Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 182

Văn bản gốc(Tây Tạng)

Trang 12 / 26 (50.000 ký tự/trang)
པ་ཉིད་ལས་རྟོགས་པ་བཞིན་ནོ། །སྔོན་པོ་སྔོན་པོ་

མ་ཡིན་པ་མེད་པར་དགག་པའི་ངོ་བོ་མ་ཡིན་ནོ། །སྔོན་པོ་མ་ཡིན་པར་བཀག་པ་དེ་ནི་དེ་ལྡོག་པ་ཙམ་ཡིན་ན་སྔོན་པོ་ནི་ལྡོག་པ་མ་ཡིན་ནོ། །ཇི་ལྟར་སྒྲ་ཉིད་འཇིག་པའི་ཕྱིར་མི་རྟག་པ་ཉིད་སྒྲའི་རང་གི་ངོ་བོ་ཡིན་པ་དེ་བཞིན་དུ་སྔོན་པོ་ནི་ལྡོག་པ་ཙམ་མ་ཡིན་ནོ། །
དེའི་ངོ་བོ་ཡིན་ན་ནི་མངོན་སུམ་ཡང་མེད་པར་དགག་པ་དམིགས་པར་འགྱུར་རོ། །དེས་ན་ཟླ་བ་གཉིས་ཀྱི་ཤེས་པ་ཟླ་བའི་རྣམ་པ་འཛིན་པ་ཉིད་གནོད་པར་བྱས་པ་ཡང་རྣམ་པར་རྟོག་པ་བཞིན་དུ་ཟླ་བ་མ་ཡིན་པ་ལས་ལྡོག་པ་ཙམ་གྱི་ཡུལ་ཅན་དུ་འགྱུར་རོ། །རྣམ་པར་རྟོག་པ་ལྡོག་པའི་
ཡུལ་ཅན་དུ་རྗེས་སུ་དཔོག་གོ་ཞེ་ན། རིག་པ་འདིའི་བྱེད་པ་ནི་མངོན་སུམ་ལ་གཞོལ་བར་རྟོགས་ཀྱི་གཞན་ནི་མ་ཡིན་ནོ། །དེས་ན་སྔོན་པོ་དེ་ལྟ་བུར་གྱུར་པ་མ་ཡིན་པར་བྱེད་པ་གཞན་གྱིས་ནི་མེད་པར་དགག་པ་ལ་དམིགས་པར་ནུས་པ་མ་ཡིན་ནོ། །ཅི་སྟེ་ཇི་ལྟར་ཕྱི་རོལ་གྱི་དངོས་པོ་ལ་སྔོན་པོ་
མ་ཡིན་པ་མེད་པ་དེ་བཞིན་དུ་སྒྲོ་འདོགས་པ་ལ་ཡང་མེད་པ་དེས་ན་ངོ་བོ་ཕྱི་རོལ་དང་མི་མཐུན་པའི་ཕྱིར་ལྡོག་པ་ཙམ་སྒྲོ་འདོགས་པར་བརྗོད་དོ་ཞེ་ན། འདི་ལ་བཤད་ཟིན་ཏོ། །སྔོན་པོ་ལ་སྔོན་པོ་མ་ཡིན་པ་མེད་ཀྱི་སྔོན་པོ་མ་ཡིན་པའི་དངོས་པོ་མེད་པ་ནི་མེད་པའི་ཕྱིར་ཇི་ལྟར་ངོ་བོ་ཙམ་ཡིན་པ་དེ་
བཞིན་དུ་སྒྲོ་འདོགས་པ་ཡང་ཡིན་པའི་ཕྱིར་འདིར་མེད་པར་དགག་པ་ག་ལ་ཡོད། གཞན་ཡང་གལ་ཏེ་ཡང་བརྟག་པ་གཞན་མེད་པ་དེ་ལྟ་ན་ཡང་གཞན་ཡང་མེད་པར་རྣམ་པར་རྟོག་པ་དེས་རིག་པ་མ་ཡིན་ཏེ། །དཔེར་ན་དེ་ཉིད་ཀྱི་ཕྱི་རོལ་མ་ཡིན་པ་བཞིན་ནོ། །སྒྲོ་འདོགས་ཀྱི་དངོས་པོ་དོན་དམ་པར་
ཕྱི་རོལ་ཉིད་མ་ཡིན་ཡང་ཕྱི་རོལ་མ་ཡིན་པ་ཞེས་མ་རིག་པའི་དངོས་པོ་ལ་ཕྱི་རོལ་མ་ཡིན་པ་ཡང་རིག་པ་མ་ཡིན་ནོ། །དེས་ན་ཕྱི་རོལ་ལ་དོན་གཞན་བཀག་པ་ཡོད་ཀྱང་ཡོད་པས་རིག་པ་ནི་མ་ཡིན་ཏེ། མངོན་སུམ་གྱིས་ཀྱང་རིག་པར་ཐལ་བའི་ཕྱིར་རོ། །འོན་ཀྱང་དེ་ལྟར་རིག་པས་ཡུལ་
དུ་བྱས་པ་ལས་ཡིན་ནོ། །འདི་ནི་ཕྱི་རོལ་མ་ཡིན་པ་རིག་པ་བཞིན་དགག་པའི་དོན་ཡང་རིག་པ་མེད་དོ། །སྔོན་པོ་རིག་པ་ནི་སྔོན་པོ་མ་ཡིན་པ་རིག་པ་མ་ཡིན་ནོ། །སྤྱི་ནི་སྤྱིའོ་སྙམ་པར་རྟོགས་པ་མེད་ཀྱང་རྗེས་སུ་འགྲོ་བའི་རྣམ་པར་རིག་པ་ཡོད་པ་ཡིན་པས་སྔོན་པོ་རིག་པ་ནི་སྔོན་པོ་མ་

ཡིན་པ་རིག་པ་ཡིན་པས་དེར་ནི་སྒྲ་ཙམ་མ་གྲུབ་པར་ཟད་དོ། །དེ་བཞིན་དུ་སྔོན་པོ་རིག་པ་ལ་ནི་ལྡོག་པ་འགའ་ཡང་རྟོགས་པ་མེད་དོ། །དེས་ན་གཞན་སེལ་བའི་ཡུལ་ཉིད་རྟོགས་པས་གནོད་པར་སྨྲ་བ་དག་བྱེ་བྲག་པ་ལ་སོགས་པས་བརྟགས་པ་དང་འདྲ་བའི་རྗེས་སུ་དཔག་པ་ཙམ་
དཔུང་གཉེན་དུ་གྱུར་པ་དག་གིས་ཇི་ལྟར་སྤངས། རྟོགས་པ་ཉིད་ངོ་མ་ཤེས་པར་བརྗོད་པ་ཁོ་བོ་ཅག་གིས་ནི་དེ་བསལ་བ་ཡིན་ནོ། །འདི་ལྟར་ཕྱིར་ལྡང་བ་མེད་པའི་རྣམ་པ་ཉིད་ཀྱིས་ཇི་ལྟར་ལེགས་པར་བསལ་བར་ནི་གསལ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་
དོན་སྡུད་པའོ། །སྒྲ་ལ་སོགས་པ་དངོས་པོ་མཐོང་བའི་ཡོན་ཏན་མཐའ་དག་སྟེ་མི་རྟག་པ་ཉིད་ལ་སོགས་པའི་ཆོས་མ་ལུས་པར་མཐོང་བ་ཉིད་དོ། །དེ་དག་ངོ་བོ་གང་ཡིན་པ་དག་ནི་དེ་ཉིད་རྟོགས་པར་བྱེད་པའི་ཤེས་པས་རྟོགས་པ་ཡིན་ནོ། །སྒྲ་དང་སྔོན་པོ་ལ་སོགས་པ་དག་གི་ངོ་བོ་
དེ་དག་ཀྱང་སྒྲ་དང་སྔོན་པོ་ལ་སོགས་པ་ཉིད་ཀྱི་ངོ་བོ་ཅན་ཡིན་ནོ། །དེ་ཡང་མཐོང་ཟིན་པའི་ཕྱིར་འདིར་རིག་པར་བྱ་བ་གཞན་མེད་དོ། །དེས་ན་རིག་པའི་དོན་དུ་རྣམ་པར་རྟོག་པ་འཇུག་པ་མ་ཡིན་ཏེ། དེ་ཙམ་ཉིད་རིག་པར་བྱ་བ་ཡིན་པའི་ཕྱིར་མཐོང་བ་ཁོ་ན་བཞིན་འཇུག་པར་ཐལ་བའི་ཕྱིར་
རོ། །མཐོང་དུ་ཟིན་ཀྱང་ཐ་དད་པ་གཅིག་མཐར་ཐུག་པ་རང་བཞིན་གྱིས་ཐ་དད་པར་འཁྲུལ་པ་སྲིད་པས་ངེས་པར་མི་བྱེད་དེ། དེས་ན་དངོས་པོར་ན་འཁྲུལ་པ་ཉིད་བསལ་བར་བྱ་བ་ཡིན་གྱི། ངོ་བོ་རྟོགས་པར་བྱ་བ་ནི་མ་ཡིན་ཏེ། རྟོགས་ཟིན་པའི་ཕྱིར་རོ། །དེ་ལྟ་བས་ན་མ་མཐོང་བས་
གཟུང་བར་བྱ་བའི་ཕྱིར་ཞེས་བྱ་བས་ནི་མངོན་སུམ་ཞུགས་པའི་རྟེན་ཅན་གྱིས་འཇུག་པའི་སྐབས་ཀྱི་མཇུག་སྡུད་པའོ། །དེས་ནི་དེ་ལྟར་གཅིག་ཞུགས་པ་ལ་འཇུག་པ་གཞན་གང་ཡིན་པ་དེ་གཞན་སེལ་བའི་ཡུལ་ཅན་ཉིད་དུ་གཞུང་བཙུགས་པ་ཡིན་ནོ། །ད་ནི་གང་ཞུགས་པ་ལ་ཚད་མ་གཞན་
འཇུག་པར་འགྱུར་བ་དེ་ཡང་གཞན་སེལ་བའི་ཡུལ་ཅན་ཉིད་དོ་ཞེས་བསྒྲུབ་པའི་ཕྱིར་རྗེས་སུ་དཔག་པ་ལས་ཀྱང་ཞེས་སྨོས་སོ། །འདི་ལ་དུ་བ་ལས་མེ་རྟོགས་པ་ན་མེ་ཙམ་གྱི་རང་བཞིན་དུ་རྟོགས་ཀྱི། རྩྭ་ལས་བྱུང་བ་དང་མི་རྟག་པ་ཉིད་ལ་སོགས་པའི་ཆོས་སུ་ནི་མ་ཡིན་ནོ། །དེས་

ན་འདི་ལ་ཚད་མ་གཞན་འཇུག་པ་ན་སྔ་མ་ཐ་དད་པའི་དོན་ཉིད་དུ་གོ་བར་བྱེད་དོ། །གང་གི་ཕྱིར་རྗེས་སུ་དཔག་པ་ལས་མེའི་མཚན་ཉིད་ཀྱི་ཆོས་ངེས་པར་འགྱུར་བས་རྩྭ་ལས་བྱུང་བ་ལ་སོགས་པའི་ཆོས་ཀུན་ངེས་པར་འགྱུར་རོ། །ཕྱོགས་གང་ལ་སྐྱོན་
འདིར་འགྱུར་བ་དེ་བཤད་པ་ནི་དངོས་པོ་འཛིན་ནའོ། །རྗེས་སུ་དཔག་པས་དངོས་པོ་འཛིན་ན་ཆོས་གཅིག་ངེས་པས་ཆོས་ཐམས་ཅད་ངེས་པར་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ་གལ་ཏེ་དུ་བས་མེ་རྟོགས་པ་ན། མེ་མྱོང་བ་ཡིན་ན་དེའི་ཚེ་མེ་ཇི་ལྟ་བར་གྱུར་པ་དེ་ལྟ་བུ་ཉིད་དུ་མྱོང་
བ་ཡིན་ལ། དེ་ཡང་མི་རྟག་པ་ལ་སོགས་པའི་ངོ་བོ་ཡིན་པས་དེ་དག་ཀྱང་འདིར་མྱོང་བར་འགྱུར་རོ། །གང་ཞིག་གང་གི་རང་བཞིན་ཙམ་ཡིན་པ་དེ་ནི་དེ་མྱོང་བ་ན་མྱོང་བ་མ་ཡིན་ནོ་ཞེས་བྱ་བར་ནུས་པ་མ་ཡིན་ཏེ། དཔེར་ན་རང་བཞིན་དེ་ཉིད་བཞིན་ནོ། །མི་རྟག་པ་ལ་སོགས་པ་ཡང་མེའི་རྣམ་
པ་ཙམ་གྱི་རང་བཞིན་ཡིན་པ་དེས་ན་ཇི་ལྟར་མེའི་རྣམ་པ་མྱོང་བ་ན་མ་མྱོང་བར་འགྱུར་རོ། །གྱ་གྱུ་དང་ཁོང་སྟོང་ལ་སོགས་པ་ནི་དབྱིབས་ཡིན་ལ། དེ་ཡང་རྡུལ་ཕྲ་རབ་དུ་མར་གྱུར་པ་ཡིན་པའི་ཕྱིར་ཆོད་པ་དང་མ་ཆོད་པའི་ངོས་གཉིས་བཞིན་དུ་འཛིན་པ་དང་མི་འཛིན་པར་འགྱུར་
གྱི། དེ་ཙམ་གྱི་རང་བཞིན་གང་ཡིན་པ་དེ་ལ་ནི་རྟོགས་པ་འདི་མེད་དོ། །ཇི་ལྟར་མེ་ཉིད་འབར་བ་ཉིད་ཡིན་པ་དེ་བཞིན་དུ། མེ་ཉིད་ཀྱིས་ནི་མི་རྟག་པའི་བདག་ཉིད་མ་ཡིན་གྱི་འོན་ཀྱང་མེ་འཇིག་པར་འགྱུར་བའི་ཕྱིར་མི་རྟག་པ་ཉིད་ནི་འདིའི་ཁྱད་པར་ཡིན་གྱི་མེ་ཙམ་གྱི་རང་བཞིན་
མ་ཡིན་ནོ། །དེས་ན་མེ་ཉིད་དུ་རིག་གི་མི་རྟག་པ་ཉིད་དུ་མ་ཡིན་པས་འགལ་བ་ཅི་ཡོད་ཅེ་ན། ཇི་ལྟར་འགལ་བ་མེད། འདི་ལྟར་རྣམ་གྲངས་ལ་བརྟེན་པའི་ཚུལ་གྱིས་རང་བཞིན་མེད་ཀྱང་། མེ་གང་ཡིན་པ་དེ་ཉིད་འཇིག་པར་འགྱུར་བའི་ཕྱིར་མེ་མི་རྟག་པ་ཉིད་དང་བྲལ་བ་ནི་རིག་པའི་
ཡུལ་དུ་འགྱུར་བར་མི་ནུས་སོ། །དེ་ལྟ་ན་འོ་ན་མེ་གང་ཡིན་པ་དེ་ཉིད་མི་རྟག་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ལ་ཡང་མེ་རིག་པ་ཉིད་ཀྱིས་མི་རྟག་པ་ཉིད་རིག་པར་འགྱུར་ཏེ་མངོན་སུམ་བཞིན་ནོ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ། མི་རྟག་པ་ཉིད་ནི་མི་རྟག་པ་ཉིད་དོ་ཞེས་རྣམ་པར་རྟོག་

པས་རིག་པའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་ཆོས་ཐ་དད་པ་ལས་ནི་བརྟེན་པ་ཡིན་པས་དེ་ལོགས་ཤིག་ཉིད་དུ་རིག་པའི་རང་བཞིན་ཡིན་གྱི། དེ་བཞིན་དུ་མངོན་སུམ་ལ་ནི་ཆོས་ཐ་དད་པར་མི་གསལ་བའི་ཕྱིར་དེ་དག་ནི་དོན་ཇི་ལྟ་བ་བཞིན་མྱོང་གི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །དེས་ན་
རྗེས་སུ་དཔག་པ་ལ་ནི་དངོས་པོ་རིག་པའི་བྱེད་པ་ཡོད་པ་མ་ཡིན་ཏེ། ཇི་སྐད་བཤད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དངོས་པོ་སེལ་བར་བྱེད་པ་ལ་ནི་ཉེས་པ་འདི་མེད་དོ་ཞེས་བཤད་པ་ནི་སེལ་བ་ལ་ཞེས་བྱ་བའོ། །འདིས་ནི་སྒྲོ་བཏགས་ཀྱི་སྒོ་ནས་བྱུང་བའི་མེ་མ་ཡིན་པར་སྒྲོ་
བཏགས་པ་ཙམ་ཞིག་འདིར་གསལ་བ་ཡིན་གྱི། རྩྭ་ལས་བྱུང་བ་མ་ཡིན་པ་ལ་སོགས་པ་ནི་མ་ཡིན་ནོ། །དེས་ན་གང་ལ་ཚད་མ་གཞན་འཇུག་པའི་གོ་སྐབས་ཡོད་པ་དེ་ལ་ནི་ཐ་དད་པར་བྱེད་པ་ལས་གཞན་པའི་བྱེད་པ་མེད་དོ། །གལ་ཏེ་རྗེས་སུ་དཔག་པ་བཞིན་མངོན་སུམ་
ཡང་གཞན་སེལ་བའི་ཡུལ་ཅན་དུ་མི་འགྱུར་རམ། དེ་ལ་ཡང་ཆོས་ཅན་འཛིན་པས་ཞུགས་པས་ན་ཚད་མ་གཞན་གྱི་གོ་སྐབས་ཡོད་པའི་ཕྱིར་རོ། །དེ་ནི་མེད་དེ་མངོན་སུམ་དངོས་པོ་མྱོང་བའི་བདག་ཉིད་ཡིན་ཡང་རྣམ་པར་རྟོག་པའི་སྒོ་ནས་ཐ་དད་པ་ལ་ཕྱོགས་པ་ཉིད་དུ་གྱུར་པ་ན་ཚད་མ་
གཞན་གྱི་གོ་སྐབས་ཡོད་པ་ཡིན་པའི་ཕྱིར་རོ། །མངོན་སུམ་ནི་དངོས་པོ་སྣང་བ་ཉིད་ཀྱིས་དངོས་པོ་འཛིན་པར་བྱེད་པ་ཉིད་དུ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་ཚད་མ་གཞན་གྱིས་འཇུག་ཀྱང་ཐ་དད་པའི་ཡུལ་ཅན་མ་ཡིན་ཏེ། རྗེས་སུ་དཔག་པ་ལ་རྩྭ་ལ་སོགས་པ་ལས་བྱུང་
བར་མྱོང་བ་བཞིན་ནོ། །རྩྭ་ལས་བྱུང་བ་ཙམ་སྤངས་ནས་དོན་མཐའ་དག་མྱོང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འགྲེལ་པ་ནི་འགའ་ཞིག་ཅེས་བྱ་བ་སྟེ། ཆོས་ཅན་འགའ་ཞིག་མངོན་སུམ་གྱིས་མཐོང་བ་ལ་ཚད་མ་གཞན་མི་འཇུག་པ་འབའ་ཞིག་ཏུ་ཟད་དོ། །འདིས་ནི་ཀྱང་
གི་དོན་བརྗོད་དོ། །དངོས་པོ་འཛིན་ན་ཞེས་བྱ་བ་བཤད་པ་ནི་གང་གི་ཚེ་རྗེས་སུ་དཔག་པས་ཀྱང་ཞེས་བྱ་བའོ། །འདིས་ནི་ཆོས་ཅན་ལ་མངོན་སུམ་གྱི་བྱེ་བྲག་བསྟན་ནས། དོན་སྔར་མ་རྟོགས་པར་བརྗོད་པ་ཡིན་ཏེ། མངོན་སུམ་དང་འདྲ་བར་ཉེ་བར་དགོད་པ་མཚུངས་པར་བསྟན་

