི་ག་ཉེ་བར་བཀོད་དོ། །དེ་ལྟར་བློ་ལ་
སྣང་བ་གང་ཡིན་པ་འདིའི་ཆོས་དང་ཆོས་ཅན་གྱི་ཁྱད་པར་དག་ཀྱང་རབ་ཏུ་སྟོན་ཏེ། ཇི་ལྟར་ཞེ་ན། བཤད་པ། དེ་ལྟར་སྣང་བའི་དངོས་པོ་དེ་ཁོ་ན་ཆོས་ཞེས་བྱ་བའི་སྒྲ་ཁྱད་པར་གཞན་སྤངས་པས་བརྗོད་ནས་དེ་ཉིད་ལས་ཐ་དད་པ་ལྟ་བུའི་འདིའི་ངོ་བོ་ཉིད་ཆོས་ཉིད་དུ་རྣམ་པར་བཞག་ནས་ཏེ།
འདིས་ནི་ཆོས་སུ་རབ་ཏུ་སྟོན་པ་བརྗོད་དོ། །ཆོས་ཅན་རབ་ཏུ་སྟོན་པ་ཡང་བཤད་པ། ཇི་སྐད་བཤད་པའི་ཁྱད་པར་གཞན་སྤང་བའི་མཚན་ཉིད་ཀྱིས་བྱེ་བྲག་ཏུ་མ་ཕྱེ་བར་ཏེ། ཁྱད་པར་གཞན་མ་སྤངས་པར་ཞེས་བྱ་བའི་དོན་ཏོ། །དཔེར་ན་ཁྲ་བོའི་བ་ལང་ཉིད་ཅེས་བྱ་བ་བཞིན་དུ། འདིའི་
ངོ་བོ་ཉིད་གཞན་ཆོས་ཅན་ཉིད་དུ་རབ་ཏུ་བཞག་ནས་སོ། །ཅིའི་ཕྱིར་དེ་ལྟར་རྣམ་པར་བཞག་ནས་སྟོན་ཅེ་ན། དོན་དུ་མ་ལས་ཐ་དད་པ་ཞེས་སྨོས་ཏེ། དོན་དུ་མ་ལས་ཐ་དད་པ་ཡིན་ཡང་དོན་གཅིག་ལས་ཐ་དད་པ་དེ་ཡོད་དང་མེད་པ་ཤེས་པར་འདོད་པ་ལ་དེ་ཉིད་ཆོས་ཉིད་དུ་རྣམ་པར་གཞག་
སྟེ། འདིའི་ངོ་བོ་ཉིད་འགའ་ཞིག་ཆོས་ཅན་ཉིད་དུ་རྣམ་པར་བཞག་ནས་དགག་པའམ། སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་ཁྲ་བོ་ལ་ནི་བ་ལང་ཉིད་ཡོད་ཀྱི། རྟ་ཉིད་ཤེས་པར་འདོད་པ་ན་བློ་ལ་དེ་ལྟར་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུར་རོ། །ཅི་དངོས་པོ་དེ་ལ་དེ་བཞིན་དུ་རྣམ་པར་གཞག་པ་
དངོས་སུ་དེ་ལྟ་ཉིད་ཡིན་པའི་ཕྱིར་རམ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི། བློ་ལ་དེ་ལྟར་སྣང་བའི་ཕྱིར་ཞེས་བྱ་བའོ། །དངོས་པོ་ཅི་ཞིག་ལྟར་ཤེས་པ་འདོད་པ་ན་བློ་ལ་དེ་ལྟར་སྣང་བའི་སྣང་བ་དེ་བཞིན་དུ་རྟོགས་པར་བྱེད་དོ། །ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་ཉིད་ཀྱིས་ཆོས་དང་ཆོས་ཅན་
ཐ་དད་པ་ཡིན་གྱི། དངོས་པོ་ཐ་དད་པ་ནི་མ་ཡིན་ནོ། །བློ་ལ་བརྟེན་པའི་ཆོས་ཐ་དད་པ་ཉིད་ཀྱིས་ན། ཚིག་ཐ་དད་པ་དང་བཅས་པ་ནི་སྒྲུབ་པར་བྱེད་པ་ཡིན་ལ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བསྒྲུབ་བྱ་དང་སྒྲུབ་བྱེད་ཐ་དད་པ་དངོས་པོའི་མཐར་ཐུག་པ་ཉིད་ཡིན་ནོ་ཞེས་སྟོན་པ་ནི་བྱེད་དོ་ཞེས་

