Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 182
Văn bản gốc(Tây Tạng)
Trang 13 / 26 (50.000 ký tự/trang)
རྩད་པ་མེད་དོ། །དེས་ན་འདིར་ཡང་ཁྱད་ པར་ཐ་དད་པའི་ཕྱོགས་ཐམས་ཅད་ལ་ཕན་འདོགས་པའི་དོན་དུ་བཟུང་ན་ཁྱད་པར་ཐམས་ཅད་བཟུང་བ་ཅི་སྟེ་མི་རྩོད་ཅེ་ན། དེ་ལྟར་ནི་བརྩད་པར་མི་ནུས་ཏེ། དོན་ཁྱད་པར་བྲལ་བར་སྨྲ་བ་རང་གི་ཕྱོགས་ལ་ཡང་ཆ་ཤས་ཀྱི་འཛིན་པ་མེད་པའི་ཕྱིར་དོན་གྱི་ཆོས་སུ་གྱུར་པའི་རྒྱུ་ཉིད་མངོན་ སུམ་གྱིས་རྟོགས་པར་ཁས་བླངས་པར་བྱ་བས་དེས་རྒྱུ་བཟུང་བ་ན་འབྲས་བུ་འཛིན་པར་ཐལ་བར་ཇི་ལྟར་མི་འགྱུར། འབྲས་བུ་འཛིན་པ་ན་ཡང་རྒྱུ་བཟུང་བར་ཐལ་བར་འགྱུར་རོ། །གལ་ཏེ་དེར་འབྲས་བུ་ལ་ཕན་འདོགས་པའི་བདག་ཉིད་དུ་རྒྱུ་བཟུང་བ་ན་འབྲས་བུ་མི་འཛིན་ ན་ནི་ཁྱད་པར་ལ་ཕན་འདོགས་པར་བྱེད་པ་བཟུང་བ་ན་ཁྱད་པར་འཛིན་པར་ཇི་ལྟར་འགྱུར་ཞེ་ན། ཉེས་པ་འདི་མེད་དོ། །དེ་ནས་འབྲེལ་པ་ཅན་འཛིན་པ་དེའི་ཡན་ལག་ཉིད་ལ་འཁྲུལ་པ་མེད་པ་ཞེས་བྱ་བ་ནི། རྣམ་པར་རྟོག་པའི་ཆོས་ཡིན་གྱི། ཉམས་སུ་ མྱོང་བའི་ངོ་བོ་ནི་མ་ཡིན་ཏེ། དེ་ནི་རང་གི་ངོ་བོ་ཇི་ལྟ་བ་བཞིན་འཛིན་པའི་ཕྱིར་རོ། །དངོས་པོའི་རང་གི་ངོ་བོ་ཉིད་ནི་རང་གི་ངོ་བོ་ཉིད་གཞན་ལ་ལྟོས་པ་མ་ཡིན་ནོ། །དེས་ནི་ཇི་ལྟར་རྒྱུ་ཉིད་ནི་དངོས་པོ་ཙམ་གྱིས་མཐར་ཕྱིན་པ་ཡིན་པའི་ཕྱིར་རྒྱུའི་རང་གི་ངོ་བོ་ཉིད་འབྲས་བུ་ལ་མི་ལྟོས་ པ་དེ་བཞིན་དུ་དེའི་འཛིན་པ་ཡང་རྒྱུའི་རང་གི་ངོ་བོ་རིག་པ་ཁོ་ནའི་འབྲས་བུའི་ཁྱད་པར་ལ་ལྟོས་པ་ནི་མ་ཡིན་ནོ། །རྣམ་པར་རྟོག་པ་ནི་མེ་ལ་སོགས་པ་སོ་སོ་རང་གི་རྣམ་པ་གཞན་གྱིས་རྒྱུ་ཉིད་དུ་མ་གྲུབ་པ་ན་མེ་ལ་སོགས་པའི་རྣམ་པར་རྟོག་པས་རྟོགས་པ་མེ་ལ་སོགས་པའི་རྣམ་པ་དག་ལ་ འབྲས་བུའི་ཁྱད་པར་གྱིས་ཁྱད་པར་དུ་གྱུར་པ་རྟོགས་པར་བྱེད་དོ། །དེས་ན་འདི་ནི་རྣམ་པར་རྟོག་པ་ཉིད་ཀྱིས་ཉེས་པ་ཡིན་གྱི། མངོན་སུམ་གྱིས་ནི་མ་ཡིན་ནོ། །འདི་ཕ་རོལ་པོ་དག་རྣམ་པར་རྟོག་པ་དང་ཉམས་སུ་མྱོང་བ་གཉིས་ཀྱི་རྟོགས་པའི་བྱེད་པ་མི་འདྲ་བ་མ་རྟོགས་པས་ ནི་ཇི་ལྟར་ཞེས་རྩོད་པར་བྱེད་དོ། །རྣམ་པར་རྟོག་པས་མ་ངེས་པ་འཛིན་པར་ཁས་ལེན་ན། ད་ནི་རྣམ་པར་རྟོག་པ་འབའ་ཞིག་ཏུ་མ་ཟད་ཀྱི་མངོན་སུམ་ཇི་སྙེད་པས་ཀྱང་མ་ངེས་པ་ཇི་ལྟར་བཟུང་བ་ཡིན། དེ་ལ་ཡང་ངེས་པ་ལས་གཞན་པའི་བྱེད་པ་ནི་འགའ་ཡང་མེད་དོ། །དེས་ན་ཁྱོད་ ཀྱི་དོན་གྱི་རང་གི་ངོ་བོ་གཅིག་ཅེས་བྱ་བ་ལ་སོགས་པ་ཡང་ཇི་ལྟར་མི་འགལ། དེ་སྐད་ཅིག་མ་ཉིད་ལ་སོགས་པ་དོན་གྱི་ངོ་བོ་ཉིད་མཐའ་དག་ནི་ངེས་པ་ཡོད་པ་མ་ཡིན་ལ་མ་ངེས་པ་ཡང་གཟུང་བར་ཇི་ལྟར་འགྱུར་ཞེ་ན། དེ་བཟློག་པའི་ཕྱིར་བཤད་པ། མངོན་སུམ་ནི་གང་གི་ཡང་ ངེས་པར་བྱེད་པ་མ་ཡིན་ཏེ། རྣམ་པར་རྟོག་པར་བྱེད་པ་མ་ཡིན་ནོ། །མངོན་སུམ་ནི་འགའ་ཡང་རྣམ་པར་རྟོག་པར་བྱེད་པ་མ་ཡིན་པས་མངོན་སུམ་ལ་ནི་རྣམ་པར་རྟོག་པ་དང་བཅས་པའི་རིག་པའི་བྱེད་པ་མེད་དོ། །འོ་ན་ཇི་ལྟར་རིག་པར་བྱེད་པ་ཡིན་ཞེ་ན་དེས་ཞེས་སྨོས་ཏེ་མངོན་སུམ་ དེས་གང་ཞིག་འཛིན་པ་དེ་ཡང་ངེས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེས་འཛིན་པར་བརྗོད་པ་གང་ཡིན་པ་དེ་ནི་སྣང་བས་སོ། །འདི་སྐད་བརྗོད་པ་ཡིན་ཏེ་དངོས་པོ་རིག་པ་ནི་དངོས་པོ་གསལ་བ་ཡིན་པའི་ཕྱིར་ཏེ། འདི་ལས་གཞན་པའི་བྱེད་པ་ནི་འགའ་ཡང་མེད་དོ། །གསལ་བའི་ཆོས་ ཀྱིས་མ་ཟིན་པར་ཡང་གསལ་བར་འགྱུར་བ་མ་ཡིན་ཏེ། དེ་ནི་ཤེས་པ་ཁོ་ནའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཤེས་པའི་ཆོས་ཀྱིས་ཟིན་པའི་ཡང་ཤེས་པ་ཉིད་ཡིན་པའི་ཕྱིར་སྔོན་པོའོ། །རྣམ་པ་གསལ་བཞིན་དུ་ཤེས་པར་གྱུར་པས་ན་སྔོན་པོ་གསལ་བ་ཡིན་ནོ། །གསལ་བཞིན་པ་ ཉིད་ནི་གཞན་གྱི་སྐབས་ཡིན་པའི་ཕྱིར་ཏེ། ནུས་པ་བཞིན་དུ་རང་གི་གནས་ལུགས་ཡིན་པར་འགལ་བའི་ཕྱིར་རོ། །དེ་ཡང་གསལ་བ་ཞེས་བྱ་བ་བརྗོད་པ་གང་ཡིན་པས་ཏེ། དེས་དེ་ལྟ་བུར་གྱུར་པས་འདི་དོན་རིག་པ་ཡིན་པའི་ཕྱིར་འདི་ནི་སྣང་བས་དངོས་པོ་འཛིན་པ་ཡིན་ནོ། །མངོན་སུམ་ནི་གང་ གི་ཡང་ངེས་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་ཟིན་པ་མ་ཡིན་ནམ། དེ་ཇི་ལྟར་ན་ངེས་པ་ནི་མ་ཡིན་ནོ་ཞེས་ཡང་བརྗོད་ཅེ་ན་བརྗོད་པ་མངོན་སུམ་ནི་གང་གིས་ཡང་ངེས་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་ན་གཞན་དག་མངོན་སུམ་རིག་པའི་བྱེད་པ་དང་བྲལ་བར་གོ་བར་འགྱུར་ཏེ། དེས་ན་དེས་གང་ ཞིག་འཛིན་པ་ཞེས་བྱ་བས་རིག་པའི་བདག་ཉིད་དུ་སྒྲུབ་པ་ཉིད་བསྟན་ཏེ་ངེས་པས་ནི་མ་ཡིན་ནོ་ཞེས་བྱ་བས་མི་འདོད་པ་བཀག་ནས་དེར་སྣང་བ་ལས་སོ་ཞེས་བྱ་བས་ཇི་ལྟར་མངོན་པར་འདོད་པ་ཉིད་བསྟན་པ་ཡིན་ནོ། །དེས་ན་ཇི་ལྟར་མ་ངེས་པ་མངོན་སུམ་གྱིས་ཀྱང་བཟུང་ཞེས་སྨྲས་པ་གང་ཡིན་ པ་དེ་མི་རིགས་པར་བརྗོད་པ་ཡིན་ནོ་ཞེས་བསྟན་པ་ནི། དེ་བས་ན་ངེས་པ་དང་ཞེས་བྱ་བའོ། །གང་ཞིག་ངེས་པ་དེ་ནི་བཟུང་བ་ཡིན་ལ། མ་ངེས་པ་གང་ཡིན་པ། དེ་ནི་བཟུང་བ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཇི་སྐད་བཤད་པའི་ ཚུལ་དང་སྦྱར་ནས་རྣམ་པར་རྟོག་པ་སྔོན་པོ་ལ་སོགས་པ་རིག་པ་ཉིད་ཀྱང་སྔོན་པོ་ལ་སོགས་པའི་རྣམ་པ་མེད་པར་མི་སྲིད་པ་ཡིན་ཏེ། དེ་ལ་ཡང་སྔོན་པོ་ལ་སོགས་པ་ཡུལ་དུ་གྱུར་པ་རྣམས་གཞན་དུ་གསལ་བར་མི་སྲིད་པའི་ཕྱིར་རོ། །སྲིད་ན་ནི་མངོན་སུམ་ཡང་སྣང་བ་མེད་པར་རིག་པར་ ཅི་སྟེ་མི་འགྱུར་ཞེ་ན། དོགས་པ་འདི་བསུ་ནས་བཤད་པ་ནི་ངེས་པ་རྣམས་ཀྱིས་ནི་དེ་ལྟར་མ་ཡིན་ཏེ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ནི་སྣང་བའི་དབང་གིས་འཛིན་པ་དང་མི་འཛིན་པ་མ་ཡིན་ནོ། །འདིར་ནི་སྣང་བ་ཡོད་པ་བཀག་པ་མ་བྱས་ཏེ། ཇི་ལྟར་སྔར་མངོན་སུམ་ནི་ གང་གི་ཡང་ངེས་པར་བྱེད་པ་མ་ཡིན་ནོ་ཞེས་ངེས་པར་བྱེད་པ་ཉིད་བཀག་པ་ལྟར་རོ། །འོན་ཀྱང་འདི་ནི་འཛིན་པ་དེའི་བདག་ཉིད་ཡིན་པ་བཀག་པ་ཡིན་ནོ། །དེས་ན་སྣང་བ་ཡོད་ཀྱང་འདི་འཛིན་པ་དང་མི་འཛིན་པ་དེ་བདག་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གཏན་ཚིགས་ བཤད་པ། གང་ཞིག་ངེས་ཀྱང་ཞེས་བྱ་བའོ། །བུམ་པ་ལ་སོགས་པའི་རྣམ་པ་ཇི་ལྟ་བ་ཞིག་མངོན་སུམ་གྱིས་མཐོང་བ་ལྟོ་བ་ཡངས་པ་ལ་སོགས་པའི་རྣམ་པ་དེ་ཉིད་བུམ་པའི་རྣམ་པར་རྟོག་པ་མི་གསལ་བ་ཉིད་དུ་དེའི་ཡུལ་ཅན་དང་འགལ་བར་ཁྱད་པར་དུ་འགྱུར་བས་སྣང་བ་ཡིན་ ནོ། །སྐད་ཅིག་མ་ལ་སོགས་པའི་རྣམ་པ་ཡང་དེ་ལྟ་བུར་གྱུར་པ་དེ་ཉིད་ཡིན་ཏེ། དེས་ན་གལ་ཏེ་འདི་སྣང་བས་འཛིན་པར་བྱེད་པ་ཡིན་ན། སྐད་ཅིག་མ་ལ་སོགས་པ་ཡང་འཛིན་པར་ཡང་འགྱུར་ན་དེ་ལྟ་ཡང་མ་ཡིན་ཏེ། བུམ་པ་ལ་སོགས་པའི་ངོ་བོ་འགའ་ཞིག་ངེས་ཀྱང་སྐད་ཅིག་ མ་ཉིད་ལ་སོགས་པའི་ངོ་བོ་གཞན་ལ་མ་ངེས་པར་འཇུག་པ་ཐ་དད་པའི་ཕྱིར་རོ། །ཇི་ལྟར་དེའི་ངོ་བོ་ངེས་པ་དེ་ལྟར་རྟོགས་པ་པོ་འཇུག་གི་ཇི་ལྟར་ངེས་པ་མ་ཡིན་པ་དེ་ལྟར་ནི་མ་ཡིན་ནོ། །འདི་ལྟར་ཆུ་ལྡུགས་པའི་དོན་དུ་གཉེར་བ་བུམ་པ་ཞེས་དེ་ལྟར་ངེས་པ་ལ་འཇུག་གི །མི་རྟག་པའོ་ཞེས་ ནི་མ་ཡིན་ནོ། །ཅི་སྟེ་ཡང་རྣམ་པར་རྟོག་པ་ཡང་མངོན་སུམ་དང་འདྲ་བར་མ་ངེས་ཀྱང་དེ་ལྟ་བུའི་རྣམ་པ་འཛིན་པར་བྱེད་པ་ཡིན་མོད་ཅེ་ན། དེ་ལྟར་ནི་མ་ཡིན་ཏེ། སྣང་བ་ཐ་དད་པས་དངོས་སུ་འཛིན་པར་བྱེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །མངོན་སུམ་འདྲ་བར་ཏེ་སྣང་བ་ཉིད་ཀྱིས་དངོས་ པོ་ལ་གཞོལ་བར་མི་གྲུབ་པའི་ཕྱིར་རོ། །ངེས་པ་ཉིད་ལ་ལྟོས་ཏེ་འགའ་ཞིག་ལ་འཛིན་པ་ཉིད་དུ་རྣམ་པར་གཞག་པ་ན་ངེས་པ་ཇི་ལྟར་བ་ཁོ་ནར་རིགས་སོ། །ངེས་པ་ཡང་མྱོང་བའི་རང་བཞིན་མ་ཡིན་པ་མྱོང་བའི་ཆོས་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་ སྡུད་པ་སྟེ་ངེས་པ་ཉིད་འཛིན་པར་བྱེད་པ་ནི་ཡིན་གྱི་ཡོད་ཀྱང་སྣང་བ་ནི་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་དོན་དུའོ། །གལ་ཏེ་དེ་ལྟར་མི་འདོད་ན་ནི་དེའི་ཚེ་དངོས་སུ་འཛིན་པར་བྱེད་པ་ཉིད་མི་སྲིད་པས་ནི་རྣམ་པར་རྟོག་པའི་ཤེས་པ་གང་གི་མཐར་ཐུག་པ་ཉིད་ཀྱིས་གང་ལ་ཡང་འཛིན་པར་བྱེད་ པ་ཉིད་དུ་མི་འགྱུར་རོ། །འདི་ནི་ཞེན་པའི་དབང་ཉིད་ཀྱིས་ཕྱི་རོལ་ཏུ་ཕྱོགས་པ་ཡིན་ན། དེ་ལྟ་བུའི་ཕྱི་རོལ་ན་མེད་པའི་ཕྱིར་དོན་དམ་པར་ན་ཡུལ་མེད་པ་ཁོ་ནའོ། །རྟོགས་པའི་ངོ་བོར་ནི་དོན་ལ་གཞོལ་བར་བརྗོད་དོ། །དེ་བཤད་པ་ནི་དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །དེས་ནི་དེ་ལྟར་ མངོན་སུམ་གྱི་ཡུལ་དུ་བྱས་པ་འཁྲུལ་པས་ངེས་པར་མི་ཟིན་པ་བཞིན་དུ། རྣམ་པར་རྟོག་པས་ཡུལ་དུ་བྱས་པ་ལས་ཡང་ཚད་མ་གཞན་འཇུག་པ་ཡིན་ནོ་ཞེས་བྱ་བ། ངེས་པ་རྣམས་ཀྱིས་མ་ངེས་གང་། །ཞེས་བྱ་བ་ལ་སོགས་པས་བསལ་བ་ན་མངོན་སུམ་ཡང་ངེས་པའི་ངོ་བོ་ཡིན་ པར་མགོ་མཉམ་པ་དེ་ལས་བཟློག་པར་བསྟན་པས་བསལ་བ་ཡིན་ནོ། །ད་ནི་མངོན་སུམ་ངེས་པའི་བདག་ཉིད་མ་ཡིན་མོད། དེ་ལྟ་ཡང་ཤེས་པ་གཅིག་གི་ཡུལ་དུ་བྱས་པ་ལ་དེའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་གཞན་དག་འཇུག་པར་རང་བཞིན་གྱིས་གྲུབ་པ་ཡིན་ཏེ། རྗེས་ སུ་དཔག་པས་ཡུལ་དུ་བྱས་པའི་དོན་བཞིན་ནོ། །དེས་ན་མངོན་སུམ་གྱིས་ཀྱང་སྒྲུབ་པའི་ངོ་བོས་དོན་ཡུལ་དུ་བྱེད་ན་རྣམ་པ་ཐམས་ཅད་ལ་ངེས་པ་སྐྱེད་པའི་ཕྱིར་ཚད་མ་གཞན་འཇུག་པའི་སྐབས་མེད་དོ། །དེ་ལ་སྲིད་ན་ནི་རྣམ་པར་རྟོག་པ་ཡང་འགྱུར་རོ་ཞེས་རྣམ་པ་གཞན་གྱི་སྒོ་ ནས་མགོ་མཚུངས་པར་སྟོན་པས་ཕ་རོལ་པོ་དག་སྤང་བའི་ཕྱིར་ཞེས་སྨྲ་བར་བྱེད་དོ། །ཐམས་ཅད་ལས་ཐ་དད་པའི་དངོས་པོའི་ངོ་བོ་ལ་དེ་ཁོ་ན་བཞིན་དུ་ཉམས་སུ་མྱོང་བ་སྐྱེད་ཀྱང་ཇི་ལྟར་ཉམས་སུ་མྱོང་བ་ཐམས་ཅད་ལས་ཐ་དད་པའི་དངོས་པོ་ལས་སྐྱེ་བ་དེ་ཁོ་ན་བཞིན་དུ་ཅི་སྟེ་ངེས་པ་མི་ འབྱུང་། དངོས་པོ་གཞན་ལས་ཁྱད་པར་དུ་གྱུར་པའི་རང་བཞིན་དང་ལྡན་པ་ཉིད་ཀྱིས་དངོས་པོ་དངོས་པོ་གཞན་ལས་ཐ་དད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་རང་བཞིན་མེད་པ་ཐ་དད་པར་མི་རུང་བའི་ཕྱིར་རོ། །དེས་ན་འདི་བུམ་པ་ཞེས་ཁྱད་པར་ཅན་གྱི་ངོ་བོའི་དབྱིབས་དང་ལྡན་པའི་ ཕྱིར་དེའི་ངོ་བོ་དབྱིབས་ཅན་མ་ཡིན་པ་བུམ་པ་མ་ཡིན་པ་ལས་ལྡོག་པ་ཡིན་ལ་རྒྱུའི་བྱེད་པས་བསྒྲུབ་པའི་ཕྱིར་ནི་བྱས་པ་མ་ཡིན་པ་ལས་འཇིག་པའི་ངང་ཅན་གྱིས་ནི་མི་འཇིག་པ་ལས་སོ། །དེས་ན་འདི་དེ་ལྟ་བུ་ལ་སོགས་པའི་བདག་ཉིད་ཁོ་ན་ལ་མ་ངེས་པ་སྐྱེས་པའི་ཕྱིར་ ཚད་མ་གཞན་ལ་ག་ལ་ལྟོས། ཇི་ལྟར་ཉམས་སུ་མྱོང་ཙམ་གྱིས་ངེས་པར་འགྱུར་ན་གང་གིས་འདི་སྐད་རྩོད་པར་བྱེད་ཅེ་ན། དྲན་པའི་ཞེས་སྨོས་སོ། །དེ་ནི་ཉམས་སུ་མྱོང་བའི་འདུ་བྱེད་ཙམ་གྱིས་བསྒྲུབ་པ་ཡིན་ཏེ། རྒྱུ་མཚན་གཞན་མེད་པའི་ཕྱིར་རོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་དོན་ མྱོང་བ་ན། དེའི་རྣམ་པ་མཐའ་དག་ངེས་པར་ཅི་སྟེ་མི་སྐྱེ། དེ་ལྟ་མ་ཡིན་ན་ནམ་ཡང་མི་འགྱུར་རོ་ཞེ་ན། དེ་བཟློག་པའི་ཕྱིར། ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་རོ་ཞེས་སྨོས་སོ། །འདིར་མི་སྐྱེ་བའི་རྒྱུ་ཅི་ཡིན་ཞེས་འདྲི་བའི་ངག་ཡིན་ན་ནི། ལྷན་ཅིག་བྱེད་པ་མ་ཚང་བའོ་ཞེས་ལན་དུ་ འགྱུར་ན། རྒྱུ་ཅིའི་ཕྱིར་མི་འབྱུང་ཞེས་བྱ་བའི་ངག་ཡིན་ན་ནི། ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་མི་འབྱུང་བ་ཡིན་ནོ་ཞེས་བྱ་བར་རིགས་སོ། །གལ་ཏེ་དྲན་པའི་རྣམ་པར་རྟོག་པ་ནི་དོན་དང་དབང་པོ་ལ་སོགས་པའི་ཚོགས་པ་ལ་ལྟོས་པ་མེད་ཀྱང་སྔོན་པོ་ལ་སོགས་པའི་རྟེན་ངེས་པ་ཉིད་དུ་སྐྱེ་བ་ཡིན་ཏེ་ སྔོན་པོ་ཉམས་སུ་མྱོང་བ་ཉིད་ལས་དེས་འདུ་བྱེད་སོ་སོར་ངེས་པ་སྐྱེས་པ་ནི་དེ་ལྟར་འགྱུར་བའི་ཕྱིར་རོ། །དོན་གཞན་ལ་ཆགས་པ་ལ་སོགས་པས་མ་ཉམས་པའི་ཉམས་སུ་མྱོང་བའི་དེ་མ་ཐག་ཏུ་འདས་པ་ན་དྲན་པ་སྐྱེ་བ་ལ་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་དོ། །ཉམས་སུ་ མྱོང་བ་ཙམ་ལས་འབྱུང་བའི་ཕྱིར་རོ། །དེས་ན་ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་རོ་ཞེས་ཅི་སྟེ་བརྗོད་ཅེ་ན། བརྗོད་པ་ངེས་པ་ཙམ་སྐྱེ་བ་འདྲི་བ་ནི་མ་ཡིན་གྱི། འོན་ཀྱང་ཁྱད་པར་ཐམས་ཅད་ལ་ངེས་པ་སྐྱེ་བ་འདྲི་བ་ཡིན་ནོ། །དེས་ན་འདི་ནི་དེ་ཉིད་ལ་ལན་བཏབ་པ་ཡིན་ཏེ་དེ་ཉིད་ཀྱི་ཕྱིར་ ཐམས་ཅད་ལས་ཐ་དད་པ་ཆ་ཤས་དང་བྲལ་བའི་ངོ་བོ་ཉིད་ཉམས་སུ་མྱོང་མོད་ཀྱི་ཞེས་འཆད་པར་འགྱུར་རོ། །འདི་ཉིད་བརྗོད་པའི་ཕྱིར་སྐབས་སུ་བབ་པ་ཇི་ལྟར་བརྗོད་པ་ཡིན་ནོ། །དེ་ལ་ནི་ལྷན་ཅིག་བྱེད་པ་གཞན་ལ་ལྟོས་པ་ཡོད་པ་ཡིན་ཏེ། ཉམས་སུ་མྱོང་བ་ཙམ་ལས་མི་འབྱུང་བའི་ཕྱིར་ རོ། །འདི་ལྟར་བུམ་པ་ལ་སོགས་པའི་དངོས་པོ་མདུན་ན་གསལ་བའི་བདག་ཉིད་ཀྱི་ངོ་བོ་གང་ཡིན་པ་དེ་ནི་མི་རྟག་པ་ལ་སོགས་པའི་རང་གི་ངོ་བོ་ཉིད་དོ་ཞེས་རེ་ཞིག་སྟོན་པར་འགྱུར་རོ། །དེས་ན་ངོ་བོ་ཉིད་སྐད་ཅིག་མ་ཉིད་དང་། ཡོད་པ་ཉིད་དང་རྒྱུ་དང་འབྲས་བུ་ཉིད་ལ་སོགས་པ་ཡིན་ནོ། ། དེ་ཡང་དེ་ལྟར་སྣང་བ་ན་ངེས་པའི་ཤེས་པ་ལ་གནས་པ་ཉིད་དོ། །དེ་ལྟ་བུའི་ངོ་བོའི་དབྱིབས་ཀྱིས་རྣམ་པར་བཅད་པ་དབང་པོའི་ཤེས་པ་ལ་སྣང་བའི་ཕྱིར་དང་། དེ་ལྟ་བུར་གྱུར་པ་ཉིད་བུམ་པ་ལ་སོགས་པའི་རྣམ་པར་རྟོག་པའི་ཕྱིར་རོ། །དེས་ན་མཐོང་བའི་ཆ་གང་ཞིག་རྣམ་པར་ རྟོག་པ་ལ་མི་སྣང་བ་ནི་འགའ་ཡང་མེད་དོ། །དོན་གྱི་ངོ་བོ་ཉིད་ནི་སྐད་ཅིག་མ་ལ་སོགས་པའི་རང་བཞིན་རྣམ་པར་རྟོག་པས་ཡུལ་དུ་མ་བྱས་མོད་ཀྱི། འོན་ཀྱང་ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡང་ཆོས་གཅིག་ཏུ་ངེས་པར་བྱས་པ་ཡིན་ནོ། །དེས་ན་དེ་ལྟར་མཐོང་བའི་འདུ་བྱེད་ ཙམ་ལ་རག་ལས་ནས་སྐྱེ་བའི་དྲན་པའི་རྣམ་པར་རྟོག་པ་ནི་ཆ་ཤས་ཀྱི་སྐྱེ་བ་ཡང་མ་ཡིན་ལ་དེ་ཙམ་གྱིས་ཚད་མ་གཞན་ལ་ལྟོས་པ་མེད་པ་ཡང་མ་ཡིན་ཏེ་ཆོས་གཅིག་གི་བདག་ཉིད་དུ་ངེས་པར་བྱས་པའི་ཕྱིར་ཆོས་གཞན་དག་ལ་ཚད་མ་གཞན་བསྒྲུབ་པས་རྣམ་པར་གཞག་པ་ལ་ ལྟོས་པའི་ཕྱིར་རོ། །གང་གི་ཕྱིར་ལྷན་ཅིག་བྱེད་པ་མ་ཚང་བས་ཐམས་ཅད་ལས་ཐ་དད་པའི་དོན་ལ་ངེས་པ་མ་སྐྱེས་པའི་གཏན་ཚིགས་དེ་བས་ན་རང་གི་མཚན་ཉིད་ཆ་མེད་པའི་བདག་ཉིད་མངོན་སུམ་གྱིས་ནི་བཟུང་བ་ལ་སྟེ། བདག་ཉིད་ཐམས་ཅད་ཀྱིས་བཟུང་བ་ལ་ཞེས་བྱ་བའི་ དོན་ཏོ། །ཆ་ཤས་རྣམས་སྤངས་པ་ནི་ཆ་ཤས་དང་བྲལ་བ་སྟེ། དེ་ལྟ་བུ་ནི་ཚད་མ་མེད་པ་ཁོ་ནར་འཛིན་ཏོ་ཞེས་བརྗོད་པ་ཡིན་ནོ། །དེའི་ཁྱད་པར་སྐད་ཅིག་མ་ཉིད་དང་། བདག་མེད་པ་ཉིད་ལ་སོགས་པ་གང་ཡིན་པ་དེ་དག་གི་ནང་ནས་ཁྱད་པར་གང་ཞིག་ངེས་པ་ལ་རྟོགས་པའི་ རྒྱུ་མཚན་ལྷན་ཅིག་བྱེད་པའི་རྐྱེན་ཡོད་པ་དེ་ནི་རྟོགས་པར་འགྱུར་རོ། །གང་གི་ཕྱིར་ལྷན་ཅིག་བྱེད་པ་མེད་པས་ཐ་དད་པ་ཐམས་ཅད་མ་ངེས་པའི་ཕྱིར་ཁྱད་པར་གང་ཞིག་ངེས་པར་བྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡོད་པའི་ཁྱད་པར་དེ་ངེས་པར་འགྱུར་གྱི། གཞན་ནི་མ་ཡིན་ནོ་ཞེས་བརྗོད་པ་ ཡིན་ནོ། །གང་ཞིག་མངོན་སུམ་གྱི་སྟོབས་ཀྱིས་འཕངས་པ་ཇི་ལྟར་ཉམས་སུ་མྱོང་བ་བཞིན་རྣམ་པར་རྟོག་པས་རྟོགས་པ་དག་ལ་ཡང་ངེས་པར་ཇི་ལྟ་བ་བཞིན་ཐམས་ཅད་ཀྱི་ཡན་ལག་ཡིན་གྱི་སྣང་བ་ཇི་ལྟ་བ་བཞིན་མ་ཡིན་པ་དེ་ནི་རང་བཞིན་གྱིས་སྒྲུབ་པའི་ཕྱིར་ བརྗོད་པར་བྱ་བ་མ་ཡིན་ཏེ། རྗེས་སུ་དཔག་པའི་ཤུགས་ཀྱིས་བྱུང་བའི་རྣམ་པར་རྟོག་པ་གཞན་བཞིན་ནོ། །འགྲེལ་པ་ནི་ཐམས་ཅད་ལས་ཞེས་བྱ་བ་ཡིན་ནོ། །ཉམས་སུ་མྱོང་མོད་ཀྱི་འོན་ཀྱང་ཁྱད་པར་ཐམས་ཅད་ངེས་པར་ནི་མི་འགྱུར་རོ། །ཇི་ལྟར་མི་འགྱུར་ཞེ་ན། རྒྱུ་གཞན་ལ་ ལྟོས་པའི་ཕྱིར་རོ། །ཉམས་སུ་མྱོང་བ་ཙམ་གྱིས་ནི་ཁྱད་པར་ཐམས་ཅད་ལ་ངེས་པ་འབྱུང་བ་མ་ཡིན་ཏེ། འོན་ཏེ་རྒྱུ་གཞན་ལས་ཡིན་ནོ། །དེས་ན་ཁྱད་པར་གང་ངེས་པ་ལ་རྒྱུ་ཡོད་པ་དེ་ནི་ངེས་པ་ཡིན་ནོ་ཞེས་འཐད་པ་བརྗོད་པ་སྔོན་དུ་འགྲོ་བ་ཅན་མདོའི་དོན་བཤད་པ་ཡིན་ནོ། །རྒྱུ་གཞན་ དེ་ཡང་གང་ཞིག་ཡིན་ལ་དེ་ལ་ལྟོས་པའི་རྣམ་པར་རྟོག་པ་དེ་ཡང་གང་ཡིན་ཞེ་ན་གཉི་ག་སྟོན་པ་ནི་ཉམས་སུ་མྱོང་བ་ནི་ཞེས་བྱ་བ་ཡིན་ནོ། །རྣམ་པར་རྟོག་པ་གོམས་པ་ལས་མ་འདས་པར་ཉམས་སུ་མྱོང་བ་རྣམ་པར་རྟོག་པ་སྐྱེད་པར་བྱེད་དེ། དེ་ནས་འདིར་ལྷན་ཅིག་བྱེད་པ་ནི་དེ་ཡིན་ནོ། ། གོམས་པ་འདི་གང་གི་ཡུལ་ཅན་ཡིན་པ་དེ་ནི་མ་བརྗོད་དོ། །དེ་ལ་ལྟོས་པའི་རྣམ་པར་རྟོག་པ་བསྟན་པ་ཉིད་ཀྱིས་གོ་བའི་ཕྱིར་རོ། །དེས་ན་རྣམ་པར་རྟོག་པ་གང་ཞིག་གོམས་པར་བྱེད། དེ་ལ་ལྟོས་ན་སྐྱེ་བ་ཡང་གང་ཡིན་ཞེས་གཉི་ག་བརྗོད་པར་བྱ་བ་ལས་དེ་ལ་ལྟོས་པ་ཉིད་བརྗོད་ པས་གོམས་པ་གང་ཡིན་པ་དེ་ཉིད་སྐྱེ་བ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། དཔེར་ན་ཞེས་སྨོས་སོ། །རོ་མྱགས་པ་དང་། ཉལ་པོ་བྱ་བ་དང་བཟའ་བར་བྱ་བའི་རྣམ་པར་རྟོག་པའི་རྣམ་པ་རྣམས་དེ་དག་ཉིད་ལྟོས་པ་ཡིན་ནོ། །སོ་སོར་རྟོགས་པ་ལ་ གནས་པ་བུད་མེད་ལ་སོགས་པ་ལ་མི་མཐུན་པར་གོམས་པར་བྱེད་པ་བུད་མེད་དག་གསོན་པོའི་ལུས་ཤི་རོ་དང་ཁྱད་པར་མེད་པ་དེ་ལྟ་བུ་ཉིད་དུ་སྒོམ་པར་བྱེད་པ་ནི་དེའི་རྣམ་པར་རྟོག་པ་གོམས་པས་ཉམས་སུ་མྱོང་བས་རྣམ་པར་རྟོག་པ་དེ་ཉིད་སྐྱེད་པར་བྱེད་དོ། །འདོད་པ་ཅན་ནི་ བདེ་བའི་སྒྲུབ་བྱེད་དུ་གོམས་པས་ཉལ་པོ་བྱ་བའི་རྣམ་པར་རྟོག་པར་འགྱུར་ལ། ཁྱི་དང་ཅེ་སྤྱང་ལ་སོགས་པ་དག་ནི་འགྲངས་པའི་རྒྱུ་ཉིད་དུ་གོམས་པས་བཟའ་བར་བྱ་བའི་རྣམ་པར་རྟོག་པར་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ་གང་གི་ཚེ་ཆ་ཤས་དང་བྲལ་བའི་དོན་གཅིག་ལ་ ཉམས་སུ་མྱོང་བའི་མཐུས་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པར་འགྱུར་བ་ན། དཔེར་ན་དེ་ཡོད་པ་ན་བདེ་བ་དམིགས་པའི་ཕྱིར་བདེ་བའི་སྒྲུབ་པར་བྱེད་པ་ཉིད་དམ། མེ་ལ་སོགས་པ་དུ་བའི་སྒྲུབ་པར་བྱེད་པ་ཉིད་མངོན་སུམ་གྱིས་རྟོགས་པ་ལྟར་དེ་ཆོས་གཅིག་པོ་ གང་གིས་བདག་ཉིད་དུ་ངེས་པར་བྱས་པ་དེ་ལས་གཞན་པའི་ཆོས་རྣམས་དེ་ལ་ཡོད་པར་ཚད་མ་གཞན་གྱི་དབང་ལས་རྟོགས་པར་བྱ་སྟེ། དངོས་པོ་གཅིག་དང་རང་བཞིན་ཉིད། དེ་བཞིན་དུ་ཆོས་གཞན་གྱི་བདག་ཉིད་དོ་ཞེས་དེ་ལྟ་བུར་གྱུར་པ་རྣམ་པ་དེ་ལྟ་བུའི་ཚད་མས་ རྟོགས་པ་དེ་ལྟ་བུའི་ངོ་བོ་ཉིད་དུ་ཡང་ནས་ཡང་དུ་གོམས་པར་བྱེད་པ་དེའི་ཚེ་དེ་དམིགས་པ་ན་རང་བཞིན་དེ་བཞིན་དུ་འདི་ཡང་ངེས་པར་འགྱུར་བ་ཁོ་ནའོ། །རྣམ་པའི་ཁྱད་པར་མི་གསལ་བར་ནི་ཉམས་སུ་མྱོང་བས་ངེས་པར་སྒྲུབ་པར་ནུས་པ་མ་ཡིན་ནོ། །དེས་ན་གོམས་པ་ལ་ ཡོད་ཀྱང་དེས་ཡུལ་དུ་བྱས་པའི་དོན་གྱི་རྣམ་པའི་ཁྱད་པར་གསལ་བ་མེད་པར་སྐྱེ་བའི་རྣམ་པར་རྟོག་པ་ནི་མངོན་སུམ་གྱི་ཡུལ་དུ་བྱས་པའི་དོན་གྱི་མཐར་ཐུག་པར་མི་འགྱུར་ཏེ། དྲན་པ་བཞིན་དུ་དངོས་པོ་གཞན་མཐོང་བ་ལས་དངོས་པོ་གཞན་ལ་གཞོལ་བའམ་སྒྲོ་འདོགས་ པར་འགྱུར་རོ། །རྣམ་པའི་གསལ་བའི་ཁྱད་པར་གསལ་བར་གྱུར་ན་ཡང་གོམས་པ་ལ་ལྟོས་པར་མི་འགྱུར་ཏེ། སྔོན་པོ་ཉིད་ལ་སོགས་པ་རྣམ་པར་རྟོག་པ་བཞིན་དུ་མཐོང་བ་ཙམ་ལས་འགྱུར་བའི་ཕྱིར་རོ་ཞེ་ན། འདི་ལས་ངེས་པ་འདི་ཡིན་ཏེ། གཅིག་གི་བདག་ཉིད་དུ་གྱུར་ པའི་དངོས་པོ་གཅིག་གི་བདག་ཉིད་དུ་ངེས་པར་བྱས་པ་དམིགས་ཤིང་དངོས་སུ་ན་རང་བཞིན་དེ་ཉིད་ཆོས་གཞན་གྱི་བདག་ཉིད་ཡིན་པའི་ཕྱིར། དེའི་རང་བཞིན་དུ་ཚད་མས་ལན་གཅིག་དམིགས་ནས་དེར་གོམས་པའི་དབང་གིས་རང་བཞིན་དེ་ཉིད་ཆོས་གཞན་གྱི་རྣམ་པར་ཡང་འཇོག་ པ་ཡིན་ནོ། །དཔེར་ན་མེའི་རྣམ་པ་ཉིད་དུ་བསྐྱེད་པའི་རང་བཞིན་ཡིན་པའི་ཕྱིར་དེ་དུ་བ་དང་འབྲེལ་པར་མྱོང་བ་མེད་ན། མེ་ཞེས་བྱ་བ་ཉིད་དུ་ངེས་པར་མི་འགྱུར་ལ། དེ་ལ་གང་ཞིག་སྣང་བ་ཉིད་ཀྱིས་ངེས་པར་འགྱུར་བ་རྭ་ཅན་བཞིན་དུ་དུ་བ་སྐྱེད་པར་བྱེད་པ་ ཉིད་གཞན་ནི་སྣང་བར་བྱེད་པ་དེས་ན་དུ་བ་དམིགས་པའི་ཕྱིར་མེའི་རྣམ་པ་དེ་ཉིད་དུ་བའི་རྒྱུ་ཡང་ཡིན་ནོ་ཞེས་ཐུན་མོང་བ་ཉིད་དུ་བྱ་སྟེ་ཡང་ནས་ཡང་དེ་ལྟ་བུ་ཉིད་དུ་དམིགས་པ་ལས་རྣམ་པ་དེ་དམིགས་ན་ཇི་ལྟར་མེའོ་ཞེས་ངེས་པ་དེ་བཞིན་དུ། དུ་བའི་རྒྱུའོ་ཞེས་ཀྱང་ངེས་པར་བྱེད་དོ། ། དེ་ནས་དེ་ལྟར་གོམས་པ་ཡང་དགོས་པ་ཡིན་ལ་མེའི་རྣམ་པ་ཉིད་ཀྱང་ཡིན་ནོ། །དེ་ལྟ་མ་ཡིན་ན། རྣམ་པར་རྟོག་པའི་རྟོག་པ་མྱོང་བས་ཡུལ་དུ་བྱས་པའི་ཁྱད་པར་གྱི་རྗེས་སུ་འབྲང་བར་ཇི་ལྟར་འགྱུར། དེ་བཞིན་དུ་རྣལ་འབྱོར་པ་ལ་ཡང་སྔོན་པོའི་རྣམ་པ་ཉིད་སྐད་ཅིག་མ་ཉིད་ ཀྱི་སྣང་བར་འགྱུར་རོ། །དེས་ན་ཉམས་སུ་མྱོང་བ་ནི་ཇི་ལྟར་གཟུགས་དང་དབྱིབས་དག་ལ་འགྱུར་བ་བཞིན་རྟོགས་པ་ཙམ་ལས་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའམ། ཡང་ཆོས་གཞན་གྱི་རྣམ་པ་གཞན་གྱི་བདག་ཉིད་དུ་གྱུར་པར་གོམས་པའི་དབང་གིས་ཡིན་ཏེ། རྣམ་པ་གཞན་ནི་མི་སྲིད་དོ། །གང་དུ་རང་བཞིན་ཁྱད་པར་ཅན་མངོན་སུམ་གྱི་ཚད་མས་རྟོགས་པ་ཡོད་པ་དེར་ནི་རྣམ་པར་རྟོག་པ་ཙམ་སྐྱེ་བ་མངོན་སུམ་གྱི་ཚད་མའི་བྱེད་པ་ཁྱད་པར་དུ་གྱུར་པ་མ་ཡིན་ཏེ། འོན་ཀྱང་མངོན་སུམ་ཉིད་དེ། དཔེར་ན་ནོར་བུའི་གཟུགས་ལ་སོགས་པ་ དག་ལ་བཞིན་ནོ་ཞེས་གཞན་དུ་གཏན་ལ་ཕབ་ཟིན་ཏོ། །གོམས་པར་བྱ་བར་གྱུར་པ་ཉིད་ལ་ལྟོས་པར་བྱ་བ་གཞན་དག་ཀྱང་ཡོད་པར་བཤད་པ་ནི། དེ་ལ་ཞེས་བྱ་བ་སྟེ་གོམས་པ་ཡིན་པར་འགྱུར་བ་དེ་ལའོ། །བློ་གསལ་བ་ནི་ཡིད་ལ་བྱེད་པ་མི་མཐུན་པ་མ་ཡིན་ནོ། །ཡིད་ལ་བྱེད་པ་ མི་མཐུན་པར་གྱུར་ན་ཉམས་སུ་མྱོང་བ་ཉིད་ཀྱང་མི་སྐྱེ་བ་དེ་ལྟ་ན་ཡང་ཉམས་སུ་མྱོང་བའི་དངོས་པོའི་མཐུ་ལས་སྐྱེ་བ་ཡིན་པའི་ཕྱིར་མི་མཐུན་པ་ཁྱད་པར་དུ་འཕགས་པ་ཁོ་ནས་མངོན་སུམ་དུ་སྐྱེ་བའི་གགས་བྱེད་ལ། རྣམ་པར་རྟོག་པ་ནི་ཅུང་ཟད་མི་མཐུན་ན་ཡང་མི་སྐྱེ་སྟེ་དཔྱོད་པའི་རང་ བཞིན་ཡིན་པའི་ཕྱིར་རོ། །དཔྱོད་པ་ནི་ཤིན་ཏུ་འཚམ་པ་མེད་པར་ཡོད་པ་མ་ཡིན་ནོ། །དེ་ལ་ཡང་མི་མཐུན་པ་དང་ཆོས་མི་མཐུན་པ་ལ་ལྟོས་པ་ཡོད་པ་མ་ཡིན་ཏེ། རྣམ་པར་དཔྱོད་པ་ཕྲ་མོ་ནི་ཅུང་ཟད་ཤེད་དམས་ཀྱང་ལྡོག་ལ་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་རྗེས་སུ་ རྟོགས་པར་བྱའོ། །གལ་ཏེ་གོམས་པ་ཡོད་པ་ཉིད་ལ་དེའི་བག་ཆགས་གོམས་པ་ཞེས་བྱ་བ་འདི་ཇི་ཞིག་ཡིན། དེ་ཡོད་པ་ལ་བློ་གསལ་བ་ཉིད་བཞིན་དུ་འདི་ནི་ཐ་དད་པར་གྱུར་པ་མ་ཡིན་ནོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་སྔར་རྣམ་པར་རྟོག་པ་གོམས་པར་བཤད་པ་གང་ཡིན་པ་ དེ་ཉིད་འདི་ལྟར་ཁྱད་པར་དུ་བྱས་པ་ཡིན་ཏེ། རྣམ་པར་རྟོག་པ་གོམས་པ་ན་བག་ཆགས་གོམས་པར་འགྱུར་གྱི་བག་ཆགས་གོམས་པའི་རྣམ་པ་གཞན་ནི་མེད་ལ་རྣམ་པར་རྟོག་པ་གོམས་པ་ཡང་གཞན་དུ་ཉེ་བར་སྦྱོར་བ་མ་ཡིན་ནོ། །དངོས་པོ་དེ་ལྟར་ཚད་མས་དེའི་ཆོས་ཉིད་ དུ་རྟོགས་པ་ན་བག་ཆགས་སྐྱེ་ལ། དེ་ཡང་ནས་ཡང་དུ་དེ་ལྟར་རྟོགས་པ་ལས་ནི། བག་ཆགས་དེ་གོམས་པར་འགྱུར་བ་ཡིན་ནོ། །དེས་ན་དེ་ལྟར་རྣམ་པར་རྟོག་པ་གོམས་པའི་མྱོང་བ་ལས་རྣམ་པར་རྟོག་པ་སྐྱེ་བ་ཡིན་ནོ། །གལ་ཏེ་བག་ཆགས་གོམས་པ་ལས་རྣམ་པར་ རྟོག་པ་སྐྱེ་ན་བག་ཆགས་རྒྱུ་ཡིན་པར་འགྱུར་གྱི། ཉམས་སུ་མྱོང་བ་ནི་རྒྱུར་མི་འགྱུར་རོ། །དེས་ན་དང་པོའི་སྐད་ཅིག་པ་མི་མཐོང་ལ། གཉིས་པ་ལ་དུ་བའི་འབྲས་བུ་ཅན་གྱི་བག་ཆགས་སད་པ། གསུམ་པ་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ་ཞེ་ན། འབྲས་བུའི་རྣམ་པར་ རྟོག་པ་སྐད་ཅིག་མ་གསུམ་པ་ལ་འགྱུར་རོ་ཞེས་བྱ་བའི་བརྗོད་པ་འདི་ནི་ཤིན་ཏུ་ཆུང་སྟེ་མེའི་རྣམ་པར་རྟོག་པ་ཡང་དེ་བཞིན་ཁོ་ནར་འགྱུར་རོ། །འདི་ལྟར་མེའི་རྣམ་པར་རྟོག་པ་ནི་མེ་ཉམས་སུ་མྱོང་བའི་འདུ་བྱེད་ལས་ཡིན་ཏེ། གཞན་དུ་ན་ནི་ཤེས་པས་ཤེས་པ་གཞན་སྐྱེད་པ་མ་ཡིན་ནོ། །དེས་ ན་དངོས་པོ་ཉམས་སུ་མྱོང་བའི་འདུ་བྱེད་རྣམ་པར་རྟོག་པ་ཡིན་པའི་ཕྱིར་འདི་ཡང་དེ་བཞིན་ཁོ་ནར་ཐལ་བར་འགྱུར་རོ། །འདི་ལ་བརྗོད་པ་ནི། བློ་གཞི་ཚུགས་པའི་འདུ་བྱེད་ཅེས་བརྗོད་དོ། །གཞི་ཚུགས་པ་ཉིད་ནི་རྒྱུ་མཚན་གཞན་ལ་བརྟེན་ནས་ལན་གཅིག་བློ་ཇི་ལྟ་བུ་ཉིད་དུ་སྐྱེས་ པ་དེ་ཁོ་ན་བཞིན་དུ་རྒྱུ་མཚན་གཞན་ལ་མི་ལྟོས་པར་མྱོང་བ་གསལ་བའི་མཚན་ཉིད་རང་གི་བདག་ཉིད་ཕུལ་དུ་བྱུང་བ་ཁོ་ན་ལས་སྐྱེ་བ་ཡིན་པའི་ཕྱིར་རོ། །དེས་ན་འདི་ནི་ཡིད་གཏད་པ་ལ། དེ་ལྟ་བུའི་ངོ་བོ་ལས་དེ་མ་ཐག་པ་ཁོ་ནར་དེ་ལྟར་འགྲུབ་སྟེ། དོན་གཞན་ ལ་འགྲོ་བར་མི་འདོད་ཀྱང་དེ་ལྟ་བུས་བསྐྱེད་པའི་ནུས་པ་སྐྱེས་པ་ཡིན་པ་སད་པས་དུས་གཞན་དུ་དེ་ལྟ་བུའི་རྣམ་པར་ཤེས་པ་དྲན་པ་ཞེས་བྱ་བ་སྐྱེད་པར་བྱེད་པའི་ཕྱིར་སྐད་ཅིག་མ་གསུམ་པ་ལ་འབྱུང་བར་ཐལ་བ་མ་ཡིན་ནོ། །འབྲས་བུ་ལ་སོགས་པའི་རྣམ་པར་རྟོག་པ་དག་ཀྱང་དེ་བཞིན་ ནོ། །མེའི་རྣམ་པ་ཉིད་དུ་བའི་འབྲས་བུ་ཅན་ཡིན་ནོ་ཞེས་བསྒོས་པའི་བློ་ཅན་ནི་ཇི་ལྟར་མེའི་རྣམ་པར་ཉམས་སུ་མྱོང་བ་ན་ཉམས་སུ་མྱོང་བ་དེས་མེའོ་སྙམ་པ་སྐྱེད་པ་དེ་བཞིན་དུ་དུ་བའི་རྒྱུའོ་ཞེས་བྱ་བར་ཡང་ཡིན་ནོ། །དེ་སྐབས་ཇི་ལྟར་རྣམ་པར་རྟོག་པའི་རྒྱུ་ཡིན་ཞེ་ན། སྨན་པའི་ སྐབས་སུ་གནས་པར་འགྱུར་བའི་སྐྱེས་བུ་ལ་སྨན་པར་ངེས་པ་ཡིན་ནོ། །གལ་ཏེ་མངོན་སུམ་གྱིས་མ་ངེས་པའི་ཆོས་དེ་དང་ལྡན་པ་རྒྱུ་མཚན་གཞན་གྱིས་དེ་ལྟར་ངེས་པར་ཚད་མ་གཞན་གྱི་རྩ་བ་ལས་ཡིན་གྱི་མངོན་སུམ་ལ་བརྟེན་པ་ནི་མ་ཡིན་ཏེ། སྐད་ཅིག་མ་ཉིད་ལ་སོགས་པ་ བཞིན་ནོ་ཞེ་ན། བརྗོད་པ། བཟོའི་སྦྱོར་བ་དུ་མ་ཤེས་པའི་ཁྱད་པར་ཅན་གྱི་སྐབས་དང་འབྲེལ་པ་ལས་ཁྱད་པར་ཅན་གྱི་ཆོས་དང་ལྡན་པར་ངེས་ཀྱི་གཞན་མ་ཡིན་པས་དེའི་ལྷན་ཅིག་བྱེད་པ་དང་ལྡན་པ་མངོན་སུམ་དེའི་རྒྱུ་མཚན་ཡིན་ནོ། །དེ་ལ་ཆོས་གཞན་གྱི་འདུ་བྱེད་ཡོད་ ཀྱང་སྐབས་ཐ་དད་པའི་ཕྱིར་མི་ངེས་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ཡང་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་རྟོགས་པར་བྱའོ་ཞེས་བྱ་བ་ནི་སོགས་པའི་ཚིག་གི་དོན་ཏོ། །འདི་ལྟར་ཉེ་བ་ལ་ཡང་ལྟོས་ཏེ་ངེས་པ་སྐྱེ་བ་ཡིན་ཏེ། ནོར་བསྲུང་བ་ལ་ངེས་པར་སྦྱོར་བ་དམིགས་ནས་ རང་གི་ཆུང་མ་ཁྱོའི་རྣམ་པར་རྟོག་པ་སྐྱེའི་གཞན་ནི་མ་ཡིན་པ་བཞིན་ནོ། །དེས་ནི་དེ་ལྟར་རྣམ་པར་རྟོག་པ་ལྷན་ཅིག་བྱེད་པ་ལ་ལྟོས་ཏེ་ཡོད་པ་དང་མེད་པར་བསྟན་ནས་སྐྱེ་བ་རྣམས་ལ་ཡང་སྔ་ཕྱིར་སྐྱེ་བ་སོ་སོར་ངེས་པར་རྒྱུ་བཤད་པ་ནི་དེ་ཁོ་ན་ཞེས་བྱ་བ་སྟེ་ངེས་པ་དག་སྔ་ཕྱི་ཉིད་དུ་ འགྱུར་ཏེ། རྣམ་པར་རྟོག་པ་ལ་ལ་ནི་སྔར་སྐྱེ་ལ་ལ་ལ་ནི་ཕྱིས་སོ། །ཇི་ལྟར་བྱས་ཏེ་ཞེ་ན། བཤད་པ། ཉེ་བ་དང་ཆེས་ཤིན་ཏུ་ཉེ་བ་ལ་སོགས་པའི་བྱེ་བྲག་གིས་སོ། །ལྷན་ཅིག་བྱེད་པ་རྣམས་ཀྱི་ཁྱད་པར་གྱི་རིམ་པ་ལས་སོ། །དཔེར་ན་བློ་གསལ་བ་དང་ཆེས་ཤིན་ཏུ་གསལ་ བ་ལ་ལྟོས་ནས་ཆོས་རྣམས་ལས་འགའ་ཞིག་ཡོད་པ་དང་མེད་པར་རྣམ་པར་རྟོག་པ་དེ་བཞིན་དུ་སྔ་ཕྱིར་ཡང་མ་ཡིན་ནོ། །དེ་བཞིན་དུ་གོམས་པ་དང་ཆེས་ཤིན་ཏུ་གོམས་པས་ཀྱང་སྔ་ཕྱིར་འགྱུར་རོ། །སོགས་པ་སྨོས་པས་བཟུང་བའི་ལྷན་ཅིག་བྱེད་པ་རྣམས་ཉེ་བར་མཚོན་པའི་དོན་དུ་འདིར་ཉེ་ བ་ཉེ་བར་བཀོད་དོ། །ཕ་ཉིད་ཉེ་བ་ཡིན་གྱི་མཁན་པོ་ཉིད་ནི་མ་ཡིན་ནོ། །དེ་ནི་གོམས་པ་ལས་ཉེ་བ་ངེས་པ་ཡིན་ཡང་ཕའི་འོག་ཏུ་འདིར་ངེས་པ་ཡིན་ནོ། །གོམས་པ་ལ་ཡང་དཔེ་འདི་ཡིན་ནོ། །འདི་ལྟར་གཅིག་ཉིད་སྐྱེད་པར་བྱེད་པ་དང་། འདོན་དུ་འཇུག་པར་བྱེད་པ་ཉིད་དུ་ཁྱད་པར་མེད་ ཀྱང་ཕ་ཉིད་ནི་ཡུན་རིང་དུ་གོམས་པ་ལ་མཁན་པོ་ནི་མ་ཡིན་ནོ། །ཕ་བུའི་སྐྱེད་པར་བྱེད་པ་ཉིད་དུ་མངོན་སུམ་མ་ཡིན་པ་དེ་ལྟ་ན་ཡང་འདིར་ནི་དཔེ་ཙམ་དུ་ཟད་དོ། །གལ་ཏེ་ལྷན་ཅིག་བྱེད་པ་རྣམས་ཡོད་ཀྱང་ཁྱད་པར་ངེས་པ་ཡོད་པ་མ་ཡིན་ཏེ། དཔེར་ན་སྨིག་རྒྱུ་དག་ལ་བཞིན་ནོ། །དེས་ན་ ཇི་ལྟར་ལྷན་ཅིག་བྱེད་པ་རྣམས་ལྷན་ཅིག་བྱེད་པ་ཡིན་ཞེ་ན། དེ་མ་ཡིན་ནོ་ཞེས་བཤད་པ་ནི། ངེས་པ་དེ་ཡང་ཞེས་སྨོས་སོ། །འཁྲུལ་པའི་རྒྱུ་མེད་ན་འགྱུར་རོ། །རྒྱུ་མཚན་དེ་ཡོད་ཙམ་གྱིས་ནི་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། ། དེས་ན་དེ་ལྟར་གང་ཕྱིར་དངོས་ཀུན་ཞེས་བྱ་བ་ལ་སོགས་པས་གཞན་སེལ་བའི་ཡུལ་ཅན་ཉིད་དུ་ཁས་བླངས་པས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་དུ་འགྱུར་བ་སྤངས་པར་བརྗོད་པའི་གཞན་སེལ་བའི་ཡུལ་ཅན་ཉིད་ཀྱི་སྒྲ་དང་ཚད་མ་གཞན་འཇུག་པ་ནི་འདི་ཡན་ཆད་ ཀྱིས་བསྒྲུབ་པ་ཡིན་ནོ། །ད་ནི་གཞོན་ནུ་མ་ལེན་ལ་སོགས་པ་གང་དག་སློབ་དཔོན་ཕྱོགས་ཀྱི་གླང་པོས་གཞན་སེལ་བ་ཞེས་བྱ་བ་དངོས་པོ་ལས་ཐ་དད་པ་དངོས་མེད་ཀྱི་མཚན་ཉིད་སྒྲའི་དོན་དུ་གསུངས་པར་རྟོགས་ནས་སུན་འབྱིན་པ་བརྗོད་པ་དེ་དག་གི་འདོད་པ་བསལ་བའི་ཕྱིར་དེ་ལ་ ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པས་རང་གི་གཞུང་སྟོན་པར་བྱེད་དོ། །རྣམ་པར་གཅོད་པའི་ཡུལ་ཅན་དེ་ལ་ཡང་གཞན་ལ་སོགས་པར་གྱུར་པས་ན་གཞན་ལས་ལོག་པ་དང་ལྡོག་པར་བྱེད་པས་ན་གཞན་ལས་ལྡོག་པ་ཞེས་བྱ་བའི་སྒྲ་དང་དེ་བཞིན་དུ་ངེས་པ་རྣམ་པར་ རྟོག་པ་ཉིད་གང་ཡིན་པ་དེ་དག་ནི་བརྡའི་རྗེས་སུ་བྱེད་པ་ཡིན་གྱི་དོན་ལ་ལྟོས་པ་ནི་མ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། གཞན་ལས་ལོག་པས་ན་ལོག་པ་ཞེས་བྱ་བ་ནི་དངོས་པོའི་ངོ་བོ་ཉིད་རྟོགས་པ་ཡིན་ལ། འདིའི་གཞན་ལས་ལོག་པར་བྱེད་པའི་ལྡོག་པ་ཡང་གཞན་མེད་པ་ཉིད་དོ། ། དེས་ན་དེ་ལྟར་སྒྲ་དང་ཤེས་པ་དག་རང་གི་བདག་ཉིད་ཁོ་ནས་ཡུལ་ཐ་དད་པར་རྟོགས་པ་ཡིན་ནོ་ཞེས་བྱ་བ་ནི་ཞེས་བྱ་བས་བརྗོད་པ་ཡིན་ཏེ། དེ་ལྟར་སྒྲ་དང་ཤེས་པ་དག་ཡུལ་ཐ་དད་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུ་དེ་དག་ལ་ཡང་ཇི་ལྟར་རྟོགས་པའི་ཡུལ་ཐ་དད་པ་དང་རྗེས་སུ་འབྲེལ་པ་ནི་ཡོད་ པ་མ་ཡིན་ནོ། །གང་ཞིག་བྱེད་པ་པོར་གྱུར་པས་འདི་ལོག་པའམ། ལྡོག་པར་བྱེད་པ་མེད་པར་བྱེད་པ་ཉིད་དུ་འགྱུར་བས་ལྡོག་པར་འགྱུར་བ་བཟློག་པ་ཞེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། གང་ཞིག་འགའ་ཡང་མེད་ཅེ་ན། བརྗོད་པ་འདི་ལ་རེ་ཞིག་སྒྲ་ནི་རྟོགས་པའི་རྗེས་སུ་ འགྲོ་བ་ཡིན་ཏེ། རྣམ་པར་ཤེས་པ་བཞིན་དུ་རང་ཉིད་ཡུལ་དང་ལྡན་པ་མ་ཡིན་པའི་ཕྱིར་དུ་བ་བཞིན་ནོ། །རྟོགས་པས་དམིགས་པའི་ཡུལ་བསྟན་པར་བྱ་བའི་དོན་དུ་རབ་ཏུ་སྦྱར་བའི་ཕྱིར་རོ། །དེ་ཡང་རྣམ་པར་རྟོག་པ་ཁོ་ནའོ། །རྣམ་པར་རྟོག་པ་ཡང་རང་ཉིད་དབང་པོ་ལ་བརྟེན་པའམ། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་རྗེས་སུ་འཇུག་པ་ཡང་མ་ཡིན་ནོ། །དབང་པོ་བྱེད་པ་དང་བཅས་པ་ལས་བཟློག་པར་བྱ་བའི་བདག་ཉིད་དམ་དངོས་པོ་མེད་པའི་རང་བཞིན་སྣང་བ་མེད་པ་ལ་རྟགས་ཀྱི་རྗེས་སུ་དཔག་པ་དེ་ལྟ་བུ་འགའ་ཡང་ཡོད་པ་མ་ཡིན་ནོ། །ཐ་སྙད་འདི་ཐ་ དད་པའི་རྗེས་སུ་འགྲོ་བ་ཡིན་ཡང་དངུལ་ལ་སོགས་པའི་ཐ་སྙད་ལྟར་མངོན་སུམ་ཉིད་གཞན་དུ་དམིགས་པས་ལྡོག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་རང་གི་ངོ་བོ་ཙམ་ལ་གནས་པའི་དོན་གྱི་རང་བཞིན་གཅིག་ཉིད་འདི་ནི་ལོག་པའོ། །འདིའི་ལྡོག་པའོ་ཞེས་འབྲེལ་པ་ཅན་གྱི་དངོས་པོ་གཞན་ དུ་སྒྲོ་འདོགས་པའམ། རང་གི་བདག་ཉིད་ལ་བརྟེན་པ་ཡང་དག་པ་མ་ཡིན་པའི་ཆོས་སྒྲོ་འདོགས་པས་རྟོགས་པ་ཡིན་ནོ། །འདིའི་ལྡོག་པ་ཞེས་བྱ་བའི་རྟོགས་པ་ནི་ལྡོག་པའི་མཐར་ཐུག་པ་ཡིན་ཡང་རྟེན་ཐ་དད་པ་མ་གྲུབ་པའི་ཕྱིར་དང་། གནོད་པ་མེད་པའི་ཕྱིར་དེས་སྒྲོ་འདོགས་པ་ དངོས་པོ་དེའི་མཐར་ཐུག་པ་ཁོ་ནར་རྟོགས་པ་ཡིན་ནོ། །གང་གིས་དེ་ལྟར་རྟོགས་པའི་ཡུལ་མ་གྲུབ་པ་ནི་བག་ཆགས་ཙམ་ལ་བརྟེན་པར་འགྱུར་བ་འདི་ངོ་བོ་ཉིད་ཀྱིས་འབྱུང་བ་ཡང་མ་ཡིན་ཏེ། རྟག་པ་དང་རྫས་གཅིག་པ་ལ་སོགས་པའི་རྣམ་པར་རྟོག་པ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །འོན་ ཀྱང་ས་ཐམས་ཅད་པའི་བརྡར་རྣམ་པར་གཞག་པའི་ཡན་ལག་ཉིད་ཀྱིས་དོན་སྟོན་པར་བྱེད་པ་རྣམས་ཀྱིས་ཐམས་ཅད་དེ་ཙམ་ཉིད་ཡིན་པའི་ཕྱིར་རམ། མི་ཤེས་པའི་ཕྱིར་དེ་ལྟར་རྣམ་པར་གཞག་པའི་བྱ་བ་དང་བྱེད་པ་ལ་སོགས་པ་ཐ་དད་པའི་རྗེས་སུ་འགྲོ་བའི་ཕྱིར་ན་བརྡ་ཁོ་ནའོ། །ངེས་པ་ནི་རྣམ་ པ་གཉིས་ཏེ། ཡུལ་སོ་སོར་རྣམ་པར་གནས་པའི་ཡུལ་གྱི་སྐད་ལ་བརྟེན་པ་དེ་ནི་རྟོགས་པ་པོ་རྣམས་ཀྱི་ཐོག་མ་མེད་པ་ཅན་ཡིན་ཏེ། ཐ་སྙད་སྔ་མ་སྔ་མ་མཐོང་ནས་ཕྱི་མ་ཕྱི་མ་ཞུགས་པའི་ཕྱིར་རོ། །དེས་ནི་ཡུལ་གཅིག་པ་རྣམས་ཉིད་ཐ་སྙད་བྱེད་པ་ཡིན་ནོ། །གཞུང་སྡེབ་པ་སྒྲུབ་པ་ལྷུར་ལེན་ པ་རྣམས་བྱེ་བྲག་ཏུ་སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བའི་དངོས་པོ་ནི་ཡུལ་གྱི་སྐད་ཀྱི་སྒྲ་ལ་བརྟེན་པ་མ་ཡིན་ཏེ། ས་ཐམས་ཅད་པའི་རྟོགས་པ་པོ་ལ་བསྟན་པར་བསམས་ནས་ཞུགས་པའི་ཕྱིར་རོ། །དེ་ལ་ཉེ་བར་མཁོ་བ་ལ་ལྟོས་པའི་ཕྱིར་ཡང་བྷ་བ་ཏ་ལ་སོགས་པའི་སྒྲ་དག་འགའ་ཞིག་གིས་ བྱེ་བྲག་ཏུ་བཤད་པ་ཡིན་ཏེ། དེ་བས་ན་དངོས་པོ་དོན་དམ་པ་རིག་ཀྱང་ཐབས་གཞན་མེད་པའི་ཕྱིར་དེ་ལྟར་བཏགས་པས་ཆོད་པས་དངོས་པོ་ལ་འཇུག་པ་འདི་དག་གི་ཐ་སྙད་བྱེད་པ་ན་ཉེས་པ་དང་བཅས་པ་བརྗོད་པ་ལྟ་བུར་མངོན་ཏེ། དཔེར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་ལྡོག་པའི་ཡུལ་ ཅན་དུ་གསུང་བ་ན་སྒྲ་ཙམ་གྱི་རྗེས་སུ་འབྲང་བ་དག་གིས་ལོག་པ་ལས་ཐ་དད་པའི་ལྡོག་པའི་ཡུལ་ཅན་དུ་རྟོགས་པ་ལ་དེ་ལྟར་ནི་མ་ཡིན་པ་བཞིན་ནོ། །དེ་བས་ན་ཐ་དད་པ་ནི་བརྡ་ཙམ་ལ་བརྟེན་པ་ཡིན་གྱི། དངོས་པོའི་ཡུལ་ཅན་ནི་མ་ཡིན་ནོ། །གལ་ཏེ་ཡང་རང་གི་བདག་ཉིད་ཙམ་ལ་ རྣམ་པར་གནས་པས་ན་དངོས་པོ་ལ་དངོས་པོ་གཞན་མེད་པ་དེ་ལྟ་ན་ཡང་ཇི་ལྟར་མི་དམིགས་པ་ཕྱོགས་བུམ་པ་མེད་པ་ཡིན་པར་བསྟན་པ་དེ་བཞིན་དུ་འདིར་ཡང་དངོས་པོ་ཉིད་ལྡོག་པར་བརྗོད་པ་ཡིན་ཏེ། ཡུལ་ཉིད་ལ་ལྟོས་པ་ན་དངོས་པོ་ཉིད་ཡུལ་ཡིན་པའི་ཕྱིར་ རོ། །ཕན་ཚུན་དུ་ཐ་དད་པ་འདིའི་ས་བོན་ཡིན་ཞེས་མེད་པ་ཙམ་ནི་ས་བོན་དུ་མདུན་དུ་འཆད་པར་འགྱུར་རོ། །འགྲེལ་པ་ནི་དེ་ལ་ཡང་ཞེས་མདོ་རྗེས་སུ་བརྗོད་དོ། གཞན་སེལ་བ་ཞེས་ཡུལ་བསྟན་པ་ཡིན་ནོ། །ལྡོག་པར་བྱེད་ཅིང་སེལ་བར་བྱེད་པའི་རྣམ་པ་ལྡོག་པ་གཞན་ལ་ལོག་པ་ཡང་ གཞན་པ་ཡང་མེད་དོ། །གཞན་འགའ་ཞིག་ལ་ལྟོས་པ་མ་ཡིན་པའི་ཕྱིར་དང་། འདི་གཉི་ག་ལ་གཞན་ཉིད་དུ་བརྗོད་པའི་ཕྱིར་ན་སྐབས་ཀྱི་གཞན་ཉིད་ཕན་ཚུན་ལྟོས་པ་ཉིད་ཡིན་ནོ། །ལྡོག་པ་ནི་ལོག་པ་ལས་གཞན་མ་ཡིན་ལ་ལོག་པ་ཡང་ལྡོག་པ་ལས་གཞན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ ལྟར་གཞན་མ་ཡིན་ནོ་ཞེ་ན། རིགས་པ་བཤད་པ་ནི། དེ་ལས་ལྡོག་པ་ལས་ཞེས་བྱ་བའོ། །ལྡོག་མཚམས་ཉིད་དུ་ལྟོས་པའི་དོན་གཞན་ནི་དེ་ཞེས་བྱ་བར་འབྲེལ་པ་ཡིན་ཏེ། རིགས་མི་མཐུན་པ་དེ་ལས་ལྡོག་པ་ལས་ལྡོག་པ་བཟློག་པར་འགྱུར་བ་རིགས་མི་མཐུན་པའི་དངོས་པོ་ ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བ་ལང་ལ་ནི་རྟ་མེད་ལ་རྟ་ལ་ཡང་བ་ལང་མེད་པས་ན་རྟ་བ་ལང་ལས་ལྡོག་པ། བ་ལང་ཡང་རྟ་ལས་ལོག་པར་འགྱུར་བ་ཡིན་ནོ། །ལྡོག་པ་ལོག་པ་ལས་གཞན་ཡིན་པའི་ཕྱིར་ནི་བ་ལང་མ་ཡིན་པའི་ཕྱིར་ལྡོག་པ་ལས་ལོག་པ། བ་ལང་མ་ཡིན་པ་ ལས་ལོག་པ་ཡང་བ་ལང་ལས་ལོག་པའི་ཕྱིར་བ་ལང་ལ་བ་ལང་མ་ཡིན་པ་ལས་ལྡོག་པ་མེད་པར་འགྱུར་རོ། །བ་ལང་ལ་བ་ལང་མ་ཡིན་པ་ལས་ལྡོག་པ་ཡོད་དོ་ཞེས་བརྗོད་པས་ནི་བ་ལང་ལ་བ་ལང་མ་ཡིན་པ་མེད་པ་ཡིན་ན། །གལ་ཏེ་འདི་ལ་དེ་མེད་ན་ནི་བ་ལང་ལ་བ་ལང་མ་ཡིན་པ་ཡོད་དོ་ ཞེས་བྱ་བར་འགྱུར་རོ། །ཐ་དད་པ་ནི་འགའ་ཡང་འགའ་ལ་ཡོད་པ་མ་ཡིན་པས་ནི་བ་ལང་མ་ཡིན་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་ནི་འགའ་ཡང་གང་ལས་ཀྱང་མི་ལྡོག་པར་འགྱུར་རོ་ཞེས་བཤད་པ་ནི། དེ་ལྟ་ན་ཞེས་བྱ་བའོ། །དེས་ན་གང་དག་ཆོས་ཐ་དད་པ་ཉིད་ཀྱིས་དངོས་པོ་མེད་ པ་དངོས་པོ་ཉིད་དུ་འདོད་པ་དེ་དག་བསལ་བ་ཡིན་ནོ། །གཞན་ལ་གཞན་མེད་པའི་མེད་པར་ནི་དེ་ལས་ཐ་དད་དོ་ཞེས་འཐད་པ་མ་ཡིན་ནོ། །དེ་ལ་གཞན་མེད་པ་མེད་ན་ནི་གསལ་བར་གཞན་ཉིད་དོ། །གལ་ཏེ་གཞན་མ་ཡིན་ན་ནི་མི་གཞན་པ་ཞེས་བྱ་བར་འགྱུར་རོ། །ཕྱི་འདིའི་ཡང་རྣམ་པར་ཕྱེ་ནས་ ལུང་བསྟན་པར་བྱ་བ་ཡིན་ཏེ། དངོས་པོའི་གནས་ཐབས་ལ་ལྟོས་ནས་ནི་གཞན་ཡང་མ་ཡིན་ལ། གཞན་མ་ཡིན་པ་ཡང་མ་ཡིན་ནོ། །གལ་ཏེ་དེ་དེ་ལྟ་ན་ལྡོག་པ་ལྡོག་པ་མེད་དོ་ཞེས་བྱ་བ་ཉིད་དུ་འགྱུར་རོ་ཞེ་ན། ལྡོག་པ་ཞེས་བྱ་བ་ཡོད་དོ་ཞེས་སུས་སྨྲས། དངོས་པོ་ལ་དངོས་པོ་གཞན་ མེད་དོ་ཞེས་བྱ་བ་ཡིན་གྱི། དངོས་པོ་ལ་དངོས་པོ་གཞན་མེད་པ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་དངོས་པོ་གཞན་མེད་པ་མེད་དོ་ཞེས་བྱ་བ་འདི་ཉིད་བརྗོད་པ་ཡིན་པའི་ཕྱིར་འཐད་པ་ཁོ་ནའོ། །ཇི་ལྟར་ཕྱོགས་ལ་བུམ་པ་མེད་པ་ཞེས་བསྟན་པ་དེ་ལ་ལྟོས་ནས་ནི་ལྡོག་པ་གཞན་མ་ཡིན་པ་ ཁོ་ནའོ། །ད་ནི་བརྡའི་རྗེས་སུ་བྱེད་པ་ཉིད་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་དངོས་པོ་ཐ་མི་དད་པར་བཤད་དོ། །བརྡའི་རྗེས་སུ་བྱེད་པ་ཉིད་ལ་ནི། སྒྲ་དང་ཞེས་བྱ་བ་ལ་སོགས་པའོ། །བརྗོད་པར་བྱ་བ་ལ་ནི་ཐ་དད་པ་མེད་དོ་ཞེས་བྱ་བས་བརྡའི་བྱེ་བྲག་ལ་བརྟེན་པའི་གཏན་ ཚིགས་སོ། །འདིར་ཡང་ལྡོག་པ་ནི་གཞན་ཟློག་པར་བྱེད་པའི་རང་བཞིན་ཡིན་ལ། དེས་ལྡོག་པ་ལྡོག་པ་ནི་བྱེད་པ་པོ་ཡིན་ནོ། །འདིའི་ལྡོག་པ་ཞེས་བྱ་བ་ནི་འབྲེལ་པ་ངེས་པ་ཡིན་ནོ། །དེས་ན་འདི་ཙམ་གྱིས་ནི་འདིར་མི་བདེན་པ་ཉིད་སྒྲོ་བཏགས་ནས་རང་གི་ངོ་བོ་ལ་གནས་པའི་དངོས་ པོའི་བདག་ཉིད་ཁོ་ན་རྟོགས་སོ་ཞེས་བརྗོད་པ་ཡིན་ནོ། །གཞན་དག་དེ་མི་བཟོད་པས་བརྗོད་པར་བྱ་བ་ལ་ཐ་དད་པ་མེད་པའི་ཞེས་སྨྲའོ། །ལོག་པ་དང་ལྡོག་པའི་ཚིག་གཉིས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་དེ་ལ་ཁྱད་པར་མེད་པའི་ཕྱིར་བརྡའི་བྱེ་བྲག་ཀྱང་མི་རུང་ངོ་། །བརྗོད་པར་ བྱ་བ་ཐ་དད་པ་མེད་པའི་གཏན་ཚིགས་སྨྲས་པ་ནི་གཉི་གས་གཅིག་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཚིག་གཉིས་ཀྱིས་གཅིག་ཁོ་ན་བརྗོད་པའི་ཕྱིར་རོ། །བརྡ་ནི་བརྗོད་པར་བྱ་བ་རྟོགས་པའི་འབྲས་བུ་ཅན་ཡིན་ནོ། །གལ་ཏེ་ཁྱད་པར་མེད་ན་དེ་ལྟར་རྟོགས་པའི་འབྲས་བུ་ཅན་གྱི་བརྡས་ ཅི་ཞིག་བྱ། དེར་འབྲེལ་པ་སྒྲོ་བཏགས་པ་ལ་དགོས་པ་ཇི་སྲིད་ཅིག་སྲིད་པ་བསྟན་པའི་ཕྱིར་དེ་ཉིད་དུ་རྩོད་པ་མཐར་ཐུག་པར་སྟོན་པ་ནི་དེ་ལྟར་ན་ཞེས་བྱ་བའོ། །དེ་བཟློག་པའི་ཕྱིར་བཤད་པ་ནི། གཉི་གས་ཞེས་བྱ་བའོ། །གཞན་ལས་ལྡོག་པ་དང་གཞན་ལས་ ལོག་པའི་སྒྲ་གཉི་གས་གཅིག་བརྗོད་པ་ཡིན་མོད་ཀྱི། དེ་དག་གིས་བརྗོད་པར་བྱ་བ་ལ་གནས་པའི་ཤན་ཁྱད་པར་དང་ལྡན་པས་ན་དེ་དག་ལས་གཅིག་ལ་གནས་པའི་ཐ་དད་པའི་དབྱེ་བ་གང་ལ་ཡོད་པ་བརྗོད་པར་བྱ་བ་ཐ་དད་པ་དེ་དང་ལྡན་པས་དེ་ཐ་དད་པའི་དོན་བཞིན་དུ་རྟོགས་ པར་བྱེད་དོ། །རང་གི་བདག་ཉིད་ལ་རྣམ་པར་གནས་པ་ཙམ་གྱི་རང་བཞིན་གྱི་དོན་གཅིག་ཁོ་ནས་གཉི་གས་བརྗོད་པ་ཡིན་ནོ། །དེ་ལྡོག་པའི་སྒྲས་ནི་འདིའི་བ་ལང་མ་ཡིན་པ་ལས་ལྡོག་པ་ཞེས་དྲུག་པས་བརྗོད་པའི་ཐ་དད་པ་བསྒྲུབས་པས་དོན་དེ་རྗོད་པར་བྱེད་དོ། །དེ་ཡང་ལོག་ པའི་སྒྲས་བརྗོད་པར་བྱ་བའི་དོན་སྟོན་པ་ན་དོན་ཐ་དད་པ་ལ་བརྟེན་པར་སྣང་བས་ན་རང་བཞིན་གྱི་སྒྲས་བྱས་སོ། །འདི་དོན་ཐ་དད་པའི་མཐར་ཐུག་པ་ཉིད་ནི་མ་ཡིན་ནོ། །འོན་ཀྱང་བསྟན་པ་ན་དོན་ཐ་དད་པ་ལ་བརྟེན་པ་ལྟ་བུར་མངོན་པ་ཡིན་ནོ། །དེས་ན་ལྡོག་པ་དང་དེའི་འབྲེལ་པ་སྒྲོ་ བཏགས་ནས་ལོག་པའི་དངོས་པོ་ཉིད་ཀྱི་མཐར་ཐུག་པར་འགྱུར་བ་ཡིན་ནོ། །དེའི་དོན་འདི་ཡིན་ཏེ། བརྡ་ཐ་དད་པ་ཞེས་བྱ་བ་གལ་ཏེ་སྒྲ་ཐ་དད་པ་ཙམ་ལས་བརྗོད་ན་དེ་ནི་བརྗོད་པར་བྱ་བ་ལ་གནས་པའི་ཁྱད་པར་མེད་ཀྱང་ཤིང་དང་རྐང་འཐུང་ལ་སོགས་པའི་ཚིག་དག་ལ་དེ་ལྟ་བུའི་ཁྱད་པར་ ཡོད་པར་མཐོང་བ་ཁོ་ནའོ། །འོན་ཏེ་དོན་ཐ་དད་པ་ཉིད་ཡིན་ན་དེ་ནི་མ་གྲུབ་སྟེ། གཅིག་བརྗོད་པའི་ཕྱིར་རོ། །གཅིག་བརྗོད་པ་ཉིད་ནི་ལྡོག་པ་དང་ལྡོག་པའི་སྒྲ་དག་ཐ་དད་པ་དམིགས་པ་མེད་ཀྱང་འགྱུར་བ་ཡིན་ཏེ། འདི་ནི་བ་ལང་མ་ཡིན་པ་ལས་ལོག་པའོ། །འདིའི་བ་ལང་མ་ཡིན་པ་ ལས་ལྡོག་པ་ཞེས་འཇུག་པ་གནོད་པ་མེད་པའི་ཕྱིར་རོ། །དོན་གཞན་དང་ལྡན་པ་གཞན་ལ་འཇུག་ན་ནི་གནོད་པའམ། བཏགས་པར་འགྱུར་ན་འདིར་ནི་དོན་ཐ་དད་པ་མི་དམིགས་ཀྱང་དེ་ལྟར་སྲིད་པ་མ་ཡིན་པས་ཇི་ལྟར་དོན་གཅིག་པ་ཉིད་མ་ཡིན། འོན་ཏེ་འདིར་ནི་འདིའི་ལྡོག་པ་ཞེས་ དེ་ལས་བཀོལ་བ་ཐ་དད་པ་ཉིད་རྟེན་དུ་སྣང་བ་གཞན་དུ་ནི་དེ་ཉིད་དོ་ཞེས་བརྗོད་ན་དེ་ནི་མི་རུང་སྟེ། དེའི་མཐར་ཐུག་པ་ཉིད་ན་དེ་ཐ་དད་པ་མི་དམིགས་པའི་ཕྱིར་དང་། གནོད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། བུམ་པ་མ་ཡིན་པ་ལས་བུམ་པའི་སྒྲ་བཞིན་ནོ། །དེ་གནོད་པ་མེད་པའི་ཕྱིར་ཡུལ་ གཅིག་པོ་ཉིད་ཡིན་ཡང་རྟོགས་པ་ཐ་དད་པའི་ཕྱིར་དོན་ཐ་དད་པ་ལྟ་བུར་མངོན་པ་ཡིན་ནོ་ཞེས་བྱ་བ་བསྟན་ཏོ། །དེའི་རྒྱུ་མཚན་ཡང་བརྗོད་པར་བྱ་བ་ལ་བརྟེན་པའི་ཤན་གྱི་ཁྱད་པར་ཡིན་ནོ། །འདི་དེ་དང་དོན་གཅིག་ཉིད་ཡིན་ཡང་འདིའི་ལྡོག་པ་ཞེས་དོན་དེ་ཉིད་དེ་ལྟར་བྱས་ནས་རྟོགས་པར་བྱེད་དོ། ། ཇི་ལྟར་དེའི་མཐར་ཐུག་པ་ཡིན་ཡང་དོན་ལྟ་བུར་སྣང་བར་འགྱུར་བ་ཡིན་ནོ། །འགྲེལ་པ་ནི་སྒྲ་རྣམས་ཀྱི་ཞེས་བྱ་བའོ། །གལ་ཏེ་འདི་དག་ཡུལ་གྱི་རང་གི་ངོ་བོ་ལ་རག་ལས་ནས་འཇུག་པ་ཡིན་ན་ཐ་དད་པ་མེད་པ་ལ་ཐ་དད་པ་མེད་པ་ཁོ་ནར་གོ་བར་བྱེད་པར་འགྱུར་གྱི། དེ་རྟོགས་པར་བྱེད་ ཀྱང་དོན་ཐ་དད་པ་བཞིན་དུ་མི་འགྱུར་བ་ཞིག་ན་དེ་ལྟར་ཡང་མ་ཡིན་ཏེ་འདོད་པས་ཀྱང་འཇུག་པའི་ཕྱིར་རོ། །དེ་ལྟ་ན་ཡང་རྟོགས་པ་ཐ་དད་པའི་མཚན་ཉིད་ཀྱིས་བརྡའི་བྱེ་བྲག་འདི་ག་ལས་ཤེ་ན་དེ་དག་ཅེས་སྨོས་སོ། །གང་གི་ཕྱིར་དངོས་པོ་ལ་བརྟེན་པ་མ་ཡིན་པ་དེའི་ཕྱིར་ན་གལ་ཏེ་དོན་ ཐ་དད་པའམ་ཐ་དད་པ་མ་ཡིན་པ་ལ་སྦྱོར་ཡང་རུང་སྟེ། དེ་ལྟ་ན་ཡང་དེ་ཉིད་རྟོགས་པར་བྱེད་པ་ཁོ་ནའོ། །གལ་ཏེ་དོན་ཐ་དད་པ་ལ་སྦྱར་ན་དེ་ཉིད་རྟོགས་པར་བྱེད་ལ། གལ་ཏེ་ཐ་དད་པ་མེད་པ་ལ་སྦྱར་ན་ནི་དེ་ཉིད་རྟོགས་པར་བྱེད་དོ། །དཔེར་ན་ཨཀྵའི་སྒྲ་བ་རུ་ར་དང་ཆོ་ལོ་ལ་འཇུག་པ་ བཞིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་རྒྱུ་དེའི་ཕྱིར་བ་ལང་དང་བ་ལང་ཉིད་ཅེས་བྱ་བས་དངོས་པོ་གཅིག་བརྗོད་མོད་ཀྱི་ཐ་དད་པའི་དོན་ཅན་གྱི་རྣམ་པར་དབྱེ་བས་དོན་ཐ་དད་པ་ལྟ་བུར་སྟོན་པར་སྣང་སྟེ་དེ་ལྟར་སྦྱོར་བ་མཐོང་བ་གོམས་པའི་ཕྱིར་རོ། །འདིའི་བ་ལང་ཉིད་ཅེས་བྱ་བ་ཐ་ དད་པའི་དོན་ཅན་གྱི་རྣམ་པར་དབྱེ་བ་དང་ལྡན་པའི་སྒྲ་འདི་ནི་བ་ལང་ལ་འཇུག་པ་ཡིན་ནོ། །རྣམ་པར་དབྱེ་བ་དེ་ཡང་གཉི་གར་ཡང་བརྡར་བྱས་པ་ཡིན་ཏེ། འདིའི་བ་ལང་ཉིད་ཅེས་བྱ་བ་ནི་ཐ་མི་དད་པ་ལ་ཡིན་ལ། བྲམ་ཟེའི་རིལ་བ་སྤྱི་བླུགས་ཞེས་བྱ་བ་ནི་ཐ་དད་པ་ལའོ། ། དེས་ན་ཐ་དད་པ་ལ་སྦྱོར་བ་མཐོང་བ་གོམས་པས་ན་འདིར་དོན་བཞིན་དུ་སྟོན་པར་བྱེད་པར་སྣང་ངོ་། །དེས་ཁྱད་པར་འགའ་ཞིག་ཤེས་པར་བྱ་བའི་ཕྱིར་ཐ་དད་པའི་དོན་ཅན་བཞིན་དུ་སྦྱར་བའི་ཕྱིར་རོ། །དེས་ན་དེ་ལྟར་དོན་གཅིག་ཀྱང་བརྡ་ཐ་དད་པ་ཡིན་ནོ། །དེ་སྲིད་ ཙམ་གྱི་རྟོགས་པ་མི་འདྲ་བ་དང་ལྡན་པས་ནི་ཐམས་ཅད་ལ་ཐ་དད་པ་མ་ཡིན་ཏེ། ཐ་དད་པ་མེད་པ་ལ་ཡང་སྐྱེས་བུའི་འདོད་པའི་དབང་གིས་འཇུག་པ་གེགས་མེད་པའི་ཕྱིར་རོ། །དེ་བཤད་པ་ནི་གཞན་ལ་ཡང་ཞེས་བྱ་བའོ། །སྒྲ་རྣམས་ཀྱི་སྐྱེས་བུ་འདོད་པ་ལ་གེགས་བྱེད་པ་མེད་ པ་དེ་ཉིད་དུ་སྟོན་པ་ནི། དཔེར་ན་ཞེས་བྱ་བའོ། །དངོས་པོ་གཅིག་གི་སྒྲ་ཐམས་ཅད་ཀྱིས་གཅིག་གི་ཚིག་གི་མཐའ་ཅན་གྱིས་སྟོན་ཏོ། །ལྷས་བྱིན་དཀར་ཤམ་མོ། །སྦོམ་མོ་ཞེས་བྱ་བ་བཞིན་ནོ། །དེ་ཉིད་དཀར་ཤམ་ལ་སོགས་པ་བརྗོད་པར་བྱ་བ་མ་བྱས་པར་གུས་པའི་ སྒྲས་བརྗོད་པ་ན་མང་པོའི་ཚིག་གི་མཐའ་ཅན་གྱིས་སྟོན་ཏེ། དེ་ཁོ་ན་ལ་དམིགས་ནས་བླ་མ་འདི་དག་ཅེས་བྱ་བ་ལྟ་བུར་རོ། །དེས་ན་དེ་ལ་མང་པོ་ཉིད་མེད་ཀྱང་སྟོན་པར་བྱེད་པ་དེ་ནི་གེགས་མེད་དོ། །འོན་ཏེ་འདིར་མང་པོ་ཉིད་བརྗོད་ཀྱང་མང་པོའི་ཚིག་མཐའ་ཅན་བརྗོད་པ་ནི་ལེགས་པ་ ཙམ་གྱིས་ཡིན་ནོ། །གཅིག་པོ་དེ་ལ་ནི་མང་པོའི་ཚིག་བསྟན་པ་ཉིད་ལེགས་པར་བརྗོད་དོ་ཞེ་ན། དེ་བཞིན་དུ་ཐ་མི་དད་པ་ལ་ཐ་དད་པར་བརྗོད་པའི་དྲུག་པ་ཡང་དེ་བཞིན་དུ་འགྱུར་རོ། །ད་ནི་བརྗོད་བྱའི་ཤན་གྱི་ཁྱད་པར་གྱིས་ཞེས་ཚིག་ལེའུར་བྱས་པར་བརྗོད་པ་དང་འགྲེལ་པ་ ཡང་ཁྱད་པར་འགའ་ཞིག་ཤེས་པར་བྱ་བའི་ཕྱིར་ཞེས་གང་བརྗོད་པ་དེར་ནི་ཁྱད་པར་དང་བཅས་ཏེ་མ་བསྟན་པས་ན། དེ་བསྟན་པའི་ཕྱིར་དགོས་པ་མེད་པའི་ཕྱིར་ཞེས་སྨོས་སོ། །བརྗོད་པར་བྱ་བ་ཁྱད་པར་མེད་ཀྱང་དགོས་པའི་ཁྱད་པར་གྱིས། བླ་མ་དག་ཅེས་བྱ་བ་ལ་སོགས་ པའི་སྒྲ་དེ་བཞིན་དུ། འདིར་གལ་ཏེ་དགོས་པའི་ཁྱད་པར་མེད་ན་ནི་བརྡའི་བྱེ་བྲག་མེད་པར་འགྱུར་བ་ཞིག་ན་དགོས་པ་དེ་ནི་ཡོད་པ་ཁོ་ན་ཡིན་ནོ། །གལ་ཏེ་བརྗོད་བྱའི་ཆའི་ཁྱད་པར་སྔར་བཤད་ཟིན་པ་མ་ཡིན་ནམ། ཇི་ལྟར་དེ་ཉིད་ད་ལྟར་དགོས་པའི་ཁྱད་པར་དུ་བརྗོད་ཅེ་ན། བརྗོད་པར་ བྱ་བ་ལ་བརྟེན་པའི་དགོས་པའི་ཁྱད་པར་དེ་ཉིད་བརྗོད་པའི་ཤན་གྱི་ཁྱད་པར་དུ་བརྗོད་པ་དེ་ཉིད་འདི་ལྟར་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །ཁྱད་པར་གཞན་ཞེས་བྱ་བ་ནི། ཁྱད་པར་གཞན་དག་གོ། །ལོག་པ་ཞེས་བྱ་བ་ནི་མ་ལོག་པ་ལས་ཐ་དད་པ་ལ་ལྟོས་ནས་དོན་ལ་སྒྲ་ འཇུག་པ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །དོན་དེ་ཉིད་ནི་ལྡོག་པའི་ཚིག་གིས་ཀྱང་རྗོད་པར་བྱེད་དོ། །ཁྱད་པར་ནི་འདི་ཡོད་དེ། འདིའི་ལྡོག་པ་ཞེས་བྱ་བའི་སྒྲ་གང་ཡིན་པ་འདི་ནི་དངོས་པོ་དེའི་དཀར་པོ་མ་ཡིན་པ་ལ་སོགས་པ་དག་ལས་ཐ་དད་པ་གང་ཡིན་པ་དེ་དག་སྤང་བས་ འཇུག་པ་ཡིན་ཏེ། འདིའི་བ་ལང་མ་ཡིན་པ་ལས་ལྡོག་པ་ཞེས་རྟོགས་པའི་དོན་ལ་ཡོད་པའི་དཀར་པོ་མ་ཡིན་པ་ལ་སོགས་པ་ལས་ཐ་དད་པ་གང་ཡིན་པ་དེ་དག་དེ་ལྟར་སྤང་བར་འགྱུར་བ་ཡིན་ནོ། །དེ་ལ་རྒྱབ་ཀྱིས་ཕྱོགས་པ་ཇི་ལྟར་རྟོགས་པ་ཙམ་གྱིས་རྟོགས་པ་དོན་དུ་གཉེར་བ་ནི་དེ་ ལྟར་རྟོགས་པའི་ཕྱིར་རོ། །འདི་ལ་བ་ལང་མ་ཡིན་པ་ལས་ལོག་པ་ཞེས་བྱ་བས་ནི་དེ་ལ་བརྟེན་པའི་ཐ་དད་པ་གཞན་སྤོང་བ་མ་ཡིན་ནོ། །དེ་བཞིན་དུ་འདི་ནི་བ་ལང་ངོ་། །འདིའི་བ་ལང་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་རྟོགས་པར་བྱའོ། །འདི་དག་ཉིད་ལྡོག་པའི་དང་ལོག་པའི་སྒྲ་དེ་ གཉིས་ཀྱིས་ཇི་སྐད་བརྗོད་པའི་སྒྲ་བྱེ་བྲག་གི་གཞི་ཞེས་བྱ་བ་རྟེན་ཡིན་ཏེ། དགོས་པ་དེ་ལ་བརྟེན་པ་ཉིད་ཀྱིས་འཇུག་པའི་ཕྱིར་རོ། །དེ་ལྟར་རྟོགས་པས་དགོས་པ་ཅི་ཞིག་འགྲུབ་ཅེ་ན། རྟོགས་པ་པོའི་འདོད་པའི་རྗེས་སུ་བྱེད་པའི་ཞེས་སྨོས་སོ། །བརྡའི་བྱེ་བྲག་འདི་ནི་རྟོགས་པ་པོའི་ འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ཡིན་གྱི། དངོས་པོ་ལ་ནི་ལྟོས་པ་ཅི་ཡང་མེད་དོ། །ཇི་ལྟར་མང་པོའི་ཚིག་གིས་དཀར་ཤམ་ལ་སོགས་པའི་དངོས་པོ་ལ་ཡོད་པ་ཉིད་རྗོད་པར་བྱེད་པ་དེ་བཞིན་དུ། བརྡའི་བྱེ་བྲག་འདི་ནི་དངོས་པོ་གནས་པའི་ཁྱད་པར་བསྟན་པའི་དོན་མ་ཡིན་ནོ། །འོན་ ཀྱང་རྟོགས་པ་པོ་འགའ་ཞིག་ཅི་ཞིག་ལྟར་རྟོགས་པར་འདོད་པ་ཡིན་ཏེ། དེས་ན་འདི་དེ་ལྟར་རྟོགས་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་རྟོགས་པ་མི་འདྲ་བ་ཡིན་གྱི། འདི་ལ་དངོས་པོའི་དོན་ཁྱད་པར་ནི་ཡོད་པ་མ་ཡིན་ནོ། །འགྲེལ་པ་ནི་གང་གི་ཚེ་ཞེས་བྱ་བ་ཡིན་ནོ། །འདིས་ ནི་ཁྱད་པར་གཞན་སྤོང་བ་རྣམ་པར་འགྲེལ་ཏོ། །གང་གི་ཚེ་ཞེས་བྱ་བས་ནི་མི་སྤོང་བའོ། །ཡང་ཇི་ལྟར་འདིར་ནི་ཁྱད་པར་སྤོང་བ་དེར་ནི་མ་ཡིན་ནོ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཞེས་སྨོས་སོ། །གང་དུ་ཁྱད་པར་གཞན་དང་འབྲེལ་པར་འགལ་བའི་རང་བཞིན་དུ་རྟོགས་པ་དེར་ནི། ཁྱད་ པར་གཞན་སྤངས་པ་ཁོ་ན་ཡིན་ལ་གང་དུ་འགལ་བ་མེད་པ་དེར་ནི་མ་སྤངས་པ་ཡིན་ནོ། །འགལ་བའི་ཕྱིར་ནི་ཆོས་གཞན་དང་རང་བཞིན་གཅིག་པར་མ་རྟོགས་པས་ནི་གཞི་མཐུན་པ་ཉིད་དམ། ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་མ་ཡིན་ནོ། །ཆོས་གཞན་དང་གཅིག་པ་ཉིད་ནི་ཆོས་གཉིས་ ཀྱི་གཞི་མཐུན་པ་ཡིན་ཏེ་དཔེར་ན་ཨུཏྤ་ལ་ཉིད་སྔོན་པོའི་རང་བཞིན་དུ་རྟོགས་པའི་ཕྱིར་ཨུཏྤ་ལ་དང་སྔོན་པོ་གཞི་མཐུན་པ་བཞིན་ནོ། །གཞི་མཚུངས་པས་དེ་དག་གཞི་མཐུན་པ་ནི་མ་ཡིན་ནོ། །གལ་ཏེ་རྫས་གཅིག་ལ་རིགས་དང་ཡོན་ཏན་གཉིས་ཡོད་པ་ཞེས་བྱ་བར་འགྱུར་ན་ནི་དེའི་ཚེ་ཆོས་ཉིད་དང་ དེ་སྟོན་པར་བྱེད་པའི་སྒྲ་གཞི་མཐུན་པར་འགྱུར་ན་དེ་ནི་ཡོད་པ་མ་ཡིན་ཏེ། དེས་ན་ཆོས་གཉིས་འབྲེལ་པར་རྟོགས་པ་ཉིད་གཞི་མཐུན་པ་དང་། ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་ཡིན་ནོ། །དེ་ནི་བ་ལང་ཉིད་ལས་ཡོད་པ་མ་ཡིན་ཏེ། ཆོས་གཞན་དང་རང་བཞིན་གཅིག་པར་ འགལ་བ་ཉིད་ཀྱིས་རྣམ་པར་རྟོག་པའི་ཕྱིར་དཔེར་ན་འདིའི་བ་ལང་ཉིད་དཀར་པོ་ཞེས་བྱ་བ་ལྟ་བུའོ། །གཞི་མཐུན་པ་མེད་པ་ཉིད་སྟོན་པ་ནི་དཀར་པོ་ཉིད་ཀྱི་མཚན་ཉིད་དེ་ཙམ་གྱི་ཁྱད་པར་དང་བ་ལང་ཉིད་དེ་ལ་བརྟེན་པར་གྱུར་པའི་བློ་གཅིག་པ་ཉིད་དུ་མི་སྣང་བའི་ཕྱིར་རོ། །བ་ལང་ཉིད་ དང་དཀར་པོ་གཅིག་ཏུ་སྣང་ན་བློ་གཅིག་ཏུ་སྣང་བར་འགྱུར་བ་ཡིན་ནོ། །དེས་ན་གལ་ཏེ་ཨུཏྤ་ལ་དང་སྔོན་པོ་བཞིན་དུ་དཀར་པོ་ཉིད་བ་ལང་ཉིད་དང་རང་བཞིན་གཅིག་པར་སྣང་ན། དེ་ལྟར་ན་བ་ལང་ཉིད་ལ་བརྟེན་པའི་བློ་དཀར་པོ་ཉིད་མཚན་ཉིད་ཀྱི་ཁྱད་པར་དང་གཅིག་པ་ཉིད་དུ་ འགྱུར་རོ། །དེ་ལྟ་མ་ཡིན་ཏེ། འདིའི་འོ་ཞེས་གཟུང་བའི་ཕྱིར། དངོས་པོ་ལས་བ་ལང་ཉིད་དཀར་ཏེ་སྣང་བའི་ཕྱིར་རོ། །དཀར་པོ་ཞེས་བྱ་བ་ནི་དཀར་བའི་མཚམས་སུ་གྱུར་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །གལ་ཏེ་བ་ལང་ཉིད་འདིའི་ཡིན་ལ་འདི་ནི་དཀར་པོ་ཡིན་ནོ་ཞེས་དཀར་པོའི་ངོ་ བོ་ཉིད་དེའི་དངོས་པོ་ཉིད་དུ་རྟོགས་པའི་ཕྱིར་ཇི་ལྟར་ཁྱད་པར་གཞན་སྤང་ཞེ་ན། ལྷ་རྣམས་དགའ་བས་བསམ་པ་མ་ཤེས་སོ། །དངོས་པོ་ལ་ནི་ཁྱད་པར་གཞན་མ་རྟོགས་པར་མི་བརྗོད་དེ། ཐ་ན་འདི་ཞེས་བྱ་བ་ལ་འདི་ཞེས་བྱ་བར་བཟུང་བས་བ་ལང་ཉིད་ལས་གཞན་པའི་ཆོས་རྟོགས་པའི་ཕྱིར་རོ། ། འོན་ཀྱང་གང་ལ་བརྡའི་བྱེ་བྲག་ཡོད་པ་དཀར་ནས་རྟོགས་པས་དེའི་རང་གི་བདག་ཉིད་བཅད་ནས་རྟོགས་པའི་ཕྱིར་དེ་ལ་ཁྱད་པར་གཞན་དེ་འབྲེལ་པ་མ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །དེ་ལྟ་ན་ནི་དེར་ཡང་འབྲེལ་པ་ཡོད་པ་ཡིན་ཏེ། འདིའི་བ་ལང་ཉིད་ནི་རྟག་པའོ་ཞེས་བ་ལང་ཉིད་ རྟག་པར་རྟོགས་པའི་ཕྱིར་རོ་ཞེ་ན། བསམ་པའི་ཁྱད་པར་ཡང་མི་ཤེས་པ་ཉིད་དོ། །འདི་ལྟར་འདི་ལོགས་ཤིག་ཏུ་རང་བཞིན་ཁྱད་པར་འགའ་ཞིག་ཏུ་འགྱུར་བ་དཀར་བར་གྱུར་པའི་བ་ལང་ཉིད་ནི་དངོས་པོ་མ་ཡིན་གྱི། འོན་ཀྱང་འདི་ནི་གང་ལས་དཀར་བའི་དངོས་པོ་དེའི་རང་བཞིན་ཁོ་ན་སྟེ། དེ་ལྟ་མོད་ཀྱི་འདིའི་བ་ལང་ཉིད་ཅེས་ལོགས་སུ་དཀར་ཏེ། རྟོགས་པ་ཙམ་དུ་ཟད་དོ། །དེས་ན་གང་ཞིག་བ་ལང་ཉིད་རྟེན་པར་རྟོགས་པའི་རང་བཞིན་དེ་དག་ནི་དཀར་མཚམས་ཀྱི་དངོས་པོའི་ཆོས་ཡིན་པར་རྟོགས་པར་བྱ་བ་ཡིན་ནོ། །འདིའི་བ་ལང་ཉིད་རྟག་པའོ་ཞེས་དེ་ལྟར་ནི་ནུས་པ་མ་ ཡིན་ཏེ། བ་ལང་ཉིད་རྟག་པར་རྟོགས་པ་ན་དེའི་མཚམས་རྟོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་དེ་ནི་མི་རྟག་པ་ཡིན་ལ་འདིའི་བ་ལང་ཉིད་ནི་རྟག་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་ན་དེ་ལྟར་ནི་མ་ཡིན་ཏེ། དེ་ཉིད་རྟག་པ་དང་མི་རྟག་པ་ཉིད་ཀྱི་མཚན་ཉིད་འགལ་བའི་ཆོས་དང་ལྡན་པར་རྟོགས་པར་ འགྱུར་བའི་ཆོས་དང་ལྡན་པར་རྟེན་དེ་ལྟར་རྟོགས་པར་འགྱུར་ན་དེ་ལྟ་ན། འདི་ལྟར་རྟོགས་པར་འགྱུར་བ་ཡིན་ནོ། །དེ་བས་ན་དེ་ལྟར་རྟོགས་པའི་བ་ལང་ཉིད་ཀྱི་རང་བཞིན་དོན་དམ་པ་གང་ཡིན་པའི་རང་བཞིན་དེས་ནི་འདི་ཁྱད་པར་གཞན་དང་འབྲེལ་པར་འགྱུར་བ་མ་ཡིན་ནོ་ཞེས་ངེས་པར་བྱའོ། ། དེས་ན་འདིར་རེ་བ་མེད་པ་ཇི་ལྟར་སྣང་བཞིན་པ་ཉིད་ཡིན་པར་ངེས་པར་བྱའོ། །ཅི་སྟེ་དོན་གྱི་རང་བཞིན་ཡིན་པ་དེ་ལྟར་ནི་ལྟོས་པ་འགའ་ཡང་མེད་ལ། ཇི་ལྟར་ལྟོས་པ་དེ་ལྟར་ནི་དོན་གྱི་རང་བཞིན་མ་ཡིན་ནོ། །གཉིས་པ་ལ་ནི་གཞི་མཐུན་པ་ཉིད་དམ་ཁྱད་པར་དང་ཁྱད་པར་གྱི་གཞིའི་ དངོས་པོ་ཡོད་དེ་ཞེས་སྔ་མ་དང་འབྲེལ་ཏོ། །དེ་ཉིད་ཀྱི་ཕྱིར་ཞེས་བརྗོད་པའི་སྔ་མ་ལ་ནི་ཞེས་བརྗོད་པའི་ཕྱིར་ན། གཞན་གཉིས་པ་ལ་ཡང་ནི་ཞེས་བརྗོད་པ་ཡིན་ནོ། །བ་ལང་འདི་མི་རྟག་གོ་ཞེའམ། དེ་བཞིན་དུ་ལོག་པ་དང་སྐད་ཅིག་མ་ཡང་ཡིན་ནོ་ཞེས་བྱ་བ་ ཡིན་ནོ། །དེ་བཞིན་དུ་ཨུཏྤ་ལ་སྔོན་པོ་ལ་སོགས་པའི་བློ་ཡང་རྟོགས་པར་བྱའོ། །གཞི་མཐུན་པ་དེ་ཉིད་སྟོན་པར་ནི་འདི་སྟོན་པས་ན་བསྟན་པ་སྟེ་ངག་གོ། །དེས་རྣམ་པར་དབྱེ་བ་དང་ལྡན་པ་ཡང་གཅིག་པ་ལྟ་བུར་སྣང་བའི་ཕྱིར་རོ། །རྣམ་པར་དབྱེ་བ་དང་ལྡན་པ་གང་ཡིན་པ་དེ་བཤད་ མོད་ཀྱི་དེ་ལྟ་ན་ཡང་གང་ཞིག་སྟོན་པས་བསྟན་པ་དེ་ཡིན་པས་རྟོགས་པ་ཁོ་ནའོ། །དེ་ལྟ་ན་ཡང་བ་ལང་དཀར་པོ་ཞེས་བྱ་བ་ལ་སོགས་པའི་ངག་ལ་རྣམ་པར་དབྱེ་བ་དང་ལྡན་ཡང་དེར་གཅིག་པ་ཉིད་དུ་སྣང་བ་ཡིན་ནོ། །གཅིག་པ་ཉིད་བཤད་པ་ནི། བསྡུས་པ་ཞེས་བྱ་བའོ། །ཕན་ཚུན་ འབྲེལ་པར་རྣམ་པར་གནས་པ་སྟེ། བ་ལང་དཀར་པོའི་རང་བཞིན་དུ་རྟོགས་པའི་ཕྱིར་གཉི་ག་ཡང་ཕན་ཚུན་འབྲེལ་པ་ཡིན་པའི་ཕྱིར་རོ། །དེ་དག་ནི་རྣམ་པ་དེ་ལྟ་བུ་ཡང་ཡིན་ལ། རྣམ་པར་གཅོད་པའི་ཆོས་མཐའ་དག་ཀྱང་ཡིན་ཏེ། གཞན་སེལ་ངོ་བོའི་ཚིག་གི་དོན་ཏོ། །ཆོས་ ཀྱི་ངོ་བོ་ཉིད་ཀྱིས་ནི་ཚིག་གི་དོན་འདི་དག་ཐ་དད་པ་ཡིན་ལ། འབྲེལ་པ་རྟོགས་པའི་ཕྱིར་ནི་གཅིག་དངོས་པོ་ཡིན་པས་ན། རྣམ་པར་གཅོད་པའི་ཆོས་མཐའ་དག་བསྡུས་པས་རྣམ་པར་དབྱེ་བ་དང་ལྡན་པ་གཅིག་པ་ལྟ་བུར་སྟོན་པར་སྣང་བ་ཡིན་ནོ། །ཇི་ལྟར་ན་འདི་རྣམ་པར་ དབྱེ་བ་དང་ལྡན་པའི་ཆོས་རྣམས་ཀྱང་ཕན་ཚུན་འདུ་བ་ཡིན་ཞེ་ན། དེ་ལྟ་བུའི་བརྡའི་རྗེས་སུ་འབྲང་བའི་ཕྱིར་ཞེས་སྨོས་སོ། །ངོ་བོ་འདོད་པ་ལྡན་པ་རྟོགས་པ་ནི་ངོ་བོར་རྟོགས་པ་ནི་རུང་བར་ཉེ་བར་གནས་པ་ངོ་བོ་ཉིད་དུ་རྟོགས་པར་བྱའོ་ཞེས་བྱ་བ་ནི་བརྡ་ཉིད་དོ། །ཇི་ལྟར་ཚིག་གི་ དོན་རྟོགས་པ་བརྡ་ལས་བྱུང་བ་ཉིད་ཡིན་པ་དེ་བཞིན་དུ་ཚིག་གི་དོན་གྱི་མཐར་ཐུག་པའི་ངག་གི་དོན་རྟོགས་པར་བྱེད་པ་ཡང་བརྡ་ལས་བྱུང་བ་ཡིན་ནོ། །དེས་ན་ངག་གི་དོན་ཀྱང་བརྡ་ལས་བྱུང་བ་ཁོ་ནའོ། །འདི་ནི་འདི་ལྟར་ཁྱད་པར་གཞན་མ་སྤངས་པ་ལས་འགྱུར་བ་ཡིན་ནོ་ཞེས་ བཤད་པ་ནི། རྣམ་པར་གཅོད་པ་གཞན་འདོད་པ་དང་བཅས་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལྟར་འབྲེལ་པ་སྒྲོ་བཏགས་པའི་དགོས་པ་བསྟན་ནས། ལྡོག་པ་དང་ལྡོག་པའི་ཚིག་གཉིས་ཀྱིས་རང་གི་མཚན་ཉིད་དག་ལ་སྒྲོ་བཏགས་པ་གང་ཡིན་པ་དེར་ཡང་དགོས་པ་དེ་ཉིད་ཉེ་བར་ བསྡུ་བའི་ཕྱིར། ཀུན་ལ་ཞེས་སྨོས་ཏེ། སྐབས་སུ་བབ་པའི་དོན་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་གཞན་དུ་ཡང་ཡིན་ནོ་ཞེས་པའོ། །རྫས་བརྗོད་པ་ནི་ལོག་པའི་སྒྲ་སྟེ་དེ་ཡང་བྱེད་པ་པོ་ཉིད་དུ་བརྗོད་པར་འདོད་པ་ཡིན་ཏེ། དངོས་པོའི་ཚིག་དང་འབྲེལ་པའི་ཕྱིར་རོ། །འགྱུར་ བས་ན་དངོས་པོས་ཏེ་བྱ་བ་ཉིད་དོ། །དེ་ཉིད་ཇི་སྐད་བཤད་པའི་ལྡོག་པ་ཉིད་དོ། །ལོག་པ་དང་། ལྡོག་པའི་ཚིག་དག་གི་ཁྱད་པར་ནི་འདི་ཉིད་དོ། །དངོས་པོའི་བདག་ཉིད་བྱ་བའི་རང་བཞིན་དུ་རྟོགས་པར་བྱེད་པ་དག་ནི་བྱ་བར་གྱུར་པའི་དངོས་པོའི་བདག་ཉིད་ལ་ཁྱད་པར་མ་འབྲེལ་པ་ ཞེས་བྱ་བ་དེ་ལྟར་གྱུར་པས་སྟོན་པར་བྱེད་དོ། །འདི་ལྟར་ལྷས་བྱིན་འཚེད་དོ་ཞེས་བྱ་བ་གང་གི་ཚེ་རྟེན་འཛུགས་པ་ལ་སོགས་པའི་བྱེད་པ་དང་ལྡན་པས་དེ་ལྟར་སྟོན་པ་དེའི་ཚེ་འགྲོ་བ་ལ་སོགས་པ་བརྗོད་པ་དེ་དང་དེའི་ཡུལ་ཅན་དང་མི་འདྲ་བའི་དེ་དང་དེའི་ཡུལ་ཅན་འགའ་ཞིག་རྟེན་འཛུགས་ པ་ལ་སོགས་པར་བརྗོད་པ་དེས་ན་འདིའི་རང་གི་ངོ་བོར་གྱུར་པ་ཉིད་དེ་ལྟར་བརྗོད་པ་ན། ཁྱད་པར་གཞན་དང་འབྲེལ་པ་མ་ཡིན་ནོ། །གལ་ཏེ་ཡང་དལ་བུས་འཚོད་དོ་ཞེས་འདི་ཁྱད་པར་གཞན་དང་འབྲེལ་པ་ཡོད་པ་དེ་ལྟ་ན་ཡང་དེ་ཉིད་ཇི་ལྟ་བར་ནི་འབྲེལ་པ་མ་ཡིན་ནོ་ཞེས་བྱ་བ་ལ་ སོགས་པ་ནི་སྔ་མ་བཞིན་དུ་རྟོགས་པར་བྱའོ། །དེ་བཞིན་དུ་ལྷས་བྱིན་གྱི་བྱེད་པ་པོ་ཉིད་སྒྲོ་འདོགས་པ་ཡང་འདི་ལྟ་བུའི་དོན་ཉིད་དེ། དེའི་ངོ་བོ་ཉིད་ཀྱིས་དེའི་བདག་ཉིད་ལ་ཆོས་གཞན་དང་མ་འབྲེལ་བར་བྱ་བའི་ཕྱིར་རོ། །གང་གི་ཚེ་ལྷས་བྱིན་ཤིང་གིས་ཕྲུ་བར་འབྲས་ཆན་འཚེད་དོ་ ཞེས་འཚེད་པ་པོ་བྱེད་པ་པོ་དུ་མའི་ངོ་བོར་སྟོན་པ་དེའི་ཚེ་ཡང་ལྷས་བྱིན་ལ་སོགས་པ་རྣམས་རྒྱུ་ཉིད་དང་། འབྲས་ཆན་འབྲས་བུ་ཉིད་དེ་ལྟ་བུའི་བྱ་བ་དང་འབྲེལ་པར་ཁྱད་པར་གཞན་ལ་རྒྱབ་ཀྱིས་ཕྱོགས་པའི་སྒོ་ནས་བསྟན་པ་ཡིན་ནོ། །འདིས་ལྷས་བྱིན་ལ་སོགས་པའི་རང་ བཞིན་ཁྱད་པར་དུ་གྱུར་པ་དག་ཡོད་ན་འབྲས་ཆན་གྱི་མཚན་ཉིད་ཀྱི་དངོས་པོ་མ་དམིགས་པ་ལས་དམིགས་པ་ཡིན་གྱི་འབྲས་ཆན་གྱི་མཐར་ཐུག་པ་དེ་དག་ཉེ་བར་གནས་པ་ན། འཚེད་པའི་དོན་འགའ་ཞིག་སྣང་བ་ནི་མེད་དོ། །ངག་གི་སྦྱོར་བ་འདི་གནོད་པར་ གྱུར་པ་ཡང་མ་ཡིན་ཏེ། ལན་ཅིག་མ་ཡིན་པར་སྦྱོར་བའི་ཕྱིར་རོ། །དེའི་ཕྱིར་ལྷས་བྱིན་ལ་སོགས་པ་ཉིད་ཀྱིས་དེ་སྐྱེད་པར་ངེས་པའི་ཁྱད་པར་ཕུལ་དུ་བྱུང་བ་དང་། དེ་ལྟར་གྲུབ་པའི་འབྲས་ཆན་གྱི་རྣམ་པ་དེ་ལྟར་བྱ་བར་བྱས་པ་ན། དེ་བཞིན་དུ་དེ་དང་འབྲེལ་པར་རྟོགས་པ་ཡིན་ནོ། ། དེས་ན་འདི་དག་གི་རྒྱུ་དང་འབྲས་བུ་ཉིད་དེ་ལྟར་རྟོགས་པ་ན་ཁྱད་པར་གཞན་དང་འབྲེལ་པ་མེད་པ་ཉིད་ཡིན་གྱི། འདི་ལ་དོན་ཐ་དད་པ་ནི་འགའ་ཡང་མེད་དོ། །ཡུལ་གྱི་སྐད་སོ་སོར་དངོས་པོ་འཇིག་པའི་སྦྱོར་བ་ལ་ནི་བྱ་བ་འམ་བྱེད་པ་པོ་འམ་གཞན་ཡང་རུང་ཅུང་ཟད་ཅི་ལྟར་བརྟགས་ པ་བཞིན་སྣང་བ་ནི་འགའ་ཡང་མེད་དོ། །གཞན་དུ་ཤིང་རྟ་ལ་སོགས་པ་དག་ལས་བུམ་པ་ལ་སོགས་པ་བྱེ་བྲག་ཏུ་རྟོགས་པ་བཞིན་དུ་སྒྲ་པ་རྣམས་ཀྱིས་གཙུག་ལག་འདི་བྱེ་བྲག་ཏུ་རྟོགས་པར་གྲུབ་པར་འགྱུར་རོ། །ཡུལ་ངེས་པ་འདི་དག་གི་རང་བཞིན་ཐམས་ཅད་པའི་སྒྲའི་རྗེས་སུ་ འགྲོ་བར་རྟོགས་པ་ན་ཟུར་ཆག་པ་ལེགས་པའི་རྩ་བ་ཅན་དུ་སེམས་པས་དེ་ལྟར་འཁྲུལ་པ་འབའ་ཞིག་ཏུ་ཟད་དོ། །བྱ་བ་བརྗོད་པ་དང་མཚུངས་པར་རྟོགས་པ་གང་ཡིན་པ་དེ་ལ་ནི་བྱ་བ་བརྗོད་པ་འཁྲུལ་པ་ཡིན་ཏེ་གཞན་དུ་ཡང་དེ་བཞིན་ནོ། །དེས་ན་འཇིག་རྟེན་པའི་སྒྲས་ནི་ཅི་ཙམ་མངོན་སུམ་གྱིས་རྟོགས་ པར་དེ་ཙམ་ཁོ་ན་རྟོགས་པར་བྱེད་པ་ལ་ཕྲ་བ་ལ་སོགས་པ་ནི་དེ་ལྟར་མ་ཡིན་པས་ཇི་ལྟར་འདི་དག་འཇིག་པའི་སྦྱོར་བ་ལ་གནས་པར་འགྱུར། མངོན་སུམ་གྱི་གཞི་ཙམ་གྱི་ཐ་སྙད་ལ་ཡང་འགྱུར་བ་གང་ཞིག་ཡིན་པ། རྫས་གཅིག་ལ་སོགས་པ་ལྟར་ཐོག་མ་མེད་པའི་བག་ཆགས་ལ་ བརྟེན་པ་ནི་མ་ཡིན་ནོ། །འདི་ནི་བཤད་ཟིན་ཏོ། །དེ་ལྟར་རྟོགས་པ་མ་གྲུབ་པའི་ཕྱིར་རོ། །བུམ་པ་གཅིག་ཅེས་བྱ་བར་ནི་རྟོགས་པ་ཁོ་ནའོ། །འདི་ནི་གཙུག་ལག་གི་ཁྱད་པར་དག་ལ་རག་ལས་ནས་འཁྲུལ་པ་ཡིན་ཏེ། འགྲོ་བ་སྲེད་མེད་ཀྱི་བུ་ལས་བྱུང་བར་འཁྲུལ་ པ་བཞིན་ནོ། །འདི་ཉིད་བཤད་པ་ནི། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པའོ། །ལྡོག་པ་ནི་ཆོས་ཡིན་ལ་ལྡོག་པ་ཞེས་བྱ་བ་ནི་ཆོས་ཅན་ཡིན་པ་དེ་བཞིན་དུ་གཞན་དུ་ཡང་ཆོས་དང་ཆོས་ཅན་བརྗོད་པའི་བརྗོད་པར་བྱ་བའི་དོན་ལ་ཁྱད་པར་འགའ་ཡང་མེད་དེ། དེ་སྐད་བརྗོད་པ་ན་ཆོས་ བརྗོད་པའི་བརྗོད་བྱ་ནི་ཆོས་ཡིན་ལ། ཆོས་ཅན་བརྗོད་པའི་ཡང་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་བརྗོད་པར་བྱ་བ་ལ་བརྗོད་པར་བྱ་བ་ཉིད་མེད་དོ་ཞེས་ཤེས་པར་མི་འགྱུར་བར་བྱ་བའི་ཕྱིར་ངེས་པའི་ཤེས་པའི་ཡུལ་ཉིད་དུ་ཞེས་ཁྱད་པར་དུ་བྱས་སོ། །ཇི་ལྟར་ཆོས་བརྗོད་པའི་ བརྗོད་པར་བྱ་བའི་དོན་ངེས་པའི་ཤེས་པས་ཡུལ་དུ་བྱེད་པ་དེ་བཞིན་དུ་ཆོས་ཅན་བརྗོད་པ་ཡང་ངོ་། །ཆོས་བརྗོད་པའི་དོན་ནི་ཆོས་ཉིད་དུ་ངེས་པས་ཡུལ་དུ་བྱེད་ལ་ཆོས་ཅན་བརྗོད་པ་ནི་ཆོས་ཅན་ཉིད་དུ་ཡིན་པར་འགྱུར་རོ་ཞེས་དོགས་པ་ལ། གཅིག་གིས་ནི་ཞེས་སྨོས་སོ། །ཆོས་བརྗོད་པའི་སྒྲས་ བརྗོད་པའི་དོན་གང་ཡིན་པ་དེ་ཉིད་ཆོས་ཅན་གྱི་སྒྲས་ཀྱང་ཡིན་ནོ་ཞེས་ཐ་དད་པ་མེད་པའི་དོན་ཉིད་མདོར། དེ་ཕྱིར་དེ་དག་བརྗོད་བྱ་ལས། །ཁྱད་པར་འགའ་ཡང་ཡོད་མ་ཡིན། །ཞེས་བསྟན་ཏོ། །དངོས་པོ་ལས་ཐ་དད་པ་མེད་པའི་གནས་སྐབས་ཀྱི་ཁྱད་པར་ཉིད་དངོས་པོ་ལས་བཀར་ ཏེ་དེ་ལྟར་བསྟན་པས་བྱ་བ་རྟོགས་པས་ན་ཇི་ལྟར་འདི་རང་ཉིད་ཞུགས་པ་ན་དེའི་གནས་སྐབས་རྗེས་སུ་འཇུག་པར་འགྱུར་བའི་གནས་སྐབས་ཀྱི་ཁྱད་པར་དེ་བྱ་བའི་ཁྱད་པར་དུ་སྒྲས་བསྟན་པ་ནས་བསྒྲུབ་པར་བརྗོད་པ་ཡིན་ཏེ། ལྷས་བྱིན་གྱི་ཤིང་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་སྒྲ་ལས་བྱུང་ བའི་དངོས་པོ་མ་བསྐལ་པར་གྱུར་པ་གཞན་དག་ཀྱང་རྗེས་སུ་རྟོགས་པར་བྱའོ། །དེས་ནི་ཇི་ལྟར་སྐབས་སུ་བབ་པ་ལ་ཇི་སྙེད་སྒྲོ་བཏགས་པ་དེའི་དེ་ཉིད་བསྟན་ནས། ཞར་ལ་གཞན་དག་ཀྱང་བསྟན་པའི་ཕྱིར་བཤད་པ། དོན་དེ་ཤེས་པར་བྱེད་འདོད་པས། །ཞེས་བྱ་བའོ། །ཇི་སྐད་བཤད་ པའི་དོན་དེ་ཉིད་ཤེས་པར་འདོད་པས་འཆད་པར་འགྱུར་བའི་དེ་ལ་ཕན་པའམ་བྱེད་པ་དང་ལྡན་པའམ། གལ་ཏེ་སྒྲའི་གཙུག་ལག་ལ་གྲགས་པ་གཞན་གྱིས་བརྗོད་ཀྱང་རུང་། དེའི་ཚེ་ཡང་དེ་ལས་ཁྱད་པར་གཞན་ནི་མེད་དོ། །རང་གི་མཚན་ཉིད་ཁོ་ན་བསྟན་པའི་ཕྱིར་དེ་ལ་ཕན་པ་ལ་སོགས་ པ་དོན་མི་འདྲ་བ་ལྟ་བུར་རྟོགས་པར་བྱེད་པ་དག་བསྟན་པ་ན་རང་གི་མཚན་ཉིད་ཁོ་ན་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་ཙམ་དུ་རྟོགས་པར་བྱེད་པ་ཡིན་ནོ། །འདི་ཉིད་བཤད་པ་ནི། ཁྱད་པར་དེ་ཙམ་ཁོ་ན་ཞེས་བྱ་བ་ཡིན་ནོ། །འཚེད་པ་པོའི་དངོས་པོའི་འཚེད་པ་པོ་ ཉིད་དོ་ཞེས་ཡོན་ཏན་གང་དང་འབྲེལ་པས་འཚེད་པ་པོ་ལ་འཚེད་པ་པོའི་སྒྲ་འཇུག་པར་འགྱུར་བ་དེ་བརྗོད་པ་ཡིན་ནོ་ཞེས་ནི་དོགས་པར་མི་བྱ་སྟེ། འཚེད་པ་པོའི་ཚིག་གིས་བརྗོད་པར་བྱ་བའི་ངོ་བོ་ཉིད་ཀྱི་དངོས་པོའི་ཁྱད་པར་བརྗོད་པའི་ཕྱིར་རོ། །འཚེད་པའི་སྒྲ་ཡང་ཁྱད་པར་གཞན་སྤོང་ བས་འཚེད་པ་པོའི་སྒྲ་དང་དོན་མཚུངས་པ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །རྒྱུ་མཚན་གཞན་ལ་བརྟེན་ནས་གཞན་ལ་སྒྲ་འཇུག་པ་ནི་མ་ཡིན་ཏེ། བརྗོད་པར་བྱ་བ་མ་ཡིན་ན་རྒྱུ་མཚན་མ་ཡིན་པའི་ཕྱིར་རོ། །བརྗོད་ན་ཡང་གཉིས་སུ་སྣང་བར་ཐལ་བར་འགྱུར་བའི་ཕྱིར་རོ་ ཞེས་བྱ་བ་ལ་སོགས་པ་དཔྱད་པར་བྱའོ། །ཇི་ལྟར་དེ་སྐད་དུ་བརྗོད་པ་ཙམ་གྱིས་དོན་གཞན་པ་ཉིད་དུ་མི་འགྱུར་ཏེ། གང་གི་ཕྱིར་དོན་གཞན་པ་ཉིད་རྟོགས་པ་ཡིན་ནོ་ཞེ་ན། དེ་ལྟ་བུ་ཁོ་ན་ཞེས་སྨོས་སོ། །འདིའི་བརྡ་ཡིན་གྱི་གང་གི་ཉེས་པ་འདིར་འགྱུར་བ་དངོས་སུ་རྟོགས་པའི་རང་ བཞིན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་འཚེད་པ་པོ་ཉིད་ཅེས་བྱ་བ་འབྲེལ་པ་བརྗོད་པ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པས་ནི་དོན་གཞན་བརྗོད་པ་ཉིད་དུ་དོགས་པར་བྱེད་པའོ། །འཚེད་པའི་བྱ་བ་དང་འབྲེལ་པས་དེའི་བྱེད་པ་པོ་ལ་འཚེད་པ་པོའི་སྒྲ་ཡིན་པའི་ཕྱིར་འཚེད་པ་པོ་ཉིད་ཀྱི་ སྒྲས་ནི་འཇུག་པའི་རྒྱུ་མཚན་དུ་གྱུར་པ་དེ་ཉིད་བརྗོད་པ་ཡིན་ནོ་ཞེ་ན། འདི་འགོག་པ་ནི་ཇི་སྐད་དུ་བརྗོད་པ་ལྟ་བུར་ཞེས་བྱ་བ་སྟེ། སྒྲ་དག་གིས་ཇི་སྐད་བརྗོད་པ་ལྟར་འཚེད་པ་རྒྱུར་གྱུར་པས་འཚེད་པ་པོ་གང་ཡིན་པ་དེ་སྐབས་ཀྱིས་འཚེད་པ་ཉིད་ལས་གཞན་འགའ་ཁོ་ན་ཞིག་ བརྗོད་པ་ནི་མ་ཡིན་ནོ། །འཚེད་པ་པོ་ཞེས་བྱ་བས་ནི་བྱེད་པ་པོ་རྟོགས་ལ། དེ་ལ་ཡང་འཚེད་པ་འདི་རྒྱུ་ཡིན་པར་འཚེད་པའི་བྱ་བ་བྱེད་པ་ཉིད་ཀྱིས་འགྱུར་བ་ཡིན་ནོ། །གལ་ཏེ་འཚེད་པ་པོ་ཞེས་བྱ་བ་ཉིད་ཀྱིས་འཚེད་པའི་བྱ་བ་བྱེད་པར་རྟོགས་པ་མ་ཡིན་ནམ། དེས་འཚེད་ པས་ཞེས་བྱ་བ་འདིས་ཅི་བྱ་ཞེ་ན། བདེན་ཏེ་འོན་ཀྱང་འཚེད་པ་ཐ་དད་པ་མ་ཡིན་པས་ཀྱང་བྱེད་པ་པོར་འགྱུར་རོ་ཞེས་དོགས་པ་བཟློག་པའི་ཕྱིར་འཚེད་པ་རྒྱུ་ཉིད་དུ་བསྟན་ཏེ། རྒྱུ་ཉིད་ནི་གཅིག་པར་འགལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཞན་ཞེས་བྱ་བ་འདིར་འཚེད་པ་མཚམས་སུ་ གྱུར་པ་ཡིན་ཏེ། གཞན་དུ་འཚེད་པ་ཞེས་བྱ་བ་འཚེད་པ་པོ་ཉིད་ལ་ལྟོས་ནས་ཡིན་པར་འགྱུར་རོ། །གལ་ཏེ་གཞན་བརྗོད་པ་མ་ཡིན་ན། འོ་ན་ཅི་ཞིག་བརྗོད་པ་ཡིན་ཞེ་ན། འདིའི་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་འཚེད་པ་གཞན་དུ་གྱུར་པའི་རྒྱུ་མཚན་ ཅན་གྱི་བྱེད་པ་པོ་ཉིད་དང་ལྡན་པའི་དངོས་པོ་འཚེད་པའི་སྒྲས་བརྗོད་པར་འགྱུར་ན་ནི་འཚེད་པ་པོ་ཉིད་ཀྱི་སྒྲས་འབྲེལ་བ་བརྗོད་པར་འགྱུར་བ་ཞིག་ན་གང་གི་ཚེ་འཚེད་པའམ། འཚེད་པ་པོ་ཉིད་ཅེས་བྱ་བས་དངོས་པོ་དེ་ཙམ་ཉིད་བརྗོད་པ་དེའི་ཚེ། འཇུག་པའི་རྒྱུ་མཚན་དུ་ གྱུར་པ་གཞན་ཅི་ཞིག་ཡོད། དེའི་ཕྱིར་འཚེད་པ་དང་འཚེད་པ་པོའི་སྒྲ་དག་གིས་བརྗོད་པའི་དངོས་པོའི་རང་བཞིན་གང་ཡིན་པ་དེ་ཉིད་འཚེད་པ་པོ་ཉིད་ཀྱི་སྒྲས་ཀྱང་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ཉིད་འཚེད་པ་པོ་ཉིད་ཀྱིས་ཀྱང་བརྗོད་དོ་ཞེས་སྨོས་སོ། །འཚེད་པ་པོ་ཉིད་ ཀྱིས་ཀྱང་ཞེས་བྱ་བ་ནི་འཚེད་པ་པོ་ཉིད་བརྗོད་པར་འདོད་པའོ། །གལ་ཏེ་འདི་ཐམས་ཅད་ནི་བྱ་བ་ལ་སོགས་པ་དོན་གཞན་མེད་ན་འཐད་པ་ཡིན་ན། དེ་ཉིད་ག་ལས་ཤེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་ན་དེ་ལྟར་ལྡོག་པ་དང་ལོག་པ་དག་གཞན་མ་ཡིན་ པར་བསྒྲུབས་ཏེ། གང་གི་དོན་དུ་སྒྲའི་དོན་རྟག་པའི་རབ་ཏུ་བྱེད་པ་འདི་ཉེ་བར་བཀོད་པ་དེ་སྟོན་པ་ནི། དེ་ཕྱིར་ཞེས་བྱ་བའོ། །ཇི་སྐད་བཤད་པའི་གཏན་ཚིགས་དེའི་ཕྱིར་རོ། །གཞན་སེལ་བ་ཡང་ཡིན་ལ་ཡུལ་ཡང་ཡིན་པས་གཞན་སེལ་ཡུལ་ལོ། །ཡུལ་ཅན་ལ་མ་ ལྟོས་པར་ཡང་ཡུལ་མ་ཡིན་པར་དེས་ན་སྒྲའི་ཡུལ་གཞན་སེལ་བ་ཞེས་བྱ་བར་རྟོགས་སོ། །དེ་བརྗོད་པ་ལ་དེ་ལྟ་ན་ཕྱོགས་ལ་བརྗོད་པ་གང་ཡིན་པ་མགོ་སྙམས་པར་བསྟན་པའི་ཚུལ་གྱིས་བརྗོད་པ་དེ་བསལ་བ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་གཞན་སེལ་བ་ སྒྲའི་དོན་ཡིན་ནོ་ཞེས་གསུངས་པ་ལ་གཞན་སེལ་བ་དང་ལྡན་པར་བརྗོད་པར་ཐལ་བའི་ཕྱིར་ན་འདིར་ཡང་སློབ་དཔོན་རང་ཉིད་ཀྱིས། རང་དབང་མེད་ཕྱིར་དེ་ལྡན་མིན། །ཞེས་གསལ་བ་གང་ཡིན་པ་དེ་དང་ལྡན་པའི་ཕྱོགས་སུ་འགྱུར་རོ་ཞེས་ཕ་རོལ་པོ་དག་བརྗོད་ དོ། །འདི་ལྟར་སེལ་བར་བྱེད་པ་ན་སེལ་བ་སྟེ། ཟློག་པར་བྱེད་པ་གཞན་གྱི་བདག་ཉིད་མེད་པ་དངོས་པོ་མེད་པ་ཉིད་བརྗོད་པ་ཡིན་ནོ། །གལ་ཏེ་དེ་སྒྲའི་དོན་ཡིན་ན་བུམ་པ་ལ་སོགས་པའི་སྒྲ་རྣམས་དོན་ཁོ་ནར་འགྱུར་ཏེ། མེད་པར་དགག་པ་ལ་ཐ་དད་པ་མེད་པའི་ཕྱིར་རོ། །ཐམས་ ཅད་དུ་དགག་པར་བྱ་བ་ཁོ་ན་ཐ་དད་པར་ཟད་ཀྱི་བཀག་པ་ནི་མ་ཡིན་ཏེ། དངོས་པོ་མེད་པ་ནི་ཁྱད་པར་མེད་པའི་ཕྱིར་རོ། །བསལ་བར་བྱ་བ་ཐ་དད་པས་ཐ་དད་པ་ཡང་མ་ཡིན་ཏེ། ཁྲ་བོ་ལ་བ་ལང་མ་ཡིན་པ་མེད་ལ་ངང་པ་ལ་རྟ་མ་ཡིན་པ་མེད་པའི་ཕྱིར་བ་ལང་དང་རྟ་ཐ་དད་ཀྱང་དགག་ པའི་དོན་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་བ་ལང་མ་ཡིན་པ་ལས་ཐ་དད་པ་ལ་བརྟེན་ནས་བ་ལང་གི་སྒྲ་བ་ལང་ལ་འཇུག་པར་བརྗོད་པ་ཡིན་ཏེ། དཔེར་ན་གཞན་དག་གིས་བ་ལང་ཉིད་ལ་བརྟེན་ནས་བ་ལང་ལ་སྒྲ་འཇུག་གོ་ཞེས་བརྗོད་པ་བཞིན་ནོ། །དེས་ན་གཞན་ སེལ་བའི་ཡུལ་ལ་དེ་དང་ལྡན་པའི་ཕྱིར་ཕྱོགས་སུ་ཐལ་བར་འགྱུར་རོ་ཞེའོ། །འདི་ནི་སློབ་དཔོན་གྱིས་བསྟན་བཅོས་ཀྱི་སྒྲས་ཐ་སྙད་མཛད་པས་ན་དེ་དག་ལ་དོན་འདི་ལྟ་བུར་སྣང་བ་ཡིན་ཏེ། མི་ཤེས་པས་སྒྲ་འཆད་པར་བྱེད་པ་དག་གིས་དེ་ལྟར་བཤད་པའི་ཕྱིར་རོ། །སེལ་བ་ཞེས་བྱ་ བ་སེལ་བའི་སྒྲའི་དོན་དུ་གྱུར་པ་ནི་མེད་ཀྱི། འོན་ཀྱང་དོན་གྱི་རང་གི་ངོ་བོ་ཁོ་ནའོ། །དེས་ན་ཉེས་པ་ནི་མེད་པ་ཁོ་ནའོ། །བུམ་པའི་རྣམ་པ་ཉིད་དུ་བུམ་པའི་སྒྲས་བརྗོད་པ་ཡིན་གྱི་སྒྲ་ཐམས་ཅད་དོན་གཅིག་པ་ཉིད་དུ་འགྱུར་བ་གང་ཡིན་པ་བུམ་པ་མེད་པར་བཀག་པ་ནི་མ་ ཡིན་ནོ། །རིགས་དང་དེ་དང་ལྡན་པ་དག་ནི་ཐ་དད་པའི་ཕྱིར་དེ་ལ་སྐྱོན་འདིར་འགྱུར་རོ། །འགྲེལ་པའི་སྒྲའི་དོན་གཞན་སེལ་བ་གཞན་ལ་ཡང་ཞེས་བྱ་བས་དེ་ཉེ་བར་བརྗོད་པའི་རང་བཞིན་ཉིད་བཤད་པའོ། །དེས་ཁྱད་པར་དུ་བྱ་བ་བརྗོད་པ་མ་ཡིན་པར་ནི་སེལ་བའི་ཡུལ་ཅན་ ཉིད་དུ་མི་འཐད་པས་ནི། དེས་ཁྱད་པར་དུ་བྱས་པ་བརྗོད་པའི་ཕྱིར་དེ་དང་ལྡན་པའི་ཕྱོགས་ལ་བརྗོད་པ་ཐམས་ཅད་མཚུངས་པར་འགྱུར་རོ་ཞེས་སྨྲས་པ་གང་ཡིན་པ་སྟེ། སྐྱོན་ཆགས་པའི་ཕྱིར་དེ་དང་ལྡན་པའི་ཕྱོགས་ཉེ་བར་བརྗོད་པའོ་ཞེས་མདོའི་དགོངས་པ་བཤད་པའོ། ། ཁྱད་པར་ཅན་ཉིད་ཀྱང་དབྱིག་པ་ལ་སོགས་པ་བཞིན་དུ་ཁྱད་པར་དུ་བྱ་བ་དང་། ཁྱད་པར་དུ་བྱ་བའི་དངོས་པོས་ནི་མ་ཡིན་གྱི་འོན་ཀྱང་དེར་སྒྲོ་བཏགས་པ་ཉིད་ཀྱིས་འཇུག་པའི་ཕྱིར་རོ། །དེ་དང་ལྡན་པའི་ཕྱོགས་ལ་ཡང་སྤྱི་དང་ལྡན་པའི་རྫས་སྣང་བ་ནི་མེད་ཀྱི། འོན་ཀྱང་དེར་ སྒྲོ་བཏགས་པ་ཉིད་ཀྱིས་སོ། །ཇི་ལྟར་བསལ་ཞེ་ན་དེ་ལ་ནི་ཞེས་སྨོས་སོ། །དོན་གཞན་ལ་བརྟེན་ནས་གཞན་ལ་འཇུག་པ་ལ་གཞན་གྱི་དབང་དུ་འགྱུར་གྱི། ལྡོག་པ་ལ་ནི་ཐ་དད་པ་ཡོད་པ་མ་ཡིན་ནོ། །འདི་ལྟར་གལ་ཏེ་སྤྱི་ཉིད་འདི་ཡུལ་ཡིན་ན། རང་གི་མཚན་ཉིད་ལ་ བསྟན་པ་མེད་པའི་ཕྱིར་དེའི་ཚེ་དེར་སྒྲོ་བཏགས་ནས་རང་གི་མཚན་ཉིད་ལ་འཇུག་པ་ཞེས་བྱ་བ་མི་འགྲུབ་སྟེ་སྒྲོ་བཏགས་ཀྱང་སྤྱི་དེ་ཙམ་ཡུལ་ཡིན་པའི་ཕྱིར་དེའི་གཞན་དབང་དུ་གྱུར་པས་གཞན་ཡུལ་དུ་མི་འགྱུར་བའི་ཕྱིར་རོ། །དེས་ན་སྒྲོ་བཏགས་པའི་དོན་ཀྱང་མི་འཐད་ དོ། །སྩོགས་པའི་སྒྲས་ནི་སློབ་དཔོན་གྱིས་གསུངས་པ་གཞན་དག་རྟོགས་པར་བྱའོ། །ཇི་ལྟར་ལོག་པ་དོན་གཞན་མ་ཡིན་ཞེ་ན། གཉིས་གས་ཞེས་སྨོས་སོ། །ལྡོག་པ་དང་ལོག་པའི་སྒྲ་གཉི་གས་རང་གི་མཚན་ཉིད་ཀྱི་རང་གི་ངོ་བོ་གཅིག་ཁོ་ན་བརྗོད་པའི་ཕྱིར་རོ། །ད་ ནི་བསྒྲུབ་པའི་ཡུལ་ཅན་གྱི་ཕྱོགས་ལས་ཁྱད་ཅི་ཡོད་ཅེ་ན། གཞན་སེལ་བའི་ཡུལ་ཅན་ཉིད་དོ། །གཞན་སེལ་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན། གལ་ཏེ་ལྡོག་པའི་ཁྱད་ཅན་གྱི་དོན་ཡིན་ན། གང་ཞིག་ཁྱད་པར་དུ་འགྱུར་བའི་ལྡོག་པ་དེ་ཅི་ཞིག །དེ་ལ་ནི་དངོས་པོ་གཞན་ མེད་ཀྱི། གང་ཞིག་ཁྱད་པར་དུ་འགྱུར་བ་ནི་འགའ་ཡང་མེད་དོ། །འོན་ཏེ་རང་གི་རང་བཞིན་ལ་གནས་པའི་དོན་ཙམ་ཡིན་ནོ། །དེ་ལྟར་ན་སྒྲུབ་པའི་ཡུལ་ཅན་གྱིས་ཀྱང་དེ་ཉིད་ཡུལ་དུ་བྱ་བ་ཡིན་གྱི། གཞན་ནི་འགའ་ཡང་མ་ཡིན་ནོ། །དེས་ན་མངོན་སུམ་ཡང་དེ་ལྟ་ བུར་གྱུར་པའི་ཡུལ་ཅན་ཉིད་དོ། །དེའི་ཡུལ་ཅན་ཉིད་ཀྱིས་སེལ་བའི་ཡུལ་ཅན་ཡིན་ན་ནི་དེ་ཡང་སེལ་བའི་ཡུལ་ཅན་དུ་འགྱུར་རོ། །དེ་བས་ན་རིག་པའི་བྱེད་པ་དོན་གྱི་ཡུལ་ཅན་དུ་ཁས་བླངས་ནས་སྒྲུབ་པའི་ཡུལ་ཅན་ལས་འདའ་བ་མ་ཡིན་ནོ། །འདིར་ སྨྲས་པ། འདི་སྔོན་པོ་མ་ཡིན་སྙམ་པའི་རྣམ་པར་ཤེས་པ་འདི་ཇི་ལྟ་བ་བཞིན་སྔོན་པོ་ལ་སོགས་པའི་ཤེས་པ་རྣམས་རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དོ། །འདི་ལྟར་འདིར་དགག་པའི་དོན་ཡན་ལག་ཏུ་གྱུར་པས་དེ་ལྟར་རྟོགས་པའི་རང་བཞིན་ཉིད་ནི་བསལ་བ་ཡིན་ནོ། ། དེས་ན་ཤེས་པ་འདི་ནི་སྒྲོ་བཏགས་པའི་སྔོན་པོ་མ་ཡིན་པ་དང་འདྲེ་ལྡོག་པར་བྱེད་པའི་སྒོ་ནས་ངོ་བོ་ཉིད་རྟོགས་པས་རྣམ་པར་གཅོད་པའི་ཡུལ་ཅན་ཉིད་ཡིན་པར་བརྗོད་དོ། །དེ་བཞིན་དུ་སྔོན་པོ་ལ་སོགས་པའི་ཤེས་པ་སྔོན་པོ་ལ་སོགས་པ་དག་ལ་སྔོན་པོ་མ་ཡིན་པར་སྒྲོ་འདོགས་ པ། ཟློག་པར་བྱེད་པ་ཉིད་ཀྱིས་དངོས་སུ་ན་དོན་གྱི་ཡུལ་ཅན་དུ་གྱུར་པ་རྟོགས་པ་པོའི་ཞེན་པ་ལ་ལྟོས་ནས་རྣམ་པར་གཅོད་པར་བྱེད་པ་ཉིད་དུ་རྟོགས་པ་དག་ཀྱང་གཞན་བཟློག་པའི་སྒོ་ནས་རྟོགས་པའི་ཕྱིར་སེལ་བའི་ཡུལ་ཅན་དུ་བརྗོད་དོ། །དེ་ལྟར་ནི་དོན་དེ་ཡང་སེལ་བར་འགྱུར་ བ་ཡིན་ཏེ། ཕྱོགས་ཉིད་བུམ་པ་མེད་པ་ཡིན་པ་བཞིན་ནོ། །རང་གི་ངོ་བོ་ལས་ལོག་པ་ཡིན་ན་ཡང་སྒྲོ་འདོགས་ཀྱི་དབང་གིས་འདྲེས་པར་གྱུར་པས་དེའི་དུས་ན་སྔོན་པོ་མེད་པའི་ལོག་པར་རྟོགས་པའི་ཕྱིར་རོ། །དེས་ན་འདི་གཞན་ལས་ལོག་པ་ཡུལ་དུ་འགྱུར་བའི་ཕྱིར་རྣམ་ པར་རྟོག་པ་ལོག་པའི་ཡུལ་ཅན་དུ་བརྗོད་ཀྱི། མངོན་སུམ་ནི་མ་ཡིན་ཏེ་རང་གི་ངོ་བོ་ཙམ་ལ་རྣམ་པར་གནས་པའི་དངོས་པོའི་རང་བཞིན་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །དེས་ན་ངོ་བོའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ཉིད་གཞན་སེལ་བའི་ཡུལ་ཅན་གྱི། ཇི་ལྟར་མེད་པ་དགག་ པའི་ཡུལ་ཅན་དུ་བློ་ངན་དག་འདོད་པ་ལྟར་ནི་མ་ཡིན་ནོ། །ངོ་བོ་ཡུལ་ཅན་ཉིད་ཀྱིས་རྣམ་པར་གཅོད་པའི་རྟོག་པ་རྣམས་ཀྱི་རྣམ་པར་གཅོད་པའི་ཡུལ་ཅན་ཉིད་འཐད་པའི་ཕྱིར་རོ། །གལ་ཏེ་ངོ་བོ་ཉིད་གཞན་བསལ་བའི་སྒོ་ནས