པའི་ཕྱིར་རོ། །ཡང་ན་སྒྲོ་བཏགས་ཡོད་པར་སྒྲུབ་པའི་ཕྱིར་ས་བོན་བཏབ་པའོ། །ཆོས་གཅིག་ངེས་པར་འགྱུར་བས་ཞེས་བྱ་བ་བཤད་པ་ནི་དེའི་ཚེ་ཞེས་བྱ་བའོ། །མདོར་བསྟན་པའི་དོན་གཞུང་གཟུགས་པའི་ཕྱིར། གཏན་ཚིགས་དེ་དང་ཐ་མི་དད་པའི་ཕྱིར་
ཞེས་བྱ་བའོ། །དེ་ངེས་ན་ཞེས་བྱ་བ་ནི་དེ་ཉིད་གཞུང་འཛུགས་པའོ། །ཚད་མ་གཞན་མི་འཇུག་སྟེ་ཞེས་བྱ་བ་ནི་སྐབས་སུ་བབས་པའི་རྣམ་པ་དང་འབྲེལ་ཏོ། །གཞན་སེལ་བ་ལ་ཉེས་པ་འདི་མེད་དོ་ཞེས་བྱ་བ་ནི་གང་གི་ཚེ་ཞེས་བྱ་བའོ། །དངོས་པོའི་ངོ་བོ་མ་འདྲེས་པ་དག་ཀྱང་རྟོག་པའི་
མཐུས་དངོས་པོ་གཞན་དང་འདྲེས་པ་ཟློག་པར་བྱེད་པ་ཉིད་གཞན་སེལ་བའི་ཡུལ་ཅན་ཉིད་དོ། །ཐམས་ཅད་དུ་རྗེས་སུ་དཔག་པ་གཞན་དང་འདྲེ་བ་སྔོན་དུ་འགྲོ་བས་འཇུག་པ་མ་ཡིན་པའི་ཕྱིར་ཇི་ལྟར་དེར་འཐད་པའི་དོན་ཅན་ཡིན་ཞེས་བསམས་ནས་གཞན་དག་རྩོད་པར་བྱེད་པ་ནི། མ་
རྟོགས་པ་ངེས་པ་ཞེས་བྱ་བའོ། །གློ་བུར་བ་ལས་ཞེས་བྱ་བ་ནི་བབ་ཅོལ་དུ་འམ། ཡང་ན་ཁྱབ་པའི་རྗེས་སུ་འབྲང་བའི་རྒྱུ་མཚན་མེད་པར་འབྲེལ་པ་གོམས་པ་ནི་དུ་བ་མཐོང་མ་ཐག་ཁོ་ནར་རྟོགས་ཀྱི་མེ་མ་ཡིན་དུ་སྒྲོ་འདོགས་པ་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་ནོ། །དེ་སྤང་བའི་ཕྱིར་འདི་
ལ་ཞེས་བྱ་བའོ། །འདི་སྐད་བརྗོད་དེ་རྟོགས་པའི་ཡུལ་ཡང་མ་རྟོགས་པ་ནི་སྒྲོ་འདོགས་པ་ཡོད་པས་བྱས་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཀྱང་རྟོགས་པའི་ཡུལ་ཏེ། ཆོས་ཅན་དང་དབྱེ་བ་མེད་པས་ཆོས་ཅན་བཟུང་བ་ཡིན་པའི་ཕྱིར་རོ། །འོན་ཏེ་འབྲས་བུའི་གཏན་
ཚིགས་ལ་བསྒྲུབ་པར་བྱ་བ་གཞན་ཉིད་ཡིན་པས་ན་ཚུལ་འདིས་ཡུལ་དུ་བྱེད་པ་མ་ཡིན་ནོ་ཞེ་ན། དེ་ལ་ཡང་བཤད་པ་ནི། འོན་ཏེ་ཐ་དད་ན་ཞེས་བྱ་བའོ། །ཆོས་ཅན་ལས་རྟོགས་པའི་ཡུལ་ཐ་དད་པར་ཁས་ལེན་ན་བསྒྲུབ་པར་བྱ་བའི་ཆོས་ཅན་དང་མ་འབྲེལ་པ་ནི་ཆོས་ཅན་དེ་ལ་རྟོགས་
པ་མེད་པར་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་ཡང་འབྲས་བུའི་གཏན་ཚིགས་ལ་ཆོས་ཅན་ལས་བསྒྲུབ་པར་བྱ་བའི་ཆོས་ཐ་དད་པས་རྟོགས་ན་དེ་རྟོགས་པ་མ་ཡིན་པ་དེ་ལྟ་ན་ཡང་དེ་གདོན་མི་ཟ་བར་བསྒྲུབ་པར་བྱ་བའི་ཆོས་ཅན་དང་འབྲེལ་པར་འགྱུར་ཏེ། དེ་ལྟ་

མ་ཡིན་ན་དེ་དེའི་ཆོས་ཅན་ཉིད་དུ་མི་འགྱུར་བའི་ཕྱིར་དེ་དེ་ལྟར་རྟོགས་པ་མ་ཡིན་གྱི། འབྲེལ་བ་ཡང་མེ་དང་ས་ཕྱོགས་རྟེན་དང་བརྟེན་པ་གཉིས་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དོ། །དེ་ལྟར་ཡིན་དང་ཆོས་ཅན་མེའི་རྒྱུ་ཉིད་དུ་བཟུང་བ་ན་མ་བཟུང་བ་སྲིད་པ་མ་ཡིན་ནོ། །གལ་ཏེ་
འདིར་མེའི་རྒྱུ་ཉིད་དུ་རྟོགས་པའི་ཡུལ་དུ་གྱུར་ཀྱང་མ་རྟོགས་པ་ཡིན་གྱི། མེ་ནི་མ་ཡིན་ནོ་ཞེ་ན། བདེན་མོད་ཀྱི། དེ་རྟོགས་ན་མེ་མི་རྟོགས་མི་སྲིད་པའི་ཕྱིར། དེ་ལ་མི་རྟོགས་པའི་སྒྲོ་འདོགས་པ་རྟོགས་པར་བྱེད་པ་ནི་མེ་ལ་ཡང་རྟོགས་པར་བྱེད་པ་ཁོ་ནའོ། །དེ་བཤད་པ་ནི་
དེའི་ཕྱིར་ཞེས་བྱའོ། །དེའི་རང་གི་ངོ་བོ་མ་ངེས་པ་ནི་ཕྱིན་ཅི་ལོག་པས་ཡིན་ནོ་ཞེས་ངག་ཡོངས་སུ་རྫོགས་པར་བྱ་བ་ལས་ཕྱིན་ཅི་ལོག་ལས་ཞེས་དེའི་རང་བཞིན་ངོ་བོ་མི་ངེས་པའི་རྒྱུར་ཉེ་བར་བཀོད་པ་ཉེ་བ་དང་འབྲེལ་པ་ཡིན་པས་དེ་ཉིད་རྒྱུ་ཡིན་པ་ལ་ལྟོས་ནས་རང་ཉིད་ག་ལས་ཤེ་ན་ཞེས་
གསལ་བར་བྱས་ནས་ཕྱིན་ཅི་ལོག་ལས་ཞེས་བཤད་པ་ཡིན་ནོ། །འདིར་སྒྲོ་འདོགས་ཡོད་པར་རྟོགས་པ་མེད་པ་མ་ཡིན་ནམ་མ་རྟོགས་ཀྱང་རིག་པར་བརྟག་པར་འོས་པ་ཡང་མ་ཡིན་ཏེ། ཇི་སྐད་དུ་གང་གིས་ཡོད་ཀྱང་མི་རྟོགས་པར་འགྱུར་བ་རྟོགས་པ་འདི་དག་སྐྱེ་བ་འམ་
འགག་པ་ནི་མ་རིག་པ་མ་ཡིན་ནོ་ཞེས་བཤད་པ་བཞིན་ནོ། །སྒྲོ་འདོགས་པ་ཡང་རྟོགས་པ་ཉིད་ཡིན་ནོ་ཞེས་དོགས་པ་ལ་གཏན་ཚིགས་གཞན་བཤད་པ་ནི་དེ་ཡང་ཞེས་བྱ་བའོ། །བསམ་པ་འདི་ཡིན་ཏེ། དབང་པོ་དག་ལས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྟར་
དངོས་པོའི་དབང་ཉིད་ཀྱིས་གློ་བུར་དུ་དུ་བ་ལས་མེ་རྟོགས་པ་ནི་ཡོད་པ་མ་ཡིན་ཏེ་རྟགས་དང་རྟགས་ཅན་གྱི་རྟོགས་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེས་མེ་དོན་དུ་གཉེར་བ་དེ་རྟོགས་པར་འདོད་པ་ལ་དེ་རྟོགས་པ་ཡོད་པ་ཡིན་ནོ། །དེས་ན་འབྲེལ་པ་གོམས་པ་གང་ཡིན་པ་དེ་ཡང་
རྟགས་ཀྱི་དེ་དང་འབྲེལ་བ་འཛིན་པ་དང་། རྗེས་སུ་འགྲོ་བ་དང་ལྡོག་པ་དྲན་པ་ལ་ལྟོས་པར་བྱ་བ་ཡིན་ནོ། །དེས་ན་དེ་ལ་སྒྲོ་འདོགས་པ་ཉིད་དོ། །འདི་ལྟར་རྗེས་སུ་དཔག་པར་འཇུག་པ་ནི་འདོད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་མེ་དོན་དུ་གཉེར་བ་དེ་ལ་རྗེས་སུ་དཔག་པ་

འཇུག་པར་བྱེད་པ་ན་ཚད་མ་གཞན་མ་ཞུགས་པ་ཚོལ་ཏེ། དེ་ལྟ་མ་ཡིན་ན་མངོན་སུམ་ཉིད་ཀྱིས་རྟོགས་ན་རྗེས་སུ་དཔག་པ་དོན་མེད་པའི་ཕྱིར་རོ། །དེས་ན་ཆོས་ཅན་འཛིན་པའི་མངོན་སུམ་གྱིས་མ་རྟོགས་པར་ངེས་པར་བྱེད་དོ། །གང་དུ་དམིགས་པའི་
མཚན་ཉིད་དུ་གྱུར་པའི་མེ་མ་དམིགས་པ་དེར་ནི་མེས་དབེན་པར་ངེས་པར་འགྱུར་བ་ཁོ་ནའོ། །དེས་ན་ཕྱོགས་དེ་བློ་མེ་དང་ལྡན་པར་འཛིན་པ་དང་བྲལ་བས་ཞེས་བྱ་བ་ནི་མི་དམིགས་པ་ངེས་པའི་རྒྱུ་བསྟན་ཏོ། །དེས་ན་ཕྱོགས་མེས་སྟོང་པར་ཤེས་པ་ཉིད་མེ་མ་ཡིན་པར་སྒྲོ་འདོགས་
པའི་ཕྱིན་ཅི་ལོག་ཡིན་ནོ། །དེ་ལྟ་ན་འོ་ན་དེར་མེ་རྗེས་སུ་དཔོག་པ་ན་དམ་བཅས་པའི་དོན་མངོན་སུམ་དང་འགལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། གང་དུ་མི་དམིགས་པའི་མཚན་ཉིད་དུ་མི་འགྱུར་བ་དེར་རྗེས་སུ་དཔོག་པའི་ཕྱིར་རོ། །དེ་ནི་དེ་ལ་མེ་མེད་པར་སྒྲོ་འདོགས་པ་མེད་
དོ་ཞེ་ན། མ་ཡིན་ཏེ། ཆོས་ཅན་མ་གྲུབ་པར་ཐལ་བའི་ཕྱིར་ཆོས་ཅན་གཅིག་ཏུ་བརྗོད་པར་འདོད་པར་མངོན་སུམ་གྱི་བྱེད་པ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་དེ་ལྟར་རེ་ཞིག་སྒྲོ་འདོགས་པ་ཡོད་པར་བཤད་པ་ཡིན་ནོ། །འདི་ལ་ནི་ཐེ་ཚོམ་ཡང་གདོན་མི་ཟ་བར་ཡོད་པ་ཡིན་
ནོ། །ཚད་མ་མེད་པ་ལ་འབད་རྩོལ་མེད་པས་ཐེ་ཚོམ་མེད་པ་ཞེས་བྱ་བར་འགྱུར་ཡང་གང་ཞིག་རྟོགས་པར་འདོད་པས་གང་དཔྱོད་པ་ལ་བརྩོན་པ་དེ་ནི་དེར་ཚད་མ་ཞུགས་པའི་སྔོན་རོལ་དུ་ཐེ་ཚོམ་དུ་ཇི་ལྟར་མི་འགྱུར། དེ་བཤད་པ་ནི། དེའི་རྣམ་པར་སྒྲོ་འདོགས་པ་དང་ཞེས་བྱ་བའོ། །
དེའི་རྣམ་པར་སྒྲོ་འདོགས་པར་ལོག་པར་རྟོག་པ་དང་། མེ་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་སྟེ་དེ་དང་བྲལ་བ་དེ་རྟོགས་པར་བྱ་བ་ལ་རྟགས་ཀྱི་རྗེས་སུ་འབྲང་བར་མི་བྱེད་དོ། །ཐེ་ཚོམ་དང་ཕྱིན་ཅི་ལོག་བཞིན་དུ་མ་རྟོགས་པས་ཀྱང་རྟགས་ཀྱི་རྗེས་སུ་འབྲང་བ་མ་ཡིན་ནམ་ཞེ་ན་མ་
ཡིན་ཏེ། དེའི་དོན་དུ་རྟགས་ཀྱིས་རྟོགས་པ་ལ་གནས་པའི་དོན་ལ་ཐེ་ཚོམ་ཡོད་པར་ངེས་པའི་ཕྱིར་རོ། །ཡང་ན་ཕྱི་མ་དེ་རྣམ་པར་གཅོད་པའི་ཡུལ་ཅན་ཉིད་ཕྱིན་ཅི་ལོག་གི་ཤེས་པ་ཡོད་པས་བྱས་པ་ཡིན་ནོ་ཞེས་བྱ་བའི་མངོན་པར་ཞེན་པས་ཅི་ཞིག་བྱ། དངུལ་ལ་སོགས་

པའི་ཡུལ་ཅན་དུ་སྒྲོ་འདོགས་ཀྱི་ཤེས་པ་ཡང་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་པས་དེ་ལས་བཟློག་པའི་ཡུལ་ཅན་གྱི་ཤེས་པ་སྔ་མ་ཡོད་པ་ལ་ལྟོས་པར་ཐལ་བའི་ཕྱིར་རོ། །དེས་ན་དེ་ཡང་རྣམ་པ་དེ་ལྟ་བུ་ཉིད་ཡིན་པའི་ཕྱིར་དེ་ལས་གཞན་ལ་ལྟོས་ནས་
ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེས་ན་སྒྲོ་འདོགས་པ་མེད་ཀྱང་གཞན་སེལ་བའི་ཡུལ་ཅན་དུ་འཇོག་པར་འགྱུར་རོ། །གལ་ཏེ་ཡང་ཚུལ་གསུམ་ཚོལ་བ་ཉིད་རྟགས་ཀྱི་རྗེས་སུ་འབྲང་བ་ཡིན་པ་དེ་ལྟ་ན་ཡང་དེའི་རྗེས་སུ་འགྲོ་བ་དང་ཞེས་སྟོན་པའི་ཕྱིར་རྟགས་ཀྱི་རྗེས་སུ་འབྲང་
བ་ནི་ཕྱོགས་ཀྱི་ཆོས་ཉིད་ཡིན་པར་རྟོགས་སོ། །མ་རྟོགས་པ་ངེས་པར་ཞེས་བྱ་བ་ལ་སོགས་པ་མདོར་མ་གྱུར་པའི་དོན་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་བསྡུ་བའི་ཚིགས་སུ་བཅད་པས་སྟོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་རྣམ་པ་འདི་ཞེས་གཏན་ཚིགས་སྡུད་པའོ། །རྟགས་སེལ་བའི་ཡུལ་
ཅན་ཡིན་པར་རབ་ཏུ་བསྒྲགས་ཞེས་བྱ་བས་ནི། དེ་ཡང་ཕྱོགས་དེ་ཞེས་བྱ་བ་ལ་སོགས་པ་སྐབས་ཀྱི་དོན་གྱི་དབང་དུ་བྱས་པའོ། །འདི་ལ་ཞེས་བྱ་བ་ལ་སོགས་པ་སྡུད་པ་ནི་གཞན་དུ་ཆོས་ཅན་ཞེས་བྱ་བའོ། །དེ་ལྟར་ན་རྗེས་སུ་དཔག་པ་ནི་སྒྲོ་འདོགས་མེད་པ་ལ་མི་སྲིད་དོ་ཞེས་བརྗོད་པ་ཡིན་ནོ། །
ད་ནི་སྒྲོ་འདོགས་མེད་ཀྱང་སེལ་བའི་ཡུལ་ཅན་དུ་བསྒྲུབ་པའི་ཕྱིར་བཤད་པ། འགའ་ཞིག་ལ་ཤེས་པ་གང་ཞིག་རྣམ་པར་རྟོག་པའོ། །གང་འགའ་ཞིག་ལ་ཞེ་ན། གཞན་གྱི་ཆ་སྒྲོ་མ་བཏགས་པའོ། །གང་དུ་ཕྱིན་ཅི་ལོག་གི་ཆར་སྒྲོ་མ་བཏགས་པ་ལའོ། །དེས་ན་འདི་སྐད་བཤད་པ་
ཡིན་ཏེ། དངོས་པོ་གཞན་སྒྲོ་མ་བཏགས་པ་དངོས་པོ་གཞན་དང་ཐ་མི་དད་པར་མ་བྱས་པའི་ཡུལ་ཅན་རྣམ་པར་རྟོག་པའི་ཤེས་པ་གང་ཡིན་པ་དེ་ནི་དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན་ཡིན་ནོ། །དོན་དེ་ལས་གཞན་གང་ཡིན་པ་དེ་གལ་ཏེ་ཡང་སྒྲོ་འདོགས་ཀྱི་ཤེས་པས་བྱས་ན་དོན་དེ་དང་ཐ་མི་དད་པར་
གྱུར་པ་མ་ཡིན་པར་གྱུར་པ་དེ་ལྟ་ན་ཡང་ཤེས་པ་དེ་ནི་དེ་སེལ་བའི་ཡུལ་ཅན་ཉིད་དོ། །གང་གི་སྒྲ་ནི་འདི་ཉིད་དུ་འབྲེལ་ཏོ། །ཅི་འདི་རྣམ་པ་དེ་ལྟ་བའི་རྗེས་སུ་དཔག་པ་ཉིད་འགའ་ཞིག་ཡིན་ནམ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི། སྤྱིའི་དོན་ཅན་ཞེས་བྱ་བ་སྟེ། སྤྱིའི་ཡུལ་ཅན་ནོ། །རྗེས་