བྱ་བའི་མཐར་ཐུག་པའོ། །དེས་ནི་དེ་ལྟར་ཤེས་པ་ལ་སྣང་བའི་དོན་ལ་ཞེས་བྱ་བ་ལ་སོགས་པ་དམ་བཅས་པས་དངོས་པོ་འཛིན་པས་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ཀྱི་ཡུལ་ཅན་མ་ཡིན་པར་ཉེ་བར་བཀོད་ཀྱང་། དངོས་པོ་ལ་དུ་མ་དང་གཅིག་དང་ཐ་དད་པར་འཛིན་པ་ནི་
ཞེས་བྱ་བ་ལ་སོགས་པ་གཞུང་བཙུགས་པ་མཇུག་སྡུད་པས་ཐམས་ཅད་ཀྱི་ཡུལ་ཅན་དུ་བྱས་པ་ཡིན་ནོ། །ཡང་སྤྱི་ཞེས་བྱ་བ་ལ་སོགས་པ་སྤངས་པ་དེ་ཉིད་ཚིགས་སུ་བཅད་པ་རྣམས་ཀྱིས་སྟོན་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན་དོན་འདི་མདོ་ལ་མེད་པའི་ཕྱིར་མདོར་མ་ཚང་བར་མི་འགྱུར་བར་བྱ་
བའི་ཕྱིར་རོ། །དངོས་པོ་རང་གི་ངོ་བོ་འཛིན་པས་ཞེས་བྱ་བ་ནས་ནོར་བའི་དོན་ཁོ་ན་ལ་སྤྱི་དང་གཞི་མཐུན་པའི་ཐ་སྙད་འདོགས་སོ་ཞེས་བྱ་བའི་མཐར་ཐུག་པར་བཤད་པའི་དོན་གང་ཡིན་པ་དེ་བརྗོད་པ་ནི། རང་བཞིན་ཞེས་བྱ་བ་ལ་སོགས་པ་ནས་ནོར་དོན་རྒྱས་བྱེད་ཅེས་བྱ་བའི་བར་གྱིས་སོ། །རྣམ་
རྟོག་བློ་སྐྱེ་བ་གང་ཡིན་པ་དེ་ལ་ངོ་བོ་སྣང་བའི་ངོ་བོ། དེ་ལ་སྤྱི་དང་གཞི་མཐུན་པའི་སྤྱོད་ཡུལ་ཅན་གྱི་ཤེས་པ་དང་སྒྲ་དག་གིས་ཐ་སྙད་མེད་པའི་དོན་ཅན་རྒྱས་པར་བྱེད་དོ། །དེའི་འབྲས་བུ་ཅན་ཡིན་པའི་དོན་གང་ཡིན་པ་དེ་ལས་ཐ་དད་པ་དེའི་མཐར་ཐུག་པ་སྟེ། འདིས་ནི་འདིའི་ཡུལ་བརྗོད་དོ། །
ཉམས་སུ་མྱོང་བའི་བག་ཆགས་ཞེས་བྱ་བའི་རྒྱུ་མཚན་བཤད་པའི་ཕྱིར་རང་བཞིན་དེ་འཛིན་ཅེས་སྨོས་ཏེ། དེ་ཞེས་བྱ་བ་ནི་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ཐ་དད་པའོ། །ཐ་དད་པ་ཅན་ལས་ཐ་དད་པ་གཞན་མ་ཡིན་པའི་ཕྱིར་ཐ་དད་པ་ཅན་ཉིད་བརྗོད་པ་ཡིན་ནོ། །དེ་འཛིན་པ་ནི་ཉམས་
སུ་མྱོང་བ་སྟེ་དེའི་བག་ཆགས་ཀྱིས་བསྐྱེད་པའི་ཕྱིར་དེ་ལས་སྐྱེ་བ་ཡིན་ནོ། །ངོ་བོ་དེ་ནི་ཕྱི་རོལ་ལྟ་བུ་དང་། གཅིག་པ་ལྟ་བུ་དང་། གཞན་ལས་ལོག་པ་ལྟ་བུ་སྟེ། དེ་ལྟ་བུ་མ་ཡིན་ཡང་དེ་ལྟ་བུར་ཞེན་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ཉིད་བཤད་པ་ནི། དེ་ཉིད་མིན་ཞེས་བྱ་སྟེ། ཕྱི་
