Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 182
Văn bản gốc(Tây Tạng)
Trang 14 / 26 (50.000 ký tự/trang)
་རྟོགས་པ་སེལ་བ་ཡིན་ན། འོ་ན་སློབ་དཔོན་ ཕྱོགས་ཀྱི་གླང་པོས་གཞན་སེལ་བ་པ་སྤྱིའི་མཚན་ཉིད་དུ་ཞལ་གྱིས་བཞེས་པ་མི་འཐད་པར་འགྱུར་རོ། །དེ་སྨྲས་པ་ད་ནི་ཞེས་བྱ་བའོ། །ལོག་པ་གཅིག་གཞན་གྱི་རྗེས་སུ་མི་འགྲོ་བའི་ཕྱིར་གཅིག་གི་སྒྲ་སྦྱོར་བས་ན་དེ་ལ་ལྟོས་ནས་གཉིས་པ་གཞན་ཡིན་ནོ། །དེ་བས་ན་ གཅིག་གཉིས་པ་དང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཇི་ལྟར་གཞན་ལས་ལྡོག་པ་སྤྱི་ཡིན་ཞེས་བརྗོད་པ་ཡིན་ནོ། །གཞན་སེལ་བ་ནི་ལོག་པའི་དོན་གྱི་རང་གི་ངོ་བོ་ཉིད་ཡིན་ན། ལོག་པ་ཡང་ལོག་པ་གཞན་ལ་རྗེས་སུ་མི་འགྲོའོ། །རྗེས་སུ་འགྲོ་བ་མེད་པར་ཡང་སྤྱིའི་ངོ་བོ་ཉིད་མ་ཡིན་པ་ དེའི་ཕྱིར་ཇི་ལྟར་གཞན་སེལ་བའི་སྤྱི་ཡིན་ན། གང་གིས་སྤྱི་བསལ་ནས་འདི་བརྗོད་པར་བྱ་བ་ཉིད་དུ་བརྟག །འདི་ནི་ཁྱད་པར་གྱི་ངོ་བོར་མི་འཐད་དོ། །སྒྲའི་དོན་ཁྱད་པར་བརྗོད་བྱ་དང་། རྗོད་བྱེད་དུ་ནི་འདོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་སུན་ཕྱུང་བའི་ཕྱིར་རོ་ཞེ་ན། འདི་ སྤང་པའི་ཕྱིར་དེའི་བློ་ལ་ཞེས་སྨོས་སོ། །གཞན་ལས་ལྡོག་པའི་བློ་ལ་དེ་ལྟར་སྤྱིའི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་རོ། །གང་ཞིག་ཅེ་ན། དེའི་བློ་ལ་ཞེས་བྱ་བ་ལ་དེ་ཞེས་བརྗོད་པ་གང་ཡིན་པ་དེ་དང་འབྲེལ་ཏེ་དེའི་བློ་ལ་དེ་དེ་ལྟར་སྣང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བཤད་པའི་ཚུལ་ དུ་རྣམ་པར་གནས་པ་གཞན་ལས་ལྡོག་པའི་ཡུལ་ཉིད་ཀྱིས་རྣམ་པར་རྟོག་པ་རྣམས་གཞན་སེལ་བའི་བློ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་ལ་ཡང་གཞན་སེལ་བ་སྤྱིའི་ངོ་བོར་སྣང་སྟེ། དེས་ན་འདི་སྤྱི་ཞེས་བརྗོད་དོ། །འདི་ཉིད་གཞུང་གཟུགས་པའི་ཕྱིར་སྤྱི་ཞེས་བྱ་བ་ནི་འགའ་ ཡང་མེད་ཀྱི་ཞེས་སྨོས་སོ། །ཇི་ལྟར་གཞན་དག་གིས་བརྟགས་པ་ལྟ་བུ་དངོས་པོར་འགྱུར་བའམ། གཞན་སེལ་བའི་ངོ་བོ་དེ་ལྟར་དོགས་པ་གང་ཡིན་པ་ནི་ཐམས་ཅད་མེད་པའི་ཕྱིར་འགའ་ཡང་ཞེས་བཤད་དོ། །དངོས་པོར་གྱུར་པའམ་ལྡོག་པ་ཡང་བླ་སྟེ། སྤྱི་ཐམས་ ཅད་ནི་ཡོད་པ་མ་ཡིན་ནོ། །ལྡོག་པ་རྗེས་སུ་འགྲོ་བ་དང་ལྡན་པ་ནི་འཐད་པ་མ་ཡིན་ནོ། །གཅིག་ལ་ཡོད་པ་ནི་གཞན་ལ་ཡོད་པ་མ་ཡིན་ཏེ། གཅིག་ལ་ཡང་འདི་ཡོད་པ་པོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །བ་ལང་མ་ཡིན་པ་ཁྲ་བོ་བཞིན་དུ་སེར་སྐྱ་ལ་ཡང་མེད་པར་ཟད་ཀྱི་དེ་ ལྟར་གཉི་ག་ལ་ཡོད་པ་འགའ་ཞིག་ནི་ཁས་བླང་བར་འགྱུར་བ་མ་ཡིན་པས་ན། འདིར་རྗེས་སུ་འགྲོ་བ་ཅི་ཞིག་ཡིན། དངོས་པོར་གྱུར་པ་མེད་པ་ནི་མདུན་ན་འཆད་པར་འགྱུར་རོ། །དེས་ན་དངོས་པོའི་གནས་པས་གཞན་སེལ་བ་སྤྱིར་བཤད་པ་ནི་མ་ཡིན་ ནོ། །དེ་དངོས་པོ་ལ་མེད་པའི་ཕྱིར་སྤྱིའི་བློ་གང་ཡིན་པ་འདི་ནི་གཞན་སེལ་བའི་ཡུལ་ཅན་ཡིན་པས་ན། གཞན་སེལ་བ་སྤྱིའི་ངོ་བོར་ཁས་བླངས་པ་ཡིན་ནོ། །གལ་ཏེ་སྤྱི་འགའ་ཡང་མེད་ན་ཇི་ལྟར་དེ་བློ་ལ་ཡང་མེད་ན་དེ་ལྟར་སྣང་བར་འགྱུར་ཞེ་ན། སྒྲའི་རྟེན་ཅན་གྱི་བློ་ཞེས་ སྨོས་སོ། །བརྗོད་པ་དང་འདྲེར་རུང་བར་སྣང་བ་རྣམ་པར་རྟོག་པ་དང་བཅས་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། །བུམ་པ་ལ་སོགས་པའི་དངོས་པོ་རིགས་མཐུན་པ་དང་མི་མཐུན་པ་ལས་ལོག་པ་ཆོས་མ་འདྲེས་པ་དག་ཀྱང་སྲེ་ཞིང་སྐྱེའོ། །འདི་དག་གི་འདྲེ་བ་ཡང་གཅིག་དང་ རྟོགས་པ་གཞན་དག་ངོ་ཤེས་པར་བྱེད་པ་ལྟར་གཅིག་ཏུ་བྱེད་པ་ནི་མ་ཡིན་ནོ། །ཇི་ལྟར་དེ་ཉིད་འདི་ཡིན་ནོ་ཞེས་སྔ་ཕྱི་མཐོང་བ་གཅིག་ཏུ་བྱེད་པའི་རང་བཞིན་གྱིས་ན། ངོ་ཤེས་པ་མཚམས་སྦྱོར་བར་བྱེད་པའི་རང་བཞིན་ཡིན་པ་དེ་བཞིན་དུ་འདིར་ནི་ཁྱད་པར་ཁྱད་པར་གཞན་དང་ མཚམས་སྦྱོར་བ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའི་རྟོག་པ་ཡང་སྤྱི་ཡོད་པར་རིག་པར་བྱེད་པ་མ་ཡིན་ནོ་ཞེས་སྤྱི་སེལ་བའི་རབ་ཏུ་བྱེད་པ་སྟོན་པར་འགྱུར་རོ། །འོ་ན་ཇི་ལྟར་ཁྲ་བོ་གང་ཡིན་པ་ཉིད་སེར་སྐྱ་ཡིན་ནོ་ཞེས་མ་རྟོགས་པར་ཆོས་སྲེ་བར་འགྱུར་ཞེ་ན། རིག་པའི་བྱེད་པས་དེ་ལྟ་བུའི་དངོས་པོར་མ་གྲུབ་ཀྱང་གཅིག་བཞིན་དུ་རྟོགས་པའི་ཕྱིར་གཅིག་ལ་དམིགས་པའི་སྒྲ་དང་དོན་བྱ་བ་ལ་སོགས་པ་དང་འབྲེལ་བ་དེ་དག་གཞན་ལ་མ་དམིགས་པ་ཡིན་ཡང་དེ་ཉིད་བཞིན་དུ་འཇུག་པའི་ཕྱིར་དོན་དུ་ཞེན་པ་བཞིན་ཐ་མི་དད་པར་ཞེན་པ་འདི་ ཡང་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་འོག་ནས་རྒྱ་ཆེར་སྟོན་པར་འགྱུར་རོ། །ཇི་ལྟར་མ་འདྲེས་པ་དག་ལ་འདྲེས་པར་ཞེན་ཅེ་ན། ཐོག་མ་མེད་པའི་བག་ཆགས་ཀྱི་མཐུ་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། མ་འདྲེས་པ་དག་ལ་མ་འདྲེས་པ་ཉིད་རྟོགས་པར་འགྱུར་ བ་གང་ཡིན་པ་རྣམ་པར་རྟོག་པ་འདི་དངོས་པོ་ཉམས་སུ་མྱོང་བ་བཞིན་དུ་དངོས་པོ་ཉིད་ཀྱིས་དངོས་པོ་སྣང་བ་ཅན་དུ་བསྐྱེད་པ་ནི་མ་ཡིན་གྱི་རང་གི་ཉེ་བར་ལེན་པའི་སྟོབས་ལས་དེ་ལྟར་སྐྱེ་བ་ཡིན་ནོ། །དེ་ལ་ཡང་རྣམ་པར་རྟོག་པ་རྣམ་པར་ཤེས་པ་སྔ་མའི་རྗེས་སུ་བྱེད་པར་རྟོགས་ཏེ། དྲན་ པའི་ཤེས་པ་བཞིན་ནོ། །དྲན་པ་དོན་ལས་སྐྱེ་བ་མ་ཡིན་ཏེ་མེད་པའི་ཕྱིར་རོ། །འདིའི་དེ་ལྟར་སྣང་བ་ནི་ཤེས་པ་སྔ་མའི་འདུ་བྱེད་ཀྱི་གཞི་ལས་ཡིན་ནོ། །དེ་བཞིན་དུ་རྣམ་པར་རྟོག་པ་འདི་ཡང་རྣམ་པར་རྟོག་པ་གཞན་གྱི་འདུ་བྱེད་ཀྱི་རྗེས་སུ་འཇུག་པར་འགྱུར་བས་འབྲེལ་པར་སྣང་ བ་ན་དེ་ལྟར་སྐྱེ་བ་ཡིན་ནོ། །རྣམ་པར་རྟོག་པ་གཞན་དེ་ཡང་རྣམ་པར་རྟོག་པ་གཞན་གྱི་འདུ་བྱེད་ཀྱི་རྗེས་སུ་འཇུག་པའི་ཕྱིར་བག་ཆགས་འདི་ཐོག་མ་མེད་པ་ཅན་ཡིན་ནོ། །དེ་ལ་དྲན་པ་ནི་རྣམ་པར་ཤེས་པ་སྔ་མའི་འདུ་བྱེད་ཀྱི་གཞི་ལས་དེ་ལྟར་སྣང་བ་ཡིན་ལ། རྟོགས་པ་དེ་ཡང་ ཤེས་པ་སྔ་མའི་ཡུལ་ལ་ཕྱིན་ཅི་ལོག་གིས་སྟོང་པའི་ཕྱིར་དྲན་པ་ཉིད་དུ་སྣང་བ་ཡིན་ནོ། །རྣམ་པར་རྟོག་པ་འདི་ནི་རང་དབང་དུ་དངོས་པོར་ཞེན་པའི་བདག་ཉིད་དུ་སྐྱེ་ཡང་དངོས་པོས་བྱས་པའི་རིག་པའི་བྱེད་པས་སྟོང་པའི་ཕྱིར་ན་ཕྱིན་ཅི་ལོག་དེ་ཉིད་ལས་ཤེས་པ་གཞན་གྱི་འདུ་བྱེད་ པས་བྱས་ཏེ་དེ་ལྟར་སྣང་ཡང་དེ་ལྟར་རྟོགས་པ་མ་ཡིན་པའི་ཕྱིར་དྲན་པ་ཉིད་དུ་གསལ་བ་མ་ཡིན་ནོ། །དངོས་པོས་བྱས་པའི་དངོས་པོ་རིག་པའི་བྱེད་པས་སྟོང་ཡང་རྣམ་པ་དེ་ལྟ་བུའི་བག་ཆགས་ལ་བརྟེན་པ་ཞེས་བྱ་བ་འདི་གང་ལས་ཤེ་ན། དངོས་པོས་ཉེ་བར་སྦྱོར་བ་མེད་ཀྱང་ཤེས་ པ་གཞན་གྱི་འདུ་བྱེད་ཀྱི་རྩ་བ་ཅན་ཉིད་ནི་དྲན་པ་ལ་དམིགས་པའི་ཕྱིར་དང་། སྤྱི་རྟོགས་པ་ཉིད་ཀྱིས་རྟོགས་པ་སྔ་མའི་འདུ་བྱེད་ཀྱི་རྗེས་སུ་འཇུག་པར་གྲུབ་པའི་ཕྱིར་དང་འདིའི་མྱོང་བ་མ་ཡིན་པའི་བྱེད་པས་ནི་དེས་གཟུང་བའི་ཡུལ་དང་མཚམས་སྦྱོར་བར་རྟོགས་པའི་ཕྱིར་རོ། ། དེས་ན་དོན་གྱི་ཡུལ་ཅན་གྱི་སྤྱིའི་ཤེས་པ་གང་ཡིན་པ་ད་དག་གི་རྒྱུ་མཚན་ནི་གཉིས་ཡིན་ཏེ། དོན་དམིགས་པར་བྱེད་པའི་རྟོགས་པ་གཞན་དང་འདུ་བྱེད་དེའོ། །དོན་གྱི་ཉེ་བར་སྦྱོར་བ་མེད་ན། འདུ་བྱེད་པ་འབའ་ཞིག་ལུས་པ་ཡིན་ནོ། །དེ་ཡང་སྤྱི་སྨྲ་བ་ རྣམས་ཀྱི་ལྟར་ན་ཐོག་མ་དང་བཅས་པ་ཉིད་དོ། །སྤྱི་རྟོགས་པ་མངོན་སུམ་ཉིད་ཡིན་པའི་ཕྱིར་དང་། མངོན་སུམ་གྱི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །འདིར་ནི་རྣམ་པར་རྟོག་པ་ཕྱི་མའི་དངོས་པོའི་སྦྱོར་བས་སྟོང་པའི་རྣམ་པར་རྟོག་པའི་རྩ་བ་ཅན་ཡིན་པས་ན་དེ་ཡང་ རྣམ་པར་རྟོག་པ་ཡང་སྔ་མའི་རྩ་བ་ཅན་ཡིན་པའི་ཕྱིར་ཐོག་མ་མེད་པ་ཁོ་ནའོ། །དེས་ན་སྤྱིའི་བློ་འདི་ནི་དེ་ལྟར་སྐྱེ་བ་ཡིན་ནོ། །དེས་ན་དེའི་སྣང་བ་ལ་བརྟེན་ནས་བ་ལང་གི་ཚིག་གི་དོན་སྤྱི་དང་། ཨུཏྤ་ལ་ཉིད་སྔོན་པོ་ཉིད་དང་གཞི་མཐུན་པ་ཉིད་དོ་ཞེས་རྣམ་པར་གཞག་པར་བྱེད་ དོ། །ཕན་ཚུན་རྗེས་སུ་འབྲེལ་བར་རྟོགས་པའི་ཕྱིར་གྱི། །འདིར་གཞིར་གྱུར་པའི་ཆོས་ཅན་གསུམ་པ་ནི་འགའ་ཡང་སྣང་བ་མེད་དོ། །འོ་ན་ཇི་ལྟར་གཞི་མཐུན་པའི་ཚིག་ཐ་དད་པར་འགྱུར་ཞེ་ན། མུ་སྟེགས་གཞན་ལ་གྲགས་པ་ཡིན་པར་རྟོགས་པར་བྱའོ། །དངོས་པོའི་ དབང་གིས་ནི་མ་ཡིན་ནོ་ཞེས་བཤད་པ་ནི། དོན་མེད་བཞིན་དུ་ཡང་ཞེས་སྨོས་སོ། །མེད་པ་ཡང་ཡིན་ལ་དོན་ཡང་ཡིན་པ་དོན་མེད་པ་སྟེ། སྤྱི་དང་གཞི་མཐུན་པ་དག་ཀྱང་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་ཞེ་ན་དོན་རྣམས་ལ་ཞེས་སྨོས་སོ། །སྤྱི་དང་གཞི་མཐུན་པའི་རྟོགས་པའི་རྒྱུ་མཚན་ནི་འབྲེལ་པ་དང་ ཐ་དད་པ་ཁོ་ན་ཡིན་ན། དེ་གཉིས་ནི་དོན་རྣམས་ལ་མི་སྲིད་དོ། །ཁྲ་བོ་ལ་སོགས་པ་ཐ་དད་པ་ལས་བ་ལང་ཉིད་གཞན་མ་ཡིན་པར་ཇི་ལྟར་ཁྱད་པར་གཞན་དང་འདྲེ་བར་འགྱུར། དེ་ལྟར་ཡང་སྲིད་པ་མ་ཡིན་ཏེ། ཁྲ་བོ་ལས་གཞན་པའི་བ་ལང་ཉིད་དམ་སེར་སྐྱ་དེ་ཉིད་ཡིན་པ་ནི་ མི་སྲིད་དོ། །དེ་བཞིན་དུ་གཞི་མཐུན་པ་ཡང་ཐ་དད་པ་ལ་བརྟེན་པ་འདྲེ་བའི་མཐར་ཐུག་པ་ཅན་ཡིན་ནོ། །དེ་རྟོགས་པ་ན་མ་རྟོགས་པའི་ཕྱིར་སྔོན་པོའི་མཚན་ཉིད་ཀྱི་ཆོས་ཨུཏྤ་ལའི་མཚན་ཉིད་ལས་ཐ་དད་པར་རྟོགས་པ་ལས། ཡང་དེ་ལྟར་རྟོགས་པ་ན། དེ་ལྟར་རྗེས་སུ་འགྲོ་བ་ ལ་བརྟེན་པས་དེ་དང་རང་བཞིན་གཅིག་ཉིད་དུ། ཨུཏྤ་ལ་སྔོན་པོ་ལ་སོགས་པའི་རྟོགས་པ་རྣམས་ལ་སྣང་བར་འགྱུར་རོ། །དེས་ན་འདི་གཉི་ག་ཡང་དོན་རྣམ་པར་འགྲེལ་པ་དང་ཐ་དད་པའི་རྩ་བ་ཅན་ཡིན་ལ། དེ་གཉིས་ཀྱང་དོན་ལ་སྲིད་པ་མ་ཡིན་ནོ་ཞེས་བསྒྲུབ་པར་འགྱུར་བར་རོ། ། དེ་ལྟར་སྤྱི་མེད་ཀྱང་བློ་ལ་དེ་ལྟར་སྣང་ངོ་ཞེས་བསྟན་ནས་བློ་དེ་གཞན་སེལ་བའི་བློ་ཉིད་དུ་བསྟན་པ་ནི་དེ་ཐམས་ཅད་ཀྱི་ཞེས་བྱ་བའོ། །སྤྱི་དང་གཞི་མཐུན་པ་དང་ཁྱད་པར་གྱི་གཞིའི་དངོས་པོ་ལ་སོགས་པ་དེ་ཐམས་ཅད་ཀྱི་རྟེན་ནི་གཞན་དག་ལས་ཐ་དད་པའི་དོན་རྣམས་ཡིན་ནོ། །ཇི་ ལྟར་གཞན་དག་ལས་ཐ་དད་པ་དེ་སྟོན་པ་ནི། དེའི་འབྲས་བུ་དང་རྒྱུ་ཅན་ཉིད་ཀྱིས་ཞེས་སྨོས་སོ། །རྣམ་པར་ངེས་པ་ཅན་ཉིད་ཀྱིས་དོན་རྣམས་དེའི་རང་བཞིན་མ་ཡིན་པས་ན་དེ་ལས་གཞན་པ་ལས་ལྡོག་པ་ཡིན་ནོ། །རྣམ་པར་ངེས་པ་ཉིད་ཀྱང་ཁྱད་པར་ཅན་གྱི་རྒྱུ་ཅན་ཉིད་དམ། ཁྱད་པར་ཅན་གྱི་འབྲས་བུ་ཅན་ཉིད་དམ། སྔོན་པོ་དང་སེར་པོ་ལ་སོགས་པ་ཁྱད་པར་ཅན་གྱི་རང་བཞིན་གྱིས་ཡིན་ནོ། །དེའི་འབྲས་བུ་དང་རྒྱུ་ཅན་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ནོ། །དབྱེ་བར་བྱ་བའི་དོན་ལ་བརྟེན་པ་ཉིད་ཀྱིས་སྤྱི་ལ་སོགས་པའི་ས་བོན་ནི་ཐ་དད་པ་ཡིན་པར་བརྗོད་ དོ། །དེས་ན་བློ་འདི་ནི་ས་བོན་ལས་རང་གི་ངོ་བོ་ཐོབ་པའི་ཕྱིར་འདི་ལྡོག་པའི་བློ་ཡིན་ནོ། །འདི་ཡང་ཕན་ཚུན་དུ་ཐ་དད་པ་འདིའི་ས་བོན་ཡིན་ཞེས་བྱ་བ་དེར་སྟོན་པར་འགྱུར་རོ། །དེས་ན་འདི་ལྡོག་པའི་བློ་ཡིན་པའི་ཕྱིར་དེ་ལ་སྣང་བཞིན་པ་དང་། ངོ་བོ་གང་གིས་སྣང་བ་དེ་བཞིན་ ལྡོག་པ་ཞེས་བྱའོ། །དངོས་པོ་ལ་དངོས་པོ་གཞན་མེད་པའི་རང་བཞིན་གྱི་ལྡོག་པ་གང་ཡིན་པ་དེ་ནི་ཤེས་པ་འདིའི་ས་བོན་དུ་འགྱུར་བ་ཡིན་པས་ན་འདི་ནི་ལྡོག་པ་རྟོགས་པ་ཡིན་ནོ། །དེ་ནི་སྔར་བཤད་པའི་ཚུལ་གྱིས་དམིགས་པ་ལ་ལྟོས་ནས་ཇི་ལྟར་རྟོགས་པའི་བློ་ཡིན་པ་དེ་བསྟན་ པའི་ཕྱིར་སྒྲས་ཀྱང་ཞེས་སྨོས་སོ། །སྒྲས་ཀྱང་སྒྲོ་འདོགས་པའི་སྒོ་ནས་མི་འདོད་པ་སྦྱོར་བ་སྤངས་ཏེ་ཞེས་བྱ་བའི་སྒྲོ་འདོགས་པ་རྣམ་པར་གཅོད་པས་རྟོགས་པ་པོ་འཇུག་པར་བྱེད་དོ། །འཇུག་པ་དེ་ཡང་དེ་ལྟར་རྟོགས་པ་ཡིན་པའི་ཕྱིར་སྒྲོ་འདོགས་པ་རྣམས་གཅད་པས་ རྟོགས་པར་བྱེད་པས་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་རྟོགས་པ་དེ་ཡང་རྣམ་པར་གཅོད་པ་རྟོགས་པ་ཡིན་པས་གཞན་སེལ་བའི་ཡུལ་ཅན་དུ་འདི་ཇི་ལྟར་རྟོགས་ཤེ་ན་ཞེས་རྒོལ་བ་བཀོད་པ་སྔོན་དུ་འགྲོ་བ་ཅན་གྱིས་སྔར་བསྟན་ཟིན་ཏོ། །མེད་དོ་ཞེས་ཀྱང་ཁས་ལེན་པ་དེ་ལྟར་ན་ཡང་ བློ་ལ་སྣང་བ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་སྤྱི་ལ་སོགས་པ་དོན་མེད་པ་དེ་གང་ཞིག་ཅེ་ན། དེ་རང་གི་ངོ་བོ་ཉིད་བསྟན་པའི་ཕྱིར། དེ་ལ་ཞེས་སྨོས་ཏེ། དོན་གྱི་ཕན་འདོགས་པ་ལ་མི་ལྟོས་པར། ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་དེ་ལྟ་ བུའི་བློ་སྐྱེ་བ་ཞེས་རྣམ་པར་གནས་པ་ལའོ། །གཅིག་པོ་ཞེས་བྱ་བ་ནི་སྤྱིའི་རང་བཞིན་ནོ། །དུ་མ་ལས་ལྡོག་པ་ཞེས་བྱ་བ་ནི་གཞི་མཐུན་པའི་རྟེན་གྱི་དོན་ཏོ། །སྒྲ་རྣམས་ཀྱི་ཡུལ་དུ་བྱེད་ཅིང་དེ་ཡང་བློ་ལ་སྣང་བའི་དབང་གིས་ཏེ་བློ་ལ་སྣང་བར་གྱུར་པའི་མཐུས་ཡིན་ནོ། །གང་ གི་ཕྱིར་བློ་ལ་རྣམ་པ་དེ་ལྟ་བུའི་རང་བཞིན་དུ་སྣང་བ་དེས་ན་སྒྲ་རྣམས་ཀྱི་ཡུལ་དུ་བྱེད་པའི་ཕྱིར་བློ་ལ་སྣང་བའི་དབང་གིས་ཡུལ་དུ་བྱེད་པར་བརྗོད་དོ། །བློ་ལ་སྣང་བ་ཡང་བློའི་རྣམ་པ་ཁོ་ན་ཡིན་པས་དེ་ལྟ་བུར་གྱུར་པའི་དོན་ནི་བློའི་རྣམ་པ་ཉིད་ཡིན་པར་བརྗོད་པ་ཡིན་ནོ། །གལ་ཏེ་དེ་ ལྟ་བུའི་དོན་བློའི་རྣམ་པ་ཉིད་ཡིན་ན། ད་ཇི་ལྟར་སྤྱི་འགའ་ཡང་མེད་ཅེས་བརྗོད་ཅེ་ན། ཕྱི་རོལ་གྱི་དོན་གྱི་དེ་ཁོ་ན་ཉིད་ལ་མི་ལྟོས་པ་ཞེས་སྨོས་སོ། །གལ་ཏེ་ཕྱིའི་དོན་དེ་ལྟ་བུ་འགའ་ཞིག་ཡོད་ན་ནི། དེ་བཞིན་དུ་བློ་ཡང་དེ་ལྟར་སྣང་བའི་ཕྱིར་སྔོན་པོ་ལ་སོགས་པ་བཞིན་དུ་སྤྱི་དངོས་ པོ་ཡོད་པར་འགྱུར་བ་ཞིག་ན། དེ་ནི་མ་ཡིན་པས་ན་སྤྱི་མེད་པར་བརྗོད་པ་འཐད་པ་ཡིན་ནོ། །གལ་ཏེ་ཕྱི་རོལ་དེ་ལྟ་བུ་ཡོད་པ་བློས་རྗེས་སུ་བྱེད་ན་ཕྱི་རོལ་གྱི་དེ་ལྟ་བུ་ཉིད་བློས་མཐོང་བ་ཞེས་བྱ་བར་འགྱུར་བ་མ་ཡིན་ནོ། །ཕྱི་རོལ་མེད་ཀྱང་དེ་ལྟ་བུའི་བློ་ཉིད་སྤྱིར་འགྱུར་མོད་ཅེ་ན། དེའི་དངོས་པོར་ངེས་པ་ཞེས་སྨོས་སོ། །དེའི་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་གྱི་དེ་ཁོ་ན་ཉིད་ཅེས་བརྗོད་པ་བཟུང་བ་ཡིན་ནོ། །བློའི་སྣང་བ་ནི་ཕྱི་རོལ་གྱི་དེ་ཁོ་ན་ཉིད་དུ་ངེས་པ་ཡིན་ཏེ། འདི་ཤེས་པའི་རྣམ་པ་ཡང་དོན་གྱི་དེ་ཁོ་ན་ཉིད་དུ་ལྷག་པར་ཞེན་པར་བྱས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་ གོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་གཞན་དང་གཅིག་ཏུ་གྱུར་པའི་ཕྱིར་ཕྱིའི་རང་བཞིན་དུ་གྱུར་པའམ། དུ་མ་ལ་སོགས་པ་འདི་རྟོགས་པའི་རང་བཞིན་ལྟར་རང་གི་བདག་ཉིད་ལ་རྣམ་པར་གནས་པ་ཡིན་ན། དེའི་ཚེ་སྤྱི་ཡིན་པར་འགྱུར་བ་ཞིག་ན། དེ་ལྟར་ནི་མ་ཡིན་ ནོ། །དེ་ནི་དོན་འདི་ཉིད་དུ་ངེས་པའི་ཕྱིར་འདི་དོན་རྣམས་ཀྱི་རང་བཞིན་གཅིག་ཡིན་པར་ངེས་པ་ཡིན་ན། བློའི་སྣང་བས་ནི་དེ་རྣམས་དེ་ལྟ་བུར་གྱུར་པ་མ་ཡིན་ནོ། །དེའི་ཕྱིར་སྤྱི་ནི་དོན་མེད་པ་ཡིན་ནོ། །འདི་ཐམས་ཅད་ནི་ལྡོག་པའི་སྤྱིའི་ངོ་བོ་ཉིད་ཡིན་པས་ན་མདོར་བསྡུས་ཏེ་བརྗོད་ པ་ཡིན་ནོ། །དེ་ལ་ཇི་ལྟར་སྤྱི་མེད་པ་དང་དངོས་པོ་ཐ་དད་པ་སྤྱིའི་རྒྱུ་མཚན་ཡིན་པ་དང་བློའི་སྣང་བ་སྒྲའི་དོན་དང་སྤྱིའི་རང་བཞིན་ཉིད་དང་དོན་མེད་པ་ཉིད་ནི་འོག་ནས་དེ་དང་དེར་རྒྱས་པར་སྒྲུབ་པར་འགྱུར་རོ། །ཇི་ལྟར་འདི་སྒྲ་རྣམས་ཀྱི་ཡུལ་ཡིན་པ་དེ་བཞིན་དུ་རྣམ་པར་རྟོག་པ་རྣམས་ ཀྱི་ཡང་ཡིན་ནོ་ཞེས་བཤད་པ་ནི། དེ་ཉམས་སུ་མྱོང་བའི་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་སྒྲ་རྣམས་ཀྱི་སྒོ་ནས་རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་དུ་བྱེད་ཅིང་ཞེས་འབྲེལ་ཏོ། །དེ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དེ་ཁོ་ན་ཉིད་འཛིན་པའོ། །དེས་ན་ཕྱི་རོལ་ཉམས་སུ་མྱོང་བའི་བག་ཆགས་ ལས་སྐྱེ་བ་ཅན་གྱི་རྣམ་པར་རྟོག་པ་ཞེས་བྱ་བའི་དོན་འདི་ཡིན་ནོ། །སྔར་ནི་ཐོག་མ་མེད་པའི་བག་ཆགས་ལ་རྟེན་པར་བྱེད་ལ། ཉམས་སུ་མྱོང་བའི་བག་ཆགས་ནི་ཐོག་མ་དང་བཅས་པ་ཡིན་པ་དེས་ན་རྣམ་པར་རྟོག་པ་རྣམས་བག་ཆགས་ཉིད་ལས་བྱུང་བར་བརྗོད་པར་འགྱུར་རོ། །དེ་ ལ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་ནི་རྣམ་པར་རྟོག་པ་ཙམ་ལ་སྣང་བ་སྤྱི་ལ་སོགས་པ་རྟོགས་པ་ཡིན་ལ། གཞན་དང་གཞན་ཐ་དད་པར་རྟོགས་པ་ནི་ཉམས་སུ་མྱོང་བའི་བག་ཆགས་ཀྱིས་ཡིན་ནོ། །ཉམས་སུ་མྱོང་བ་ཡང་སྔོན་པོ་མེད་པའི་དོན་རྟོགས་པ་ཙམ་གྱི་རང་ བཞིན་ཡིན་པས་ན་རྣམ་པར་རྟོག་པས་སྔོན་པོ་མེད་པའི་དོན་རྟོགས་པའི་རྒྱུ་ཡིན་ནོ། །དེ་བས་ན་འདིར་མངོན་སུམ་བཞིན་དུ་མངོན་སུམ་མ་ཡིན་པ་ཡང་བག་ཆགས་ཀྱི་རྟེན་ཉིད་ཡིན་པར་འགྱུར་ཏེ། ཟླ་བ་གཉིས་སུ་རྣམ་པར་རྟོག་པ་ལ་ཟླ་བ་གཉིས་སུ་ཤེས་པའམ། རྨི་ ལམ་དུ་མཐོང་བའི་དོན་རྣམ་པར་རྟོག་པ་ལ་རྨི་ལམ་གྱི་ཤེས་པ་བཞིན་ནོ། །དེ་ལྟར་ན་གལ་ཏེ་རྒྱུ་མཚན་གཞན་ལས་ཀྱང་སྔ་ན་མེད་པའི་རང་བཞིན་རྟོགས་པར་འགྱུར་ན། དེའི་ཚེ་དེ་ཡང་བག་ཆགས་འཇོག་པར་བྱེད་པ་ཡིན་པར་འགྱུར་ཏེ། དཔེར་ན་དེ་ལྟར་ཡོངས་སུ་རྟོགས་ པར་བྱེད་པ་རྣམས་ཀྱི་གཙུག་ལག་གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱི་ཡིན་པ་བཞིན་ནོ། །དེ་དག་གིས་བག་ཆགས་དེ་འདྲ་བ་དེ་ཡང་ག་ལས་ཤེ་ན། ལོག་པར་བརྟགས་པའི་རྟགས་ཀྱི་རྩ་བ་ཅན་གྱི་རྗེས་སུ་འབྲང་བ་ལས་ སོ་ཞེས་བརྗོད་དོ། །རྣམ་པར་རྟོག་པ་ནི་སྔོན་པོ་ལ་སོགས་པའི་ཤེས་པ་བཞིན་ནམ། ཟླ་བ་གཉིས་ལ་སོགས་པའི་ཤེས་པ་བཞིན་དུ་སྔ་ན་མེད་པའི་རྟོགས་པར་བྱ་བ་རྟོགས་པར་བྱེད་པ་ཉིད་མ་ཡིན་ཏེ། ཇི་ལྟར་སྔ་ན་མེད་པའི་དོན་སྣང་བ་ཅན་གྱིས་མངོན་སུམ་མམ། དེར་ སྣང་བས་བསྐྱེད་པ་བཞིན་དུ་དེ་ལྟ་བུའི་དངོས་པོའི་ཆོས་ཀྱི་རྗེས་སུ་འབྲང་བ་རྟགས་ཀྱིས་རྟོགས་པ་ལས་ཀྱང་སྐྱེ་བ་ཡིན་ནོ། །དེ་ལྟ་མོད་ཀྱི་དེ་ལྟ་བུའི་དངོས་པོའི་ཆོས་ཀྱི་རྗེས་སུ་འབྲང་བ་ན། མི་ཤེས་པ་ནི་རྗེས་སུ་དཔག་པ་ལྟར་སྣང་བས་སྔ་ན་མེད་པའི་དོན་རྟོགས་ཏེ། གཙོ་ བོ་ལ་སོགས་པ་ཡང་རྟོགས་པ་བཞིན་ནོ། །མཁས་པ་དག་ལ་ནི་ཡང་དག་པའི་རྗེས་སུ་དཔག་པ་སྟེ་མི་རྟག་པ་དང་བདག་མེད་པ་ལ་སོགས་པའི་རྟོགས་པ་བཞིན་ནོ། །དེའི་ཕྱིར་ཉམས་སུ་མྱོང་བའི་སྒྲ་ཐོས་པ་ལས་ཉམས་སུ་མྱོང་བ་ཙམ་ཁོ་ནར་ནི་མཁས་པ་རྣམས་ཀྱིས་ མངོན་པར་ཞེན་པར་བྱ་བ་མ་ཡིན་གྱི། འོན་ཀྱང་ཇི་ལྟར་ཉམས་སུ་མྱོང་བའམ་དེར་སྣང་བ་རང་གི་མཐུས་དངོས་པོ་འམ། དེ་ལས་གཞན་རྟོགས་པར་བྱེད་པ་ན་རང་གི་མཐུས་རྟོགས་པར་མི་ནུས་པའི་རྟོགས་པ་སྐྱེད་པར་བྱེད་པ་དེ་བཞིན་དུ། རྟགས་ཀྱི་རྗེས་སུ་འབྲང་བས་ཀྱང་ རྣམ་པར་རྟོག་པ་སྐྱེ་ལ། དེ་ལྟར་དེ་རང་དབང་དུ་རྟོགས་པ་ཡང་མ་ཡིན་ནོ། །ཉམས་སུ་མྱོང་བའི་བག་ཆགས་ཡོད་པ་ཙམ་གྱིས་རྣམ་པར་རྟོག་པ་སྐྱེ་བ་ཡང་མ་ཡིན་གྱི་འོན་ཀྱང་དེ་སད་པ་ལས་ཡིན་ཏེ། དེ་ལྟ་མ་ཡིན་ན། རྟག་ཏུ་སྐྱེ་བར་ཐལ་བའི་ཕྱིར་རོ། །དེའི་དངོས་པོ་ངེས་པའི་ དོན་ཅེས་དོན་དམ་པར་ཡང་དེའི་དངོས་པོ་ངེས་པ་ཞེས་བྱ་བ་ལ་ཇི་ལྟར་དོགས་པ་བསུས་ཏེ་སྦྱར་བ་དེ་བཞིན་དུ། དོན་དང་ལྷན་ཅིག་པའི་སྒྲས་སྦྱར་བར་བྱའོ། །དེ་བཞིན་དུ་དེའི་དངོས་པོ་ངེས་པའི་དོན་ཅན་རྣམས་ཀྱིས་ཞེས་འདོགས་པ་གཞན་དུ་ཡང་རྟོགས་པར་བྱའོ། །འདིར་ འདོན་པ་གཉིས་ཀ་ལས་ཡང་གཅིག་པུ་དུ་མ་ལ་སོགས་པ་སྒྲ་རྣམས་ཀྱིས་ཡུལ་དུ་བྱེད་ཅིང་ཞེས་དེ་ཉིད་ཡུལ་དུ་བརྗོད་པར་འགྱུར་རོ། །དེ་ཡང་བློ་ལ་སྣང་བའི་དབང་གིས་ཞེས་བྱ་བས་བློ་ལ་སྣང་བར་གྲུབ་པ་ན། ཕྱི་རོལ་གྱི་དེ་ཁོ་ན་ཉིད་ལ་མི་ལྟོས་པ་ཞེས་བྱ་བ་ནི་ཕྱི་རོལ་དེ་ལྟ་ བུ་ཉིད་བཀག་ན། བློ་ལ་སྣང་བ་ཙམ་དུ་གྲུབ་པ་ཁོ་ནའོ། །དེ་བཞིན་དུ་དོན་གྱི་སྒྲ་ཡང་ལོགས་སུ་འབྲེལ་པར་རྟོགས་པར་བྱའོ། །ཆོས་དང་ཆོས་ཅན་གྱི་དངོས་པོ་བརྗོད་པ་གང་ཡིན་པ་དེ་ལ་ཕྱི་རོལ་གྱི་དེ་ཁོ་ན་ཉིད་ལ་མི་ལྟོས་པར་བློ་ལ་སྣང་བའི་དབང་གིས་ཡུལ་དུ་བྱས་པ་གང་ཡིན་པ་དེ་ཉིད་ ཡིན་ན་ཞེས་བརྗོད་པར་བསྟན་པའི་ཕྱིར་དེ་ཉིད་ལ་ཞེས་སྨོས་སོ། །འདིའི་བ་ལང་ཉིད་ཅེས་བ་ལང་ཉིད་དང་དེ་དང་ལྡན་པའི་ཆོས་ཅན་གྱི་ཐ་སྙད་གང་ཡིན་པ་དེ་ནི་དེ་ཉིད་དུ་ཡིན་པའི་ཕྱིར་དེ་ཆོས་དང་ཆོས་ཅན་གྱི་ངོ་བོ་ཉིད་ཡིན་པས་ན་དེ་ལ་ཐ་སྙད་དུ་འགྱུར་བ་ཡིན་པའི་ཕྱིར་འདིས་ནི་ འདིའི་ཆོས་དང་ཆོས་ཅན་གྱི་རང་བཞིན་ཉིད་བརྗོད་དོ། །དེས་ན་ཆོས་ཀྱི་ཐ་སྙད་དང་ཆོས་ཅན་གྱི་ཐ་སྙད་འདི་ནི་དེ་ཉིད་ལ་ཡིན་ལ་དེ་ཡང་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ཉིད་ནི་དེའི་རང་བཞིན་ཡིན་ལ་དེ་ལས་ཐ་དད་པ་ནི་གཞན་ཉིད་དོ། །གང་ལ་ལྟོས་ནས་ བརྗོད་པར་བྱ་བ་མ་ཡིན་པ་དེ་བཤད་པ་ནི། ཕན་ཚུན་ཞེས་བྱ་བའོ། །ཆོས་ཀྱི་ཐ་སྙད་གང་ཡིན་པ་དེ་ཉིད་ཆོས་ཅན་གྱི་ཐ་སྙད་ཡིན་ལ། དེ་ཉིད་གང་ཡིན་པ་དེ་ཁོ་ན་གཞན་ཡིན་ནོ་ཞེས་འདི་གཉིས་ཕན་ཚུན་དེའི་རང་བཞིན་ནི་མེད་པ་ཁོ་ནའོ། །གཞན་ཉིད་ཀྱང་དེ་བཞིན་ནོ། །གལ་ ཏེ་དེ་ཉིད་ཀྱི་ཆོས་ཡིན་ལ་དེ་ཉིད་ཆོས་ཅན་ཡིན་ན། དེའི་ཚེ་འདི་གཉིས་ཕན་ཚུན་གཅིག་པ་ཉིད་ན་དེ་དག་གི་ཐ་སྙད་ཀྱང་གཅིག་ཉིད་དུ་འགྱུར་ཏེ། ཆོས་ཀྱི་ཐ་སྙད་དང་། ཆོས་ཅན་གྱི་ཐ་སྙད་ཅེས་བྱ་བའི་ཐ་དད་པ་རྣམ་གྲངས་ཙམ་གྱིས་བྱས་པར་ཐལ་བའི་ཕྱིར་རོ། ། ཐ་དད་ན་ཡང་ཐ་སྙད་ཐ་དད་པའི་ཕྱིར་ཆོས་དང་ཆོས་ཅན་དག་ཕན་ཚུན་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་ན་ཐ་སྙད་ཀྱང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་ཆོས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆོས་ནི་ཆོས་བཀར་བའི་གཞིར་གྱུར་ པ་འདི་ཞེས་བསྟན་པའི་ཆོས་ཅན་ལས་གཞན་པ་ཡང་མ་ཡིན་ཏེ། དེ་ནི་དེ་ལས་བཀར་བ་བཞིན་པ་ཉིད་ན་དེ་དང་འབྲེལ་བས་དེ་ལས་གཞན་ཉིད་དུ་སྣང་བ་གཞན་པ་ཡང་མ་ཡིན་ནོ། །ཇི་ལྟར་རྟོགས་ཤེ་ན། ཐ་དད་པའི་རང་བཞིན་གྱི་དོན་གཞན་གང་ཡིན་པ་དེ་ནི་མི་ བརྗོད་པའི་ཕྱིར་རོ། །འདིའི་བ་ལང་ཉིད་ཅེས་རྟོགས་པའི་དོན་ལ་ཐ་དད་པའི་རྗོད་པ་ནི་ཅི་ཡང་མེད་དེ། དེ་ལྟར་རྟོགས་བཞིན་པ་ནི་དེ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟར་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ཉིད་དུ་ཡང་བརྗོད་པར་བྱ་བ་མ་ཡིན་པར་བཤད་པ་ནི། དེ་ཉིད་ ཀྱང་མ་ཡིན་ཏེ་ཞེས་བྱ་བའོ། །དེ་བརྗོད་པ་དག་ཅེས་བྱ་བ་ནི་ཆོས་ཅན་རྗོད་པ་དག་གོ། །ཆོས་ཅན་རྗོད་པ་ནི་རྣམ་པར་གཅོད་པ་གཞན་འཕེན་པ་ཡིན་ཏེ། དེས་ན་གལ་ཏེ་ཆོས་བརྗོད་པ་ཡིན་ན་དེ་ལྟར་འགྱུར་རོ། །དེ་ལྟར་ནི་མི་འཐད་དོ་ཞེས་བཤད་པ་ནི་དེ་ལྟར་ན་ནི་ཞེས་བྱ་བའོ། །བརྗོད་ པར་བྱ་བ་མ་ཡིན་པ་འདི་གང་ལ་ཡིན་ཞེ་ན་བཤད་པ། བརྗོད་པར་བྱ་བ་མ་ཡིན་པ་ཉིད་འདི་ནི་སྒྲའི་དོན་ལ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དངོས་པོ་ལ་ནི་ཆོས་ཅན་ལས་གཞན་མ་ཡིན་ལ། ཆོས་ཅན་ཡང་ཆོས་ལས་གཞན་མ་ཡིན་ནོ། །སྒྲའི་དོན་ལ་ནི་གཞན་དང་གཞན་མ་ཡིན་ པ་དག་མ་ཡིན་ནོ། །ཆོས་དང་ཆོས་ཅན་ཉིད་སྒྲའི་དོན་ལ་དེ་ལྟར་ཡིན་གྱི། སྤྱི་དང་གཞི་མཐུན་པ་དག་ནི་མ་ཡིན་ནོ། །དེ་ཉིད་བསྟན་པ་ནི་དངོས་པོ་ལ་ནི་ཞེས་བྱ་བའོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་དངོས་པོ་ལ་རང་གི་མཚན་ཉིད་ལས་སྤྱིའི་མཚན་ཉིད་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ ཡིན་གྱི་སྒྲའི་དོན་ལ་ནི་མ་ཡིན་ནོ། །འདི་ལྟར་གང་ཞིག་མེད་པ་དེ་ནི་ཡོད་པ་དང་ལྷན་ཅིག་རང་བཞིན་གཅིག་ཏུ་མི་འགྱུར་ལ། དེ་ལས་གཞན་པར་ཡང་མ་ཡིན་ཏེ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་བསམ་པ་ཡིན་ཏེ། སྒྲའི་དོན་ལ་ཆོས་ཀྱི་སྒྲས་རང་བཞིན་དེ་ཉིད་ཁྱད་པར་གཞན་སྤངས་ པའི་སྒོ་ནས་ཐ་དད་པར་བསྟན་པས་ན། དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ། །སྤྱི་རྣམས་ནི་སྒྲའི་དོན་ལ་གཞན་པ་ཉིད་དེ། བ་ལང་དཀར་པོ་ཞེས་བ་ལང་ཉིད་དང་དཀར་པོ་ཉིད་གཉིས་ཐ་དད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཞི་མཐུན་པ་ལ་ཆོས་ རྣམས་ཐ་དད་པ་ཡོད་པ་ཁོ་ནའོ། །ཇི་ལྟར་རྣམ་པར་རྟོག་པས་བཟུང་བའི་སྤྱིའི་རང་བཞིན་ལ་ལྟོས་ནས་དེ་དངོས་སུ་ན་རང་གི་མཚན་ཉིད་དུ་མེད་པའི་ཕྱིར་དངོས་པོ་ལ་བརྗོད་པར་བྱ་བ་མ་ཡིན་པར་བརྗོད་པ་དེ་བཞིན་དུ། ཆོས་དང་ཆོས་ཅན་དག་ཀྱང་བརྗོད་པར་བྱ་བ་མ་ཡིན་པ་ཁོ་ ནའོ། །ཇི་ལྟར་ཀུན་བརྟགས་པའི་རང་བཞིན་ཉམས་སུ་མྱོང་བས་ཆོད་པས་རྣམ་པ་འགའ་ཞིག་གིས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམ་པར་རྟོག་པ་ཡོད་པ་ལ་ལྟོས་ནས་ནི་ཇི་ལྟར་ངེས་པ་བཞིན་ཕྱི་རོལ་ན་ཡོད་པའི་སྤྱི་རྣམས་དང་ཆོས་དང་ཆོས་ཅན་རྣམས་གཞན་མ་ཡིན་པ་ཁོ་ ནའོ། །དེ་ལ་ཡང་འདི་གཉིས་སུ་འགྱུར་ཏེ། ཆོས་ཅན་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ཉིད་ཆོས་ཉིད་དུ་རྟོགས་པས་ན་འདིར་གཞན་མ་ཡིན་པ་ཡིན་ལ། སྤྱི་རྣམས་ནི་དངོས་པོའི་རང་བཞིན་གང་ཞིག་བ་ལང་ཞེས་རྟོགས་པ་དེ་ཉིད་དཀར་པོའོ་ཞེས་རྟོགས་པ་མ་ཡིན་གྱི་འོན་ཀྱང་ དེ་ལས་དེ་ཁྱད་པར་གཞན་ཁོ་ནའོ། །དེ་དག་ཡོད་ཀྱང་དེ་ལ་ཐ་དད་པ་མི་བདེན་པའི་ཕྱིར་སྤྱིར། གཞན་མ་ཡིན་ནོ་ཞེས་རྣམ་པར་སྤྲོས་པར་འགྱུར་རོ། །འདི་ལ་ཆོས་དང་ཆོས་ཅན་དག །ཅེས་སྨོས་ཏེ། ཆོས་དང་ཆོས་ཅན་དག་ཐ་དད་པ་མ་ཡིན་ན། དྲུག་པ་ལ་སོགས་པ་ མི་རུང་ཞེས་འཆད་པར་འགྱུར་བ་དང་བསྒྱུར་ནས་འབྲེལ་ཏོ། །ཇི་ལྟར་མི་རུང་ཞེ་ན། ཐ་དད་པ་ལ་མཐོང་བ་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། ཆོས་དང་ཆོས་ཅན་དག་གཞན་ཉིད་དུ་བརྗོད་པའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ནི་མ་ཡིན་ནོ། །ཆོས་ནི་ཆོས་ཅན་ལས་ གཞན་པ་ཡང་མ་ཡིན་ཏེ་ཞེས་གང་བཤད་པ་དེ་ནི་མ་ཡིན་ཏེ། འདིའི་བ་ལང་ཉིད་ཅེས་བྱ་བའི་དྲུག་པ་མེད་པར་ཐལ་བའི་ཕྱིར་རོ། །སྩོགས་པའི་སྒྲས་ནི་བ་ལང་ལ་བ་ལང་ཉིད་དོ་ཞེས་བྱ་བ་ལ་སོགས་པ་བཟུང་ངོ་། །ཉེས་པ་གཞན་ཡང་བསགས་པའི་ཕྱིར་བཤད་པ། ཆོས་དང་ ཆོས་ཅན་དག་ཐ་དད་པ་མ་ཡིན་ན། མང་པོའི་ཚིག་གི་བྱེ་བྲག་ཆོས་ཅན་གཅིག་ལ་མི་རུང་ངོ་། །ཆོས་ཅན་གཅིག་ལ་གཅིག་གིས་བསྟན་པས་ནི་ཚིག་གི་བྱེ་བྲག་ནི་དེ་ལ་ལྟོས་པ་ཉིད་ཀྱིས་ནི་མང་པོའི་ཚིག་ལ་སོགས་པའི་རང་བཞིན་ནོ། །ཇི་ལྟར་ཆོས་ཅན་གཅིག་ལ་ཚིག་གི་ བྱེ་བྲག་མི་རུང་ཞེ་ན། ཆོས་མང་བའི་ཕྱིར་རོ་ཞེས་སྨོས་སོ། །གང་གི་ཚེ་བ་ལང་ཉིད་དང་དངོས་པོ་ཉིད་དང་མི་རྟག་པ་ཉིད་ལ་སོགས་པ་རྣམས་ནི་བ་ལང་གི་ཆོས་ཡིན་ནོ་ཞེས་ཆོས་ཅན་བ་ལང་གཅིག་གི་ཆོས་མང་བའི་ཕྱིར་མང་པོའི་ཚིག་འཇུག་པ་དེའི་ཚེ་ཁྱེད་ཀྱི་ ལྟ་བ་ལ་འདི་མི་རུང་ངོ་། །གལ་ཏེ་ཚིག་གི་བྱེ་བྲག་འདི་ཆོས་ཅན་ལ་ནི་མ་ཡིན་གྱི་འོན་ཀྱང་ཆོས་རྣམས་ཉིད་ལ་ཡིན་པ་དེས་ན་ཇི་ལྟར་ཆོས་ཅན་གཅིག་ལ་མི་རུང་ཞེས་བརྗོད། འོན་ཏེ་ཆོས་ཅན་གཅིག་ལ་ཆོས་མང་པོ་མི་རུང་ངོ་ཞེས་བྱ་བར་བརྗོད་པ་འདོད་པ་ཡིན་ན་དེའི་ཚེ་དེ་ ཉིད་བརྗོད་པར་རིགས་སོ་ཞེ་ན། བརྗོད་པ་འདི་ལ་བསམ་པ་ནི་འདི་ཡིན་ཏེ། གང་གི་ཚེ་ཆོས་དང་ཆོས་ཅན་དག་ཐ་མི་དད་པ་ཡིན་ཏེ། དེའི་ཆོས་མང་བའི་ཕྱིར་མང་པོའི་ཚིག་གི་བྱེ་བྲག་ཏུ་འགྱུར་བ་གང་ཡིན་པ་དེ་ཆོས་ཅན་ཉིད་ལ་ཡིན་པར་ཐལ་བར་འགྱུར་ན། དེ་ལྟར་ ཡང་མ་ཡིན་ཏེ། ཆོས་ཅན་གཅིག་ལ་དེ་འགལ་བའི་ཕྱིར་རོ། །གལ་ཏེ་ཆོས་མང་མོད། དེ་ཙམ་གྱིས་མང་པོའི་ཚིག་གི་བྱེ་བྲག་ཏུ་ཇི་ལྟར་འགྱུར་ཞེ་ན། བཤད་པ། དེ་ལ་ཞེས་བྱ་བ་མང་པོ་ལ་མཐོང་བའོ། །འདི་བཟློག་པའི་ཕྱིར་བཤད་ཟིན་ཏོ་ཞེས་སྨོས་སོ། །ཅི་ ཞིག་བཤད་ཟིན། གལ་ཏེ་ཁྱད་པར་གཞན་སྤོང་བ་དང་། མི་སྤོང་བ་ཡིན་ན་དྲུག་པ་ཙམ་གཞུང་བཙུགས་པར་འགྱུར་གྱི། ཚིག་གི་བྱེ་བྲག་ལ་ཇི་ལྟར་ལན་དུ་འགྱུར་ཞེས་དོགས་པ་ལ། འདིར་ལན་དུ་ཆེ་བའི་བཤད་ཟིན་པ་གང་ཡིན་པ་དེ་སྟོན་པ་ནི། སྒྲ་རྣམས་ལ་ཞེས་ བྱ་བའོ། །འདི་སྐད་བསྟན་པ་ཡིན་ཏེ། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བས་ནུས་ཚད་ཀྱི་རྣམ་པ་ཙམ་ཞིག་བསྟན་མོད་ཀྱི། གཅིག་ཏུ་འཆོལ་བའི་རང་བཞིན་གྱི་སྒྲའི་ཐ་སྙད་ནི་སྒྲུབ་པར་ནུས་པས་ན་འདིར་དངོས་པོའི་ཡུལ་ཅན་མ་ཡིན་པ་ཉིད་ལན་དུ་རིགས་པ་ཡིན་ནོ་ཞེས་བྱ་ བའོ། །འདི་ནི་བདག་ཅག་ལ་སྐྱོན་དུ་འགྱུར་བ་མ་ཡིན་གྱི། འོན་ཀྱང་ཕ་རོལ་པོ་རྣམས་ཉིད་ལ་ཡིན་ནོ་ཞེས་བཤད་པ་ནི་གཞན་ཡང་ཞེས་བྱ་བའོ། །རྒོལ་བ་གང་དག་གི་ལྟར་ན་ཚིག་སྟེ་སྒྲའི་དངོས་པོའི་གཞན་གྱི་དབང་ཡིན་གྱི། ལྷུར་གཙོ་ཆེར་བརྗོད་པར་འདོད་པ་ལ་ མི་བརྟེན་པ་བརྗོད་པར་འདོད་པའི་གཞན་གྱི་དབང་མ་ཡིན་པ་དེ་དག་ལ་ནི་ཇི་སྐད་དུ་བརྗོད་པའི་བརྩད་པར་རིགས་པ་ཁོ་ནའོ། །འདིར་ཡང་བརྗོད་པར་འདོད་པ་ལ་ལྷུར་མི་བརྟེན་པ་ནི་དངོས་པོའི་དབང་གི་གཏན་ཚིགས་ཡིན་ནོ། །བརྗོད་པར་འདོད་པ་ནི་སྟོན་པར་བྱེད་པའི་འདོད་པ་ཡིན་ལ། དེ་ཡང་དངོས་པོ་ལས་གཞན་དུ་གྱུར་པར་ཡང་འགྱུར་བའི་ཕྱིར་དངོས་པོའི་དབང་དང་བརྗོད་པར་འདོད་པ་ལ་བརྟེན་པ་ཉིད་འགལ་བ་ཡིན་ནོ། །དེས་ན་དངོས་པོ་ལ་བརྟེན་པར་འགྲུབ་པ་ཉིད་ནི་དངོས་པོ་ལ་བརྟེན་པ་དང་། འགལ་བ་བརྗོད་པར་འདོད་པའི་གཞན་གྱི་དབང་མ་ཡིན་ན་ འགྱུར་བ་ཡིན་ནོ། །སྒྲ་དག་གི་དོན་གྱི་ཡུལ་རྟོགས་པར་དམིགས་པས་ན་གཉིས་སྲིད་པ་ཡིན་ཏེ། དངོས་པོའི་དབང་གིས་རྟོགས་པའམ། སྟོན་པ་པོ་རྣམས་ཀྱིས་དེ་ལྟར་འགོད་པ་ལའོ། །དེས་ན་སྟོན་པ་པོ་རྣམས་ཀྱིས་མ་བཀོད་ན་དངོས་པོ་གཞན་དབང་ཉིད་དོ། །འདི་ ཉིད་བཤད་པའི་ཕྱིར་དངོས་པོ་དང་འབྲེལ་པ་ལ་ཉེས་པ་དེ་འཇུག་ལ། དངོས་པོ་དང་འབྲེལ་པ་བརྗོད་པར་འདོད་པའི་གཞན་གྱི་དབང་མ་ཡིན་པར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །གལ་ཏེ་གཞན་ལ་རབ་ཏུ་གྲགས་པའི་སྒྲ་གཞན་ལ་དགོད་པར་འདོད་པ་ཡིན་ཡང་དགོད་ པར་བྱ་མི་ནུས་ན་དེའི་ཚེ་དངོས་པོ་དང་གཞན་གྱི་དབང་ཉིད་དུ་ངེས་པར་འགྱུར་བ་ཡིན་ནོ། །དེ་བཤད་པ་ནི་སྐྱེས་བུ་རྣམས་ཀྱིས་རབ་ཏུ་གྲགས་པ་ལས་གཞན་མ་གྲགས་པའི་ཡུལ་འགའ་ཞིག་ལ་བྱ་བར་འདོད་དུ་ཟིན་ཀྱང་བྱས་པ་དོན་མེད་པས་ན་བྱ་བར་མི་ནུས་ནའོ། །འདི་ཡང་ཇི་ ལྟར་འགྱུར་ཞེ་ན། དངོས་པོ་དང་འབྲེལ་པའི་ཕྱིར་ཏེ། དེ་ཉིད་དེར་མི་མཐུན་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེའི་ཚེ་ཇི་ལྟར་དྲུག་པ་ལ་སོགས་པར་འགྱུར་ཞེས་བྱ་བའི་ཀླན་ཀ་འདིར་འགྱུར་རོ། །གང་ཞིག་གང་ལ་མཐོང་བ་དེ་གལ་ཏེ། དེ་དང་འབྲེལ་པ་ལས་ དེར་དེ་ལྟར་དམིགས་པ་ཡིན་ན། དེའི་ཚེ་འདི་གཞན་ལ་མི་འགྱུར་བའི་ཕྱིར་ན། ཐ་དད་པ་ལ་མཐོང་བའི་དྲུག་པ་ལ་སོགས་པ་ཐ་དད་པ་མེད་པ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པའི་སྐྱོན་འདིར་འགྱུར་བ་ཡིན་ནོ། །འདི་ལྟར་སྐྱེས་བུ་བརྒྱར་འདོད་ཀྱང་དུ་བ་ཆུ་ལ་མེད་པའི་ཕྱིར་ མེ་ལ་མཐོང་བའི་དུ་བ་དེ་ནི་དེར་དངོས་པོའི་འབྲེལ་པས་འབྲེལ་པ་ཡིན་པ་དེས་ན་དེ་གཞན་ལ་ཡོད་དོ་ཞེས་སྨྲ་བའི་རྒོལ་བ་ནི་སུན་དབྱུང་བར་འགྱུར་གྱི་དེ་ལྟར་ནི་མ་ཡིན་ནོ། །དེས་ན་གཞན་དག་ལ་ཉེ་བར་འགྱུར་ཡང་འདིར་ཉེས་པ་འདི་ཇི་ལྟར་མེད་པ་དེ་བསྟན་པའི་ཕྱིར། གང་ གི་ཚེ་ཞེས་སྨོས་སོ། གང་གི་ཚེ་ཚིག་གང་ཞིག་སྨྲ་བ་པོས་ཇི་ལྟ་བུར་རྗོད་པར་བྱེད་པ་ཉིད་དུ་ངེས་པར་སྦྱར་བ་དེ་དེ་བཞིན་དུ་རྗོད་བྱེད་ཡིན་ནོ། །དེའི་ཚེ་ཕྱི་རོལ་དོན་ལ་མི་ལྟོས་པར་བརྗོད་པ་ཡིན་ནོ་ཞེས་གང་གི་ཚེ་ཞེས་བྱ་བས་འཕངས་པ་དེའི་ཚེ་ཉེ་བར་བྱས་ཏེ་ཐ་དད་པ་ཉིད་ཀྱིས་སྦྲེལ་བར་ བྱ་སྟེ། དེ་ལྟ་མ་ཡིན་ན་གང་འདི་མཐར་ཕྱིན་པར་མི་འགྱུར་རོ། །འདིས་ནི་ཇི་ལྟར་འདོད་པ་བཞིན་བསྟན་པར་མི་ནུས་པ་དངོས་པོའི་གཞན་གྱི་དབང་རྩ་བར་གྱུར་པ་ཉིད་ཡིན་པར་བསྟན་ནས། བསྟན་པས་ནུས་པ་ཉིད་ཀྱིས་དངོས་པོ་ལ་མི་ལྟོས་པར་བཤད་པ་ཡིན་ནོ། །དེས་ ན་དངོས་པོའི་གཞན་གྱི་དབང་མ་ཡིན་པའི་ཕྱིར་དུ་བ་ལ་སོགས་པ་དང་མི་འདྲ་བ་ཇི་ལྟར་འདོད་པ་བཞིན་དགོད་པར་ནུས་པ་ཉིད་ཀྱིས་དྲུག་པ་ལ་སོགས་པ་ཐ་དད་པ་ལ་གྲགས་པ་ཡང་ཐ་མི་དད་པ་ལ་མི་ལྡོག་གི །འདོད་པའི་གཞན་གྱི་དབང་ཉིད་ཀྱིས་འཇུག་པ་ཁོ་ནའོ། །འདི་ཉིད་ བཤད་པ་ནི། ཐ་དད་པ་ལ་ནི་ཞེས་བྱའོ། །ཐ་དད་པ་ལ་ནི་དྲུག་པའོ། །མང་པོ་ལ་ནི་རྫས་ལ་སོགས་པའོ་ཞེས་བྱ་བ་དེ་ཡང་རང་ཉིད་ཞུགས་པ་ནི་མ་ཡིན་ནོ། །གལ་ཏེ་ཐ་དད་པ་ལ་དྲུག་པ་དང་། མང་པོ་ལ་རྫས་ལ་སོགས་པ་རང་ཉིད་ཞུགས་པ་ཡིན་ན་དེ་ལྟར་ན་ཐ་དད་ པ་ལ་དྲུག་པ་ཞེས་བྱ་བ་རང་ཉིད་ཞུགས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཐ་དད་པ་ལ་དྲུག་པ་འཇུག་པར་མཐོང་ནས་ཐ་དད་པ་ལ་ནི་དྲུག་པའི་ཞེས་བྱ་བ་འདི་སྐྱེས་བུ་རྣམས་ཁོ་ནས་བཅུག་པ་ཡིན་ནོ་ཞེས་བྱ་བ་འདི་ལ་རྩོད་པ་མེད་དོ། །དཔེར་ན་སྔོན་པོ་ལ་མངོན་སུམ་རང་ཉིད་ ཞུགས་པ་ལ་སྔོན་པོ་ལ་མངོན་སུམ་འཇུག་གོ་ཞེས་བྱ་བ་ནི་སྐྱེས་བུས་བཅུག་པ་ཉིད་ཡིན་པ་བཞིན་ནོ། །དེས་ན་དོན་འདི་ཡིན་ཏེ། འདི་དག་ཡོད་ན་དེ་ལྟ་བུའི་དོན་རྟོགས་པར་གཅིག་ཏུ་ངེས་པར་འགྱུར་བ་གང་ཡིན་པ་ཐ་དད་པ་དང་མང་པོ་དག་སྐྱེས་བུས་འདོད་པ་ལ་མི་ལྟོས་ པར་རང་ཉིད་དྲུག་པ་དང་རྫས་ལ་སོགས་པ་སྒྲིགས་པར་བྱེད་པ་ནི་མ་ཡིན་ནོ། །འོན་ཀྱང་སྐྱེས་བུས་དེ་དག་ཐ་དད་པ་ལ་སོགས་པ་དེ་ལ་དེ་ལྟར་དྲུག་པ་ལ་སོགས་པ་སྦྱོར་བས་ཐ་དད་པ་ལ་ནི་དྲུག་པའོ། །མང་པོ་ལ་ནི་བྱེད་པ་པོ་རྣམས་སོ་ཞེས་དེ་ལྟར་གོ་བར་འགྱུར་རོ། །འདི་ སྐད་བརྗོད་པ་ཡིན་ཏེ། དོན་གྱི་ཁྱད་པར་ལ་སྐྱེས་བུ་རྣམས་ཀྱིས་སྦྱར་བའི་སྒྲ་རྣམས་དམིགས་ནས་གཞན་དག་དེ་ལྟར་རྟོགས་པར་འགྱུར་ཏེ། དེ་ལྟ་བུར་གྱུར་པའི་དོན་རང་ཉིད་དེ་ལྟར་མི་བརྗོད་པའི་ཕྱིར་རོ། །དེས་ན་སྦྱོར་བ་འདི་དག་གི་རང་དབང་ཡིན་པའི་ཕྱིར་དང་དོན་ རྟོགས་པ་ཡང་དེའི་སྦྱོར་བ་ལ་ལྟོས་པ་ཡིན་པའི་ཕྱིར་ན་ཡུལ་གཞན་ལ་ཡང་སྦྱོར་བ་ལས་དོན་དེ་ཇི་ལྟར་མི་རྟོགས། དེ་བཤད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །ཅིའི་ཕྱིར་དོན་དེ་ལ་ངེས་པ་ཐེ་ཚོམ་མེད་པའི་རྒྱུས་བརྗོད་པར་སྲིད་བཞིན་དུ་དོན་གཞན་ལ་གྲགས་པའི་ཕྱིར་ངེས་ པར་བྱེད་པ་མ་ཡིན་པ་སྦྱོར་ཞེ་ན། ཇི་ལྟར་ཡང་རུང་ཞེས་གསུངས་ཏེ་རྒྱུ་མཚན་འགའ་ཞིག་ལས་སོ། །རྒྱུ་མཚན་དེ་ཡང་ཆོས་ཐ་དད་པ་དང་མི་ལྡན་པ་མི་ཤེས་པའོ། །དེས་ན་དངོས་པོའི་གཞན་དབང་མ་ཡིན་པའི་ཕྱིར་སྦྱོར་བ་ཙམ་གྱི་གཞན་དབང་དུ་གྱུར་པ་རྣམས་རྨོངས་པས་ ཀྱང་སྦྱོར་བ་སྲིད་པ་ན་ངེས་པར་བྱེད་པ་མ་ཡིན་པ་ཉིད་ལྷས་བྱིན་ལ་མཆོད་སྦྱིན་དུ་ཐ་སྙད་བྱེད་པ་ལྟར། དེ་དང་བྲལ་ན་ལྡོག་པའི་ཆོས་སུ་འགྱུར་བ་རྨོངས་པ་འདི་ལ་མཐའ་ཡོད་པ་ཡང་མ་ཡིན་ནོ། །དེས་ན་གྲགས་པའི་སྦྱོར་བ་ངེས་པའི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བརྗོད་ པར་མི་ནུས་ཏེ། རྨོངས་པ་གཏིང་ཚུགས་པ་ལས་ཀྱང་གྲགས་པ་སྲིད་པའི་ཕྱིར་རོ། །དེས་ན་སྒྲ་རྣམས་ནི་འདི་ལྟར་འཇུག་སྲིད་པའི་ཕྱིར་ན་སྒྲའི་སྦྱོར་བ་ཙམ་ལས་ནི་དངོས་པོའི་རང་བཞིན་རྩད་མ་བཅད་པར་ངེས་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་ནི། དེ་ལ་ནི་ཞེས་སྨོས་ སོ། །དེ་ལྟར་གནས་པ་དེ་ལ་སྒྲ་རྣམས་ཀྱི་འཇུག་པ་སེམས་པ་གང་དུ་མང་པོ་འཇུག་པའི་བྱ་བ་དེ་ལྟ་བུའི་བདག་ཉིད་ཅན་དང་། འཇུག་པ་དེའི་དབང་གིས་དངོས་པོ་རྣམ་པར་འཇོག་པ་གང་དུ་འཇུག་ཅེས་དཔྱད་ནས་པ་ཎི་ནི་ལ་སོགས་པའི་བརྡའི་རྗེས་སུ་འབྲངས་ཏེ། ཐ་ དད་པ་ལ་སོགས་པ་དག་ལ་འཇུག་པ་ངེས་པར་བྱས་ནས་དངོས་པོ་རྣམ་པར་འཇོག་པ་ནི་བླུན་པར་སྟོན་པ་འབའ་ཞིག་ཏུ་ཟད་དོ། །དེ་ལ་རེ་ཞིག་འཇུག་པ་སེམས་པ་མི་འཐད་པ་ཉིད་བཤད་པ་ནི་བརྗོད་པར་བྱ་བའི་ཡུལ་ཅན་ལ་སྐྱེས་བུ་ལ་རག་ལས་ཏེ། འཇུག་ པ་རྣམས་ཀྱང་གང་དུ་འཇུག་ཅེས་སེམས་པ་ནི་གང་དུ་སྐྱེས་བུ་དག་གིས་བཅུག་པར་རོ་ཞེས་བྱ་བས་ཕྱིར་བྱ་བར་ནུས་པ་དེས་ན་འདིའི་འཇུག་པ་ཅི་ཞིག་བྱ། དངོས་པོ་རྣམ་པར་འཇོག་པ་བསལ་བའི་ཕྱིར་བཤད་པ། དངོས་པོ་ཡང་དག་པར་མི་སྟོན་པ་ཞེས་དེ་སྐད་བརྗོད་དོ། །དངོས་ པོ་ཡང་དག་པར་མི་སྟོན་པ་གང་ཡིན་པ་དེ་ལས་ཇི་ལྟར་སེམས་དང་ལྡན་པ། དོན་རྣམ་པར་འཇོག་པར་བྱེད། གལ་ཏེ་དངོས་པོ་ཡང་དག་པར་མི་སྟོན་ན་འདི་དག་ལས་ཐ་སྙད་བྱེད་པ་ཇི་ལྟར་མི་ལྡོག །དངོས་པོ་ཡང་དག་པར་མི་སྟོན་པས་ནི་ཐ་སྙད་གཏིང་ཚུགས་པར་འགྱུར་བ་མ་ཡིན་ ཏེ། ཉ་ཕྱིས་ལ་དངུལ་དུ་བརྗོད་པ་བཞིན་ནོ་ཞེ་ན། ཇི་ལྟར་གོམས་པ་བཞིན་ཞེས་སྨོས་ཏེ། འདི་དག་ནི་རྣམ་པར་རྟོག་པ་ཇི་ལྟར་གོམས་པ་བཞིན་ཏེ། གང་གིས་རྣམ་པར་རྟོག་པ་གང་འཇུག་པར་གོམས་པ་དེས་དེ་འཇུག་པར་བྱེད་དོ། །རྣམ་པར་རྟོག་པ་མི་འཆད་པ་ཉིད་ཀྱིས་ནི་འཆད་ པར་འགྱུར་བ་མ་ཡིན་ནོ། །དེ་ལ་ཆོས་དང་ཞེས་བྱ་བ་སྨྲས་ཏེ། ཆོས་དང་ཆོས་ཅན་ལ་སོགས་པ་སྒྲ་དག་དེ་ལྟར་ཞེས་བྱ་བ་གཞན་ལ་རབ་ཏུ་གྲགས་པ་དེ་དག་ཅི་ཞིག་ལྟར་གཞན་དུ་འགྱུར་རོ་ཞེས་རྣམ་པར་གཞག་པར་བྱས་ཀྱི་ཆོས་ཅན་ལ་སོགས་པ་ལ་ལྡོག་པ་དང་། དངོས་པོ་ཐ་དད་ པའི་སྒོ་ནས་རྣམ་པར་གཞག་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ལྡོག་པ་ལ་གྲུབ་པ་དང་། མང་པོ་ལས་གྲུབ་པའི་རྫས་ལ་སོགས་པ་དེ་དག་ནི་དེར་སྐྱེས་བུ་ལ་རག་ལས་པས་ན་ཆོས་དང་ཆོས་ཅན་ལ་སོགས་པ་ལ་དེ་དག་གིས་ཇི་ལྟར་ཡང་རུང་མེད་བཞིན་དུ་རབ་ཏུ་སྦྱར་བ་ཡིན་གྱི། དངོས་པོ་ཉིད་དེ་ལྟ་བུར་གྱུར་པ་མ་ཡིན་ནོ་ཞེས་ག་ལས་ཤེས། སྩོགས་པའི་སྒྲས་ནི་གང་དུ་ཆོས་དང་ཆོས་ཅན་གྱི་དངོས་པོར་རྟོགས་པ་མེད་པ་དེ་ལྟ་ན་ཡང་གྲགས་པའི་སྒྲ་དོན་ལས་ཕྱིན་ཅི་ལོག་པ་ཡོད་པ་དཔེར་ན་ད་ཏའི་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཏེ་དེ་བཟུང་ངོ་། །དེ་བཟློག་ པའི་ཕྱིར་དེ་ལྟ་ན་ཞེས་སྨོས་སོ། །དངོས་པོ་ཐ་དད་པའི་སྒོ་ནས་རྣམ་པར་གཞག་པར་བྱས་ནས་ཐ་སྙད་མི་རུང་ངོ་། །ཇི་ལྟར་ཐ་སྙད་མི་རུང་ཞེ་ན། ཆོས་དང་ཞེས་སྨོས་ཏེ་ཆོས་དང་ཆོས་ཅན་དག་ཐ་དད་པ་ཡིན་ན་སྤྱི་མི་རུང་ངོ་། །གང་གི་ཚེ་འདིའི་བ་ལང་ཉིད་ཅེས་བ་ལང་ཉིད་ཆོས་ཅན་ ལས་གཞན་མ་ཡིན་པ་དེའི་ཚེ། འདི་འདིའི་སྤྱིའི་ངོ་བོར་བརྗོད་པར་བྱ་བ་ཡིན་ན། ཐ་དད་པ་ཡིན་ན་ནི་སྤྱིར་འཐད་པ་མ་ཡིན་ལ། དེ་དག་གི་འབྲེལ་པ་དང་། འདི་བ་ལང་ཞེས་གཞི་མཐུན་པ་དང་། བ་ལང་དཀར་པོ་ཞེས་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་དག་མི་རུང་ ངོ་། །ཐ་སྙད་མཐའ་དག་ཀྱང་སྤྱི་ལ་སོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་ན། ཆོས་དང་ཆོས་ཅན་དག་ཐ་དད་ནས། ཐ་སྙད་མི་སྒྲུབ་ཅིང་མི་དད་པ་ལ་འགྱུར་བ་གང་ཡིན་པ་དེ་ཐ་དད་པར་མི་རུང་མོད། ཐ་མི་དད་པ་ལ་འཐད་པར་མ་མཐོང་བར་གོ། །ཇི་ལྟར་ཐ་དད་པ་ ལ་མི་རུང་ཞེ་ན། དེ་ཉིད་ཀྱི་ངོ་བོ་འམ་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། ཐ་མི་དད་པ་ལ་ཡང་མི་རུང་བ་ཁོ་ནའོ། །འདི་ལ་འཐད་པས་ཐ་དད་པ་ལ་མི་འཐད་པར་ནི་མི་སྨྲའོ། །འོ་ན་གཉི་ག་ལ་མི་རུང་བར་ཇི་ལྟར་འགྱུར་ཞེ་ན། འཆད་པར་འགྱུར་རོ་ཞེས་སྨོས་སོ། ། རྣམ་པ་དེ་ལྟ་བུའི་དངོས་པོ་ལ་ནི་མི་འཐད་པ་འབའ་ཞིག་ཏུ་ནི་མ་ཟད་དོ། །སྒྲ་རྣམས་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པ་ཡིན་ན། དངོས་པོ་ཐ་དད་པ་ལ་དེ་ལྟར་རྣམ་པར་གཞག་པར་བྱས་པར་འགྱུར་རོ། །སྒྲ་རྣམས་དངོས་པོ་ཇི་ལྟ་བ་བཞིན་འཇུག་ན་ནི་སྤྱི་ལ་སོགས་པ་ལ་ ཡང་མི་རུང་ངོ་། །དངོས་པོ་ཇི་ལྟ་བ་བཞིན་འཇུག་ན་ནི་དེའི་བློ་མངོན་སུམ་དང་འདྲ་བར་ཐལ་བས་འཁྲུལ་པས་གཞག་པའི་སྤྱི་ལ་སོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡང་འཆད་པར་འགྱུར་རོ། །དེས་ནི་དེ་ལྟར་ཆོས་དང་ཆོས་ཅན་དག་ཐ་མི་དད་པ་དགག་པའི་ཕྱིར་དྲུག་ པ་ལ་སོགས་པ་མི་རུང་བར་སྒྲུབ་པར་བྱེད་པ་ཉིད་ཡིན་པ་དེ་དག་བརྗོད་པར་འདོད་པ་གཞན་དབང་ཡིན་པས་བསལ་ཏེ། ད་ནི་གཏན་ཚིགས་འདི་མ་ངེས་པ་ཉིད་དུ་བཤད་པ་ནི་གལ་ཏེ་སྒྲ་རྣམས་དངོས་པོ་ཇི་ལྟ་བ་བཞིན་འཇུག་པ་ཡིན་ན། དེ་ལྟར་ན་དྲུག་པ་དང་ཚིག་ཐ་དད་པ་ལ་ སོགས་པ་ཐ་དད་པའི་སྒྲུབ་བྱེད་དུ་འགྱུར་བ་ཞིག་ན། འདི་ཡང་གལ་ཏེ་ཐམས་ཅད་དུ་མི་འདོད་ན་སྒྲུབ་པར་བྱེད་པ་མ་ཡིན་པ་ཁོ་ནའོ། །དེ་ལྟར་ཁས་བླང་བར་ཡང་མི་ནུས་སོ་ཞེས་སྨྲས་པ་ནི། གང་ཡང་ཞེས་བྱ་བའོ། །དངོས་པོ་ཐ་དད་ན་ཐ་དད་པའི་ཕྱིར་སྒྲ་ འཇུག་པའི་ཁྱད་པར་དངོས་པོས་བྱས་པ་ཁོ་ནར་འདོད་པ་གང་ཡིན་པ་དེའི་བཙུན་མོ་རྣམས་ཞེས་ཐ་དད་རྣམ་པར་གཞག་པའམ། གྲོང་དྲུག་ཅེས་ཐ་མི་དད་པར་རྣམ་པར་གཞག་པ་འདི་ལ་རྒྱུ་ཅི་ཡོད། འདི་སྐད་བརྗོད་པ་ཡིན་ཏེ། སྒྲ་འཇུག་པའི་ཁྱད་པར་དངོས་པོས་བྱས་ནས་ བཙུན་མོ་རྣམས་གྲོང་དྲུག་ཅེས་བྱ་བ་འདི་ལ་དངོས་པོ་ཐ་དད་པ་དང་ཐ་མི་དད་པར་གཞུང་བཙུགས་པར་བརྗོད་དགོས་སོ། །འདི་ལྟར་བུད་མེད་གཅིག་ལ་ཡང་བཙུན་མོ་རྣམས་ཞེས་མང་པོའི་ཚིག་གི་མཐའ་ཅན་གྱིས་བསྟན་པ་ཡིན་ནོ། །དེས་ན་བུད་མེད་གཅིག་ལ་ཐ་དད་པར་མ་ བསྒྲུབས་པར་ནི་སྒྲ་འཇུག་པའི་ཁྱད་པར་འདི་དངོས་པོ་ཐ་དད་པས་བྱས་པར་མི་འཐད་དོ། །དེ་བཞིན་དུ་གྲོང་དྲུག་ཅེས་གྲོང་ཁྱེར་དྲུག་པོ་དག་གཅིག་གི་ཚིག་མཐའ་ཅན་གྱིས་བརྗོད་པར་ཡང་ཐ་མི་དད་པ་མེད་པར་ཇི་ལྟར་འགྱུར། འདིར་ནི་ཟད་པ་མ་ཡིན་གྱི་ནམ་མཁའི་རང་ བཞིན་ཞེས་ཐ་དད་པར་རྣམ་པར་གཞག་པའམ། མཁའ་ཉིད་ཅེས་ཐ་མི་དད་པར་རྣམ་པར་གཞག་པ་ལ་རྒྱུ་ཅི་ཡོད། །ནམ་མཁའི་རང་བཞིན་ཞེས་བྱ་བའི་དྲུག་པས་ནམ་མཁའ་ལས་ཐ་དད་པའི་རང་བཞིན་བསྟན་པ་ཡིན་ན། གང་ཞིག་འདི་ལྟ་བུ་དྲུག་པས་བསྟན་པར་འགྱུར་བ་ ཐ་དད་པ་དེ་ལ་རྒྱུ་ཅི་ཞིག་ཡོད། །རང་བཞིན་དེ་ཡང་མཁའ་ཉིད་ཅེས་བསྟན་པ་ན། མཁའི་སྒྲ་འཇུག་པའི་རྒྱུར་གྱུར་པ་སྤྱི་ཡིན་པར་འགྱུར་ཏེ། ཡོན་ཏན་གང་ཡོད་པས་རྫས་ལ་སྒྲ་དགོད་པར་འགྱུར་བ་དེ་བརྗོད་པ་ན་ཏྤ་དང་ཏལ་གྱི་རྐྱེན་ཉིད་ཅེས་བྱ་བར་འགྱུར་རོ་ཞེས་འཇུག་ པའི་རྒྱུ་མཚན་བརྗོད་པ་ལ་ཉིད་ཀྱི་རྐྱེན་ཁས་བླངས་པའི་ཕྱིར་རོ། །ཁྱད་པར་དག་ལ་སྒྲ་འཇུག་པའི་རྒྱུ་མཚན་ཡང་སྤྱི་ཁོ་ན་ཡིན་ཏེ། དེས་ན་འདིར་མཁའ་ཉིད་ཅེས་བྱ་བ་དུ་མའི་སྤྱི་ཉིད་རྟོགས་པར་བྱ་བ་ཡིན་ནོ། །སྤྱི་ཡང་ཐ་དད་པ་དག་ལ་ཡོད་པར་བརྗོད་པས་ན། གང་ལ་སྡུད་ པར་བྱེད་པའི་མཁའ་ཉིད་ཡོད་པར་འགྱུར་བ་ནམ་མཁའ་ཞེས་བྱ་བ་ཐ་དད་པ་གང་ཞིག་ཡོད། །དེས་ན་གང་གིས་ཐ་མི་དད་པར་བརྗོད་པའི་སྒྲ་འདིར་འགྱུར་བ་མཁའ་ཉིད་ཅེས་བྱ་བ་ཐ་མི་དད་པའི་རྒྱུ་མཚན་བརྗོད་དགོས་སོ། །དོན་འདི་ཉིད་ནི་གང་གི་ཚེ་ཞེས་བྱ་བས་འཆད་དོ། །སྩོགས་ པའི་སྒྲའི་དོན་ནི་བྱེ་མ་གཅིག་ལ་ཡང་ཞེས་བྱ་བའོ། །བུད་མེད་དེ་ལ་གང་གིས་ན་བཙུན་མོ་རྣམས་ཞེས་སྒྲ་འཇུག་པའི་ཁྱད་པར་དེ་ལྟ་བུར་འགྱུར་བའི་མང་པོ་ཉིད་ཅི་ཞིག་ཡོད། འདི་ལ་སྨྲས་པ། གལ་ཏེ་ནུས་པ་ཐ་དད་པ་ཡིན་ནོ་ཞེ་ན། ནུས་པ་ཐ་དད་པས་དེ་ལྟ་བུར་འགྱུར་བ་ཡིན་ནོ་ ཞེས་འབྲེལ་ཏོ། །དོགས་པ་འདི་ལ་ད་ནི་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ་གལ་ཏེ་བུད་མེད་ལ་ནུས་པ་ཐ་དད་པས་འདིར་འདི་ཐ་དད་པའི་རྒྱུ་ཡིན་ལ་ཐ་དད་པ་དེ་ལས་ཀྱང་སྒྲ་འཇུག་པ་ཐ་དད་པ་ཡིན་ན། དེའི་ཚེ་ཤིང་ཞེས་གཅིག་གི་ཚིག་ཏུ་མི་འགྱུར་ཏེ། དེ་ལས་ཡང་ནུས་ པའི་དབྱེ་བ་མང་པོ་ཉིད་ཡོད་པའི་ཕྱིར་རོ། །གང་ལ་གཅིག་གི་ཚིག་ཏུ་འགྱུར་བ་ནུས་པ་གཅིག་པ་ནི་འགའ་ཡང་མེད་དོ། །མང་པོ་ཉིད་ཀྱིས་རྟག་ཏུ་མང་པོའི་ཚིག་གྲུབ་བཞིན་དུ་ལེགས་པར་བསྟན་པའི་ཕྱིར་བཙུན་མོ་ཞེས་བྱ་བ་ལ་སོགས་པའི་ཚེག་རྣམས་མང་པོའི་ཚིག་གི་ མཐའ་ཅན་དུ་སྟོན་པའི་འབད་པ་ཡང་དོན་མེད་དོ་ཞེས་སྟོན་པ་ནི། འབད་པ་ཡང་ཞེས་བྱ་བ་ཡིན་ནོ། །གལ་ཏེ་དངོས་པོ་ཐ་དད་པ་ལ་བརྟེན་ནས་ཤིང་ཞེས་བྱ་བ་ལ་སོགས་པ་དག་ལ་གཅིག་གི་ཚིག་ཏུ་འགྱུར་རོ་ཞེ་ན། བཙུན་མོ་རྣམས་ཞེས་བྱ་བ་འདི་ལ་ཡང་འགྱུར་རོ། །འདི་སྐད་བརྗོད་པ་ ཡིན་ཏེ། ཐ་མི་དད་པ་དང་ནུས་པ་ཐ་དད་པ་ཡིན་པ་ན། གལ་ཏེ་ནུས་པ་ཐ་དད་པ་ལ་བརྟེན་ནས་ནི་མང་པོའི་ཚིག་དངོས་པོའི་ཐ་མི་དད་པ་ལ་བརྟེན་ནས་ནི་གཅིག་གི་ཚིག་ཡིན་ནོ། །དེས་ན་འདིར་རེས་འགའ་བའི་བརྗོད་པར་འདོད་པ་ལ་བརྟེན་ནས་དེ་ལྟ་བུའི་དངོས་པོར་འགྱུར་གྱི། དེའི་ ཚེ་རྟག་ཏུ་མང་པོའི་ཚིག་གི་མཐའ་ཅན་དུ་ནི་མི་འགྱུར་རོ། །ཡང་ན་གང་གི་ཤིང་རྣམས་ཞེས་ཚིག་ཐ་དད་པར་མི་འགྱུར་རོ། །དངོས་པོ་ཐ་མི་དད་པ་མང་པོའི་ཚིག་དང་འགལ་ལོ་ཞེ་ན། བཙུན་མོ་རྣམས་ཞེས་བྱ་བ་འདིར་ཡང་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་ན་ དེའི་ཕྱིར་སྒྲའི་ལེགས་པ་ཉིད་ཀྱི་ངེས་པ་དངོས་པོ་ཐ་དད་པ་མེད་ཀྱང་ཚིག་ཐ་དད་པ་འདི་བྱེད་པ་ན་སྒྲ་རྣམས་ཀྱི་སྦྱོར་བ་ལ་དེ་ལྟར་ངེས་པར་བྱེད་པའི་འདོད་པ་རང་དབང་ཅན་དུ་སྟོན་པ་ཡིན་ནོ། །དངོས་པོ་དེ་ལྟ་བུ་མ་ཡིན་པ་གཞན་དུ་གྱུར་པ་ཡིན་ཡང་འདིར་ངེས་པར་བྱ་ཇི་ལྟར་ ནུས། དེའི་བརྡ་ལ་བརྟེན་ནས་དེང་སོང་བ་རྣམས་ཀྱང་ཐ་སྙད་བྱེད་པ་ཡིན་ཏེ། གཞན་དུ་བརྡ་བརྟགས་ན་ནི་གཞན་དུ་ཡང་འགྱུར་རོ། །གལ་ཏེ་གཅིག་ལ་ཡང་མང་པོའི་ཚིག་མཐའ་ཅན་ལེགས་པ་ཉིད་དུ་ངེས་པ་བྱེད་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་དེ་ལྟ་ན་ཡང་ཐ་དད་པར་སྟོན་པར་བྱེད་པ་ཡང་འགྱུར་བ་ནི་མ་ཡིན་ཏེ། དེ་ཐ་མི་དད་ པར་སྟོན་པ་ཉིད་ནི་བརྗོད་པར་འདོད་པའི་གཞན་དབང་མ་ཡིན་པར་མི་འགྱུར་རོ། །དེས་ནི་དེ་ལྟར་གང་ལས་ཚིག་ཐ་དད་པར་འགྱུར་བ་ནུས་པ་ཐ་དད་པ་ནི་འདིར་ཐ་དད་པའི་རྒྱུ་མཚན་མ་ཡིན་ནོ་ཞེས་བསྒྲུབ་པས་ཚིག་ཐ་མི་དད་པའི་ཡུལ་ལ་ཡང་ཐ་མི་དད་པའི་རྒྱུ་མཚན་མེད་པར་བཤད་པ་རྣམ་ པར་དགྲོལ་བའི་ཕྱིར། གྲོང་ཁྱེར་དྲུག་ཅེས་བྱ་བ་ཡང་ཞེས་སྨོས་སོ། །གཅིག་གི་ཚིག་ཉིད་བསྡུ་བའི་ཁྱད་པར་ལ་བརྟེན་པར་དོགས་པ་སེལ་བ་ནི། གྲོང་ཁྱེར་ཉིད་ཀྱང་ཞེས་བྱ་བའོ། །འདི་སྐད་བརྗོད་པ་ཡིན་ཏེ། བསྡུ་བའི་ཁྱད་པར་ལ་བརྟེན་ནས། གཅིག་གི་ཚིག་ ཡོད་པ་ཡིན་ན། དེ་ཉིད་ནི་གལ་ཏེ་གཅིག་པོར་འགའ་ཞིག་མེད་ན་བརྡ་ཙམ་དུ་འགྱུར་ཏེ། སྒྲ་རྣམས་སྐྱེས་བུའི་འདོད་པའི་གཞན་གྱི་དབང་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ཁོ་བོ་ཅག་གི་འདོད་པ་ཉིད་གསལ་བར་འགྱུར་རོ། །དངོས་པོ་གཅིག་ཡོད་ན་ནི་སྒྲ་དོན་ཇི་ལྟ་བ་བཞིན་ འཇུག་པར་འགྱུར་བ་ཞིག་ན་དེ་ནི་ཡོད་པ་མ་ཡིན་ནོ། །འདི་ལྟར་རེ་ཞིག་གྲོང་ཁྱེར་ཉིད་འགའ་ཞིག་བརྗོད་པར་བྱ་སྟེ་དེས་ན་གང་ལ་གཅིག་གི་ཚིག་ཏུ་འགྱུར་བ་དེ་དང་འབྲེལ་པ་ཅན་སྡུད་པ་ཞེས་བྱ་བ་གཞན་ཡོད་པར་འགྱུར་བ་ཡིན་ཏེ། དེ་ཉིད་དེ་ལས་རྟོགས་པའི་ཕྱིར་རོ། ། རྟོགས་པ་མ་ཡིན་ན་ནི་གཅིག་ཡན་ལག་མ་ཡིན་ནོ། །གང་གིས་སྡུད་པ་གཅིག་ཏུ་འགྱུར་བ་གྲོང་ཁྱེར་ཞེས་བྱ་བ་ནི་འགའ་ཡང་མེད་དོ། །ཇི་ལྟར་གྲོང་ཁྱེར་ཞེས་བྱ་བ་ཅུང་ཟད་མེད་ཅེ་ན། ཁང་བཟངས་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གྲོང་ཁྱེར་ཉིད་ཀྱང་ཅུང་ ཟད་ཀྱང་མེད་ན་ཞེས་བྱ་བས་མེད་པ་ཉིད་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་རྫས་མ་ཡིན་ལ་འདི་དག་ལ་ལྡན་པ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ། །གྲོང་ཁྱེར་རྣམས་ཀྱི་ལྡན་པ་སྡུད་པ་ཡིན་པར་འགྱུར་ན། དེ་ནི་གྲོང་ཁྱེར་རྣམས་རྫས་ཀྱི་རང་བཞིན་མ་ཡིན་པས་ལྡན་པ་ཡང་མེད་ པའི་ཕྱིར་སྡུད་པ་ག་ལ་ཡོད། ཁང་བཟངས་དང་སྐྱེས་བུ་ལ་སོགས་པ་རིགས་མི་མཐུན་པ་རྣམས་ཚོགས་པ་ལ་གྲོང་ཁྱེར་དུ་རྟོགས་པ་འབྱུང་བ་ཡིན་ཏེ། ཚོགས་པའི་སྔོན་རོལ་དུ་ནི་འདི་དག་ལ་གྲོང་ཁྱེར་རྟོགས་པ་ཡོད་པ་མ་ཡིན་ནོ། །དེ་དག་ཚོགས་པ་དག་གིས་རྫས་སྐྱེས་པ་ ཞེས་བྱ་བར་འགྱུར་ན། རིགས་མི་མཐུན་པ་རྣམས་ནི་རྫས་རྩོམ་པར་སྨྲ་བ་རྣམས་ཀྱིས་ཁས་མི་ལེན་ཏེ། དེས་ན་གང་ལས་གྲོང་ཁྱེར་རྫས་ཡིན་པར་འགྱུར་བ་ཁང་བཟངས་ལ་སོགས་པ་ནི་རྫས་རྩོམ་པར་བྱེད་པ་མ་ཡིན་ནོ། །ད་ནི་འདི་དག་ལ་ལྡན་པ་མེད་དོ་ཞེས་བསྟན་པའི་ཕྱིར་བཤད་ པ། གང་གི་ཕྱིར་ཁང་བཟངས་ནི་སོ་ཕག་ལ་སོགས་པ་ཚོགས་པའི་རང་བཞིན་ཡིན་པ་དེས་ན་ཚོགས་པ་དང་ལྡན་པའི་རང་བཞིན་ལ་ཁང་བཟངས་ཀྱི་བློར་འགྱུར་བ་ཡིན་ནོ། །དེ་ནི་རང་ཉིད་ལྡན་པའི་བདག་ཉིད་ཡིན་པས། གྲོང་ཁྱེར་གྱི་རང་བཞིན་ཁང་བཟངས་ལ་སོགས་པ་ གཞན་དང་མི་ལྡན་པའི་ཡང་ཕྱིར་ལྡན་པ་མེད་དོ་ཞེས་འབྲེལ་ཏོ། །དེའི་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་གྲོང་ཁྱེར་རྫས་ཡིན་ན་ནི་དེའི་ཚེ། དེ་དག་གི་ལྡན་པ་བསྡུས་པ་ཡིན་པར་འགྱུར་ཏེ་ལྡན་པ་ནི་ཡོན་ཏན་ཡིན་པའི་ཕྱིར་དང་། དེ་འང་རྫས་ལ་བརྟེན་པའི་ཕྱིར་རོ། །གང་གི་ཚེ་ གྲོང་ཁྱེར་ཞེས་བྱ་བ་རྫས་མ་ཡིན་གྱི། འོན་ཀྱང་སོ་ཕག་རྣམས་ཀྱི་ཁང་བཟངས་ལ་སོགས་པའི་བདག་ཉིད་དང་། སྐྱེས་བུ་རྣམས་ཀྱི་འདུས་པའི་མཚན་ཉིད་ཀྱི་ལྡན་པ་ཉིད་ཡིན་པ་དེའི་ཚེ། ལྡན་པའི་བདག་ཉིད་ཀྱི་གྲོང་ཁྱེར་རྣམས་ཀྱི་སྡུད་པ་ལྡན་པ་ཡིན་པར་ག་ལ་འགྱུར་ཏེ། ཡོན་ ཏན་རྣམས་ལ་ནི་ཡོན་ཏན་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང་ཡོན་ཏན་ལ་ཡོན་ཏན་བརྟེན་པར་ནི་མ་བཤད་དོ་ཞེས་སྨྲས་པ་ཡིན་ནོ། །བྱ་བའི་བདག་ཉིད་སྡུད་པ་ཡིན་ཡང་ལྡན་པ་མེད་པ་ཉིད་ཀྱིས་བསལ་བ་ལོགས་སུ་བསལ་བར་བྱ་བ་མ་ཡིན་ནོ། །སྡུད་པར་བྱེད་པ་དེ་ནི་སྦྱོར་བར་བྱེད་པ་ཡིན་ ན་འདི་དག་ནི་སྦྱོར་བར་མི་ནུས་པའི་ཕྱིར་ཇི་ལྟར་འདི་དག་ལ་སྡུད་པ་ཡོད་པར་འགྱུར། གལ་ཏེ་རྫས་མ་ཡིན་པའི་ཕྱིར་གྲོང་ཁྱེར་རྣམས་ལ་ཡོན་ཏན་གྱི་བདག་ཉིད་ཀྱི་ལྡན་པ་མེད་ན། གྲངས་དྲུག་ཀྱང་མེད་པར་འགྱུར་ཏེ། དེ་ཡང་ཡོན་ཏན་གྱི་བདག་ཉིད་ཡིན་ པའི་ཕྱིར་རོ་ཞེ་ན། དེ་ཁས་བླངས་པའི་ཕྱིར་དེ་ཉིད་ཀྱི་ཕྱིར་ཞེས་སྨོས་སོ། །གྲངས་ཤེས་པ་མེད་མོད། འདི་ནི་འགལ་བ་གཞན་ཡིན་ནོ། །འདི་ནི་གཞན་ལ་ཡང་རང་གི་འདོད་པ་མི་འཐད་པར་བསྟན་པའི་ཕྱིར་བརྗོད་པ་ཡིན་ནོ། །དངོས་སུ་ན་ནི་གྲོང་ཁྱེར་ཞེས་བྱ་བ་གཅིག་པོ་ འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་སྐྱེས་བུ་ལ་སོགས་པ་ཉིད་དོན་དམ་པར་ཡོད་པ་ཡིན་ལ་དེ་དག་ཀྱང་རྡུལ་ཕྲ་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་དུ་མའི་བདག་ཉིད་ཅན་ཡིན་ནོ། །རྡུལ་ཕྲ་རབ་གཅིག་གི་རང་བཞིན་གང་ཡིན་པ་དེ་ཡང་ཐ་སྙད་ཀྱི་ཡུལ་དུ་མི་འགྱུར་བའི་ཕྱིར་དངོས་ པོར་ན་འགའ་ལ་ཡང་གཅིག་གི་ཚིག་ཡོད་པ་མ་ཡིན་ནོ། །སྐྱེས་བུ་དང་ཁང་བཟངས་ལ་སོགས་པ་དང་། ས་ལ་སོགས་པ་ལས་མ་གཏོགས་པའི་གྲོང་ཁྱེར་ཞེས་བྱ་བ་ཡང་འགའ་ཡང་སྣང་བ་མེད་པས་དྲུག་པ་འདི་རྣམས་ལ་དངོས་པོ་གཅིག་ཡོད་པར་གསལ་བ་ག་ལ་ཞིག །དེས་ན་གྲོང་ཁྱེར་ དྲུག་ཅེས་བྱ་བའི་སྒྲ་འདི་ནི་དངོས་པོའི་ཡུལ་ཅན་མ་ཡིན་པ་ཁོ་ནའོ། །དེས་ན་དེ་ལྟར་ལྡན་པ་གྲོང་ཁྱེར་ཡིན་ན་ཐ་མི་དད་པའི་བློ་འདི་མེད་པར་བསྒྲུབས་ཏེ། ཡོད་པ་ཡང་གྲོང་ཁྱེར་ཉིད་དུ་མི་རུང་བར་བསྟན་པའི་ཕྱིར། གལ་ཏེ་ཞེས་སྨོས་སོ། །གྲོང་ཁྱེར་ནི་ཡོད་པ་ཡིན་ནོ། །གལ་ཏེ་ དེ་ཡང་ཐམས་ཅད་ཡིན་ན་ནི་ཀུན་དགའ་ར་བ་ལ་སོགས་པ་ཡང་གྲོང་ཁྱེར་ཡིན་པར་འགྱུར་རོ། །དེས་ན་དེ་ཡང་ཡིན་ལ་ལྡན་པ་ཡང་ཡིན་པ་ཁང་བཟངས་ཀྱི་མཚན་ཉིད་ཀྱི་ལྡན་པ་དེ་དང་སྐྱེས་བུ་དེ་གཉིས་ཀྱི་ཁྱད་པར་བྱས་པ་གྲོང་ཁྱེར་ཡིན་ཏེ། ཁང་བཟངས་དང་སྐྱེས་བུའི་ཡོད་པ་གྲོང་ ཁྱེར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོགས་པ་འདི་ཞེ་ན་ཞེས་བྱ་བས་བསུ་ནས། བཟློག་པའི་ཕྱིར་བོགས་དབྱུང་དུ་མེད་པ་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་ཞིག་གཞན་ལས་ཐ་དད་པའི་ངོ་བོ་གང་ཡིན་པ་དེ་ནི་ཐ་དད་པར་བྱེད་པའི་ཁྱད་པར་ཉེ་བར་བླངས་པས་དེ་ལས་ ཐ་དད་པར་སྟོན་པར་བྱེད་དོ། །དཔེར་ན་བ་ལང་དཀར་པོ་ཁྱེར་ཤོག་ཅེས་བྱ་བ་བཞིན་ནོ། །གང་ལ་ཐ་དད་པ་ཉིད་མེད་པ་དེ་དག་ཁྱད་པར་ལྡན་པས་ཁྱད་པར་བསྟན་པར་བྱ་བ་ཇི་ལྟར་ཡིན། གང་གིས་ཁྱད་པར་ཉེ་བར་བླངས་པས་བསྟན་པར་བྱ་བ་ཀུན་དགའ་ར་བའི་ཡོད་པ་དང་སྐྱེས་བུ་ལ་ སོགས་པའི་ཡོད་པ་ཐ་དད་པས་ནི་མ་ཡིན་པས་ན། དེས་ཁྱད་པར་བྱེད་པའི་ཡོད་པ་གྲོང་ཁྱེར་ཡིན་ནོ་ཞེས་བྱ་བར་མི་འཐད་དོ། །དེས་ན་གྲོང་ཁྱེར་གྱི་བྱེ་བྲག་ཀྱང་མི་རུང་བས་ན་གྲོང་ཁྱེར་དྲུག་ཅེས་བྱ་བར་ག་ལ་འགྱུར། དེ་ཉིད་ཀྱི་ཕྱིར་ཡོད་པ་ཡང་ཞེས་སྟོན་པར་བྱེད་དོ། །ཡོད་པ་ ནི་གཅིག་ཡོད་པའི་ཕྱིར་ན་དབྱེ་བ་མེད་པས་འཕགས་པའི་གྲོང་ཁྱེར་རོ། །ཀླ་ཀློའི་གྲོང་ཁྱེར་རོ་ཞེས་ཁྱད་པར་བླངས་ཀྱང་ཐ་དད་པར་མི་འགྲུབ་པས་གྲོང་ཁྱེར་མང་པོ་ཉིད་གྲུབ་པའི་ཕྱིར་གྲོང་ཁྱེར་རྣམས་ཤེས་པ་མང་པོའི་ཚིག་ཏུ་མི་འགྱུར་རོ། །དེ་ལྟར་ཡོད་པ་ལ་ཁྱད་པར་ མེད་པའི་ཕྱིར་གྲོང་ཁྱེར་ཉིད་ཡིན་པ་བསལ་བ་ན། ཡོད་པ་དང་སྐྱེས་བུ་ལ་སོགས་པ་ལྷན་ཅིག་པ་ཉིད་གྲོང་ཁྱེར་ཡིན་པར་འགྱུར་ཏེ། ཡོད་པ་ལ་ཁྱད་པར་མེད་ཅིང་ཡོད་པ་འཐོབ་པ་དང་སྐྱེས་བུ་དང་ལྡན་པ་ལ་སོགས་པ་ཡང་གྲོང་ཁྱེར་མ་ཡིན་པས་དེ་ལས་ཁྱད་པར་དུ་གྱུར་པ་ འགའ་ཞིག་དེ་ལྟར་བརྗོད་པར་བྱ་བའི་ཕྱིར་སྐྱེས་བུ་ལ་སོགས་པ་དེ་དག་དང་ཡོད་པ་ལྷན་ཅིག་པའི་དངོས་པོ་གྲོང་ཁྱེར་ཡིན་ནོ། །ཁང་བཟངས་ལ་སོགས་པ་དེ་ཉིད་ལྷན་ཅིག་པའི་དངོས་པོ་གྲོང་ཁྱེར་ཡིན་མོད། ཡོད་པས་ཅི་བྱ་ཞེ་ན་དེ་ལྟར་བརྗོད་པར་ནུས་པ་བདེན་མོད་ཀྱི་འོན་ ཀྱང་སྐྱེས་བུ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཡོད་པའི་གྲོང་ཁྱེར་ཡིན་ནོ་ཞེས་བརྗོད་པས་གང་གི་ཚེ་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་བསལ་བ་དེའི་ཚེ། དེ་གཉིས་ཁྱད་པར་དུ་བྱ་བ་དང་ཁྱད་པར་དུ་བྱེད་པ་ཡིན་པས་ན་ལྡན་པའི་དངོས་པོ་ཙམ་དེ་ལྟར་ཡིན་ནོ་ཞེས་བྱ་བར་ འགྱུར་རོ། །དེར་གྱུར་པ་དེ་གྲོང་ཁྱེར་མ་ཡིན་པ་བསལ་ན་གཞན་ཡང་བཟློག་པ་གྲུབ་པ་ཁོ་ནའོ། །དེས་ན་འདི་བཟློག་པའི་ཕྱིར་ཕན་པར་བྱ་བ་དང་། ཕན་པར་བྱེད་པ་མ་ཡིན་པ་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གིས་འདི་ལྟར་འགྱུར་བ་གྲོགས་བྱེད་པ་ ཡང་དངོས་པོ་ཅུང་ཟད་གཅིག་ཏུ་བརྗོད་དགོས་སོ། །དེ་ཡང་ལྡན་པ་ལ་སོགས་པའི་མཚན་ཉིད་དུ་ནི་མི་ནུས་ཏེ། དེ་ནི་རྫས་ལ་ཡོད་པ་ཉིད་ཀྱིས་ཁང་བཟངས་ལ་ཡང་མི་འགྲུབ་པའི་ཕྱིར་རོ། །དེ་ལྟ་ན་ཡང་འདི་དངོས་པོ་ཁྱད་པར་ཅན་དུ་འགྱུར་བའི་རང་བཞིན་ འགའ་ཞིག་ཡིན་པས་ཕན་གདགས་བྱ་འདོགས་བྱེད་ཀྱི་དངོས་པོར་འགྱུར་ན་དེ་ནི་འདིར་མེད་དེ། ཡོད་པ་རྟག་པའི་ཕྱིར་རོ། །ཕན་གདགས་བྱ་འདོགས་བྱེད་ཀྱི་དངོས་པོ་ཡིན་ཡང་རྟོགས་པ་གཅིག་གི་རྟེན་དུ་གྱུར་པའི་དངོས་པོ་ཐ་དད་པ་འགའ་ཡང་མ་གྲུབ་པས་ན་སྐྱེས་བུ་ དང་ཁང་བཟངས་དང་ཡོད་པ་ཙམ་འདིར་ལུས་པ་ཡིན་ན། དེ་ལྟར་ན་ཡང་གྲོང་ཁྱེར་ཞེས་གཅིག་གི་ཚིག་འདིར་ག་ལ་འགྱུར་ཞེས་བཤད་པ་ནི། སྐྱེས་བུ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འོན་ཏེ་དེ་དག་འགའ་ཞིག་ཏུ་ནུས་པ་ཐ་མི་དད་པ་ལ་བརྟེན་ནས་གཅིག་གི་ཚིག་གཞུང་ འཛུགས་ན་དེའི་ཚེ་ནུས་པ་ཐ་མི་དད་པའི་ཕྱོགས་ལ་དངོས་པོ་བཞིན་དུ་ཐ་དད་པའི་ཕྱིར་མང་པོའི་ཚིག་ཏུ་འགྱུར་རོ། །ཐ་དད་པའི་ཕྱོགས་ལ་ཡང་ནུས་པ་ལ་ཕན་འདོགས་པའི་ནུས་པ་ཡང་ཐ་དད་པར་ཐུག་པ་མེད་དོ། །དེ་དེ་ལས་ཐ་མི་དད་ན་ནི་ཕན་གདགས་པར་བྱ་བའི་ནུས་པ་ཡང་ ཐ་མི་དད་པས་ན་གཅིག་གི་ཚིག་ཏུ་མི་འགྱུར་རོ། །འདི་ཉིད་ནི་གལ་ཏེ་འདི་ལྟ་བུ་རྣམས་ཞེས་བྱ་བ་ནས་གྱི་ནའོ་ཞེས་བྱ་བའི་བར་གྱིས་བཤད་དོ། །ཕྱེད་ཕྱི་མ་བཤད་པའི་ཕྱིར་ནམ་མཁའི་ཞེས་སྨོས་སོ། །དེ་ལྟར་ཐ་དད་པ་དེ་ཡང་སྤྱི་ཐ་མི་དད་པ་ཉིད་དུ་འགྱུར་བ་ཡིན་ན། དེ་ལ་ནི་ཐ་ མི་དད་པ་མི་འཐད་དོ་ཞེས་བཤད་པ་ནི། དེ་ལ་ཞེས་བྱ་བའོ། །གལ་ཏེ་དེ་ལ་སྤྱི་ལ་ཡོད་ན་དེའི་ཚེ་འདི་ཐ་དད་པར་ཡང་འགྱུར་བ་ཞིག་ན་དེ་ནི་མེད་པའི་ཕྱིར་ནམ་མཁའི་རང་བཞིན་ཉིད་ནམ་མཁའི་རང་བཞིན་ཞེས་བརྗོད་པར་འགྱུར་ན་དེ་ཡང་མི་རུང་ངོ་། །དེས་ནི་དེ་ལྟར་ཐ་དད་པའི་རྒྱུ་ མཚན་ཉིད་བསལ་བ་ཡིན་ནོ། །སྤྱིའི་རང་བཞིན་ཉིད་བསལ་བས་ནི་ཐ་མི་དད་པའི་རྒྱུ་མཚན་ཡང་སྤངས་པར་འགྱུར་བས་ངག་གཅིག་ཏུ་ཉེ་བར་བཀོད་དོ། །ནམ་མཁའ་རྣམས་མང་པོ་ཡིན་ན་ནི་དེ་ལ་སྤྱི་ཡོད་པར་འགྱུར་ན། དེ་ནི་མ་ཡིན་པས་ཇི་ལྟར་དེ་ལ་སྤྱི་ཡོད་པར་འགྱུར། གལ་ཏེ་ཁྱབ་པ་ཉིད་ལ་སོགས་པ་སྤྱིའི་ངོ་བོར་འཐད་པ་མ་ཡིན་ནམ། བདག་ལ་སོགས་པ་བསལ་བ་གཞན་ལ་ཡང་ཡོད་པའི་ཕྱིར་རོ། །དེས་ན་དེ་དག་ཉིད་དེ་ལྟར་ཐ་མི་དད་པར་བསྟན་པར་འགྱུར་རོ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི་ཁྱད་པ་ཉིད་ལ་སོགས་པ་ཞེས་བྱ་བའོ། ། དེ་དག་ལ་ནི་མཁའ་ཉིད་ཅེས་བརྗོད་པ་མ་ཡིན་ནོ། །དོན་གཞན་ལ་ནི་ཞེས་སྨོས་ཏེ། གང་ཞིག་ཡོད་པས་གསལ་བ་དེ་ལ་ནམ་མཁའོ་སྙམ་པར་རྟོགས་པར་འགྱུར་བ་དེ་ནི་ནམ་མཁའ་ཉིད་ཅེས་བྱ་བར་བརྗོད་པ་ཡིན་ཏེ། བ་ལང་ཉིད་ཡོད་པས་ཁྲ་བོ་ལ་སོགས་པ་ལ་བ་ལང་ངོ་སྙམ་པ་བཞིན་ནོ། །དེས་ན་ གལ་ཏེ་ཁྱབ་པ་ཉིད་དང་ལྡན་པས་ནམ་མཁའ་ནམ་མཁར་འགྱུར་ན། བདག་ལ་སོགས་པའི་གཞན་དག་ཀྱང་ཁྱབ་པ་ཉིད་དང་ལྡན་པས་ནམ་མཁའི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ནི་རིགས་པ་མ་ཡིན་ཏེ། དེ་དག་ནི་དེའི་རང་བཞིན་ཡིན་པ་ཉིད་དུ་མི་རུང་བའི་ ཕྱིར་རོ། །གཞན་ཡང་ཁྱབ་པ་ཉིད་ཅེས་བྱ་བ་ནི་ཐམས་ཅད་ནི་ཡོད་པ་ཉིད་ལ་བྱ་བའོ། །གལ་ཏེ་དེ་མཁའ་ཉིད་ཡིན་ན་ནི་ཁྱབ་པ་ཉིད་ལ་སོགས་པ་རང་བཞིན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བཤད་པ་ནི། དེ་དག་ཀྱང་ཞེས་བྱ་བ་ཡིན་ནོ། །དཔེར་ན་རྫས་རང་གི་ངོ་བོས་ནི་ བ་ལང་དང་བ་ལང་མ་ཡིན་པར་རྣམ་པར་གཞག་པར་མི་ནུས་ཏེ། བ་ལང་ཉིད་དང་ལྡན་པས་བ་ལང་དུ་རྣམ་པར་འཇོག་པ་དེ་བཞིན་དུ། ནམ་མཁའ་རང་བཞིན་མེད་པ་ཡང་དེ་ལྟ་བུའི་ངོ་བོ་ཁྱད་པར་དུ་གྱུར་པའི་ནམ་མཁའ་དང་ལྡན་པ་ལས་ཡིན་ནོ། །དེ་ཡང་ཁྱད་པར་ཉིད་ལ་སོགས་ པ་ཡིན་པས་དེ་དག་ཀྱང་རང་བཞིན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །ཁྱད་པར་རྣམས་ཀྱི་ཁྱད་པར་ཉིད་ནི་རང་གི་ངོ་བོར་རྟེན་ཉེ་བར་སྒྱུར་བ་ཉིད་ཡིན་ནོ། །དེས་ན་ནམ་མཁའ་ཇི་ལྟ་བ་བཞིན་ནམ་མཁའ་ཉིད་ཀྱང་དེ་ལྟ་བུའི་རང་བཞིན་དུ་རྟོགས་པར་བྱ་བའི་ཕྱིར་ནི་འདི་རང་བཞིན་ མེད་པ་ཉིད་ཡིན་ནོ། །འོན་ཏེ་ཁྱབ་པ་ཉིད་ལ་སོགས་པ་ནམ་མཁར་རྟོགས་པའི་རྟེན་དུ་གྱུར་པའི་ཁྱད་པར་རྣམས་རང་བཞིན་མེད་པ་མ་ཡིན་ཡང་ནམ་མཁའ་ཉིད་རང་བཞིན་མེད་པ་ཡིན་ན། དེའི་ཚེ་ཧ་ཅང་ཐལ་བར་འགྱུར་ཏེ། བ་ལང་ཉིད་དང་ལྡན་ཡང་ཁྲ་བོ་ལ་སོགས་པ་ བ་ལང་མ་ཡིན་པར་འགྱུར་རོ། །དེ་བཤད་པ་ནི་དེ་ཡང་ཞེས་སྨོས་ཏེ། ཡང་གི་སྒྲ་ནི་སྡུད་པའོ། །དེ་ཞེས་བྱ་བས་ནི་ནམ་མཁའ་བཟུང་བ་ཡིན་ནོ། །དེ་ལྟར་ན་ཡང་རྟོགས་པ་མེད་དོ། །རྟོགས་པའི་ཡུལ་མ་ཡིན་པར་ཐལ་བའོ། །གལ་ཏེ་དེ་ལྟ་བུ་མ་ཡིན་ པའི་ཁྱད་པར་དུ་གྱུར་པའི་སྤྱི་དང་ལྡན་ཡང་རང་བཞིན་མེད་པ་ཡིན་ན་ནི་བ་ལང་ཉིད་དང་ལྡན་ཡང་བ་ལང་ལ་བ་ལང་ངོ་ཞེས་རྟོགས་པར་མི་འགྱུར་ཏེ། དེ་དང་ལྡན་ཡང་བ་ལང་མ་ཡིན་པའི་རང་བཞིན་ཉིད་སྲིད་པའི་ཕྱིར་རོ། །གལ་ཏེ་ཁྱད་པར་ཉིད་ལ་སོགས་པ་ནི་ནམ་མཁའ་ལ་ ཡོད་པ་ཉིད་ཡིན་ནོ། །དེ་ཡང་རང་བཞིན་མེད་པ་ཡིན་པའི་ཕྱིར་ནམ་མཁའ་ཉིད་གཞན་དང་ལྡན་ཡང་དེ་དག་རང་བཞིན་མེད་པ་མ་ཡིན་པར་ཇི་ལྟར་འགྱུར་ཞེ་ན་བརྗོད་པ། ནམ་མཁའི་རང་བཞིན་ནི་རང་བཞིན་མེད་པ་ཡིན་ལ། དེའི་ཁྱད་པར་ཡང་ནམ་མཁའ་ཉིད་ཡིན་ནོ། ། ཁྱབ་པར་བྱེད་པ་ཉིད་ནི་ཁྱབ་པར་བྱེད་པ་ཡིན་ནོ། །དེས་ན་ཁྱབ་པར་བྱེད་པ་ཉིད་ཀྱིས་ནི་རང་བཞིན་མེད་པ་མ་ཡིན་ནོ། །དཔེར་ན་རྫས་གཅིག་ཉིད་བ་ལང་ཉིད་ལས་ནི་བ་ལང་ཉིད་དུ་འགྱུར་ཞིང་ཁྲ་བོ་ཉིད་ལས་ནི་ཁྲ་བོ་ཉིད་ཡིན་གྱི། བ་ལང་ཉིད་ཁྲ་བོ་ནི་མ་ཡིན་པ་བཞིན་ནོ། །དེ་བཞིན་ དུ་དངོས་པོ་དྲུག་གི་ཚོགས་ཞེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ཀྱང་དངོས་པོ་དྲུག་གི་ངོ་བོ་རྣམས་ཀྱི་ཚོགས་གཞན་མེད་པས་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པར་ཇི་ལྟར་འགྱུར། དེ་ནི་སྤྱི་མ་ཡིན་ཏེ། དྲུག་པོ་དག་ལ་སྤྱི་ཡོད་པའི་ཕྱིར་དང་། སྤྱི་ལ་ཡང་སྤྱི་མེད་པའི་ཕྱིར་རོ། །གྲངས་ དང་ལྡན་པ་ཡང་མ་ཡིན་ཏེ། དེ་རྣམས་ལ་ཡོན་ཏན་ཡོད་པའི་ཕྱིར་དང་། དེ་ཡང་ཡོན་ཏན་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་ཀྱང་རྟོགས་པར་བྱའོ། །དེ་བཤད་པ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །དེས་ན་དེ་ལྟར་གང་ཕྱིར་དངོས་ཀུན་ཞེས་བྱ་བ་ལ་སོགས་པས་ དེའི་རང་བཞིན་བརྗོད་པར་སྔོན་དུ་འགྲོ་བ་ན། གཞན་སེལ་བའི་ཡུལ་ཅན་ཉིད་ཀྱི་ཚད་མ་བརྗོད་དེ། དེ་ལ་འང་གཞན་ལས་ལྡོག་པ་དང་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་སེམས་གཞན་དུ་བརྗོད་པར་དོགས་པ་བརྗོད་པར་རྣམ་པར་གཞག་པ་དྲུངས་ཕྱུང་བ་ཉིད་ཀྱིས་ལན་བཏབ་ ནས། ད་ནི་གཞན་སེལ་བའི་སྒོ་ནས་ཡུལ་དུ་བྱེད་པའི་རྣམ་པར་རྟོག་པ་རྣམས་ཀྱི་བྱེད་པ་གང་ཡིན་པ་དེའི་སྐབས་དབྱེ་བའི་ཕྱིར་ད་ནི་ཞེས་བྱ་བ་ལ་སོགས་པ་སྤངས་ཟིན་པའི་རྒོལ་བ་ཉིད་བཀོད་དོ། །ནམ་མཁའི་ཞེས་བྱ་བས་བཤད་ཟིན་པའི་ལན་ཉིད་འདེབས་སོ། །འདི་སྐད་བཤད་པ་ ཡིན་ཏེ། གལ་ཏེ་ཡང་མཁའ་ལས་ཐ་དད་པའི་མཁའ་ཉིད་ཅེས་བྱ་བ་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་མཁའ་ཞེས་མི་བརྗོད་ཀྱི། འོན་ཀྱང་མཁའ་ཉིད་ཅེས་བརྗོད་པ་གང་ཡིན་པ་དེ་ནི་ནམ་མཁའི་དོན་གཞན་ལས་ལོག་པའི་ངོ་བོ་ངེས་པར་བཟུང་བས་ཁྱད་པར་གཞན་སྤངས་པ་བྱས་ ཏེ། ནམ་མཁའ་ཙམ་གྱི་ངོ་བོ་ཁྱད་པར་གཞན་སྤངས་ནས་ཤེས་པར་འདོད་པ་ལ། མཁའ་ཉིད་ཅེས་བརྗོད་པ་ཡིན་ནོ། །དེ་དེ་ལྟར་དེའི་ངོ་བོ་བརྗོད་པ་བཤད་པ་ཐོབ་ནས། གླགས་རྙེད་དེ་རྩོད་པ་ནི་ཐམས་ཅད་ལས་ཞེས་བྱའོ། །འདི་སྐད་བརྗོད་པ་ཡིན་ཏེ། སྒྲོ་འདོགས་རྣམ་པར་ གཅོད་པར་བྱེད་པ་ཉིད་ཀྱིས་ཐ་དད་པའི་ཡུལ་ཅན་གྱི་དངོས་པོར་འགྱུར་བ་ངོ་བོ་རྟོགས་པར་བྱེད་པར་ཡང་རྣམ་པར་གཅོད་པའི་སྒོ་ཁོ་ནས་བྱེད་པའི་ཕྱིར་འདི་སྔོན་པོ་མ་ཡིན་ནོ་ཞེས་བརྗོད་པ་དང་མཚུངས་པར་འགྱུར་བའི་སྒྲ་རྣམས་ཀྱང་གལ་ཏེ་དངོས་པོ་རྗོད་པར་བྱེད་ན་ཆ་མེད་པའི་དོན་ ཐམས་ཅད་ལས་ལོག་པ་ཉིད་ཤེས་པས་འཛིན་པར་འགྱུར་ཏེ། མིག་ལ་སོགས་པ་བཞིན་ནོ། །དེས་ན་བསྒྲུབ་པའི་ཡུལ་ཅན་ཁོ་ནར་འགྱུར་བས་གཞན་སེལ་བ་ལ་བརྟེན་པའི་སྒྲ་དང་ཚད་མ་གཞན་འཇུག་པ་ཉིད་ཉམས་པར་འགྱུར་རོ། །དེས་ན་དངོས་པོའི་ཡུལ་ཅན་ ཡིན་ན་ཐམས་ཅད་ལས་ལོག་པ་བརྗོད་པར་འགྱུར་ན་དེ་ནི་མི་སྲིད་དོ། །དེ་ཉིད་ཀྱི་ཕྱིར་གཏན་ཚིགས་བརྗོད་པའི་བསམ་པས་ཐམས་ཅད་ལས་ལོག་པ་ཉིད་ཀྱིས་རང་གི་ངོ་བོ་ཁྱད་པར་དུ་བྱས་པའོ། །གང་གི་ཕྱིར་ཐམས་ཅད་ལས་ལོག་པ་དེའི་ཕྱིར། རང་གི་ངོ་བོ་བརྗོད་ པར་མི་སྲིད་དེ་བརྗོད་ན་དེ་ལྟ་བུར་གྱུར་པ་ཉིད་དུ་བརྗོད་པར་ཐལ་བའི་ཕྱིར་ན། རང་གི་ངོ་བོ་རིག་པའི་འབྲས་བུ་ཅན་ཉིད་དུ་འཐད་པས་ཐ་དད་པར་བྱེད་པ་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་རོ། །འདི་དགག་པའི་ཕྱིར། སློབ་དཔོན་གྱིས་ངོ་བོ་ཉིད་ཅེས་གསུངས་སོ། །གང་གིས་ ན་དེར་སྣང་བའི་བློ་སྐྱེད་པར་བྱེད་པས་དེ་ཉིད་བརྗོད་པར་བྱ་བར་འགྱུར་བ་ངོ་བོ་དེ་ཉིད་དེ། ཐམས་ཅད་ལས་ལོག་པའི་ངོ་བོ་གང་ཡིན་པ་དེ་ཉིད་དེ། སྒྲས་བློ་ལ་འཇོག་པར་ནི་མ་ཡིན་ནོ། །དེ་ཉིད་འཇོག་པ་མ་ཡིན་ནོ་ཞེས་སྨྲས་པས་དེ་ནི་མི་འཇོག་གི་གཞན་ནི་འཇོག་གོ་ ཞེས་བརྗོད་པ་ཡིན་ན། དེ་ལ་རེ་ཞིག་དེ་མི་འཇོག་གོ་ཞེས་བྱ་བ་དེ་གཞུང་གཟུགས་པའི་ཕྱིར་དབང་པོས་མི་སོད་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བཤད་དོ། །གལ་ཏེ་དངོས་པོ་དེའི་ངོ་བོ་ཉིད་གང་ཡིན་པ་དེ་ཉིད་འདིར་བརྗོད་པས་འཇོག་པར་འགྱུར་ན་ནི་དབང་ པོའི་མངོན་སུམ་དང་འདྲ་བར་གསལ་བར་འགྱུར་རོ། །སྒྲས་དེའི་ངོ་བོ་འཇོག་པ་ནི་དོན་གྱི་རྣམ་པ་ཅན་གྱི་བློ་སྐྱེད་པ་ཡིན་ཏེ། དེའི་བློ་ཉིད་ཀྱི་དོན་དམ་པ་ནི་དེའི་རྣམ་པ་ཙམ་ཡིན་པའི་ཕྱིར་རོ། །སྒྲས་ཀྱང་དོན་གསལ་བར་བྱེད་པ་ན། དོན་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་ཉིད་ བསྐྱེད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་གནས་པའི་གྲུབ་པའི་མཐའ་ལ་ལྟོས་ནས་བཤད་པ་ཡིན་ནོ། །འདི་མངོན་པར་ཞེན་པའི་ཡུལ་ནི་མ་ཡིན་ནོ། །རྣམ་པ་མེད་པའི་དོན་གྱི་ཡུལ་ཅན་གྱི་རིག་པ་བྱེད་ན་ཡང་དོན་རིག་པའི་རང་གི་ངོ་བོ་ཇི་ལྟ་བུར་གྱུར་པ་ཉིད་དུ་རྟོགས་པ་ དེ་ལྟ་བུའི་རང་བཞིན་ཉིད་དོན་གྱི་ངོ་བོ་དེ་ལྟར་རིག་པར་བྱེད་པས། སྒྲ་དོན་རིག་པ་བྱེད་པ་ཁོ་ནར་འགྱུར་བ་ཁོ་ནའོ། །དཔེར་ན་རྫ་མཁན་བུམ་པ་མངོན་པར་སྒྲུབ་པའམ། སོ་ཕག་བསྐྱེད་པ་ན། བུམ་པའི་རང་གི་ངོ་བོ་ཇི་ལྟ་བུར་གྱུར་པ་ཉིད་དུ། དམིགས་པ་དེ་ལྟ་བུ་ ཉིད་བྱེད་པ་གང་གི་དེ་མ་ཐག་ཏུ་དམིགས་པའི་བྱེད་པ་དེས་འདིས་བུམ་པ་བྱས་སོ་ཞེས་བརྗོད་ལ། ཇི་ལྟ་བུར་གྱུར་པས་གཞན་དུ་གྱུར་པ་དེ་ནི། གཞན་བྱས་པར་འགྱུར་བ་ཡིན་གྱི། རྫ་མཁན་ཡིན་ཞེས་ཏེ་དེ་ལ་འགྱུར་བ་གང་ཡིན་པ་དེ་ཐམས་ཅད་རྫ་མ་ཉིད་དུ་འགྱུར་ བ་ནི་མ་ཡིན་ནོ། །དེ་བཞིན་དུ་རྣམ་པར་རྟོག་པ་དོན་རྟོགས་པར་བྱེད་པའམ། སྒྲ་དོན་རྟོགས་པའི་རྒྱུ་ཡིན་ནོ་ཞེས་ཁས་བླངས་པར་གྱུར་ཀྱང་དོན་རྟོགས་པའི་རང་བཞིན་དཔྱད་པར་བྱ་བ་ཡིན་ནོ། །གལ་ཏེ་འདི་དོན་རྟོགས་པ་ཇི་ལྟ་བུ་ཡིན་པར་དམིགས་པ་དེ་ལྟ་བུ་ཉིད་ཡིན་ན་ནི་དེས་ན་འདི་དོན་ རྟོགས་པ་དང་སྒྲ་དོན་རྟོགས་པའི་རྒྱུ་ཡིན་པ་ཉིད་དོ། །དབང་པོ་བྱེད་པ་དང་ལྡན་པས་དོན་རིག་པ་ན་དོན་རྟོགས་པ་དམིགས་པ་ཡིན་ནོ། །གང་ལ་དོན་གསལ་བར་གྱུར་པའི་ངོ་བོ་དེ་ཉིད་དོན་རིག་པ་ཡིན་ལ། མངོན་སུམ་ལ་དོན་གསལ་བ་ནི་རྩོད་པ་མེད་དོ། །དེས་ན་གལ་ཏེ་རྣམ་པར་རྟོག་ པ་ཡང་དོན་རིག་པ་ཡིན་ན་ནི་འདིར་ཡང་དོན་གསལ་བར་འགྱུར་བས་སྒྲ་དང་རྗེས་སུ་དཔག་པའི་ཡུལ་དབང་པོ་ལས་འདས་པར་ཇི་ལྟར་འགྱུར། དབང་པོ་ལས་མ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་རོ་ཞེ་ན། གསལ་བཞིན་པའི་དངོས་པོ་ནི་དབང་པོ་ལས་མ་འདས་པའམ། མངོན་སུམ་ དུ་བརྗོད་པ་ཡིན་གྱི། དབང་པོ་འབྲེལ་པ་ཙམ་གྱིས་ནི་མ་ཡིན་ནོ། །འོན་ཀྱང་འདིའི་དེ་ལྟ་བུར་གྱུར་པ་ཉིད་ནི་དབང་པོ་དང་འབྲེལ་པ་ལས་ཡིན་པའི་ཕྱིར་དབང་པོ་ལས་མ་འདས་པར་བརྗོད་པ་ཡིན་ནོ། །དེས་ན་རིག་པས་ཡུལ་དུ་བྱས་པའི་དངོས་པོ་ཉིད་གསལ་བ་དང་། མངོན་དུ་བྱས་པར་ འགྱུར་བ་ཡིན་ནོ། །དེས་ན་གལ་ཏེ་རྣམ་པར་རྟོག་པའི་རིག་པ་ཞུགས་ཀྱང་ཡུལ་གསལ་བར་འགྱུར་བའམ་མངོན་སུམ་དུ་བྱས་པ་མ་ཡིན་ན། འོ་ན་རིག་པས་ཡུལ་དུ་བྱས་ཀྱང་མི་འགྱུར་བ་གང་ཡིན་པ་གསལ་བར་འགྱུར་བའམ། མངོན་སུམ་དུ་བྱས་པ་གཞན་གང་ ཞིག་ཡིན། དེས་ན་དོན་གྱི་ཡུལ་ཅན་ཉིད་ཡིན་ན་དོན་གསལ་བ་ལ་འཁྲུལ་པ་མེད་པའི་ཕྱིར་དོན་གྱི་ཡུལ་ཅན་གྱི་རྟོགས་པ་ཐམས་ཅད་ནི་མངོན་སུམ་ཉིད་དང་། སྒྲ་ལ་སོགས་པ་ཡང་དབང་པོ་དང་མཚུངས་པར་འགྱུར་རོ། །གལ་ཏེ་ངོ་བོ་དེ་བློ་ལ་མི་འཇོག་ན། འོ་ན་གང་འཇོག་ ཅེ་ན། འདི་དེ་ལྟ་བུ་ཞེས་སྨོས་སོ། །སྔ་མས་ནི་དོན་གྱི་རང་བཞིན་འཇོག་པ་བཀག་ལ། འདིས་ནི་རང་བཞིན་གཞན་འཇོག་པར་བཤད་པ་ཡིན་ནོ། །སྨྲ་བ་པོ་འདི་སྐབས་སུ་བབ་པའི་ངོ་བོ་གང་ཡིན་པ་དེ་ལྟ་བུ་དེ་ཤེས་པར་བྱའོ་སྙམ་ནས་ཏེ། རྟོགས་པའི་ཡུལ་དུ་བྱའོ་སྙམ་དུ་ བསམས་ཀྱང་རྣམ་པར་རྟོག་པའི་གཟུགས་བརྙན་གཏོད་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །དབང་པོའི་ཤེས་པས་རྟོགས་པའི་དོན་ནི་འདིའི་གཟུགས་བརྙན་ཇི་ལྟ་བུར་གྱུར་པ་དེ་ལྟ་བུ་ཉིད་དོ། །བདག་ཉིད་ཀྱི་རྣམ་པ་དེ་དང་འདྲ་བ་ཡིན་ཏེ། མེ་ལོང་གི་གཟུགས་བརྙན་ བཞིན་ནོ། །རྣམ་པ་དེ་ལྟ་བུའི་རྣམ་པ་མེད་པར་དེ་རིག་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པས་ནི་དོན་ཇི་ལྟར་འགྱུར་བ་དེ་ལྟར་རིག་པ་མ་ཡིན་ཏེ། དབང་པོས་མི་སོད་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེས་ན་འདི་ནི་གཞན་དུ་འགྱུར་ བ་རིག་པའི་རང་བཞིན་ཉིད་དོ། །ཇི་ལྟ་བ་བཞིན་དུ་རིག་པའམ། དེ་ལྟ་བུར་གྱུར་པའི་རྣམ་པ་དང་ལྡན་པ་ཉིད་ནི་དེ་རིག་པར་གྲུབ་པར་ངེས་པ་ཡིན་པའི་ཕྱིར་ན་རྣམ་པར་རྟོག་པའི་སྣང་བའི་གཟུགས་བརྙན་དོན་དང་མི་མཐུན་པར་བརྗོད་དོ། །དེས་ན་དོན་འདིས་ན། རྣམ་པར་ རྟོག་པས་གཟུགས་བརྙན་ཁྱད་པར་དུ་བྱས་སོ། །གལ་ཏེ་འདིར་སྔོན་པོ་ལ་སོགས་པའི་རང་བཞིན་དུ་རྟོགས་པ་དེ་ལྟ་ན་ཡང་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པའི་རང་བཞིན་ཇི་ལྟ་བུར་གྱུར་པ་དེ་ལྟ་བུ་ཉིད་འདི་ལ་མི་སྣང་སྟེ། མངོན་སུམ་ཉིད་དུ་ཐལ་བའི་ཕྱིར་རོ། །དེས་ན་རྣམ་པར་ རྟོག་པའི་རྣམ་པ་ནི་ཕྱི་རོལ་གྱི་སྔོན་པོ་དང་མི་འདྲ་བ་ཡིན་ནོ། །འདི་ལ་མི་འདྲ་བ་ཅི་ཞིག་ཡོད་ཅེ་ན། ཅི་མི་འདྲ་བ་ནི་མི་ཤེས་ཏེ། གང་དག་མིག་བྱེད་པ་མེད་པ་ན་ཡང་རྣམ་པར་རྟོག་པས་གཟུགས་རྟོགས་པ་ན་བདག་གིས་གཟུགས་མ་མཐོང་ཞེས་བྱ་བར་འགྱུར་བའི་རྟོགས་པ་པོ་ཉིད་ ལ་དྲི་བར་བྱ་བ་ཡིན་ནོ། །དེས་ན་གཟུགས་རྣམ་པར་བཏགས་པ་ལ་ཡང་མ་མཐོང་བར་རྟོགས་པར་འགྱུར་བ་གང་ཡིན་པ་རིག་པའི་ཡུལ་ལས་གཞན་པའི་དམིགས་པ་ཉིད་ཅི་ཞིག་ཡིན། དེའི་ཕྱིར་དེས་ན་མཐོང་བའི་ཡུལ་དུ་གྱུར་པའི་རང་བཞིན་གང་ཡིན་པ་དེ་ནི་འདིར་མི་སྣང་གི་ འོན་ཀྱང་གཞན་ཉིད་སྣང་བ་ཡིན་པའི་ཕྱིར་དེ་ལྟར་རྟོགས་པ་ཡིན་ཏེ། དེས་ན་མི་འདྲ་བ་ནི་དེ་ཉིད་ཡིན་ནོ། །བློ་གྲོས་བླུན་པོ་གང་དག་འདིར་ཡང་རང་གི་ངོ་བོ་མི་འདྲ་བར་བསྟན་པར་མ་ནུས་པས་དོན་བྱ་བར་མི་ནུས་པར་བྱས་པས་མི་མཐུན་པར་སྟོན་པ་དེ་དག་ནི་ཁོ་བོས་གཞན་དུ་རྒྱས་ པར་བཀག་ཟིན་ཏོ། །བརྟགས་པའི་དོན་ཀྱང་རིག་བྱའི་ཕྱིར། །གཞན་རྟོགས་མེད་ཕྱིར་འབྲལ་དབྱེར་མེད། །དེ་ལྟར་ལས་བྱེད་མེད་པ་ལས། །བཟློག་ན་སྒྲོ་འདོགས་ལ་ཤེས་ཉིད། །ཅེས་བཤད་ཟིན་ཏོ། །གལ་ཏེ་དོན་གྱི་རྣམ་པ་དང་མི་འདྲ་བའི་གཟུགས་བརྙན་ཉིད། རྣམ་པར་ རྟོག་པའི་གཟུགས་བརྙན་ཡིན་ན། དུང་སེར་པོར་ཤེས་པ་ལ་སོགས་པ་དག་གི་རྣམ་པ་ཡང་རྣམ་པར་རྟོག་པའི་གཟུགས་བརྙན་དུ་འགྱུར་ཏེ། དཀར་པོ་ལ་སོགས་པ་དང་མི་འདྲ་བའི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །འདི་དག་རྣམ་པར་རྟོག་པའི་རྣམ་པ་ཡང་མ་ཡིན་ཏེ། དེའི་ ཤེས་པ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེས་ན་དོན་དང་མི་འདྲ་བའི་གཟུགས་བརྙན་ཉིད་ནི། རྣམ་པར་རྟོག་པའི་གཟུགས་བརྙན་མ་ཡིན་ནོ། །བརྗོད་པ་སེར་པོ་ལ་སོགས་པའི་རྣམ་པ་དག་ནི་དེའི་ཡུལ་དང་དུས་ངེས་པའི་དོན་དང་མི་འདྲ་བ་ཉིད་ཀྱིས་མི་འདྲ་བར་བརྗོད་དེ། དེའི་ ཡུལ་གྱི་རྣམ་པར་བཅད་པར་གསལ་བའི་དུང་སེར་པོ་དེ་ན་མེད་པའི་ཕྱིར་ཏེ། དེ་ནི་དཀར་པོའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་དོན་དེ་གཏན་མི་སྲིད་པའི་ཕྱིར་ནི་མ་ཡིན་ནོ། །སེར་པོའི་རྣམ་པའི་དུང་གཏན་མི་སྲིད་པ་ནི་མ་ཡིན་ཏེ། འོན་ཀྱང་དེ་ན་མེད་པའི་ཕྱིར་དུ་དུང་སེར་པོར་ རྟོགས་པ་དངོས་པོའི་ཡུལ་ཅན་མ་ཡིན་པ་ཉིད་དོ། །རྣམ་པར་རྟོག་པ་ལ་ཇི་ལྟར་སྣང་བའི་རྣམ་པ་དེ་དང་འདྲ་བ་ནི། ཡེ་མི་སྲིད་པ་ཁོ་ན་སྟེ། དེས་ན་རྣམ་པར་རྟོག་པའི་རྣམ་པ་དངོས་པོ་དང་མི་མཐུན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་དངོས་པོ་སྣང་བ་ མ་ཡིན་པས་མངོན་སུམ་ལྟར་སྣང་བར་བཤད་དེ། དངོས་པོ་ཡོད་ཀྱང་རྣམ་པར་རྟོག་པ་དེ་ལྟར་རྟོག་པ་མེད་པའི་ཕྱིར་ལ། ཟླ་བ་གཉིས་ལ་སོགས་པ་ནི་དངོས་པོ་རྟོག་པ་སྲིད་ཀྱང་དེ་ན་རྣམ་པ་དེ་ལྟ་བུ་མེད་པའི་ཕྱིར་རོ། །རྣམ་རྟོག་དངོས་མི་སྣང་ཕྱིར་དང་། །ཉེ་བར་བསླད་པ་སླུ་ བའི་ཕྱིར། །མངོན་སུམ་ལྟར་སྣང་ཞེས་བཤད་དོ། །དེ་ལྟ་བུའི་དངོས་པོ་ཡེ་མི་སྲིད་དོ་ཞེས་བྱ་བར་ཇི་ལྟར་རྟོགས་ཤེ་ན། དེ་སྐྱེས་བཞིན་པ་ཙམ་ན་མངོན་སུམ་ཉིད་དུ་ཐལ་བའི་ཕྱིར་རོ། །ཟླ་བ་གཉིས་ལ་སོགས་པའི་བློ་རྣམས་ནི་སྐྱེས་བཞིན་པ་ན་མངོན་སུམ་ཉིད་དུ་སྲིད་པ་ ཡིན་ཡང་། གནོད་པར་བྱེད་པས་སེལ་བ་ཡིན་ནོ། །འདིར་ནི་སྲིད་པ་ཉིད་མི་འཐོབ་བོ། །རྣམ་པར་རྟོག་པ་དངོས་པོའི་ཡུལ་ཅན་དུ་སྨྲ་བ་རྣམས་ཀྱང་དེ་ལ་ཚད་མ་གཞན་དུ་འཁྲུལ་པ་འཇུག་པའི་ཕྱིར་རོ། །དེས་ན་འདིར་དངོས་པོ་མི་གསལ་བ་ཉིད་ཀྱིས་དངོས་པོ་མངོན་ སུམ་དུ་བྱེད་པ་མི་སྲིད་པ་ཡིན་ནོ། །དེས་ན་འཁྲུལ་བ་ཡིན་ཡང་ཟླ་བ་གཉིས་ལ་སོགས་པ་ལས་རྣམ་པར་རྟོག་པ་ཐ་དད་པ་ཡིན་ནོ། །དེ་དག་ནི་དོན་རྟོགས་པའི་བདག་ཉིད་ཅན་ཡིན་ཏེ། དེ་ན་མེད་ཀྱང་དེ་རྟོགས་པའི་ཕྱིར་འཁྲུལ་པ་བརྗོད་ཀྱི་རྣམ་པར་ རྟོག་པ་ནི་ཇི་སྐད་བཤད་པའི་རིགས་པས་དེ་ལྟར་འཁྲུལ་ནས་ཀྱང་དོན་རིག་པའི་རང་བཞིན་སྲིད་པ་མ་ཡིན་ནོ། །དེས་ན་འདི་གཟུགས་བརྙན་ཇི་ལྟ་བུར་གྱུར་པ་དེ་རིག་པའི་བདག་ཉིད་ཀྱིས་ནི་འཁྲུལ་པ་མ་ཡིན་ཏེ། བློའི་ཟླ་བ་རིག་པས་ཟླ་བ་གཉིས་སུ་ཤེས་པ་འཁྲུལ་པ་མ་ཡིན་ པ་བཞིན་ནོ། །འོན་ཀྱང་དེར་ངེས་པ་ཕྱིན་ཅི་ལོག་པ་ལས་ཡིན་ནོ་ཞེས་བརྗོད་པར་བྱའོ། །གལ་ཏེ་འདི་ཅུང་ཟད་ཀྱང་ངེས་པར་བྱེད་པ་མ་ཡིན་ན་ནི་འཁྲུལ་པ་ཉིད་དུ་མི་འགྱུར་ཏེ། གཞན་ཡུལ་ཡིན་པའི་ཕྱིར་རོ། །ཇི་ལྟར་འདིའི་གཟུགས་བརྙན་དོན་དེ་ལྟ་བུ་དང་མི་མཐུན་ པར་རྟོགས་ཤེ་ན། དེའི་རང་གི་ངོ་བོ་དང་མ་འབྲེལ་པ་ཞེས་སྨོས་སོ། །ཇི་ལྟ་བུར་གྱུར་པ་ཞིག་བསྟན་པར་བསམས་ནས་འདི་ཉན་པ་པོ་ལ་བཞག་པ་དེའི་ངོ་བོ་དང་འདི་འབྲེལ་པ་དེའི་རྒྱུ་ཅན་གྱི་མཚན་ཉིད་མེད་དོ། །གལ་ཏེ་འདི་དོན་གྱིས་སྐྱེས་པ་ཡིན་ན། མི་འདྲ་བར་མི་ འགྱུར་བ་ཞིག་ན། རང་གི་ཉེ་བར་ལེན་པའི་རྩ་བ་ཅན་ཉིད་ཀྱིས་མི་འདྲ་བ་ཉིད་དོ། །ཇི་སྐད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་དོན་ཀྱང་ཡིན་ལ་མ་མཐོང་བ་ཡང་ཡིན་པས་དོན་མ་མཐོང་བ་སྟེ། ལྐོག་ཏུ་གྱུར་པའི་དངོས་པོ་ལ་བརྗོད་དོ། །དེ་ལ་ནི་དོན་གྱི་རྣམ་པར་རྟོག་པ་