སུ་དཔག་པ་ཡང་སྤྱིའི་ཡུལ་ཅན་ཡིན་པས། མཐོང་བ་ཞེས་ཁྱད་པར་དུ་བྱེད་དོ། །མཐོང་བའི་ཡུལ་གྱི་སྤྱི་གང་ཡིན་པ་དེའི་ཡུལ་ཅན་ནོ་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་མངོན་སུམ་གྱིས་མཐོང་བ་ལ་གང་གི་ཚེ་སྔོན་པོ་ལ་སོགས་པར་རྟོགས་པའི་ཤེས་པ་སྐྱེ་བ་དེའི་ཚེ། དེ་
རྣམ་པར་རྟོག་པས་ཡུལ་དུ་བྱས་པ་ན་སྔོན་པོ་ལ་སོགས་པ་སྤྱིར་འགྱུར་བ་ཡིན་ནོ། །དེས་ན་འདིར་རྣམ་པར་རྟོག་པ་མེད་པས་ཡུལ་དུ་བྱས་པའི་རྣམ་པ་ཉིད་ཀྱིས་སྒྲོ་འདོགས་མི་སྲིད་ཀྱང་འདི་སྔོན་པོའོ་སྙམ་པའི་ཤེས་པ་འཇུག་པ་གང་ཡིན་པ་དེ་ནི་སྤྱིའི་ཡུལ་ཅན་མ་ཡིན་ནོ། །དེ་དང་ཐ་མི་དད་པར་མ་
གྱུར་པས་དེ་ལ་སེལ་བའི་འབྲས་བུ་ཅན་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འདི་དེ་དང་ཐ་མི་དད་པར་གྱུར་པ་མ་ཡིན་པ་དེ་ལྟ་ན་ཡང་། འདི་དེ་སེལ་བའི་འབྲས་བུ་ཅན་ལས་ཉམས་པ་མ་ཡིན་ནོ། །གལ་ཏེ་དེ་ཡོད་ཀྱང་ཟློག་པ་མེད་པ་ཁོ་ནར་འགྱུར་ན་ནི་དེའི་ཚེ་འདི་དེའི་འབྲས་བུ་ཅན་དུ་མི་འགྱུར་རོ། །
གཞན་ཉིད་ཀྱིས་བཟློག་ཟིན་པས་མེད་པ་ན་ནི་འདི་དེ་ཟློག་པར་བྱེད་པ་མ་ཡིན་པར་མི་འགྱུར་ཏེ། གྲང་བ་མེད་ཀྱང་མེ་ལ་གྲང་བ་ཟློག་པའི་ནུས་པ་མེད་པ་མ་ཡིན་པའི་ཕྱིར་རོ། །རྟོགས་པར་བྱེད་པའི་ཕྱོགས་ལ་རྟོགས་ཟིན་པའི་དོན་ལ་རྟོགས་པར་བྱེད་པའི་འབྲས་བུ་ཅན་ཉིད་མི་ལྡོག་པ་
བཞིན་དུ་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་འོག་རོལ་དུ་འཇུག་པའི་རྣམ་པར་རྟོག་པ་འཇུག་པ་ཡང་སྒྲོ་འདོགས་དེ་བསལ་བ་ལ་འཇུག་པ་ཡིན་ནོ། །སྒྲོ་འདོགས་ཀྱི་ཤེས་པ་དང་ཡིད་ཀྱི་རྒྱལ་སྲིད་ལ་སོགས་པའི་རྟོགས་པ་སྒྲོ་འདོགས་ཞུགས་པ་ལ་འཇུག་པ་ཡང་དེ་བཞིན་དུ་དེར་ནུས་
པ་དང་ལྡན་པ་ཡིན་ནོ། །འདི་དག་ཇི་སྲིད་འབྱུང་གི་བར་དུ་དེ་དང་རྒྱུ་མཐུན་པ་དེ་ལས་བཟློག་པའི་ཤེས་པ་མི་འཇུག་གོ། །དེ་བཞིན་དུ་དངུལ་དུ་ཤེས་པ་ཡོད་པའི་སྐབས་ན་ཉ་ཕྱིས་ཀྱི་ཤེས་པ་མི་འཇུག་གོ། །འདི་ཡང་ཚིག་གསུམ་གྱིས་བཟློག་པར་བྱ་བ་རྗེས་སུ་བརྗོད་པ་དང་། དེ་ཙམ་སེལ་
བའི་སྤྱོད་ཡུལ་ཅན་ཞེས་ངག་གཅིག་ཏུ་ལན་བརྗོད་དོ། །འགྲེལ་པར་ནི་གཟུགས་ལ་སོགས་པའི་ཞེས་བྱ་བ་བཟློག་པར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་དེ་ཉིད་འདྲི་བར་བཀོད་དེ་བརྗོད་དོ། །གཟུགས་ལ་སོགས་པ་མཐོང་བའི་མཇུག་ཐོགས་སུ་ཞེས་བྱ་བས་ནི་མཐོང་བ་ཞེས་བྱ་བ་བཤད་དོ། །

རྟགས་ཅན་མ་ཡིན་པའི་ངེས་པའི་ཤེས་པ་ཞེས་བྱ་བས་ནི་སྤྱིའི་དོན་ཅན་ཞེས་བྱ་བའོ། །དེས་ན་རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་ཇི་ལྟར་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་ཞེས་བརྗོད་པ་ནི་དེ་ཞེས་བྱ་བ་ཡིན་ནོ། །དེ་ལ་ལན་ནི་སྒྲོ་མ་བཏགས་པའི་ཞེས་བྱ་བའོ། །སྒྲོ་བཏགས་མེད་པའི་
ཡུལ་ལ་ཡོད་པའི་ཕྱིར་རོ། །རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དུ་ནི་རྟོགས་པ་ཁོ་ན་བས་འབྲེལ་པར་བྱ་བ་མ་ཡིན་ནོ། །རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དུ་གནས་པ་ན་གང་ཞིག་སྒྲོ་གདགས་པར་འོས་པ་ལས་སྒྲོ་མ་བཏགས་པ་དེ་ཉིད་རྣམ་པར་གཅད་པར་བྱ་བ་ཡིན་ནོ། །དེས་ན་
དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན་ཞེས་བྱ་བ་མ་བཤད་པ་ཁོ་ནར་རྣམ་པར་གཅོད་པའི་ཡུལ་ཅན་གྱི་གཏན་ཚིགས་ཉིད་བཤད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་སྒྲོ་འདོགས་ཡོད་བཞིན་དུ་འགྱུར་ན་ནི་རྣམ་པར་གཅོད་པའི་ཡུལ་ཅན་དུ་མི་འགྱུར་བ་ཡིན་ན། མེད་པ་ཉིད་ལ་འགྱུར་
བ་མ་ཡིན་པའི་ཕྱིར་ན། དེ་བཟློག་པའི་འབྲས་བུ་ཅན་དུ་ཤིན་ཏུ་གསལ་བར་རྟོགས་སོ། །དེ་མེད་པ་ལ་ངེས་པར་འཇུག་པ་ནི་དེ་དང་འགལ་བར་རྟོགས་པའི་ཕྱིར་དེ་ཟློག་པར་ངེས་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་འདི་སྒྲོ་མ་བཏགས་པའི་ཡུལ་ལ་ཡོད་པར་རྟོགས་ཤེ་ན། གང་ལ་ཞེས་
སྨོས་སོ། །དངོས་པོའི་ཆོས་གང་ལ་སྒྲོ་འདོགས་པ་ཡོད་པ་དེ་ལ་ངེས་པ་མེད་པར་འགྱུར་རོ། །ཇི་ལྟར་མི་འགྱུར་ཞེ་ན། ངེས་པ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །སྒྲོ་འདོགས་ཀྱིས་ངེས་
པ་སྐྱེ་བའི་གགས་བྱེད་ལ། སྟོབས་དང་ལྡན་པའི་རྒྱུ་ལས་བྱུང་བའི་ངེས་པས་ནི་སྒྲོ་འདོགས་ཟློག་པར་བྱེད་པ་དེས་ན། འདི་ཉིད་གནོད་བྱ་གནོད་བྱེད་ཀྱི་ངོ་བོ་ཡིན་ནོ། །གལ་ཏེ་སྐད་ཅིག་མ་ཉིད་ཀྱིས་རྣམ་པར་ཤེས་པ་ལྡོག་པར་གྲུབ་པ་ནི། གང་ལས་སྒྲོ་འདོགས་དང་ངེས་པའི་ཤེས་པ་དག་གནོན་བྱ་
གནོན་བྱེད་ཀྱི་ངོ་བོར་གྱུར་པ་གཞན་གྱིས་བཟློག་པར་བྱར་ཅི་ཡོད་ཅེ་ན། བཤད་པ་རང་གི་ཡུལ་ལ་བདེན་པར་ལྷག་པར་ཞེན་པས་ན་སྐད་ཅིག་མ་ཉིད་ཡིན་ཡང་རྣམ་པར་རྟོག་པའི་ཤེས་པ་ཐམས་ཅད་རྒྱུན་གནས་པར་འགྱུར་བ་ཡིན་ནོ། །སེམས་གཡེངས་པས་འགགས་སུ་ཟིན་ཀྱང་

དེ་བཞིན་དུ་བདེན་པར་ངེས་པས་འབད་རྩོལ་ཡོད་ན་དེ་ཁོ་ན་བཞིན་དུ་འཇུག་པའི་ཕྱིར་རོ། །ཉ་ཕྱིས་ལ་དངུལ་ལོ་སྙམ་དུ་རྟོགས་པ་ན་གནོད་པར་བྱེད་པ་སྐྱེས་པའི་སྔོན་རོལ་དུ་དོན་གཞན་ལ་ཆགས་པས་བར་དུ་རྣམ་པར་མི་རྟོགས་ཀྱང་ཡང་མངོན་དུ་ཕྱོགས་པ་ན་དེ་
ཁོ་ན་ལྟར་རྟོགས་པའི་ཕྱིར་རོ། །དེས་ན་རྣམ་པར་ཤེས་པ་གང་ཞིག་དེའི་ཡུལ་རྟོགས་ནས་མི་བདེན་པར་རྟོགས་པར་ནུས་པ་དེ་ཁོ་ན་དེ་ཟློག་པར་བྱེད་པ་ཡིན་ནོ། །དེས་ན་འདི་ནི་ཉ་ཕྱིས་ཡིན་གྱི་དངུལ་ནི་མ་ཡིན་ནོ་ཞེས་དངུལ་མི་བདེན་པ་ཉིད་དུ་རྟོགས་པ་ན་དངུལ་དུ་རྟོགས་པ་ལྡོག་པ་
ཡིན་གྱི། ཉ་ཕྱིས་རྟོགས་པ་ཙམ་གྱིས་ནི་མ་ཡིན་ཏེ། དོན་གཞན་ལ་རྟོགས་པ་ན་དེར་ཕྱོགས་པ་མེད་ཀྱང་ཕྱིས་སྐྱེ་བའི་ཕྱིར་རོ། །འདི་ནི་ཉ་ཕྱིས་ཡིན་གྱི་དངུལ་ནི་མ་ཡིན་པར་རྟོགས་ན་ནི་དེ་ལྟར་འགྱུར་མི་སྲིད་དོ། །དེའི་ཡུལ་ཉིད་དུ་ཉ་ཕྱིས་རྟོགས་པའི་ཕྱིར་རྟོགས་པ་དེ་ལྡོག་པ་ཡིན་
ནོ་ཞེ་ན། མ་སྐྱེས་པས་ནི་ལྡོག་པ་མ་ཡིན་ནོ། །འདི་ནི་བཤད་ཟིན་ཏེ། མ་བྱུང་བ་ཡང་བདེན་པ་ཉིད་དུ་མངོན་པར་ཞེན་པ་ཡིན་ན་སླར་སྐྱེ་བའི་ཕྱིར་རོ། །ཡང་ན་འདིར་དངུལ་ཡོད་པར་གྱུར་ཏོ་ཞེས་ཡོད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་གང་ཞིག་གང་གི་ཡུལ་དཔྱོད་པར་
ནུས་པ་ཉིད་དེ་ཟློག་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་ཉིད་སྒྲོ་འདོགས་ཟློག་པར་བྱེད་པ་ཡིན་གྱི། རྣམ་པར་རྟོག་པ་མེད་པ་ནི་མ་ཡིན་ནོ། །དེར་ནི་དེའི་རྒྱུ་མཚན་ཡོད་པ་དང་མེད་པ་དག་ལས་འབྲས་བུར་གྱུར་པའི་ཤེས་པ་ཡོད་པ་དང་མེད་པ་ཙམ་དུ་ཟད་དོ། །
སྒྲོ་འདོགས་ཀྱི་ཤེས་པ་ཡང་ཇི་སྲིད་རང་གི་ཡུལ་ལ་བདེན་པར་མངོན་པར་འདུ་བྱེད་པ་དེ་སྲིད་ཟློག་པའི་ཤེས་པ་སྐྱེད་པའི་གེགས་བྱེད་དོ། །འགྲེལ་པ་ནི་དངོས་པོ་ཐམས་ཅད་ལས་ཞེས་བྱ་བ་ཡིན་ནོ། །ཉ་ཕྱིས་ལ་སྒྲོ་འདོགས་པ་ཡོད་པའི་ཕྱིར་ཉ་ཕྱིས་ཉིད་དུ་ངེས་པ་ཡོད་པ་མ་
ཡིན་ལ། སྒྲོ་འདོགས་པ་མེད་ན་ནི་ངེས་པར་འགྱུར་རོ་ཞེས་བཤད་པ་ནི་གང་ལ་རྟོགས་པ་པོའི་ཞེས་བྱའོ། །དེས་ནི་དེ་ལྟར་སྔར་བསྟན་ཀྱི་གནས་སྐབས་ན་སྒྲོ་འདོགས་ཡོད་ན་རྣམ་པར་རྟོག་པ་ཟློག་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་

དངོས་པོ་ལས་ཡིན་ནོ་ཞེས་གཞུང་བཙུགས་ཏེ། རྣམ་པར་གཅོད་པའི་ཡུལ་ཅན་ཉིད་བཤད་པ་ནི་སྒྲོ་འདོགས་དབེན་པ་ལ་ཞེས་བྱ་བའོ། །འདི་ནི་ཞེས་བརྗོད་པ་གང་ཡིན་པ་དེའི་ཡུལ་བཤད་པ་ནི། །ངེས་པ་ཞེས་བྱ་བ་ཡིན་ནོ། །ཇི་སྐད་བསྒྲུབ་པའི་དོན་གྱི་གཏན་ཚིགས་ནི། །
ངེས་པ་དང་ནི་སྒྲོ་འདོགས་ཡིད། །ཅེས་བྱ་བ་ཡིན་ནོ། །འགྲེལ་པ་ནི་དེས་ཞེས་བྱ་བའོ། །སྔར་ཇི་སྐད་བཤད་པ་བཞིན་ཏེ། འདི་བ་ལང་མ་ཡིན་པ་མ་ཡིན་ནོ་སྙམ་པ་ལ་སོགས་པའི་ཤེས་པ་དག་ནི་སྲེ་བའི་རྟོགས་པ་དང་བྲལ་བ་ཉིད་ཀྱིས་གཞན་སེལ་བ་ཡིན་ནོ། །གཏན་
ཚིགས་བསྒྲུབས་ནས་དེ་ཙམ་སེལ་བའི་སྤྱོད་ཡུལ་ཅན་ཞེས་གང་བཤད་པ་དེ་མཇུག་སྡུད་པ་ནི་དེ་ལྟ་བས་ན་དེ་ཡང་ཞེས་བྱའོ། །གཞན་སེལ་བའི་དོན་ཅན་ཉིད་དུ་མི་འགྱུར་བ་གང་ཡིན་པ་འདི་སྒྲུབ་པའི་ཚུལ་གྱིས་ནི་གོ་བར་བྱེད་པ་སྲིད་པ་མ་ཡིན་ནོ་ཞེས་བཤད་པ་ནི་དངོས་
པོའི་ཞེས་བྱ་བ་ནས་མི་རུང་བའི་ཕྱིར་རོ་ཞེས་བྱ་བའི་བར་དུའོ། །དེ་ལྟར་ན་སྒྲོ་འདོགས་མེད་ཀྱང་གཞན་སེལ་བའི་ཡུལ་ཅན་དུ་གྲུབ་པ་ཡིན་ནོ། །སྒྲོ་འདོགས་ཟློག་པར་བྱེད་པ་ཉིད་ན་འདིས་ཇི་ལྟ་བུའི་རང་བཞིན་དེ་དང་རིགས་མི་མཐུན་པའི་སྒྲོ་འདོགས་པ་དེ་བཟློག་པའི་དོན་
ཉིད་ཀྱིས་དེའི་གཉེན་པོ་ཙམ་གྱིས་དངོས་པོ་བདག་ཉིད་ལ་བརྟེན་ནས་དེ་ཟློག་པར་བྱེད་པ་ཡིན་པའི་ཕྱིར་དོན་ཐ་མི་དད་པ་ཡང་བཟློག་པར་བྱ་བ་སྒྲོ་འདོགས་པའི་གྲངས་སྙེད་དུ་ཟློག་པར་བྱེད་པའི་རྣམ་པར་རྟོག་པ་ཐ་དད་པར་སྣང་བ་ཡིན་ནོ་ཞེས་བསྟན་པའི་དོན་དུ་བཤད་པ་ནི། ཆ་ཤས་
སྒྲོ་འདོགས་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པའོ། །ངོ་བོ་རྟོགས་པ་ཡིན་ན་ནི་ངོ་བོ་གཅིག་ཡིན་པའི་ཕྱིར་ཐམས་ཅད་དོན་གཅིག་ལ་བརྟེན་པ་ཉིད་དོ་ཞེས་སྟོན་པ་ནི་གཞན་དུ་ཞེས་བྱ་བའོ། །འདི་ནི་གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས་ཞེས་བྱ་བ་འདི་ཉིད་ཀྱི་འགྲེལ་པར་
མདོར་མེད་ཀྱང་གཞན་གྱི་དངོས་པོ་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་བཤད་པ་ལ་འདིར་ནི་ཚིགས་སུ་བཅད་པར་བྱ་སྟེ་བརྗོད་དོ། །ཚིགས་སུ་བཅད་པར་བཤད་པ་དེ་བཞིན་དུ་འགྲེལ་པར་ནི་འགྲེལ་པ་ཉིད་དུ་འགྱུར་ལ། མདོར་མེད་པ་འགྲེལ་པར་བཤད་པ་དེ་མ་ཐག་ཏུ་མདོར་