རོལ་ལ་སོགས་པ་དེ་ཉིད་ལས་འདས་པ་ཉིད་དོ། །དེས་ན་དེ་སྐད་བརྗོད་དོ། །ཇི་ལྟར་ཞེ་ན། བརྟག་པའི་ཡན་ལག་མེད་པའི་ཕྱིར་རོ། །བརྟག་པ་ནི་དགོས་པས་རབ་ཏུ་སྦྱར་བ་ཡིན་ན། འདི་ནི་དགོས་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེ་སྒྲུབ་པ་དང་མི་མཐུན་པ་ཉིད་དུ་རིག་པའི་ཕྱིར་རོ། །

དེས་ན་བརྟག་པའི་ཡན་ལག་མ་ཡིན་པ་ཉིད་དོ། །གང་གི་ཕྱིར་ལྡོག་པའི་ངོ་བོ་ཅན་ཡིན་པ་དེའི་ཕྱིར་ཐ་དད་པ་ཡིན་ཏེ་དེས་ན་ལྡོག་པའི་ངོ་བོ་ཅན་ཉིད་ཀྱིས་ཐ་མི་དད་པ་ཉིད་དུ་བརྗོད་པ་ཡིན་ནོ། །དེས་ན་དེ་ལྟར་དེ་དག་གི་སྤྱིའི་ཐ་སྙད་བཤད་དོ། །གཞི་མཐུན་པའི་ཐ་སྙད་བཤད་པ་ནི། དེ་ཉིད་གཞན་
ལས་ལོག་པར་ཡང་ཞེས་བྱ་བའོ། །ད་ནི་དངོས་པོའི་ཡུལ་ཅན་མ་ཡིན་པ་ཉིད་ལ་སྐྱོན་སྤོང་བའི་གཞུང་སྡུད་པ། དངོས་པོ་རྣམས་ཀྱི་ཞེས་བྱ་བས་འཆད་དོ། །དེ་ཀུན་ཞེས་བྱ་བ་སྤྱི་ལ་སོགས་པའི་ཡུལ་ཅན་གྱི་ཐ་སྙད་ནི་དོན་ཐ་དད་པ་ལ་བརྟེན་པ་ཡིན་ཏེ། དེ་ཉམས་སུ་མྱོང་བའི་རྩ་བ་ཅན་ཡིན་
པའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པ་རྣམ་པ་གཉིས་པོ་ལ་དངོས་པོའི་ཡུལ་མ་ཡིན་ཡང་དངོས་པོ་རྙེད་པའི་རྒྱུ་མཚན་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །འདིར་བསམ་པ་ནི། འདི་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་གཞུང་དུ་བཤད་ཟིན་ཏོ། །ཐ་སྙད་འདིའི་ཕན་ཚུན་མེད་པ་ལ་བརྟེན་པ་ཉིད་
བརྟེན་པའི་ཕྱིར་དེ་ལ་ཞེས་བྱ་བ་སྨོས་སོ། །ཁྲ་བོ་ལ་སོགས་པ་དུ་མའང་འབྲས་བུ་གཅིག་པ་ཅན་དག །གང་དག་དེའི་འབྲས་བུ་ཅན་མིན་པ་དེ་ལས་གཞན་ལ་བརྟེན་པའི་བརྗོད་པ་དང་། ཤེས་པས་ཐ་སྙད་གཅིག་ཏུ་ཉེ་བར་བྱེད་ལ། གཅིག་ཀྱང་དུ་མ་བྱེད་པ་ལ་དེའི་རང་བཞིན་བསྟན་པའི་
འབྲས་བུ་ཅན་མ་ཡིན་པའི་དོན་ལས་ཐ་དད་པར་སྣ་ཚོགས་སུ་སྟོན་ཏོ། །དེས་ནི་དེ་ལྟར་གྱུར་པ་ན། དེའི་ཡུལ་ཅན་ཉིད་ཀྱིས་ཐ་སྙད་ཉམས་སུ་མྱོང་བ་ལ་བརྟེན་པ་ཡིན་ཡང་ནོར་བའི་དོན་ཅན་ཉིད་དུ་གཞུང་བཙུགས་པ་ཡིན་ནོ། །ད་ནི་རང་གི་མཚན་ཉིད་ལ་མི་རྟག་པ་ལ་སོགས་པ་མེད་པ་ཡང་
མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་བརྗོད་པའི་ཕྱིར། སྒྲ་དོན་འདི་དང་ཞེས་སྨོས་སོ། །སྒྲ་དོན་འདི་ནི་ཡོད་པ་མ་ཡིན་ཡང་ཇི་ལྟར་གྲགས་པ་བཞིན་དུ་བརྗོད་པ་ཡིན་ལ། དེ་ལ་དེ་བཞིན་ཁོ་ནར་བརྟེན་ནས་ནི་བསྒྲུབ་བྱ་སྒྲུབ་པ་ཀུན་དུ་གཞག་པ་དམ་པའི་དོན་ལ་འཇུག་པར་བྱ་བའི་ཕྱིར་རྣམ་
པར་གཞག་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། བྱས་པ་ཉིད་དང་མི་རྟག་པ་ཉིད་ལ་སོགས་པ་དངོས་པོ་ཉིད་དུ་རྟོགས་ཀྱང་དངོས་པོར་ཡང་ཡོད་པ་མ་ཡིན་ཏེ། ཤེས་པ་ཉིད་དུ་ཡོད་པའི་ཕྱིར་རོ། །དེས་ན་དེ་ལྟ་བུར་གྱུར་པའི་སྒྲས་བརྗོད་པར་བྱ་བའི་དོན་ལ་བརྟེན་ནས་བྱས་པ་ཉིད་ནི་སྒྲུབ་

བྱེད་ལ་མི་རྟག་པ་ཉིད་ནི་བསྒྲུབ་པར་བྱ་བ་ཞེས་ཕྱི་རོལ་ཉིད་རྟོགས་པའི་སྤྱོད་ཡུལ་དུ་བྱེད་དེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །དེས་ན་དོན་ལ་མི་རྟག་པ་ཉིད་ལ་སོགས་པ་མེད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དོན་དམ་པ་ལ་འཇུག་པ་ཉིད་མི་འགྲུབ་པའམ་རྟོགས་པ་མེད་པར་འགྱུར་
རོ། །གཞི་མཐུན་པ་ཡང་སྒྲ་མི་རྟག་ཅེས་བྱ་བ་ལྟ་བུར་བསྒྲུབ་བྱ་དང་སྒྲུབ་པ་གནས་པའི་ཡན་ལག་ཏུ་གྱུར་ལ་ཇི་ལྟར་གྲགས་པ་བཞིན་ཉིད་བཤད་པ་ནི། དངོས་ལ་འདི་ནི་མི་སྲིད་དོ། །ཞེས་བྱ་བ་ཡིན་ནོ། །འདིར་རེས་འགའ་ནི་གཞི་ཐ་དད་པར་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོའི་ཡན་
ལག་ཏུ་འགྱུར་ཏེ། དཔེར་ན་འདི་ན་མེའོ་ཞེས་བྱ་བ་བཞིན་ནོ། །དེའི་ཆོས་དང་ཆོས་ཅན་གྱི་དངོས་པོའི་རང་བཞིན་ཉིད་དུ་བཤད་པ་ནི་ཆོས་དང་ཆོས་ཅན་རྣམས་གཞག་པ་ཞེས་བྱ་བའོ། །དེ་བཞིན་ཉིད་དོན་མ་བརྟགས་པ་དེ་ནི་དེ་བཞིན་ཁོ་ནར་ཞེས་འབྲེལ་ཏོ། །དེ་བཞིན་དུ་ཐ་དད་ཐ་དད་མིན་པ་
ཅི་འདྲ་བ་ཞིག་ལྡོག་པའི་ས་བོན་ཡིན་པ་དེ་དེ་བཞིན་ཁོ་ནར་ཞེས་དངོས་པོ་ལ་གཅིག་དང་དུ་མར་འཛིན་པ་ནི་འཁྲུལ་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་བརྗོད་པ་ནི་དམ་པའི་དོན་གྱི་ཞེས་བྱ་བ་ཡིན་ནོ། །ཁྲ་བོ་དང་སེར་སྐྱ་དག་ནི་བ་ལང་ཉིད་ཀྱིས་འདྲེ་བ་ཡིན་ལ། དོན་གཅིག་ལ་ཡང་ཁྲ་བོ་དང་བ་ལང་ངོ་
ཞེས་བྱ་བ་ནི་ཐ་དད་པ་ཡ