བརྗོད་པ་ཡང་བསྡུ་བ་ཉིད་དུ་འགྱུར་ཏེ། དཔེར་ན་མ་རྟོགས་པ་ངེས་པ་ནི་ཞེས་བྱ་བ་ལ་སོགས་པ་བརྒལ་ཏེ། ཉེ་བར་བཀོད་པའི་དངོས་པོ་དེ་ཕྱིར་དེ་ལྟར་རྟགས་སེལ་བའི་ཚིགས་སུ་བཅད་པ་བཞིན་ནོ། །ཆོད་པ་ལ་དེའི་དོན་ཅན་གྱི་མདོར་བྱས་པ་ནི་བསྡུ་བ་མ་ཡིན་
ལ་བཤད་པ་ཡང་མ་ཡིན་ཏེ། འཇུག་པ་ཞུགས་ཟིན་པའི་ཕྱིར་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བའོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ་ཞེས་བྱ་བ་ནི་མདོ་གཞན་གྱི་ནང་དུ་བརྗོད་པ་བཤད་པ་མེད་པའི་ཚིགས་སུ་བཤད་པའོ། །འགྲེལ་པ་བཤད་ཟིན་ན་མདོར་བརྗོད་
པས་ཅི་བྱ་ཞེ་ན། མདོའི་བསྟན་བཅོས་མ་ཚང་བ་མེད་པར་བྱ་བའི་ཕྱིར་ཏེ། གཞན་དུ་བརྗོད་པར་བྱ་བའི་དོན་ཡང་མདོར་མི་སྙེད་པར་འགྱུར་རོ། །དེས་ན་དེ་ལྟར་རང་གི་ཕྱོགས་ལ་རིགས་པས་དོན་གྱི་རང་བཞིན་ཇི་ལྟ་བུར་གྱུར་པ་དེ་ལ་བརྟེན་ཏེ། དོན་གྱི་རང་གི་ངོ་བོ་གཅིག་ཅེས་བྱ་བ་ལ་
སོགས་པས་སྒྲུབ་པས་རྟོགས་པར་བྱེད་པ་ཉིད་བསལ་ནས་རྣམ་པར་གཅོད་པའི་ཡུལ་ཅན་དུ་གཞུང་བཙུགས་པ་ཡིན་ནོ། །ད་ནི་གཞན་གྱི་ཁས་བླངས་པར་རབ་ཏུ་གྲུབ་པའི་དོན་ལ་བརྟེན་ནས་ཀྱང་སྒྲུབ་པའི་ངོ་བོས་རྟོགས་པར་བྱེད་པ་མི་སྲིད་དོ་ཞེས་བསྟན་པའི་ཕྱིར། རྩོམ་པ་ནི་གང་
གི་ལྟར་ན་བློ་ཞེས་བྱ་བ་ལ་སོགས་པའོ། །རྒོལ་བ་གང་གི་ལྟར་ན་བ་ལང་ཉིད་དང་མི་རྟག་པ་ཉིད་ལ་སོགས་པའི་ཁྱད་པར་སྣ་ཚོགས་སུ་གྱུར་པ་གང་ལ་ཡོད་པ་དེ་ལྟ་བུའི་དོན་བློས་འཛིན་པའོ། །ཁྱད་པར་དེ་དག་ལས་ཀྱང་དོན་དེ་ཐ་དད་པ་ཉིད་དོ་ཞེས་བརྗོད་ན་ནི་ཐ་དད་པ་ཞེས་བྱ་བའོ། །
ཡང་ན་ཁྱད་པར་སྣ་ཚོགས་པ་གྱུར་པ་ཉིད་ཁྱད་པར་སྣ་ཚོགས་ཅན་ཏེ་དོན་དེ་ཉིད་འཛིན་པའོ། །འདི་ཡང་སྣ་ཚོགས་པ་ཉིད་ཀྱིས་ཐ་དད་པ་ཡིན་ནོ་ཞེས་བརྗོད་པ་ནི་ཐ་མི་དད་ཅེས་བྱ་བའོ། །སྣ་ཚོགས་པ་ཉིད་ཀྱིས་རྟོགས་པ་ཐ་དད་པ་ན་ཐ་དད་པ་མེད་པའི་ཕྱོགས་ལ་འགྱུར་བའི་སྐྱོན་མེད་དོ་ཞེས་
བསྟན་པའི་དོན་དུ་ཐ་དད་པ་ཉིད་བརྗོད་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཡང་སྒྲ་དང་རྟགས་དག་གིས་བསྒྲུབ་པས་དངོས་པོ་ཉིད་རྟོགས་པ་དེ་ལྟ་ན་ཡང་སྒྲ་དང་ཚད་མ་གཞན་མི་འཇུག་པའི་ཉེས་པ་ནི་མེད་དོ། །མངོན་སུམ་གྱིས་རྟོགས་ཟིན་པའི་ཕྱིར་ཚད་མ་གཞན་གྱིས་ཀྱང་

འདི་དེ་ཁོ་ན་ལྟར་རྟོགས་པ་ཡིན་ན་དེས་ཅི་བྱ། དེ་ལྟ་མ་ཡིན་ན་ཡང་མ་རྟོགས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དོན་བདག་ཉིད་གཅིག་ཏུ་གྱུར་པ་ཉིད་ནི་མ་ཡིན་གྱི། འོན་ཀྱང་རང་བཞིན་གྱིས་གཅིག་ཡིན་ཡང་དུ་མ་དང་ལྡན་པ་ཡིན་ནོ། །དེས་ན་སྒྲའོ་ཞེས་ཁྱད་པར་འགའ་
ཞིག་གིས་རྣམ་པར་བཅད་དེ་རྟོགས་ཀྱང་མི་རྟག་པའོ་ཞེས་ཁྱད་པར་གཞན་གྱིས་རྣམ་པར་བཅད་དེ་རྟོགས་པ་མེད་པའི་ཕྱིར་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཡིན་ནོ། །སྒྲས་ཀྱང་དེ་དང་འདྲའོ། །ཡང་ན་བཤད་པ་གཉིས་པ་ལྟར་སྒྲ་གཞན་ལ་སོགས་པ་ནི་ཁྱད་པར་འབའ་
ཞིག་ལ་གཞོལ་བ་ཡིན་པས་སྐྱོན་འགའ་ཡང་མེད་དོ། །འགྲེལ་པ་ནི། གང་ཞིག་ཅེས་བྱ་སྟེ། གང་གི་ལྟར་ཞེས་བྱ་བ་བཤད་པའོ། །ཁྱད་པར་རྣམས་ཕན་ཚུན་ཐ་དད་པ་ཁོ་ན་ཡིན་ལ་ཞེས་བྱ་བས་ནི་ཁྱད་པར་ནི་སྣ་ཚོགས་ཅན་ཞེས་བྱ་བ་བཤད་དོ། །རྟེན་ལས་ཞེས་བྱ་བ་ཐ་དད་པའི་ལྡོག་མཚམས་ཉིད་ཀྱིས་ཐ་དད་ཅེས་
བྱ་བ་བཤད་པ་ཡིན་ཏེ། རྟེན་ཉིད་ཀྱི་ཁྱད་པར་སྣ་ཚོགས་ཅན་དོན་གཞན་ཉིད་དོ། །དེའི་རྒྱུ་ཅན་གྱི་མ་ཉན་པ་དག་ནི་དེ་དག་གི་རྟེན་ལ་འཇུག་པ་ཞེས་བྱ་བས་ནི་ཁྱད་པར་གྱིས་ཏེ། ཁྱད་པར་དག་དང་བློས་འཛིན་པར་བྱེད་པ་ཡིན་ནོ། །དེ་དག་ཁོ་ན་ལ་འཇུག་གོ་ཞེས་བྱ་བས་ནི་
དོན་གཞན་སྟོན་པར་བྱེད་པའོ། །དེ་བས་ན་དོན་གྱི་རང་གི་ངོ་བོ་གཅིག་ཅེས་བྱ་བ་ལ་སོགས་པས་བརྗོད་པའི་ཐལ་བ་འདིར་མི་འགྱུར་རོ་སྙམ་དུ་སེམས་པ་གང་ཡིན་པ་དེའི་ལྟར་ན་ཡང་ཁྱད་པར་སྣ་ཚོགས་ལ་ཕན་པའོ། །ཡན་ལག་ཏུ་གྱུར་པའི་ནུས་པ་ལས་མི་གཞན་པའི་
བདག་ཉིད་ཐམས་ཅད་བཟུང་ན་ཕན་པར་བྱ་བའི་ཁྱད་པར་གང་ཞིག་མ་ངེས་པ་ཞེས་བྱ་བར་འགྱུར། ཁྱད་པར་ཐ་དད་པ་དག་ཁོ་ན་ཞེས་བྱ་བ་ལ་སོགས་པ་ནི་འགྲེལ་པའོ། །གང་གི་ཕྱིར་ཐ་དད་པ་དེའི་ཕྱིར་སྒྲ་དང་ཤེས་པ་གཅིག་གིས་ཡུལ་དུ་བྱས་པའི་དོན་དེ་ལ་སྒྲ་གཞན་དང་
ཤེས་པ་གཞན་འཇུག་པ་ཡིན་ནོ། །དེས་ན་འདི་དག་དོན་ལ་སྒྲ་དང་ཤེས་པ་གཞན་དག་གི་རྒྱུ་མཚན་ཡིན་ནོ། །དེ་ལྟ་ན་ཡང་ཁྱད་པར་དེ་དང་ལྡན་པ་གཅིག་པུ་ཉིད་དེ་ནི་སྒྲ་དང་ཤེས་པ་དེ་དག་གིས་ཉེ་བར་ལེན་ཏོ། །དེ་བདག་ཉིད་ཐམས་ཅད་བཟུང་ན་ཁྱད་པར་ཐམས་ཅད་ངེས་

པར་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་ཡང་ཁྱད་པར་རྣམས་ཐ་དད་པའི་ཕྱིར་ཐ་དད་པ་ཁོ་ནས་སྒྲ་དང་ཤེས་པ་གཞན་དག་གི་རྒྱུ་མཚན་ཉིད་ཡིན་གྱི། གཅིག་ཉིད་ཀྱིས་ཐམས་ཅད་རྟོགས་པ་མ་ཡིན་པ་དེ་ལྟ་ན་ཡང་ཁྱད་པར་དང་ལྡན་
པ་ནི་རང་གི་ངོ་བོས་གཅིག་ཁོ་ནའོ། །གཅིག་ཡིན་པའི་ཕྱིར་ན་ཐམས་ཅད་བཟུང་བས་བདག་ཉིད་ཐམས་ཅད་འཛིན་པ་ན་ཁྱད་པར་གྱི་བྱེད་པ་ལ་མི་ལྟོས་པ་ཁོ་ནར་ཁྱད་པར་ཐམས་ཅད་འཛིན་པར་བྱེད་པའོ། །གཅིག་པོར་རང་གི་ངོ་བོ་ཙམ་གྱིས་བདག་ཉིད་ཐམས་ཅད་
བཟུང་ན་ཡང་ཁྱད་པར་ཐམས་ཅད་བཟུང་བར་ཇི་ལྟར་འགྱུར་ཞེ་ན། ཁྱད་པར་སྣ་ཚོགས་ལ་ཞེས་སྨོས་ཏེ། ཁྱད་པར་སྣ་ཚོགས་ཕན་པའི་རྟེན་ནུས་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཁྱད་པར་དང་ལྡན་པའི་རང་གི་བདག་ཉིད་ལ་ཐ་དད་པ་མེད་པའི་ཕྱིར་རོ། །ཁྱད་པར་
དང་ལྡན་པའི་ཁྱད་པར་སྣ་ཚོགས་ལ་ཕན་འདོགས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་ལས་ཐ་མི་དད་པ་ཡིན་ནོ། །དེས་ན་འདིའི་དེ་ལྟ་བུའི་བདག་ཉིད་ཆར་བཟུང་བ་མེད་པས་ཁྱད་པར་སྣ་ཚོགས་ལ་ཕན་འདོགས་པ་ཉིད་དུ་བཟུང་ན། ཇི་ལྟར་ཁྱད་པར་མ་བཟུང་བར་འགྱུར་ཏེ། དབྱུག་
པ་མ་བཟུང་བར་དབྱུག་པ་ཅན་མི་འཛིན་པ་བཞིན་ནོ། །འདིར་ཕན་པར་བྱ་བ་དང་ཕན་པར་བྱེད་པ་ནི་གལ་ཆེ་བ་མ་ཡིན་གྱི། འོན་ཀྱང་དེ་དག་དེའི་ཁྱད་པར་ཡིན་པའི་ཕྱིར་ཁོ་བོ་ཅག་ལ་གྲགས་པའི་དབང་དུ་བྱས་ནས་ཕན་གདགས་བྱ་འདོགས་བྱེད་ཀྱི་རྩ་བ་ཅན་ཡིན་ནོ། །གཞན་
དག་གི་ལྟར་ནི་འབྲེལ་པའི་རྩ་བ་ཅན་ཉིད་དོ། །དེའི་ཕྱིར་འབྲེལ་པ་ཅན་ཡང་ཁྱད་པར་དང་ལྡན་པའི་རང་གི་ངོ་བོ་ལས་ཐ་མི་དད་པ་ཁོ་ནའོ། །འདི་འདོད་པར་མི་བྱ་བ་ཡང་མ་ཡིན་ཏེ། འབྲེལ་པ་ཁས་ལེན་ན་འབྲེལ་པ་ཅན་གདོན་མི་ཟ་བར་ཁས་བླང་བར་བྱ་བའི་ཕྱིར་ཏེ་འབྲེལ་པ་ཅན་
མེད་པར་འབྲེལ་པ་མི་འགྲུབ་པའི་ཕྱིར་རོ། །དེས་ན་དོན་ལ་ཁྱད་པར་ཐམས་ཅད་དང་འབྲེལ་པ་ཅན་དུ་བཟུང་ན་ཇི་ལྟར་ཁྱད་པར་ཐམས་ཅད་མ་བཟུང་བར་འགྱུར། དེ་བཤད་པ་ནི་ཁྱད་པར་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་ཉིད་དུ་ཞེས་བྱའོ། །འབྲེལ་པ་ཅན་ཐ་དད་ན་མ་རྟོགས་

པར་འགྱུར་གྱི་ཐ་མི་དད་ན་ནི་མ་ཡིན་ནོ་ཞེས་བཤད་པ་ནི་རང་གི་ངོ་བོར་ཞེས་བྱ་བའོ། །གཞན་མ་ཡིན་པ་ཉིད་ཀྱིས་ན་ཕན་པར་བྱེད་པ་ཉིད་དུ་བཟུང་བའི་རང་བཞིན་ཡིན་ནོ། །འོན་ཏེ་ཡང་སྒྲ་དང་ཚད་མ་ཐམས་ཅད་ཞུགས་ན་ཁྱད་པར་ཐམས་ཅད་རྟོགས་པར་འགྱུར་མོད་ཅེ་ན། དེ་དག་ཅེས་
སྨོས་སོ། །ཁྱད་པར་སྣ་ཚོགས་པ་དང་དེ་ལ་ཕན་འདོགས་པའི་ནུས་པའི་བདག་ཉིད་གཉིས་ཀྱི་ནང་ནས་གཅིག་ཤེས་ན་ནི་གཉིས་ཀ་བཟུང་། རེ་ཞིག་གཅིག་ནི་ཤེས་པ་ཁོ་ནའོ། །དེ་ཤེས་ན་ཅིག་ཤེས་ཀྱང་ཤེས་པའི་ཕྱིར་གཉི་ག་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཉིད་
ལ་འབྲེལ་པའི་ཕྱིར་དེ་དག་གི་འབྲེལ་པ་ནི་འདུ་བའི་མཚན་ཉིད་ཡིན་ལ། དེ་ཡང་དེའི་བདག་ཉིད་ལ་ཡོད་པ་ཡིན་གྱི་བདག་ཉིད་གཞན་ལ་ནི་མ་ཡིན་ནོ། །དེས་ན་དེ་དག་ཉིད་འབྲེལ་པ་ཅན་ཡིན་པའི་ཕྱིར་འབྲེལ་པ་ཅན་ནི་འདི་གཉིས་ལས་ཐ་མི་དད་པ་ཁོ་ནའོ། །བདག་ཉིད་གཞན་ལ་
འབྲེལ་པ་ཡོད་པ་ནི་དེ་ཉིད་འབྲེལ་པ་ཅན་དུ་འགྱུར་གྱི་དེ་གཉིས་ནི་མ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། ཇི་ལྟར་ཁྱེད་ཅག་ཁྱད་པར་གྱི་སྒོ་ནས་ཁྱད་པར་ཅན་རྟོགས་པར་འདོད་པ་དེ་བཞིན་དུ་བདག་ཅག་གིས་ཁྱད་པར་དང་ལྡན་པར་ཁྱད་པར་དང་འབྲེལ་པའི་བདག་ཉིད་ལས་ཁྱད་པར་
རྣམས་ལ་རྟོགས་པར་འགྱུར་བ་ཡང་བསྒྲུབ་པ་ཡིན་ནོ། །འབྲེལ་པ་ཅན་གྱི་བདག་ཉིད་ཡིན་པའི་ཕྱིར་ཁྱད་པར་དང་ལྡན་པ་ཕྱོགས་གཅིག་གིས་རྟོགས་པར་མི་སྲིད་པ་ནི་ཁྱད་པར་དང་ལྡན་པར་རྟོགས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་དག་འབའ་ཞིག་ཤེས་པ་ན་ཡང་ཁྱད་པར་
ཅན་དང་འབྲེལ་པའི་བདག་ཉིད་ཡིན་པའི་ཕྱིར་ཆ་མེད་པར་རྟོགས་པ་ལས་ཁྱད་པར་དང་ལྡན་པའི་རྟོགས་པ་འཕེན་པ་ཡིན་ནོ། །དེས་ན་ཁྱད་པར་གཅིག་གི་སྒོ་ནས་དེའི་དོན་ཤེས་པ་ན་ཡང་ཁྱད་པར་ཐམས་ཅད་རྟོགས་པར་ཐལ་ལོ། །ཕ་རོལ་པོས་ཁྱད་པར་སྣ་ཚོགས་ཅན་གྱི་དོན་བློས་
འཛིན་པར་བརྗོད་པ་དེའི་ལྟར་ན་ཞེས་བྱ་བ་ལ་སོགས་པས་ཁྱད་པར་བཟུང་བ་ན་ཁྱད་པར་མཐའ་དག་གཟུང་བར་ཐལ་བར་བརྗོད་དོ། །དེས་ན་ཁྱད་པར་བཟུང་བས་སྟོང་པའི་ཁྱད་པར་དང་ལྡན་པ་འཛིན་པ་མེད་པའི་ཕྱིར་ཇི་ལྟར་དེ་བཟུང་ན་ཐམས་ཅད་བཟུང་བར་འགྱུར་རོ། །ཁྱད་པར་

ཐམས་ཅད་བཟུང་བ་ལས་དེ་བཟུང་བ་ན་ནི་མི་འདོད་པ་ཅུང་ཟད་ཀྱང་མེད་དོ་ཞེས་དོགས་པ་བསུ་ནས། དེ་དག་བདག་ཉིད་ལ་འབྲེལ་ཕྱིར། །ཞེས་བྱ་བ་ལ་སོགས་པ་བཤད་དོ། །བདག་ཉིད་ལ་འབྲེལ་པར་རྣམ་པར་གནས་པ་ཉིད་ཀྱིས་གཉི་ག་ཡང་འབྲེལ་
པ་ཅན་ཡིན་པའི་ཕྱིར་དེ་ལྟར་ན་བཟུང་ན་ཅིག་ཤོས་ཀྱི་ཡུལ་ཅན་གྱི་རྟོགས་པ་འཕེན་ནོ། །དེས་ན་ཐབས་གང་ཡང་རུང་བ་ཞིག་གིས་ཁྱད་པར་དང་ལྡན་པར་གྱུར་པ་རྟོགས་པ་ཁྱད་པར་འཛིན་པར་བྱེད་དོ་ཞེས་བྱ་བ་ཡིན་ཏེ། ཁྱད་པར་ཐམས་ཅད་བཟུང་བས་དེ་བཟུང་ན་ནི་རྩོད་པ་མེད་
དོ། །དེས་ན་ཁྱད་པར་གཅིག་གི་སྒོ་ནས་ཀྱང་དེ་ལས་རྟོགས་པས་རེག་པ་ན་མ་རྟོགས་པའི་ཁྱད་པར་མཐའ་དག་རྟོགས་པར་ཐལ་བར་འགྱུར་རོ་ཞེས་བསྟན་པའི་དོན་དུའོ། །དེས་ན་ཟློས་པར་དོགས་པར་མི་བྱའོ། །ཕན་འདོགས་པར་བྱེད་པ་ཐ་མི་དད་པར་བཟུང་མོད། ཐ་དད་པའི་
ཁྱད་པར་ནི་མ་ཡིན་ནོ་ཞེས་ཀྱང་དོགས་པར་བྱས་ནས་སླར་ཡང་འབྲེལ་པ་ཐ་དད་པ་མེད་པ་ཙམ་སྟོན་པ་ནི་འཐད་པ་མ་ཡིན་ཏེ། སྔར་ཉིད་བརྗོད་ཟིན་པའི་ཕྱིར་རོ། །འདི་ལས་ལྷག་པ་ནི་ཅུང་ཟད་ཀྱང་མི་བརྗོད་དོ། །དེས་ན་དོན་འདི་སྔར་ཉིད་གྲུབ་པའམ་ཡང་ན་ད་ལྟ་ཡང་མ་ཡིན་ནོ། །ཁྱད་
པར་དང་ཞེས་བྱ་བ་ལ་སོགས་པ་ནི་འགྲེལ་པའོ། །གང་གི་དོན་དུ་འདི་བཀོད་པ་བཤད་པ་ནི་དེ་ཁྱད་པར་གཅིག་གིས་ཞེས་བྱ་བའོ། །ཁྱད་པར་ལ་ཕན་འདོགས་པ་ཉིད་དུ་ཁྱད་པར་དང་ལྡན་པ་རྟོགས་པ་ན། མདོ་གཉི་གར་ཡང་སྙིང་པོར་བྱས་པའི་ཁྱད་པར་དང་ཁྱད་པར་ཅན་གྱི་ཚུལ་
གང་ཡིན་པ་དེ་གསལ་བར་བྱེད་པ་ནི། ཁྱད་པར་དང་ལྡན་པར་འཛིན་པ་ནི་དེ་འཛིན་པ་མེད་ན་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །ཁྱད་པར་ཐམས་ཅད་འཛིན་པ་མེད་ན་མེད་པ་གང་ཡིན་པ་སྟེ། ཁྱད་པར་དང་ལྡན་པར་འཛིན་པ་ནི་དེ་ལྟ་བུ་ཡིན་ནོ། །ཐམས་ཅད་ལ་ཕན་འདོགས་པར་བྱེད་
པ་ཉིད་དུ་བཟུང་བ་ན། ཐམས་ཅད་བཟུང་བ་ཁོ་ནའོ། །དུ་བའི་རྒྱུ་ཉིད་དུ་རྣམ་པར་རྟོག་པས་མེ་བཟུང་བ་ན། དུ་བ་མི་འཛིན་པ་ནི་མ་ཡིན་ནོ། །འཛིན་པ་མེད་ན་མེད་པ་ཡིན་པ་ན་ཕན་གདགས་པར་བྱ་བ་མ་བཟུང་བར་ཁྱད་པར་དང་ལྡན་པ་ཕན་འདོགས་པར་བྱེད་པ་ཉིད་དུ་འཛིན་པར་མི་

འགྱུར་རོ་ཞེས་བཤད་པ་ནི་གཞན་དུ་ན་ཞེས་བྱ་བའོ། །དེ་ལྟར་ཡང་ཞེས་བྱ་བ་ནི་ཁྱད་པར་དང་ལྡན་པ་ཉིད་དུ་ཡང་ངོ་། །མི་འཛིན་པར་ཡང་འཐད་པ་མ་ཡིན་ནོ་ཞེས་བྱ་བ་བཤད་པ་ནི་གཞན་ལ་ཕན་པར་བྱེད་པ་ཉིད་ཅེས་བྱ་བའོ། །གཞན་ཡིན་ན་ནི་འདིར་འགྱུར་གྱི་གཞན་མ་ཡིན་ན་ནི་མ་
ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པར་ཕན་འདོགས་པར་བྱེད་པ་བཟུང་བ་ན་དེ་ལ་ཕན་འདོགས་པར་བྱེད་པ་ཉིད་དུ་བཟུང་བས་ན་ཕན་གདགས་པར་བྱ་བ་མི་འཛིན་པ་མ་ཡིན་ནོ། །དེ་བཤད་པ་ནི་ཕན་པར་བྱེད་པ་དེ་ལྟར་ཞེས་བྱ་བའོ། །ཕན་གདགས་པར་བྱ་བ་མ་བཟུང་ན་ཕན་འདོགས་
པར་བྱེད་པ་དེ་ཡང་མ་བཟུང་བར་ཐལ་བར་འགྱུར་བའི་ཕྱིར་ཏེ་དཔེར་ན་རྗེ་ཁོལ་བཞིན་ནོ། །ཁོལ་པོ་ཁོལ་པོ་ཉིད་དུ་འཛིན་པ་ན་རྗེ་བོ་མི་འཛིན་པ་མ་ཡིན་ནོ། །འདིར་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་མེད་མོད་ཀྱི། དེ་ལྟ་ན་ཡང་རྗེ་བོར་འཛིན་པ་ནི། ཁོལ་པོ་འཛིན་པ་ལ་ལྟོས་པ་ནི་མ་
ཡིན་ལ། ཁོལ་པོའི་ཤེས་པ་ལ་རྗེ་བོ་མི་སྣང་ཡང་། ཁོལ་པོར་འཛིན་པ་ཡང་རྗེ་བོ་འཛིན་པ་ལ་ལྟོས་པ་ཡིན་པས་དཔེ་ཉིད་དོ། །སྔ་མ་ལས་ཕྱི་མ་བཞིན་དུ་དེ་ལས་དེ་རྟོགས་པར་ནུས་པ་ཉིད་ཡིན་གྱི་ཁྱད་པར་དང་ཁྱད་པར་ཅན་བཞིན་དུ་ཐ་དད་པར་རྟོགས་པ་ནི་མ་ཡིན་ནོ། །ཕན་
པར་བྱ་བ་དང་ཕན་པར་བྱེད་པ་དག་འཛིན་པ་ནི་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་ངོ་བོ་ཡོད་པ་ཡིན་ཏེ། རྒྱུ་དང་འབྲས་བུ་བཞིན་ནོ། །གལ་ཏེ་ཁྱད་པར་གྱི་སྒོ་ནས་ཁྱད་པར་དང་ལྡན་པ་རྟོགས་པ་ན། འདི་བ་ལང་ངོ་ཞེ་འམ་མི་རྟག་པའོ་ཞེས་པ་ལྟར་དེས་ཉེ་བར་བསྒྱུར་བ་དེ་དང་ཐ་མི་དད་
པར་རྟོགས་ལ་ཁྱད་པར་གཞན་གྱི་སྒོ་ནས་རྟོགས་ན་ནི་གང་གི་སྒོ་ནས་དེར་རྟོགས་པ་མ་ཡིན་པའི་ཁྱད་པར་དེ་འབྲེལ་པར་རྟོགས་པར་འགྱུར་ཏེ། སྒྲའི་མི་རྟག་པ་ཉིད་དོ་ཞེས་སོ། །དེས་ན་འདིར་སྒྲ་མི་རྟག་པ་ཉིད་དང་འབྲེལ་ཏོ་ཞེས་རྟོགས་པར་འགྱུར་གྱི། དེའི་ཚེ་མི་རྟག་པ་ཉིད་
ཁྱད་པར་རམ་འབྲེལ་པ་ཅན་ཉིད་ནི་མ་ཡིན་ནོ། །དེ་དེ་ལ་ཐིམ་པ་ཉིད་དུ་རྟོགས་ན་དེ་ཁྱད་པར་དུ་འགྱུར་བ་ཡིན་གྱི་འབྲེལ་པར་རྟོགས་པས་ནི་མ་ཡིན་ནོ། །འདི་ནི་དེའི་རང་བཞིན་གྱི་རྟོགས་པའི་ཐབས་སུ་བརྗོད་དེ། ཁྱོད་ཀྱིས་བཤད་པའི་ཚུལ་གྱིས་ནི་འདི་ལྟར་ཐལ་བ་མ་ཡིན་ནོ། །དེས་

ན་ཁྱད་པར་སྣ་ཚོགས་ལ་ཕན་པའི་ཞེས་བྱ་བ་ལ་སོགས་པ་ཅི་སྟེ་བརྗོད་ཅེ་ན། བརྗོད་པ་དེར་ཐིམ་པའམ་དེའི་རང་བཞིན་དུ་སྣང་བ་སྒྲ་ཙམ་སྙིང་པོར་གྱུར་པ་མདུན་དུ་སེལ་བར་འགྱུར་བ་ཞོག་སྟེ་འདི་བསམ་མོ། །སྒྲ་ཞེས་ཁྱད་པར་གཅིག་གི་སྒོ་ནས་རྟོགས་པ་པོ་མི་རྟག་པ་ཞེས་
ཁྱད་པར་གཞན་གྱི་སྒོ་ནས་རྟོགས་པ་ན། ཅི་ཁྱད་པར་ཉིད་ལྷག་པར་རྟོགས་པ་ཡིན་ནམ། འོན་ཏེ་ཁྱད་པར་དང་ལྡན་པའི་ཁྱད་པར་འགའ་ཞིག་རྟོགས། དེ་ལ་འདིར་རང་གི་བདག་ཉིད་ཐ་དད་པ་མེད་པའི་ཕྱིར་སྒྲའི་སྒོ་ཁོ་ན་ནས་བདག་ཉིད་ཐམས་ཅད་རྟོགས་པས་མི་རྟག་པ་ཉིད་ཀྱི་སྒོ་
ནས་དེ་ལ་ཐ་མི་དད་པའི་ཁྱད་པར་གང་ཞིག་རྟོགས་པར་འགྱུར། འདིའི་ཁྱད་པར་ཉིད་ཆར་འགྱུར་བ་ཡིན་ནོ། །དེས་ན་སྒྲ་ཞེས་བྱ་བས་འདིའི་རང་བཞིན་ཐམས་ཅད་རྟོགས་ལ་ཁྱད་པར་ནི་གཅིག་ཡིན་ནོ། །དེས་ན་མི་རྟག་པ་ཞེས་རྟོགས་པ་ན་ཁྱད་པར་ལྷག་པ་རྟོགས་པར་འགྱུར་རོ། །དེ་
ནི་སྒྲ་མི་རྟག་པ་དང་འབྲེལ་པ་ཞེས་བྱ་བར་ཡང་རྟོགས་པ་ཁོ་ནའོ། །དེ་ལྟར་ནི་ཁྱད་པར་མ་ཡིན་ཏེ་ཐ་མི་དད་པར་རྟོགས་པ་མེད་པའི་ཕྱིར་རོ་ཞེ་ན། འདི་སུས་ལན་གལ་ཏེ་ཉེ་བར་སྒྱུར་བར་བྱེད་པ་ལྟར་རྣམ་པར་གནས་པའི་ཁྱད་པར་ནི་ཉེ་བར་སྦྱོར་བས་ཐ་མི་དད་པར་རྟོགས་པར་བཟོད་པ་
ཡིན་ན་གདོན་མི་ཟ་བར་རྟོགས་པར་བྱ་བ་གང་ཡིན་པ་དེ་འབྲེལ་པར་རྟོགས་པ་ན། ཇི་ལྟར་གཞན་དུ་རྟོགས་པར་འགྱུར་ཏེ། རང་གི་ངོ་བོ་ཇི་ལྟ་བ་ཁོ་ནར་རྟོགས་པར་འགྱུར་རོ། །ཟླ་བ་ལ་སོགས་པ་དག་ནི་རྟོགས་པ་པོ་ཡུལ་ཐ་དད་པ་ཅན་གྲངས་མེད་པ་མང་པོ་དག་གི་རྟོགས་པས་རྟོགས་པ་
ན་རང་བཞིན་གཞན་དུ་འཛིན་པ་མ་ཡིན་ནོ། །དེས་ན་གདོན་མི་ཟ་བར་རྟོགས་པར་བྱ་བའི་ཁྱད་པར་རང་གི་ངོ་བོ་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་མོད། གཞན་གྱི་སྒོ་ནས་རྟོགས་པའི་ཕྱིར་གཞན་གྱིས་དེ་ལྟར་རྟོགས་པར་མི་འཐད་དོ་ཞེ་ན། འདི་ཡང་ཇི་ལྟར་འཐད། གལ་ཏེ་སྒྲ་
ཞེས་བྱ་བས་དོན་དེ་ལྟར་རྟོགས་ན་ཇི་ལྟར་ཁྱད་པར་ཐམས་ཅད་ཀྱིས་དེ་ལྟར་རྟོགས་པར་མི་འགྱུར། དེས་ན་རྣམ་པ་ཐམས་ཅད་དུ་མི་འཐད་པའི་ཕྱིར་སྨྲ་བ་གཞན་དག་ཀྱང་མི་འཐད་པས་ཇི་ལྟར་གཞན་ལ་ཁྲོ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །དོན་གྱི་རང་གི་ངོ་བོ་གཅིག་

ཅེས་བྱ་བ་ལ་སོགས་པ་ཁྱད་པར་དོན་གཞན་མ་ཡིན་པ་ལ་བརྗོད་པའི་ཐལ་བ་གང་ཡིན་པ་དེ་ནི་མཚུངས་པ་ཁོ་ནའོ། །གང་དག་ཆོས་དང་ཆོས་ཅན་དག་ཕན་ཚུན་འབྲེལ་པ་མེད་པར་ཐ་དད་པ་དང་ཐ་མི་དད་པ་ཉིད་དུ་ཁས་ལེན་པ་དེའི་ལྟར་ན་ཡང་ཆོས་ཐམས་ཅད་ཆོས་ཅན་ལས་གཞན་མ་ཡིན་
པའི་ཕྱིར་ཆོས་གཅིག་གི་སྒོ་ནས་རྟོགས་པ་ན་ཆོས་མཐའ་དག་རྟོགས་པར་འགྱུར་ཏེ། དེ་དག་དེ་ལས་ཐ་མི་དད་པའི་ཕྱིར་རོ། །ཆོས་ཀྱི་རང་གི་ངོ་བོས་ཐ་དད་པའི་ཕྱིར་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཇི་ལྟར་ཐ་མི་དད་པ་དེའི་བདག་ཉིད་ལ་དེ་དག་དེའི་རང་བཞིན་དུ་ཡོད་པའི་ཕྱིར་རོ། །དེ་ལྟ་
མ་ཡིན་ན་གཞན་ཐ་མི་དད་པ་ལ་གཞན་ཐ་དད་པ་ཡིན་པའི་ཕྱིར་ཆོས་དང་ཆོས་ཅན་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་སྨྲ་བར་མི་འགྱུར་རོ། །དེས་ན་ཐ་མི་དད་པའི་རང་བཞིན་རྟོགས་པ་ན་དེ་མ་རྟོགས་པར་ཇི་ལྟར་འགྱུར། དེས་ན་དེ་ལྟར་ཐམས་ཅད་འབྲེལ་པ་ཅན་གྱི་བདག་ཉིད་ཁྱད་པར་
དང་ལྡན་པ་བཟུང་བ་ན། ཁྱད་པར་ཐམས་ཅད་འཛིན་པ་ཉིད་དུ་བསྒྲུབས་ནས་ཕ་རོལ་པོ་དག་ཁྱད་པར་བཞིན་དུ་ཁྱད་པར་དང་འབྲེལ་པ་ཅན་ཉིད་ཀྱང་ཐ་དད་པའི་ཕྱིར་ཇི་སྐད་བརྗོད་པའི་ཐ་དད་པར་འགྱུར་བ་མེད་པར་དོགས་པ་བྱེད་པ་ནི། འོན་ཏེ་ཞེས་བྱ་བའོ། །ལན་འདེབས་པའི་ཕྱིར་
བཤད་པ་ན། ཆོས་ཕན་ཞེས་བྱ་བ་ལ་སོགས་པའོ། །ཆོས་རྣམས་ལ་ཕན་པ་དེ་ཉིད་ནུས་པ་ཡིན་ཏེ། ཆོས་ལ་ཕན་འདོགས་པའི་ནུས་པ་ཉིད་ཕན་པ་ཡིན་ཏེ། བྱ་བ་གཞན་ནི་མེད་དོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ཁྱད་པར་རེ་རེ་ལ་ཕན་པར་བྱེད་པ་ཉིད་དག་ཡིན་ན་ཞེས་འཆད་པར་
འགྱུར་རོ། །དེ་རྣམས་ཐ་དད་ན་འོ་ན་འདི་དག་གང་ལས་ཐ་དད་དེ་ནི་སྐབས་ཀྱི་ཁྱད་པར་སྣ་ཚོགས་ལ་ཕན་པའི་ཞེས་བྱ་བ་ལ་སོགས་པས་ནུས་པ་དང་ཐ་མི་དད་པ་ཉིད་དུ་བསྟན་པ་ཉིད་ཡིན་ནོ། །ནུས་པ་དེ་དག་དེའི་ཅི་ཡིན་ཏེ། དེའི་ཞེས་བྱ་བ་ནི་འབྲེལ་པ་ལས་འགྱུར་བ་ཡིན་ནོ། །
གལ་ཏེ་ཁྱད་པར་དང་ལྡན་པ་དེ་ལས་དེ་དག་ལ་ཕན་མོད། དེ་ཁྱད་པར་དང་ལྡན་པ་འབྲེལ་པ་ཅན་ཉིད་མ་ཡིན་ན་དེའི་ཚེ་དངོས་པོ་ཐ་དད་པ་དག་དེའི་ནུས་པ་ཞེས་བྱ་བར་མི་འཐད་དོ། །གལ་ཏེ་དེ་ལྟ་ཡིན་མོད། དེ་ལས་ཅིར་འགྱུར་ཞེ་ན་བཤད་པ། དེ་ལྟ་ཡིན་ན་ཐུག་མེད་འགྱུར། །

འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་ཡང་ཁྱད་པར་དང་འབྲེལ་པ་ཅན་ཁྱད་པར་དང་ལྡན་པ་ལས་ཐ་དད་པ་དེ་ལྟར་ན་ཡང་དེ་དག་ཁྱད་པར་དང་ལྡན་པ་དང་མ་འབྲེལ་པ་ཁོ་ན་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་འབྲེལ་པ་ཅན་དེས་ཁྱད་པར་ཅན་དང་འབྲེལ་པར་མི་འགྱུར་རོ། །
ནུས་པའི་ཕྱོགས་ལ་ནུས་པའོ། །དེས་ན་འབྲེལ་པ་ཅན་དང་འབྲེལ་པ་ཅན་ཉིད་དམ། ནུས་པ་ལ་ཕན་འདོགས་པ་ཉིད་ནི་ནུས་པ་དང་ལྡན་པ་ལས་ཐ་དད་པ་མ་ཡིན་ནོ། །དེས་ན་ཐ་དད་པ་མེད་ན་ཆ་མེད་པར་བཟུང་བའི་ཕྱིར་ཁྱད་པར་ཐམས་ཅད་འཛིན་པར་འགྱུར་བ་སྤང་བའི་དོན་དུ་ཐ་
དད་པར་ཁས་ལེན་པ་ལ་ཐུག་པ་མེད་པར་འགྱུར་རོ། །ཇི་སྐད་བཤད་པའི་ཚུལ་ཡང་ཐ་མི་དད་པར་ཐལ་བར་འགྱུར་བའི་ཕྱིར་དེར་ཐ་དད་པར་རྟོགས་པས་ན་ཐུག་པ་མེད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཕན་ནུས་པ་རྣམས་ཞེས་བྱ་བ་འཆད་དོ། །ནུས་པ་རྣམས་
རང་གི་བདག་ཉིད་དུ་གྱུར་ན་འབྲེལ་པ་མི་དགོས་པ་ཞིག་ན། ཁྱད་པར་ཐམས་ཅད་རྟོགས་པར་འགྱུར་གྱི་འཇིགས་པས་དེ་ནི་ཁས་མ་བླངས་སོ་ཞེས་བཤད་པ་ནི། དེའི་རང་གི་བདག་ཉིད་དུ་གྱུར་པ་དག་མ་ཡིན་པ་ཁོ་ན་སྟེ་ཞེས་བྱ་བའོ། །དེ་མ་ཡིན་ན་ཡང་འབྲེལ་པ་གྲུབ་པར་
བྱ་བའི་ཕྱིར་ཕན་གདགས་པར་བྱ་བ་ཡིན་ཏེ། དེ་མེད་ན་ནི་འབྲེལ་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཤད་པ་ནི། དེ་ལས་ཕན་པ་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཐུག་མེད་འགྱུར། །ཞེས་བྱ་བ་བཤད་པའི་ཕྱིར། འོན་ཏེ་ཕན་ན་ནི་ཞེས་སྨོས་སོ། །མདོར་དོན་འདི་
ཐུག་པ་མེད་པར་བརྗོད་པ་བསྟན་པས། འདིས་རྣམ་པར་འབྱེད་པ་ཡིན་ནོ། །གང་གི་ཕྱིར་ཕན་པ་མེད་ན་འབྲེལ་པ་ཅན་ཉིད་མི་རུང་བ་དེའི་ཕྱིར་ཕན་པ་ཁས་ལེན་ན། འདི་ཁྱད་པར་གཅིག་གིས་བཟུང་ན་ཡང་བདག་ཉིད་ཐམས་ཅད་དེའི་ཁྱད་པར་ཐམས་ཅད་ཀྱི་རང་བཞིན་དུ་བཟུང་
བ་ཁོ་ན་ཡིན་ནོ། །ཇི་ལྟར་དེ་བཟུང་ན་ཁྱད་པར་ཐམས་ཅད་བཟུང་བ་ཡིན་ཞེ་ན། བཤད་པ། རང་གི་བདག་ཉིད་དུ་གྱུར་པའི་ཞེས་སྨོས་སོ། །དེ་དག་ནི་དེ་ལས་ཐ་དད་པའི་ཕྱིར་དེའི་བདག་ཉིད་ཁོ་ན་ཡིན་པའི་ཕྱིར་ཏེ། དེ་ལྟ་བུར་གྱུར་པའི་ནུས་པ་དག་གིས་ཁྱད་པར་ལ་ཕན་

འདོགས་པའི་རང་བཞིན་གྱི་ནུས་པ་ལ་ཕན་པར་བྱེད་པ་ཡིན་ནོ། །དེ་ལྟ་ན་ཡང་ཕྱོགས་གཅིག་གིས་འཛིན་པར་འདོད་པའི་ཕྱིར་ཇི་ལྟར་ཁྱད་པར་ཐམས་ཅད་འཛིན་ཞེ་ན། གཅིག་པུས་ཞེས་སྨོས་སོ། །གཅིག་ལ་ནི་ཕྱོགས་གཅིག་སྲིད་པ་མ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ།
ཁྱད་པར་དང་འབྲེལ་པ་ཅན་ཉིད་དམ། ཕན་འདོགས་པར་བྱེད་པ་ཉིད་ཁྱད་པར་དང་ལྡན་པ་ལས་ཐ་དད་པ་མ་ཡིན་པ་དེ་ལྟ་ན་ཡང་འདིའི་ཐ་དད་པ་དེ་དག་དང་འབྲེལ་པ་ཅན་ཉིད་དམ་དེ་དག་ལ་ཕན་འདོགས་པར་བྱེད་པ་ཉིད་ནི་ཐ་མི་དད་པ་ཁོ་ནའོ། །དེས་ན་ཁྱད་པར་གཅིག་གི་སྒོ་ནས་འདི་
ཆ་མེད་པར་བཟུང་བ་ན་ཡང་ཁྱད་པར་ཐ་དད་པ་ལ་ཕན་འདོགས་པ་ཉིད་དུ་བཟུང་བའི་ཕྱིར་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་བཟུང་བ་ཡིན་ལ་དེ་ལས་ཀྱང་ཁྱད་པར་འཛིན་པ་ཡིན་ནོ། །ཡང་ན་རང་གི་བདག་ཉིད་དུ་གྱུར་པ་ཁྱད་པར་ལ་ཕན་འདོགས་པའི་ནུས་པ་ལ་ཕན་འདོགས་པ་
བཟུང་བ་ཉིད་ན་ཁྱད་པར་ལ་ཕན་འདོགས་པར་བྱེད་པའི་ནུས་པ་དང་བཅས་པར་གཟུང་བར་འགྱུར་རོ། །དེ་དག་བདག་ཉིད་ལ་འབྲེལ་ཕྱིར། །གཅིག་ཤེས་ན་ནི་གཉི་ག་བཟུང་། །ཞེས་བྱ་བས་འདིར་ཁྱད་པར་དང་ལྡན་པ་གཟུང་བའི་སྒོ་ནས་ཁྱད་པར་འཛིན་པའི་ཚུལ་དེ་ནི་སྔར་ཉིད་
བརྗོད་ཟིན་པ་དེས་ན་དེ་མ་བརྗོད་པར་ཁྱད་པར་འབའ་ཞིག་བཟུང་བའི་སྒོ་ནས་ཁྱད་པར་དང་ལྡན་པར་བཟུང་བར་སྟོན་པ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་ནི་དེས་ནུས་པས་ཕན་གདགས་པར་བྱ་བའི་རང་བཞིན་ནོ། །དེས་ན་ཇི་ལྟར་ཕན་འདོགས་པར་བྱེད་པ་བཟུང་ན་ཕན་
གདགས་པར་བྱ་བ་འཛིན་པ་དེ་བཞིན་དུ་དེས་ཕན་གདགས་པར་བྱ་བ་བཟུང་བ་ན་ཡང་དེ་ལ་ཕན་འདོགས་པར་བྱེད་པ་འཛིན་ཏོ། །དེས་ན་ཁྱད་པར་བཟུང་ན་དེ་ལ་ཕན་འདོགས་པའི་ནུས་པ་བཟུང་བ་ཡིན་ནོ། །ཚུལ་འདི་ཉིད་ཀྱིས་ནུས་པ་བཟུང་བ་ན་ནུས་པ་ལ་ཕན་པར་བྱེད་པར་དངོས་པོ་
བཟུང་བ་ཡིན་ལ་ཁྱད་པར་ཐམས་ཅད་ལ་ཕན་འདོགས་པར་བྱེད་པའི་ནུས་པ་ལ་ཕན་པའི་བདག་ཉིད་དེ་བཟུང་བ་ན་ཡང་ཇི་ལྟར་ཕན་གདགས་པར་བྱ་བ་གཟུང་བའི་སྒོ་ནས་ཕན་འདོགས་པར་བྱེད་པ་འཛིན་པ་དེ་བཞིན་དུ་ཕན་འདོགས་པར་བྱེད་པ་བཟུང་བས་ཀྱང་ཕན་གདགས་པར་

བྱ་བ་འཛིན་པའི་ཕྱིར་ནུས་པ་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་རང་གི་བདག་ཉིད་དུ་གྱུར་པ་བཟུང་བས་ནུས་པ་ཐམས་ཅད་འཛིན་པ་དེ་ལྟ་ན་ཡང་ཁྱད་པར་ཐམས་ཅད་གཟུང་བར་འགྱུར་རོ་ཞེས་བཤད་པ་ནི་དེ་བཟུང་ན་ཞེས་བྱ་བ་ལ་སོགས་པའོ། །ཆོས་
ལ་ཕན་འདོགས་པར་བྱེད་པ་ཐ་དད་པས་སྔར་བཤད་པའི་ཐལ་བ་སྤོང་བ་ལ་ཐུག་པ་མེད་པར་འགྱུར་བ་བསྟན་པའི་ཕྱིར་བཤད་པ། ཆོས་ལ་ཕན་འདོགས་པ་ཐ་དད་པས་ན་ཁྱད་པར་ཐམས་ཅད་བཟུང་བར་ཐལ་བར་འགྱུར་བ་སྤངས་ཀྱང་ནུས་པ་ལ་ཕན་འདོགས་པར་བྱེད་པ་
ཐ་མི་དད་པས་སླར་ཐལ་བ་པོ་ན་འདུག་གོ། །འོན་ཏེ་དེར་ཡང་ཕན་པ་ཐ་དད་པར་བརྟགས་པ་དེ་ཉིད་ཀྱིས་སྤོང་བར་བྱེད་ན། དེའི་ཚེ་མཐར་ཐུག་པ་མེད་དོ། །འདི་ལྟར་ནུས་པ་ལས་ཕན་འདོགས་པར་བྱེད་པའི་ནུས་པ་ཐ་དད་ན་ཕན་འདོགས་པར་བྱེད་པའི་ནུས་པ་ལ་ཕན་འདོགས་
པར་བྱེད་པའི་ནུས་པ་དེ་ཡང་རང་གི་བདག་ཉིད་ཁོ་ནས་ཕན་གདགས་པར་བྱ་བ་ཡིན་པ་དེས་ན་ཐལ་བ་དེ་ཉིད་དུ་འགྱུར་བས་དེ་ལྟར་ན་དེར་ཡང་ཐ་དད་པར་རྟོགས་པའི་ཕྱིར་ཁྱད་པར་དང་དེའི་ནུས་པ་རྣམས་མི་འབྱོར་བའི་ཕྱིར་ཏེ། མི་འཐད་པའི་ཕྱིར་དེ་ལ་ཕན་པའི་བདག་ཉིད་ཁྱད་
པར་ལ་ཕན་འདོགས་པར་བྱེད་པར་གྱུར་པ་ཁྱད་པར་དང་ལྡན་པ་དེ་གཅིག་པུ་ནམ་ཡང་ཁྱད་པར་དང་ནུས་པ་དེ་དག་གིས་མི་འཛིན་པས། དེ་དང་ལྡན་པ་ཉིད་དུ་འཛིན་པར་མི་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཕྱིར་ཁྱད་པར་དང་དེའི་ནུས་པ་དག་མི་འཐད་པ་
དེས་ན་ནམ་ཡང་ཁྱད་པར་དང་ནུས་པ་དག་གིས་ཁྱད་པར་དང་ལྡན་པ་མི་འཛིན་པར་འགྱུར་རོ། །ཁྱད་པར་མེད་པར་འཛིན་པར་བྱེད་པ་ཉིད་དུ་བརྗོད་པ་ཡང་ཁྱད་པར་ཉེ་བར་སྒྱུར་བར་བྱེད་པ་ཉིད་ཀྱིས་འཛིན་པ་ལ་ཉེ་བར་སྦྱོར་ལ། ནུས་པ་དག་ནི་ཉེ་བར་སྒྱུར་བའི་རྒྱུ་ཉིད་དམ།
འབྲེལ་པར་བྱེད་པ་ཉིད་ཀྱི་ཕྱིར་འབྲེལ་པ་ཅན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གཉི་གའི་རང་བཞིན་མེད་པ་དེ་ཉིད་ཀྱིས་འཛིན་པ་མེད་པར་གསལ་བར་བྱས་པ་ཡིན་ནོ། །དེས་ན་ཕན་འདོགས་པའི་བདག་ཉིད་མ་བཟུང་བ་ནི་ནུས་པར་མི་འཐད་པའི་ཕྱིར་དང་། འབྲེལ་པ་མེད་པས་

ཁྱད་པར་དུ་ཡང་མི་འཐད་པའི་ཕྱིར་དེ་དང་ལྡན་པར་འཛིན་པ་མེད་པ་ཡིན་ནོ། །ཡང་ཇི་ལྟར་ཁྱད་པར་དང་དེའི་ནུས་པ་དག་མི་འབྱོར་ཞེ་ན་གཏན་ཚིགས་བཤད་པ་ནུས་པ་གཞན་དང་གཞན་དག་ཁོ་ན་ལ་མཐའ་ཐུག་པ་མེད་པས་སོ། །འབྲེལ་པ་ཅན་ཐ་དད་པ་དང་འབྲེལ་པ་ཅན་ཉིད་ཐ་
མི་དད་ན་ཡང་ཐལ་བ་དེ་ཉིད་དུ་འགྱུར་བས་དེར་ཡང་དེ་ཁོ་ན་བཞིན་ཐ་དད་པ་རྟོགས་པར་ཐལ་བས་ན་ཐུག་པ་མེད་པའི་ཕྱིར་མི་འཐད་དོ། །གལ་ཏེ་དེ་ལྟ་ན་ནུས་པ་མི་འཐད་པར་འགྱུར་གྱི། ཁྱད་པར་བདག་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། འབྲེལ་པ་མེད་ན་ཁྱད་པར་དག་མི་
འཐད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དང་ལྡན་པ་ཉིད་དུ་འཛིན་པར་མི་འགྱུར་རོ་ཞེས་བཤད་དོ། །དེས་ན་དེ་ལྟར་གང་གི་ལྟར་བློ་ཁྱད་པར་ཅན་ནི་དོན་ཅེས་བྱ་བ། ཁྱད་པར་སྣ་ཚོགས་གང་ལ་ཡོད། །ཅེས་བྱ་བའི་ཕྱོགས་ལ་སུན་འབྱིན་པ་བརྗོད་ནས། ཁྱད་པར་སྣ་
ཚོགས་ཉིད་དོན་ཡིན་པས་ཁྱད་པར་སྣ་ཚོགས་ཅན་དོན་ཞེས་བྱ་བའི་ཕྱོགས་འདི་དགག་པའི་ཕྱིར་རེ་ཞིག་འདི་ལ་སྔར་བརྗོད་པའི་སྐྱོན་མེད་པར་བཤད་པ་ནི་ཡང་གལ་ཏེ་ཞེས་བྱ་བའོ། །སྒྲ་དང་ཤེས་པ་རྣམས་ཀྱི་ཁྱད་པར་དག་ཉི་ཚེ་ལ་ཉེ་བར་སྦྱོར་ཏེ། ཡུལ་དུ་བྱས་པར་
འགྱུར་གྱི་དེའི་སྒོ་ནས་ཁྱད་པར་དང་ལྡན་པ་ཡང་ཡུལ་དུ་བྱེད་པ་ནི་མ་ཡིན་ན་དེའི་ཚེ་གཅིག་པོ་དེ་ཁྱད་པར་འབའ་ཞིག་ལ་མ་འབྲེལ་པའི་ཕྱིར་ཏེ། མེད་པའི་ཕྱིར་ཁྱད་པར་དང་ལྡན་པ་དེ་རྟོགས་པའི་སྒོ་ནས་ཁྱད་པར་ཐམས་ཅད་རྟོགས་པར་འགྱུར་བ་བརྗོད་པ་གང་ཡིན་པ་དེར་མི་
འགྱུར་རོ། །དེས་ན་བ་ལང་ཞེས་ཁྱད་པར་གཅིག་རྟོགས་པ་ན་མི་རྟག་པ་ཉིད་ལ་སོགས་པའི་ཁྱད་པར་གཞན་རྟོགས་པར་བྱ་བའི་ཕྱིར་མི་རྟག་པ་ལ་སོགས་པའི་སྒྲ་འཇུག་གོ། །གང་གིས་དེ་རྟོགས་པའི་སྒོ་ནས་ཐམས་ཅད་རྟོགས་པར་འགྱུར་བ་ཁྱད་པར་དང་ལྡན་པ་ནི་རྟོགས་
པ་མ་ཡིན་ནོ་ཞེ་ན། འོན་ཀྱང་ཉེས་པ་གཞན་དུ་ཐལ་བར་འགྱུར་རོ་ཞེས་བཤད་པ་ནི། དེའི་ཚེ་ཡང་ཞེས་བྱ་བ་ཡིན་ནོ། །གལ་ཏེ་དེ་དག་བདག་ཉིད་ལ་འབྲེལ་པའི་ཕྱིར་ཞེས་བྱ་བ་བསྟན་པའི་ཚུལ་གྱིས་ན། འབྲེལ་པ་གཉི་ག་ལ་བརྟེན་པའི་ཕྱིར་ཁྱད་པར་འབའ་ཞིག་རྟོགས་པ་

ན་ཡང་ཁྱད་པར་དང་ལྡན་པར་འགྱུར་བ་ཉིད་དེ། གཅིག་ཤེས་ན་ནི་གཉི་ག་གཟུང་། །ཞེས་བསྟན་པའི་ཕྱིར་རོ་ཞེ་ན། བདེན་མོད་ཀྱང་འདི་ནི་དེ་ཉིད་དུ་བསྟན་ཟིན་པའི་ཕྱིར་སུན་འབྱིན་པ་གཞན་ཉེ་བར་བཀོད་པ་ཡིན་ནོ། །སྒྲ་དག་གིས་ཁྱད་པར་དང་ལྡན་པ་དེ་མ་
བརྗོད་པའི་ཕྱིར་རྟོགས་པ་པོ་མི་འཇུག་པས་སྒྲ་སྦྱོར་བ་དོན་མེད་པར་འགྱུར་རོ། །གལ་ཏེ་ཁྱད་པར་རྟོགས་པ་སྒྲའི་དོན་ཡིན་གྱི་འཇུག་པ་ནི་མ་ཡིན་པས་ན་ཇི་ལྟར་དོན་མེད་པ་ཡིན་ཞེ་ན་བཤད་པ། བསྒྲུབ་པ་དང་དགག་པ་ཞེས་བྱ་བ་ལ་སོགས་པའོ། །སྒྲུབ་པ་ནི་སྒྲུབ་པར་བྱེད་པའི་སྒྲ་
བུམ་པ་ཡོད་དོ་ཞེས་བྱ་བ་ལྟ་བུ་ཡིན་ལ་དགག་པ་ནི་མེད་ཅེས་དགག་པར་བྱེད་པའོ། །དེ་དག་གི་ཐ་སྙད་གདགས་པ་བུམ་པ་ཡོད་དོ་མེད་དོ་ཞེས་དེ་ལྟ་བུའི་དོན་རྟོགས་པ་གང་ཡིན་པའི་ཐ་སྙད་དེ་ཐམས་ཅད་ནི་དོན་མེད་པའི་རྟེན་ཏེ། རྒྱུ་མཚན་གང་ལ་ཡོད་པའོ། །བསྒྲུབས་པའམ་
བཀག་པའི་དོན་བྱ་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་སྒྲུབ་པ་དང་དགག་པ་དག་དོན་བྱེད་པའི་རྒྱུ་མཚན་ཅན་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ་ཇི་ལྟ་བུའི་དོན་ཡུལ་དུ་གྱུར་པས་སྒྲས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོར་རྟོགས་པ་དེ་ཉིད་འདིའི་བརྗོད་པར་བྱ་བ་ཡིན་ཏེ། དཔེར་
ན་བཞོས་ཤིག་འབྲས་བུས་མཆོད་ཅིག་ཅེས་བྱ་བ་ལྟ་བུའོ། །ཁྱད་པར་རྣམས་ཀྱིས་ནི་དོན་བྱ་བར་མི་ནུས་ཏེ། བ་ལང་ཉིད་བཞོ་བའམ། འབྲས་བུའི་རིགས་ཉིད་མཆོད་པར་བྱར་ཡོད་པ་མ་ཡིན་ཏེ། བརྔོ་བཏགས་བྱ་བ་ལ་སོགས་པའི་དངོས་པོས་དུམ་བུར་གཏུབས་པའི་མཐར་
ཐུག་པ་མ་གྲུབ་པའི་ཕྱིར་རོ། །སྒྲའི་དོན་འབྲེལ་པ་མེད་པར་ཡང་འགྱུར་ཏེ། མེས་སྤོངས་ཤིག་ཅེས་བྱ་བ་བཞིན་ནོ། །དེའི་ཕྱིར་འཇུག་པ་སྲིད་པའི་དོན་ལ་སྒྲ་འཇུག་པས་ན། ཐམས་ཅད་ཁྱད་པར་དང་ལྡན་པའི་ཡུལ་ཅན་ཉིད་དུ་རྟོགས་སོ། །དེ་གཞན་དུ་གྱུར་པ་ལ་འཇུག་ན་ནི་དེ་
དགོས་པ་ཅན་དུ་མི་འགྱུར་རོ། །དེ་བཤད་པ་ནི་ནུས་པ་མི་བརྗོད་པས་སྒྲ་སྦྱོར་བ་དག་གིས་ཅི་ཞིག་བྱ། དེའི་དགོས་པ་ཅན་མ་ཡིན་ཡང་རྟོགས་པ་མ་ཡིན་པ་དེས་ན་ཁྱད་པར་ཉི་ཚེའི་ཡུལ་ཅན་མ་ཡིན་ནོ། །དེ་ལྟར་ན་ཡང་ཁྱད་པར་མ་ཡིན་པར་འགྱུར་རོ། །རང་གིས་ཉེ་བར་

བསྒྲུབ་པས་གཞན་རྟོགས་པར་བྱེད་པ་ཁོ་ན་ཁྱད་པར་ཡིན་ཏེ། གཞན་དུ་ན་བུམ་པ་ལ་སོགས་པ་དག་ཀྱང་ཕན་ཚུན་ཁྱད་པར་དུ་འགྱུར་རོ། །འཕྲོད་པ་འདུ་བས་དེ་ལྟར་འགྱུར་ན་ནི་དེ་ཁྱད་པར་དེ་དང་ལྡན་པ་དག་ལ་ཁྱད་པར་མེད་པས་ན་ཁྱད་པར་མེད་པ་ཁོ་ན་ཁྱད་པར་དང་ཁྱད་པར་
ཅན་གྱི་དངོས་པོར་འགྱུར་རོ། །ཁྱད་པར་འབའ་ཞིག་རྟོགས་ན་ནི་ཁྱད་པར་གྱི་ཆོས་མེད་པས་ན་ཁྱད་པར་ཉིད་མ་ཡིན་ནོ། །དེ་བཤད་པ་ནི་འགའ་ཞིག་ལ་ཞེས་བྱ་བ་སྟེ། དེ་ལས་གཞན་པའི་དངོས་པོ་འགའ་ཞིག་ལ་སྒྲ་དང་ཤེས་པ་དག་ཞུགས་ན་ནིའོ། །གང་གི་ཚེ་ཁྱད་པར་ལས་
མ་རྟོགས་པའི་དངོས་པོ་ལ་སྒྲ་དང་ཤེས་པ་ཞུགས་ན་འགྱུར་རོ། །དེ་ལས་ཐ་དད་པ་ལ་ཞུགས་པ་ན། ཇི་ལྟར་དེ་དག་ལ་ཉེ་བར་སྦྱོར་ཞེ་ན། བཤད་པ། རང་གི་ངོ་བོ་ཐ་དད་པར་གྱུར་པའི་གཙོ་བོ་འགའ་ཡན་ལག་ཏུ་གྱུར་པའི་ཕྱིར། གཙོ་བོ་དེའི་ཡན་ལག་ཡིན་པ་ལ་ལྟོས་ནས་ཁྱད་
པར་ཞེས་བརྗོད་དོ། །ཁྱད་པར་དང་ལྡན་པ་ནི། རང་གི་ངོ་བོས་ངེས་པར་མི་རྟོགས་པར་ཁྱད་པར་དག་ཉིད་ཀྱིས་བསྟན་པར་བྱ་བ་ཡིན་པར་དེས་སྨྲ་བ་རྣམས་ཀྱིས་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་ཆོས་ཅན་ཆོས་ཀྱིས་རྣམ་པར་བཅད་ཀྱང་སོ་སོར་རང་གི་ངོ་བོར་རྟོགས་
པར་འགྱུར་ཏེ་དབྱུག་པ་རྣམ་པར་བཅད་པའི་དབྱུག་པ་ཅན་བཞིན་ནོ། །བ་ལང་ངོ་ཞེས་རྟོགས་པ་ན་ནི་དབྱུག་པའི་རང་བཞིན་ལས་སྐྱེས་བུ་བཞིན་དུ་དེའི་རང་བཞིན་མ་ཡིན་པའི་བ་ལང་ཉིད་དང་ལྡན་པ་འགའ་ཡང་རྟོགས་པ་མེད་དོ། །དེས་ན་འདིའི་རང་གི་ངོ་བོས་མི་རྟོགས་པས་
ཁྱད་པར་གྱི་རང་བཞིན་ཉིད་ཀྱི་རང་བཞིན་དང་ལྡན་པར་སྣང་བ་ཡིན་ནོ། །དེས་ན་ཁྱད་པར་ལ་གནས་པའི་སྒྲ་དང་རྟོགས་པ་དག་དེའི་ངོ་བོ་ཉིད་དུ་ཁྱད་པར་དང་ལྡན་པ་རྟོགས་པ་ལས་ཁྱད་པར་དང་ལྡན་པ་ལ་འཇུག་པའི་ཕྱིར་འདི་དག་ནི་གཙོ་བོ་དེའི་ཡན་ལག་ཏུ་འགྱུར་རོ། །དེ་ཉིད་
ཀྱི་ཕྱིར་འགའ་ཞིག་ལ་དང་འགའི་ཞེས་ཁྱད་པར་དང་ལྡན་པ་ངེས་པར་རྟོགས་པ་མེད་པའི་ངོ་བོར་བསྟན་ཏོ། །ཁྱད་པར་དང་ལྡན་པ་སྒྲའི་ཡུལ་མ་ཡིན་ན་ནི་ཚུལ་འདི་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ནི། སྒྲ་དག་གིས་དེ་ཞེས་བྱ་བའོ། །གལ་ཏེ་དེ་ལ་འཇུག་པར་མ་གྲུབ་པའི་

ཕྱིར་ཁྱད་པར་དང་ལྡན་པ་སྒྲའི་ཡུལ་མ་ཡིན་མོད། འོན་ཀྱང་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་ལ་སོགས་པས་དེ་ལྟར་རྟོགས་པའི་ཕྱིར་ཇི་ལྟར་ཁྱད་པར་དག་ཏུ་མི་འགྱུར་ཞེ་ན། གལ་ཏེ་རྣམ་པར་རྟོག་པ་དང་བཅས་པ་ལ་དེ་ལྟར་སྣང་ན་འོ་ན་
དེར་ཁྱད་པར་ཅན་རྟོགས་པ་དང་འབྲེལ་པའི་སྐྱོན་དུ་ཇི་ལྟར་མི་འགྱུར། དེ་ལ་སྒྲ་སྲིད་པའི་ཕྱིར་སྒྲ་དེ་ལྟར་འཇུག་པ་ཡང་སུས་འགོག །སྒྲ་སྦྱར་བ་དོན་མེད་པར་འགྱུར་རོ་ཞེས་གང་བརྗོད་པའི་ཉེས་པ་དེ་ནི་མེད་དེ་ཤེས་པར་བྱས་པས་མཚོན་པའི་ཕྱིར་རོ། །སྒྲས་ནི་ཁྱད་པར་མཚོན་
པར་བྱེད་ཅིང་རྟོགས་པར་བྱེད་ལ་ཤེས་པར་བྱེད་པའི་ཁྱད་པར་དེས་ནི་སྒྲ་དེའི་བརྗོད་བྱ་མ་ཡིན་ཡང་ཁྱད་པར་དང་ལྡན་པ་མཚོན་པར་བྱེད་དེ་གང་གཱའི་སྒྲའི་ཞེས་བྱ་བའི་གང་གཱའི་དོན་གྱིས་འགྲམ་བཞིན་ནོ། །གང་གཱ་འབོད་དོ་ཞེས་བྱ་བ་ནི་རྒྱུན་ལ་མི་སྲིད་པས་ན་དེས་མཚོན་པའི་འགྲམ་
དུ་ཡིན་པར་རྟོགས་པ་ཡིན་ནོ། །མཚོན་པའི་སྒྲའི་བྱེད་པའམ་དོན་གྱིས་བྱེད་པ་ཡིན་པ་ནི་ཕ་རོལ་པོ་རང་ཇི་ལྟར་ཁས་བླངས་པ་བཞིན་རྟོགས་པར་བྱའོ། །དེ་བས་ན་བ་ལང་ལ་སོགས་པའི་རིགས་རྗོད་པར་བྱེད་པ་དག་གིས་ཀྱང་མཚོན་པའི་སྟོབས་ཀྱིས་དོགས་བཞིན་དུ་འབྲེལ་པའི་
ཁྱད་པར་དང་ལྡན་པ་ཉིད་རྟོགས་པར་འགྱུར་རོ་ཞེ་ན། དེར་སློབ་དཔོན་སྐབས་རྙེད་ནས་ལངས་པ་ནི། ཐལ་བར་འགྱུར་བར་མཚུངས་ཏེ་ཞེས་བྱ་བའོ། །ཁྱད་པར་དང་ལྡན་པར་བརྗོད་པ་ལ་བཤད་པའི་ཐལ་བ་གང་ཡིན་པ་དེ་ནི་ཁྱད་པར་འབའ་ཞིག་བརྗོད་པ་ལ་ཡང་མཚུངས་སོ། །ཇི་ལྟར་
མཚུངས་པ་དེ་བཤད་པ་ནི་རེ་ཞིག་ཅེས་བྱ་བའོ། །རེ་ཞིག་ཁྱད་པར་གྱིས་ཉེ་བར་མཚོན་པ་གང་ཡིན་པ་དེ་ནི་འདིས་བདག་ཉིད་ཐམས་ཅད་དཔྱིས་ཕྱིན་པར་རྟོགས་པ་ཡིན་ནོ། །དེས་ན་དེ་ཁྱད་པར་དག་གིས་ཉེ་བར་མཚོན་པ་ནི་ཞེས་འཐད་པར་འགྱུར་བ་སོ་ན་འདུག་པར་བརྗོད་པར་བྱ་བ་ཡིན་
ནོ། །ཁྱད་པར་རྣམས་ཀྱི་ཉེ་བར་མཚོན་པའི་བྱེད་པ་དེའི་མཐར་ཐུག་པ་ཡིན་ན། གཅིག་གིས་ཉེ་བར་མཚོན་པ་ཡང་བདག་ཉིད་ཐམས་ཅད་ཉེ་བར་མཚོན་པ་ཡིན་ནོ། །གང་གི་ཚེ་སྒྲས་ཁྱད་པར་གཅིག་གི་སྒོ་ནས་ཉེ་བར་མཚོན་པ་དེའི་ཚེ་འདི་ལ་ཁྱད་པར་གཞན་དག་གི་སྒོ་ནས་

མཚོན་པར་བྱ་བའི་རང་བཞིན་གཞན་མ་ལུས་ཀྱི། འོན་ཀྱང་སྒྲ་གཅིག་ཁོ་ནས་ཁྱད་པར་གཅིག་གི་སྒོ་ནས་ཉེ་བར་མཚོན་པར་བྱེད་པ་ན། བདག་ཉིད་ཐམས་ཅད་ཀྱིས་ཉེ་བར་མཚོན་པར་འགྱུར་རོ། །ཇི་ལྟར་ཞེ་ན། མེད་ན་མེད་པའི་ཕྱིར་ཞེས་སྨོས་སོ། །མཚན་ཉིད་ནི་འབྲེལ་པ་
མེད་པ་བརྟེན་ནས་འཇུག་སྟེ། དེས་ན་ཁྱད་པར་རྣམས་ནི་མེད་ན་མེད་པ་ཉིད་ཀྱིས་འདིའི་མཚོན་པར་བྱེད་པར་འགྱུར་རོ། །འདིའི་མེད་ན་མེད་པར་ཡང་གཅིག་གིས་ཡིན་གྱི་འདིར་འགའ་ཞིག་ཆ་འགའ་ཞིག་གིས་མ་ཡིན་ནོ། །མེད་ན་མེད་པས་མཚོན་པར་འགྱུར་བ་ན་འདིར་ཁྱད་
པར་གཅིག་གི་སྒོ་ནས་ཀྱང་བདག་ཉིད་ཐམས་ཅད་འགྱུར་རོ། །གཏན་ཚིགས་དེ་བས་ན་ཐལ་བར་འགྱུར་བ་སོ་ན་འདུག་པ་ཡིན་ནོ། །བློ་ལ་གནས་པའི་ཁྱད་པར་དང་ལྡན་པའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་རྟོགས་ན་ཡང་ཁྱད་པར་གཅིག་གི་སྒོ་ནས་ཁྱད་པར་མཐའ་དག་འཛིན་
པར་འགྱུར་རོ། །བློ་ལ་གནས་པ་དེ་ཡང་སྒྲས་རྗོད་པར་བྱེད་པས་བྱེད་ཀྱང་རུང་མཚན་ཉིད་འཇུག་པས་ཀྱང་རུང་སྟེ་ཁྱད་པར་འགའ་ཡང་མེད་དོ། །དེ་བརྗོད་པ་ནི་འདི་སྒྲས་ཉེ་བར་མཚོན་ཀྱང་རུང་ཞེས་བྱ་བའོ། །འདིས་ནི་རྗོད་པར་བྱེད་པའི་ཁྱད་པར་བརྗོད་དོ། །དེས་ཉེ་བར་མཚོན་
པའི་ཁྱད་པར་ངག་གིས་ཉེ་བར་མཚོན་ཀྱང་རུང་ཞེས་བྱ་བས་ནི་མཚན་ཉིད་དོ། །གཉི་ག་ལྟར་ཡང་དེ་ལ་རྟོགས་པ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བཤད་པ་ནི། རེ་ཞིག་དེའི་ཚེ་ཞེས་བྱ་བའོ། །འདིར་མཚོན་པ་ལ་མངོན་པར་ཞེན་པ་མེད་དེ་རྣམ་པ་གང་ཡང་རུང་བས་ཀྱང་ཁྱད་པར་
དང་ལྡན་པ་རྟོགས་པར་ཁས་བླངས་པ་ན་ཁྱད་པར་ཐམས་ཅད་འཛིན་པར་ཐལ་བར་འགྱུར་བ་ཡིན་ནོ། །རེ་ཞིག་ཁྱད་པར་དག་པར་རྟོགས་པར་སྨྲ་བ་ཐམས་ཅད་ཀྱིས་ཀྱང་གསལ་བར་རྟོགས་པ་ལ་ལྟོས་པར་བྱ་བ་ཡིན་ཏེ། གཞན་དུ་ན་སྒྲས་དོན་རྟོགས་པར་མཐར་ཕྱིན་པར་མི་འགྱུར་
བའི་ཕྱིར་རོ། །དེས་ན་རྣམ་པ་གང་གིས་དེ་ལྟར་འདོད་དེ། ཐམས་ཅད་དུ་ཉེས་པ་འདི་ཁྱད་པར་མེད་དོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །དེ་ཡང་སྐབས་ཀྱི་དོན་ཉེ་བར་སྡུད་པ་ནི་བསྡུ་བའི་ཚིགས་སུ་བཅད་པ་ཡིན་ནོ། །ཁྱད་པར་གཅིག་པ་ལ་ཕན་པར་བྱེད་

པ་གང་ཡིན་པ་ཤེས་པའི་ཡུལ་དུ་གྱུར་པའི་ཕྱིར་བཟུང་ན་ནི། མཐོང་བ་དེ་གཞི་དེ་ལ་ལྟོས་ཏེ། ཁྱད་པར་གཞན་གྱི་ཡུལ་ཅན་གྱིས་མ་མཐོང་བའི་ཕན་པ་དེ་དག་ནི་གཞན་མིན་ནོ། །གལ་ཏེ་དེ་ལྟར་ཡིན་མོད། དེས་ཅིར་འགྱུར་ཞེ་ན། བཤད་པ་གཏན་ཚིགས་དེའི་
ཕྱིར་ཕན་པར་བྱེད་པ་མཐོང་བ་དེར་མ་མཐོང་བའི་ཕན་པ་མེད་དོ་ཞེས་འབྲེལ་ཏོ། །དེ་ལས་ཀྱང་ཅིར་འགྱུར་ཞེ་ན། དེ་བཟུང་ན་ནི་ཐམས་ཅད་བཟུང་། །ཞེས་སྨོས་སོ། །རང་གི་ངོ་བོ་ཁྱད་པར་དང་ལྡན་པ་ལ་ཐམས་ཅད་མ་ཡིན་པ་མི་སྲིད་དེ་ཆ་མེད་པའི་ཕྱིར་རོ། །དེས་ན་ཁྱད་པར་
ཐམས་ཅད་ཀྱིས་ཐམས་ཅད་དུ་འགྱུར་རོ། །དེས་ན་དེ་ལྟར་ཚད་མ་གཞན་འཇུག་པའི་སྟོབས་ཀྱིས་རྣམ་པར་རྟོག་པ་རྣམས་སྒྲུབ་པའི་ཡུལ་ཅན་ཡིན་པ་བཟློག་པ་ན་ཕ་རོལ་པོ་དག་འདིར་ཡང་མངོན་སུམ་བཞིན་དུ་འཛིན་པར་དོགས་པར་བྱེད་པས་དེའི་དོགས་པ་བསུ་བ་ནི་གལ་ཏེ་ཞེས་
བྱ་བའོ། །ཇི་ལྟར་ཁྱོད་ཀྱི་ཕྱོགས་ལ་མངོན་སུམ་གྱིས་ཆོས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་དོན་བཟུང་ཡང་འཁྲུལ་པས་རྣམ་པ་བསྐལ་པས་ན་ཚད་མ་གཞན་ལ་ལྟོས་པ་དེ་བཞིན་དུ་རྣམ་པར་རྟོག་པས་ཀྱང་ཐམས་ཅད་ལ་ཕན་འདོགས་པའི་བདག་ཉིད་ཀྱི་དངོས་པོ་བཟུང་བ་
འཁྲུལ་པའི་དབང་གིས་རང་བཞིན་མཐའ་དག་མ་ངེས་པ་ན་ཚད་མ་གཞན་འཇུག་པའི་ཕྱིར་ཉེས་པ་འགའ་ཞིག་མེད་དོ། །འདི་ལྟར་གང་གི་ཚེ་ཁྱད་པར་གཅིག་གི་སྒོ་ནས་ཀྱང་ཁྱད་པར་ཅན་བཟུང་བ་དེའི་ཚེ། གལ་ཏེ་ཡང་ཁྱད་པར་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་དེ་གཟུང་
བའི་ཕྱིར་ཁྱད་པར་ཐམས་ཅད་འཛིན་པ་འཐོབ་པ་དེ་ལྟ་ན་ཡང་ཁྱད་པར་གཞན་ལ་ཕན་འདོགས་པར་བྱེད་པའམ་ཁྱད་པར་གཞན་ལ་འཁྲུལ་པ་ཡོད་པས་དེ་ངེས་པར་མི་འཛིན་པའི་ཕྱིར་ཚད་མ་གཞན་ལ་ལྟོས་སོ། །དེས་ན་ཁྱད་པར་གཞན་དེ་རྟོགས་པར་བྱེད་པས་དེ་ལ་འཇུག་པ་ན་དེ་ལ་འཁྲུལ་པ་ཟློག་པར་
བྱེད་པས་གོ་བར་བྱེད་པ་ཡིན། དེས་ན་ཁྱད་པར་དེ་དང་དེའི་སྒོ་ནས་དོན་རྟོགས་པར་བྱེད་པའི་ཚད་མས་གཞན་རྣམས་དེ་སྲིད་ཙམ་གྱི་ཡུལ་ཅན་གྱི་འཁྲུལ་པ་ཟློག་པར་བྱེད་པ་ཉིད་ཀྱིས་ཚད་མ་གཞན་གྱི་ཡུལ་རྟོགས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་འདི་སྙམ་དུ་ཞེས་བྱ་བས་ནི་རྣམ་པར་འགྲེལ་

ཏོ། །གལ་ཏེ་དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་སོ། །རྣམ་པར་རྟོག་པ་གཅིག་གིས་བཟུང་བ་ལ་ཡང་འཁྲུལ་པས་གཞན་བཟློག་པའི་དོན་དུ་ཞུགས་པའི་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་གཅོད་པའི་ཡུལ་ཅན་དུ་གྲུབ་བོ། །འདི་ལྟར་འཁྲུལ་པ་དེ་བཟློག་པ་ནི་དེས་སྒྲོ་
བཏགས་པའི་དོན་དང་ཐ་མི་དད་པར་བཟློག་པའི་སྒོ་ནས་དོན་རྟོགས་པར་བྱེད་ལ། འདི་ལ་སྔོན་པོ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་རྣམས་ཀྱི་སེལ་བའི་ཡུལ་ཅན་གྱི་དངོས་པོ་ཡང་འདི་ཁོ་ནར་ཟད་དོ། །ཁྱད་པར་ནི་འདི་ཡིན་ཏེ། ཁོ་བོ་ཅག་གིས་རྟོགས་པའི་ངོ་བོས་ཡུལ་ཅན་དུ་མི་
འདོད་པ་གང་ཡིན་པའོ། །ཁྱེད་དེ་ལྟར་འདོད་པས་ནི་དངོས་པོ་ཡུལ་ཅན་ཉིད་ཀྱང་སེལ་བའི་སྒོ་ནས་ཡིན་པར་བརྗོད་པར་འགྱུར་ཏེ། རང་གི་གཞུང་གིས་འདི་སྔོན་པོ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བར་རྟོགས་པ་བཞིན་ནོ། །དེ་འཁྲུལ་པ་བཟློག་པ་ན་དོན་རྟོགས་པར་བྱེད་པ་སེལ་བའི་ཡུལ་
ཅན་དུ་འགྱུར་མོད། གང་གི་ཡུལ་ལ་འཁྲུལ་པས་བསྐལ་པ་ན་དེ་འཇུག་པ་དེ་གོ་ཇི་ལྟར་གཞན་སེལ་བའི་ཡུལ་ཅན་ཡིན་ཞེ་ན། དེ་ལས་གཞན་པའམ་ཞེས་སྨོས་སོ། །ཇི་ལྟར་དེ་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་པ་དེ་བཞིན་དུ་དེ་ལས་གཞན་ཡང་གྲུབ་པ་ཡིན་ནོ། །ཇི་ལྟར་ཞེ་ན་
སྒྲོ་འདོགས་པ་མེད་པའི་ཞེས་སྨོས་སོ། །སྔར་ཞུགས་པ་སེལ་བར་བྱེད་པ་ཉིད་མ་ཡིན་ཡང་སྒྲོ་འདོགས་ཡོད་ན་འདི་མེད་པ་ཉིད་ཀྱིས་སེལ་བའི་ཡུལ་ཅན་ཉིད་དོ། །མཐོང་བ་འགའ་ལ་ཤེས་པ་གང་ཞེས་བྱ་བ་ལ་སོགས་པ་སྔར་ཇི་སྐད་བཤད་པ་བཞིན་ནོ། །འགྲེལ་པ་ནི་འཁྲུལ་པ་བཟློག་པའི་
ཞེས་བྱ་བ་སྟེ། འདིས་ནི་དེ་རྣམ་པར་གཅོད་པའི་ཡུལ་ཅན་གྲུབ་ཅེས་བྱ་བ་བཤད་པ་ཡིན་ནོ། །དེ་ལས་གཞན་པའམ། དེ་དང་འདྲ་བ་ཞེས་བཤད་པ་ནི། གཞན་ཡང་དེ་དང་འདྲ་སྟེ་ཞེས་བྱ་བ་སྟེ་གཞན་སེལ་བའི་ཡུལ་ཅན་དུ་གྲུབ་ཅེས་འབྲེལ་ཏོ། །སྒྲོ་འདོགས་མེད་པའི་ཡུལ་ལ་ནི་
ཞེས་བྱ་བ་བཤད་པ་ནི། སྒྲོ་འདོགས་པ་མེད་པའི་ཞེས་བྱ་བའོ། །སྒྲོ་འདོགས་པ་མེད་པའི་ཡུལ་ལ་འཇུག་པ་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་སྟོན་པ་ནི་གང་ལ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །དེས་ན་དེ་ལྟར་གཞན་གྱིས་

བརྗོད་པའི་ལན་གྱིས་ཚུལ་ཁས་བླངས་ནས་གཞན་སེལ་བའི་ཡུལ་ཅན་དུ་ཐལ་བ་བརྗོད་པ་ཡིན་ནོ། །དེ་ནི་འདི་ལ་མངོན་སུམ་དང་མཚུངས་པ་ཉིད་སྲིད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཞན་ཡང་ངོ་བོ་གང་ཞེས་སྨོས་སོ། །རྣམ་པར་རྟོག་པས་ཁྱད་པར་གྱི་སྒོ་ནས་དོན་ལ་
འཇུག་པ་ན་དོན་བདག་ཉིད་ཐམས་ཅད་ཀྱིས་རྟོགས་པ་ཡིན་ནོ། །དེ་འཁྲུལ་པས་དེ་ལྟར་ངེས་པར་མ་ཟིན་པའི་ཕྱིར་ཞེས་བྱ་བ་མངོན་སུམ་དང་འདྲ་བའི་ཚུལ་འདི་ནི་རྣམ་པར་རྟོག་པ་ལ་མི་སྲིད་དོ། །རྣམ་པར་རྟོག་པས་ཁྱད་པར་ཐམས་ཅད་ཀྱི་ཡུལ་ལ་ཕན་པ་སྒྲུབ་པར་བྱེད་པའི་དོན་བདག་
ཉིད་ཐམས་ཅད་བཟུང་ངོ་ཞེས་བྱ་བ་ནི་མི་སྲིད་དེ་རྣམ་པར་རྟོག་པ་རྣམས་ཀྱི་ཡུལ་རྣམ་པར་མ་བཏགས་པ་ནི་མི་སྲིད་པའི་ཕྱིར་རོ། །མྱོང་བ་མྱོང་བཞིན་པར་གྱུར་པ་རྣམ་པ་ཇི་ཞིག་ལྟར་ངེས་པ་ནི་རྣམ་པར་རྟོག་པར་བརྗོད་དོ། །ངེས་པའི་རང་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ནི་མི་
སྲིད་དོ། །དེས་ན་ཁྱད་པར་སོ་སོའི་རང་གི་ངོ་བོ་དང་དེ་ལ་ཕན་འདོགས་པར་བྱེད་པ་ཉིད་དུ་ངེས་པ་མེད་པར་ཁྱད་པར་ཐམས་ཅད་ལ་ཕན་འདོགས་པར་བྱེད་པའི་ཁྱད་པར་དང་ལྡན་པ་རྣམ་པར་རྟོག་པས་བཟུང་བ་ཡིན་ནོ་ཞེས་ཇི་ལྟར་བརྗོད། འདི་ལྟར་བུམ་པ་ལ་སོགས་པའི་མྱོང་བ་
ནས་དངོས་པོ་ལ་སྣང་བ་སྐད་ཅིག་མ་ཉིད་ལ་སོགས་པའི་རང་བཞིན་རང་གི་ངོ་བོར་གྱུར་པ་ཡིན་ཡང་བུམ་པ་ལ་སོགས་པ་རྣམ་པར་རྟོག་པ་ལ་རིག་པ་ན། སྐད་ཅིག་མ་ཉིད་དུ་མ་ངེས་པ་དེས་ན་སྐད་ཅིག་མ་ཉིད་ཀྱིས་རྟོགས་པ་ལོགས་སུ་བཙལ་བར་བྱ་བ་ཡིན་ནོ། །དེས་ན་གང་རྟོགས་པ་
ན་ཇི་ལྟར་རྣམ་པར་རྟོག་པར་འགྱུར་བ་དེ་ནི་དེ་ལྟར་དེའི་ཡུལ་དུ་བརྗོད་པ་ན་མ་ངེས་པ་ནི་རྣམ་པར་རྟོག་པའི་ཡུལ་ཉིད་མ་ཡིན་ན། དེ་ཇི་ལྟར་རྣམ་པར་རྟོག་པས་མ་རྟོགས་པ་ཡང་རྣམ་པར་རྟོག་པའི་ཡུལ་དུ་འགྱུར། ངེས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་འགྲེལ་པའོ། །
རྣམ་པར་རྟོག་པ་རྣམས་ཀྱི་རང་གི་དོན་རྟོགས་པ་ནི་འདི་ཁོ་ན་ཡིན་ཏེ། དེ་ལ་རྣམ་པར་རྟོག་པ་དེར་ངེས་པ་གང་ཡིན་པའོ། །རྣམ་པར་རྟོག་པ་ནི་ངེས་པ་ཙམ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེས་ན་གང་ཞིག་ངེས་པ་མ་ཡིན་པ་དེ་ནི་རྣམ་པར་རྟོག་པ་མ་ཡིན་པའི་ཕྱིར་འདི་ནི་འདི་ལྟ་

བུའོ་ཞེས་ངེས་པར་མ་བྱས་པ་དེ་ནི་རྣམ་པར་བརྟགས་པ་མ་ཡིན་ནོ་ཞེས་བརྗོད་དོ། །དེ་བཤད་པ་ནི་གལ་ཏེ་དེ་ཞེས་བྱ་བའོ། །ཇི་ལྟར་རྣམ་པ་གཞན་མ་ཡིན་པ་དེ་བཞིན་དུ་མ་ངེས་ན་དེས་ན་དེ་བཞིན་དུ་གཞན་ཡང་མ་ངེས་པ་ཡིན་ནོ། །འོན་ཏེ་མ་ངེས་ཀྱང་བཟུང་བ་ཡིན་ན། རྣམ་པ་གཞན་
ཡང་ཅི་སྟེ་མ་བཟུང་། དེས་ན་ཧ་ཅང་ཐལ་བར་འགྱུར་ཏེ། མ་ངེས་པ་ཡང་ཡུལ་ཡིན་ན། རྣམ་པར་རྟོག་པ་གཅིག་གི་ཡུལ་ཡང་དོན་ཐམས་ཅད་ཡིན་པར་འགྱུར་བའི་ཕྱིར་རོ། །མ་ངེས་པ་ཡང་བཟུང་བར་ཕ་རོལ་པོ་དག་གིས་ཁས་བླངས་པའི་ཕྱིར་རོ། །འདི་ཁོ་ན་ཞེས་བྱ་བ་འདི་རྣམ་
པ་གཞན་བཟློག་པའི་ཕྱིར་ངེས་པར་བཟུང་བའི་དངོས་པོ་ཁྱད་པར་ཅན་གཅིག་གི་སྒོ་ནས་འཛིན་པ་ན་གལ་ཏེ་ཁྱད་པར་མཐའ་དག་འཕེན་པར་བྱེད་པའི་བདག་ཉིད་དུ་བཟུང་མོད་ཀྱི། དེ་ལྟ་ཡང་འཁྲུལ་པས་ངེས་པར་མི་ཟིན་ཏོ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་མི་འཐད་དེ། གལ་ཏེ་རྣམ་
པར་རྟོག་པས་ཐམས་ཅད་ལ་ཕན་འདོགས་པའི་བདག་ཉིད་དེ་བཟུང་བ་ནི། འདི་ལྟར་ན་བཟུང་བར་འགྱུར་བ་ཡིན་ཏེ། གལ་ཏེ་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་ཉིད་དུ་ངེས་ནའོ། །རྣམ་པར་རྟོག་པ་ནི་ངེས་པ་ཙམ་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཁྱད་པར་ཐམས་ཅད་མ་ངེས་
པར་ནི་ཁྱད་པར་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་ཉིད་དུ་འཛིན་པ་མེད་པའི་ཕྱིར་རོ། །སྒྲ་དང་ཚད་མ་གཞན་འཇུག་པ་དོན་མེད་པ་འཐད་པ་ཁོ་ནའོ། །གལ་ཏེ་མངོན་སུམ་གྱིས་སྒྲུབ་པའི་ངོ་བོས་དོན་འཛིན་པ་ཞེས་བྱ་བ་ལ་རེ་ཞིག་བ