Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 182
Văn bản gốc(Tây Tạng)
Trang 11 / 26 (50.000 ký tự/trang)
དེ་གཞན་མ་ཡིན་པ་ཉིད་དུ་ཐལ་བར་གྱུར་པའི་ཕྱིར་རོ་ཞེས་སྨོས་སོ། །གལ་ཏེ་གཞན་དེ་དེ་ཉིད་ཡིན་ན། དེ་ལྟ་ན་འདི་གཞན་གྱི་ངོ་བོ་དང་འདྲེས་པར་འགྱུར་བ་ཡིན་ ནོ། །གང་གི་ཚེ་འདི་གང་ཡིན་པ་ནི་དེ་ཁོ་ན་ཡིན་ལ་གཞན་ནི་གཞན་ཁོ་ན་ཡིན་པ་དེའི་ཚེ་འདྲེས་པའི་དོན་ཅི་ཞིག་ཡོད། དེ་ལྟ་ན་ནི་རང་རང་གི་ངོ་བོ་ལ་གནས་པ་ཉིད་དུ་གསལ་བར་འགྱུར་རོ། །འདྲེས་པར་གྱུར་པས་བྱས་ཏེ་འདི་དག་གཅིག་ཏུ་གྱུར་ན་ཡང་དེ་གཞན་མ་ཡིན་པ་ཕ་རོལ་པོར་མ་ གྱུར་པ་ཉིད་དུ་འགྱུར་བས་དེ་ལྟ་ན་ཡང་གཞན་གྱི་བདག་ཉིད་ལ་འདྲེ་བ་མ་གྲུབ་ཀྱི། འོན་ཀྱང་རང་རང་གི་ངོ་བོ་ཉིད་ལ་རྣམ་པར་གནས་པ་ཁོ་ནར་འགྱུར་རོ། །ཅི་སྟེ་ཡང་རང་བཞིན་ཐ་དད་པ་ཡོད་ཀྱང་རང་བཞིན་འགའ་ཞིག་གིས་གཅིག་པར་འགྱུར་བའི་ཕྱིར་གཞན་གྱི་བདག་ཉིད་དང་ འདྲེས་ཀྱང་གཞན་མ་ཡིན་པར་ཐལ་བར་མི་འགྱུར་ཏེ། དཔེར་ན་བུམ་པ་སྣམ་བུ་ལས་རང་གི་ངོ་བོ་ཐ་དད་ཀྱང་ཡོན་ཏན་གསུམ་གྱི་བདག་ཉིད་ཀྱིས་གཅིག་ཏུ་འགྱུར་རོ་ཞེས་ཁ་ཅིག་སེམས་པ་བཞིན་ནོ། །འདི་ལྟར་བུམ་པ་ཡང་སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་ཡིན་ལ་སྣམ་ བུ་ཡང་ཡིན་ནོ། །ཡོན་ཏན་གསུམ་ནི་བུམ་པ་ལས་ཐ་མི་དད་ལ་སྣམ་བུ་ལས་ཀྱང་ཐ་མི་དད་དོ། །དེས་ན་གཞན་ཡིན་ཡང་འདྲེ་བར་འཐད་པ་ཡིན་ནོ་ཞེས་དོགས་པ་ཐམས་ཅད་སྨོས་པའི་འབྲས་བུ་བསྟན་པའི་ཕྱིར་གང་ཡང་ཞེས་སྨོས་སོ། །གང་ཡང་བུམ་པ་ལ་སོགས་པ་འདི་དག་གི་ རང་གི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་གསལ་བ་ལས་ཐ་མི་དད་པ་དང་ངོ་བོ་ཐ་མི་དད་པ་ཞེས་བྱ་བ་རྗེས་སུ་འགྲོ་བ་སྟེ། གཞུང་ལུགས་ཇི་ལྟ་བ་བཞིན་ཁས་བླངས་པའོ། །དེ་ནི་བུམ་པ་ལ་སོགས་པ་ཐ་དད་པའི་བདག་ཉིད་དེ་དག་གི་མ་ཡིན་ཏེ། རང་བཞིན་དེ་དག་གི་མ་ཡིན་ནོ་ཞེས་བྱ་བའི་ ཐ་ཚིག་གོ། །ཇི་ལྟར་ཞེ་ན་བཤད་པ་བདག་ཉིད་དུ་གྱུར་པ་ཐ་དད་པ་མེད་པའི་རང་བཞིན་ཡོད་པར་གྱུར་པ་དེའི་ཚེ་བུམ་པ་ལ་སོགས་པ་དག་མེད་པར་འགྱུར་རོ། །འདི་ལྟར་བུམ་པ་ཡོན་ཏན་གསུམ་ལས་ཐ་མི་དད་ན། བུམ་པ་ཉིད་ཡོན་ཏན་གསུམ་ཡིན་པའམ། ཡང་ན་ཡོན་ཏན་ གསུམ་ཉིད་བུམ་པ་ཡིན་པར་འགྱུར་གྱི། བུམ་པ་ཉིད་དང་ཡོན་ཏན་གསུམ་གྱི་བདག་ཉིད་དུ་ཡང་འགྱུར་བ་ནི་མ་ཡིན་ནོ། །དེ་ལྟ་ན་འོ་ན་སྔོན་པོ་སྐད་ཅིག་མ་ཉིད་ལས་ཐ་མི་དད་ན་སྔོན་པོ་ཉིད་སྐད་ཅིག་མ་ཡིན་པའི་ཕྱིར་འཇིག་པ་ཙམ་མམ་གཟུགས་ཙམ་དུ་འགྱུར་གྱི་གཟུགས་ དང་འཇིག་པར་ནི་མི་འགྱུར་རོ། །དེས་ན་ཐ་མི་དད་ཀྱང་གཟུགས་དང་འཇིག་པ་ཡིན་པ་དེ་བཞིན་དུ་བུམ་པ་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་དུ་འགྱུར་རོ་ཞེ་ན་མི་མཐུན་པ་ཉེ་བར་བཀོད་པ་སྟེ་གཟུགས་ཉིད་འཇིག་པ་ཡིན་པའི་ཕྱིར་སྔོན་པོ་དང་སྐད་ཅིག་མ་དག་ཐ་དད་མེད་ཀྱང་ འདི་རྣམ་པར་རྟོག་པས་ཐ་དད་པར་རྟོགས་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་བུམ་པ་ཉིད་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་ཡིན་པས་ན་འདི་རང་བཞིན་གཅིག་ཡིན་ན་སྣམ་བུ་ལ་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་ཡོད་པའི་ཕྱིར་དེ་ཡང་བུམ་པའི་རང་བཞིན་དུ་འགྱུར་རོ། །བུམ་ པའི་རང་བཞིན་ཡང་ཡིན་ལ་ཡོན་ཏན་གསུམ་ཡང་ཡིན་པའི་ཕྱིར་སྔོན་པོ་དང་སྐད་ཅིག་མ་ལ་སོགས་པ་ལྟར་ཐ་མི་དད་པའི་རང་བཞིན་ཡིན་པའི་ཕྱིར་བུམ་པའི་རང་བཞིན་དང་བྲལ་བའི་ཡོན་ཏན་གསུམ་སྣམ་བུ་ལ་ཡོད་པར་ག་ལ་འགྱུར་ཏེ། དེ་ཡོན་ཏན་གསུམ་ཉིད་མ་ཡིན་པར་ འགྱུར་རོ། །དེ་ལྟ་ན་འོ་ན་སྔོན་པོ་དང་འཇིག་པ་ཞེས་བྱ་བ་རང་བཞིན་གཅིག་ཡིན་པའི་ཕྱིར་སྔོན་པོ་ཉིད་སྤངས་ནས་སེར་པོ་འཇིག་པ་ཡིན་པར་མི་འགྱུར་བའམ། འཇིག་པ་ཡིན་ན་ནི་སྔོན་པོ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ། སྔོན་པོའི་བདག་ཉིད་ དུ་གྱུར་པའི་འཇིག་པ་ཉིད་སེར་པོ་ལ་ཁས་མ་བླངས་པའི་ཕྱིར་རོ། །དེ་ཡོད་ན་ནི་ཐལ་བ་འདིར་འགྱུར་བ་ཁོ་ན་སྟེ། དེ་སྔོན་པོ་དང་དབྱེར་མེད་པ་ན་སྔོན་པོ་སྤངས་ནས་རྗེས་སུ་འཇུག་པ་མི་སྲིད་པའི་ཕྱིར་རོ། །ཡོན་ཏན་གསུམ་ནི་སྣམ་བུ་ལས་གཞན་དུ་ ཁས་མ་བླངས་སོ། །བུམ་པ་ལ་ཡོད་པ་ནི་བུམ་པ་དང་ཐ་མི་དད་པས་ན་སྣམ་བུ་བུམ་པར་ཐལ་ལོ། །དེས་ན་ཡོན་ཏན་གསུམ་ཙམ་རྗེས་སུ་འཇུག་པ་དེ་བུམ་པ་ལས་གཞན་ཡིན་པར་འགྱུར་རོ། །དེས་ན་བུམ་པ་ཉིད་ཡོན་ཏན་གསུམ་ཡིན་ནོ་ཞེས་ཁས་མི་བླང་ངོ་། །དེས་ན་རྣམ་ པར་རྟོག་པ་སྔ་མ་ལ། བུམ་པ་ཉིད་ཡོན་ཏན་གསུམ་ཡིན་པར་འགྱུར་བའི་ཕྱིར་སྣམ་བུ་བུམ་པ་ཉིད་དུ་ཐལ་ལོ། །འོན་ཏེ་ཡོན་ཏན་གསུམ་གྱི་བདག་ཉིད་ཁོ་ན་བུམ་པ་ཡིན་ནོ། །དེའི་ཚེ་དེ་དག་མེད་པ་ཁོ་ནར་འགྱུར་རོ། །དེ་བཤད་པ་ནི་དེ་ཁོ་ན་ཡིན་པར་འགྱུར་ཏེ་ཞེས་བྱ་བའོ། ། གང་གི་ཕྱིར་ཐ་མི་དད་པ་གསལ་བ་ལ་རྗེས་སུ་འགྲོ་བ་ཡོད་པ་ཡིན་པ་དེའི་ཕྱིར་དེ་ཁོ་ན་ཡིན་པར་འགྱུར་རོ། །གལ་ཏེ་ཇི་ལྟར་ཐ་མི་དད་པ་ཡོད་པ་དེ་བཞིན་དུ་གསལ་བའི་རང་བཞིན་དུ་ཐ་དད་པ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ནོ་ཞེས་བཤད་པ་ནི་ཐ་དད་པ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་ བའོ། །བུམ་པ་ལ་སོགས་པ་གསལ་བའི་བདག་ཉིད་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ། །དེ་ཡོད་ན་དེ་ལས་མ་རྟོགས་པ་ཞེས་གཞི་མཐུན་པས་གཏན་ཚིགས་ཡིན་ནོ། །འདི་སྐད་བཤད་པ་ཡིན་ཏེ་གལ་ཏེ་བུམ་པ་ལ་སོགས་པ་ཐ་དད་པ་ཡོད་ལ་ཡོན་ཏན་གསུམ་ཡང་ཐ་མི་དད་པ་ཡིན་ན། དེའི་ཚེ་དེ་དང་ཐ་དད་པར་འགྱུར་བའི་ཕྱིར་འདི་ཁས་བླང་བར་ནུས་པ་མ་ཡིན་ནོ། །ཇི་སྐད་བརྗོད་པའི་བསམ་པ་ཐ་མི་དད་པ་ལས་ཉེས་པ་བཤད་པ་ནི་དེ་ཉིད་ཐ་དད་པར་ནི་ཞེས་བྱ་བའོ། །གལ་ཏེ་ཡོན་ཏན་གསུམ་གྱི་བདག་ཉིད་ལས་བུམ་པ་ཉིད་ཐ་དད་པ་མ་ཡིན་ན། དེའི་ཚེ་འདི་སྣམ་བུ་ལ་ སོགས་པ་ལས་ཐ་མི་དད་པས་ཇི་ལྟར་ཡང་བུམ་པ་ལ་སོགས་པ་ཐ་དད་པར་འགྱུར། བུམ་པ་དང་ཐ་མི་དད་པའི་ཡོན་ཏན་གསུམ་སྣམ་བུ་ལས་ཐ་དད་པ་མེད་བཞིན་དུ་ཡང་སྣམ་བུ་ལ་སོགས་པའི་རང་བཞིན་གྱིས་ཐ་དད་དོ་ཞེས་ནི་མི་འཐད་དོ། །དེའི་ཕྱིར་ཡོན་ཏན་གསུམ་ཙམ་ཉིད་ཡོད་པ་ ལུས་པ་ཡིན་ལ་དེ་ལྟ་ན་ཡང་དངོས་པོ་ཐམས་ཅད་རང་རང་གི་ངོ་བོ་ལ་གནས་སོ་ཞེས་གྲུབ་བོ་ཞེས་སྟོན་པ་ནི། དེ་ཡང་ཞེས་བྱ་བ་ཡིན་ནོ། །གང་གི་ཚེ་ཐ་མི་དད་པར་ཁས་བླངས་པ་གང་ཡིན་པ་དེ་ཁོ་ན་ཡོད་དོ་ཞེས་ལུས་པར་གྱུར་པ་དེའི་ཚེ། གཞན་འགའ་ཡང་མེད་པས་ན་འདི་གང་དུ་འདྲེ་བར་ འགྱུར་ཏེ་དེས་ན་རང་གི་བདག་ཉིད་ལ་རྣམ་པར་གནས་པ་གྲུབ་པའི་ཕྱིར་གཞན་ལ་ལྡོག་པ་ཡིན་ནོ། །འོ་ན་དོན་ཐ་དད་པ་ཡང་ཡོད་པར་འགྱུར་ལ་ཐ་དད་པ་རྣམས་ཀྱི་རང་བཞིན་ཐ་མི་དད་པ་ཡང་ཡོད་པ་ཡིན་ནོ། །གང་གིས་ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་བ་ཐ་དད་པ་དག་དང་ཐ་མི་དད་པར་དབྱེར་མེད་པ་ནི་ མ་ཡིན་ཏེ། འོན་ཀྱང་ཐ་དད་པ་ཁོ་ནའོ། །ཐ་མི་དད་པ་དེ་ནི་ཐ་དད་པ་དེ་དག་ལ་འབྲེལ་པ་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་ཐ་དད་པར་རང་གི་བདག་ཉིད་ཀྱིས་རང་རང་གི་ངོ་བོ་ལ་རྣམ་པར་གནས་པའི་ཕྱིར་མ་འདྲེས་ཀྱང་འདི་དག་ལ་ཐ་མི་དད་པའི་རང་བཞིན་ཡོད་པ་གང་ཡིན་པ་དེ་དང་འབྲེལ་ པའི་ཕྱིར་འདི་དག་དེའི་བདག་ཉིད་ཀྱིས་འདྲེ་བ་ཡིན་ནོ། །དེས་ན་བུམ་པ་ལ་སོགས་པ་དག་བུམ་པ་ལ་སོགས་པ་བདག་ཉིད་ཀྱིས་རང་རང་གི་ངོ་བོ་ལ་གནས་ཀྱང་ཡོད་པའི་བདག་ཉིད་ཀྱིས་འདྲེ་བར་འགྱུར་ཏེ། ཡོད་པའི་མཚན་ཉིད་ཀྱི་དེའི་བདག་ཉིད་ནི་དེ་དག་དང་འབྲེལ་བའི་ཕྱིར་ཏེ། ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །དེས་ན་བདག་ཉིད་འགའ་ཞིག་འདྲེ་བར་འགྱུར་བས་ན། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །ཞེས་ཇི་ལྟར་བརྗོད་ཅེ་ན་ཞེས་དོགས་པ་ལ། དོན་གཞན་ཡང་ཞེས་སྨོས་སོ། །དོན་གཞན་ཉིད་ཀྱིས་སྔར་གྱི་སྐྱོན་མེད་པར་བསྟན་ཏོ། །དེ་ལྟ་ཡིན་ ན་དེ་དག་གི་རང་བཞིན་ཡིན་པའི་ཕྱིར་འདྲེ་བར་མི་འགྱུར་རོ་ཞེས་བྱ་བ་བཟློག་པའི་ཕྱིར། དུ་མ་དང་འབྲེལ་ཀྱང་ཞེས་སྨོས་སོ། །དེ་ལྟ་བུར་གྱུར་པས་ཀྱང་དེ་དག་འདྲེ་བ་མ་ཡིན་ནོ་ཞེས་བཤད་པ་ནི། དེ་ནི་དེ་དག་གི་སྤྱི་མ་ཡིན་ཏེ་ཞེས་སྨོས་སོ། །དུ་མ་གང་དག་དང་འདི་འབྲེལ་པ་དེ་དག་གི་ སྤྱི་དེ་མ་ཡིན་ནོ། །གལ་ཏེ་འདི་དག་གིས་སྤྱིར་གྲུབ་ན་ནི་དེའི་ཚེ་འདི་དག་གི་མཚུངས་པ་ཡིན་པའི་ཕྱིར་དེའི་བདག་ཉིད་ཀྱིས་འདྲེ་བར་འགྱུར་བ་ཞིག་ན་དེ་ལྟ་ན་ནི་མ་ཡིན་ནོ། །མ་ཡིན་པར་ཇི་ལྟར་རྟོགས་ཤེ་ན། དེའི་ངོ་བོ་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད་དོ། །གལ་ཏེ་འདི་དེ་དག་དང་ འབྲེལ་པར་ཁས་བླངས་པའི་ཕྱིར་འདི་དག་གི་ངོ་བོ་ཉིད་མ་ཡིན་ནམ་ཞེ་ན་བདེན་ཏེ་འདི་སྒྲ་དེ་ལྟར་བརྗོད་ཀྱི་དེ་འདི་ལྟར་བརྗོད་པར་འདོད་པ་ནི་མ་ཡིན་ནོ། །དེ་དེ་དག་གི་ཐ་མི་དད་པའི་ངོ་བོ་མ་ཡིན་ནོ་སྙམ་དུ་བསམས་པའི་ཕྱིར་རོ། །དེའི་བསམ་པ་ནི་འདི་ཡིན་ཏེ། གང་གི་ཚེ་རང་བཞིན་ གཅིག་རེ་རེ་ལ་ཡོངས་སུ་རྫོགས་པས་མང་པོ་རྣམས་ཀྱི་ཐ་དད་པ་མེད་པ་ཉིད་ཀྱི་རང་བཞིན་ཡིན་ན་དེའི་ཚེ། འདི་མང་པོ་རྣམས་ཀྱི་མཚུངས་པ་ཡིན་པར་འགྱུར་རོ། །བ་ལང་དུ་རྟོགས་པའི་ཡུལ་གྱི་རང་བཞིན་གང་ཡིན་པ་དེ་དག་གང་གི་ཚེ་ཁྲ་བོ་ལ་སོགས་པ་རེ་རེ་ལ། ལ་ལ་ཐ་དད་ པ་མེད་པར་ཡོད་པ་དེའི་ཚེ་དེ་དག་ཐམས་ཅད་དེ་ལྟ་བུར་མཚུངས་པར་གྲུབ་པའི་ཕྱིར་ཐ་མི་དད་པར་དེ་ཉིད་དེ་དག་གི་སྤྱི་ཡིན་པར་འགྱུར་རོ། །ཐ་དད་པ་གཅིག་ནི་ཡོད་ཀྱང་དེ་དག་གི་རང་བཞིན་གང་མཚུངས་པ་མ་ཡིན་པའི་ཕྱིར་ཇི་ལྟར་འདི་སྤྱིའི་ངོ་བོ་ཉིད་ཡིན་ནོ། །གལ་ཏེ་ཐ་མི་ དད་ན་ཐ་མི་དད་པ་ཡོད་པས་དེ་ལས་ཐ་དད་པ་མེད་པར་ཐལ་བ་མ་ཡིན་ནམ། བདེན་ན་འདིར་འདྲེ་བ་འགོག་པར་འདོད་པ་ཡིན་གྱི། སྤྱི་གཞུང་གཟུགས་པའི་དོན་དུ་ནི་མ་ཡིན་ནོ། །དེས་ན་ཐ་མི་དད་པ་ཁྱད་པར་རྣམ་པ་མེད་པའི་ཕྱིར་དང་། ཐ་དད་ན་ཡང་སྤྱིའི་ངོ་བོ་མ་ཡིན་པའི་ཕྱིར་ འདྲེ་བ་མེད་དོ། །གལ་ཏེ་གཅིག་པུ་དུ་མ་དང་འབྲེལ་པས་མཚུངས་པར་འགྱུར་ན་རིགས་མི་མཐུན་པ་དག་ཀྱང་གཉིས་ལ་སོགས་པ་དང་ལྡན་པའི་ཕྱིར་རམ་ཡན་ལག་རྣམས་ལ་ཡང་ཡན་ལག་ཅན་གཅིག་ཡོད་པའི་ཕྱིར་མཚུངས་པའི་རང་བཞིན་དུ་གྱུར་པའི་ཕྱིར་གཉིས་ཉིད་ ལ་སོགས་པ་ཡང་སྤྱིའི་རང་བཞིན་དུ་འགྱུར་རོ། །དེ་བཤད་པ་ནི་གཉིས་ཉིད་ལ་སོགས་པ་དང་ཞེས་བྱ་བའོ། །དེ་དག་ལ་ཡང་སྤྱིའི་རང་བཞིན་ཉིད་ཐལ་བར་འགྱུར་བའི་ཕྱིར་རོ། །དོན་གཞན་དེའི་ངོ་བོ་མ་ཡིན་ཡང་འབྲེལ་པའི་ཕྱིར་དེ་དག་གི་སྤྱིར་འགྱུར་བ་མ་ཡིན་ནམ་ ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི་འབྲེལ་པ་ཅན་ཞེས་བྱ་བའོ། །འབྲེལ་པ་ཅན་གཞན་ཐ་དད་པས་ཀྱང་གཞན་དག་མཚུངས་པར་ནི་མི་འགྱུར་རོ། །འདི་ལྟར་གཅིག་ཐ་མི་དད་པ་མ་ཡིན་ན་འདི་དག་གི་རང་བཞིན་མི་འདྲ་བ་ཉིད་དོ། །དེས་ན་རང་བཞིན་མི་འདྲ་བ་རྣམས་ཀྱང་ཐ་དད་ གཅིག་དང་འབྲེལ་པས་མཚུངས་པ་ཞེས་བྱ་བར་ཇི་ལྟར་འགྱུར། འོ་ན་ཇི་ལྟར་འགྱུར་ཞེ་ན། དེ་དང་ལྡན་པ་དག་ཏུ་ནི་འགྱུར་ཏེ་ཞེས་སྨོས་སོ། །གཅིག་པོ་དེས་དེ་དང་ལྡན་པ་ཞེས་བྱ་བར་འགྱུར་གྱི། མཚུངས་པ་ནི་མ་ཡིན་ནོ། །རིགས་མི་མཐུན་པའི་འབྱུང་པོ་དག་མགུལ་ཆིངས་ ཀྱིས་དེ་དང་ལྡན་པ་ཡིན་པ་བཞིན་ནོ། །དངོས་པོའི་དེའི་ངོ་བོ་ཉིད་ནི་དེ་དང་རང་བཞིན་གཅིག་པའམ་དེ་དང་འབྲེལ་པ་ལས་འགྱུར་ལ། མགུལ་ཆིངས་ཀྱི་ཚུལ་དུ་འགྱུར་བ་གང་ཡིན་པ་འབྲེལ་ལོ་ཅོག་གིས་ནི་རང་བཞིན་དུ་འགྱུར་བ་མ་ཡིན་ནོ། །དེས་ན་ཇི་ལྟར་འབྲེལ་པ་ཅན་གཅིག་པས་ དེའི་རང་བཞིན་མ་ཡིན་ཡང་འབྲེལ་པ་ཅན་རྣམས་མཚུངས་པར་མི་འགྱུར་ཞེ་ན། ཤེས་པ་ཐ་མི་དད་པའི་ཡུལ་ཡང་མ་ཡིན་ཏེ་ཞེས་སྨོས་སོ། །འབྲེལ་པ་ཅན་གཞན་གྱིས་ཀྱང་ཞེས་འབྲེལ་ཏོ། །འབྲེལ་བ་ཡང་ཐ་དད་པ་དང་འབྲེལ་བ་ནི་མ་ཡིན་ནོ། །དེས་ན་རང་གི་ངོ་བོ་མི་འདྲ་བ་རྣམས་ དེ་ཁོ་ན་བཞིན་རྟོགས་པར་འགྱུར་རོ། །དེས་ན་འབྲེལ་པས་ནི་དེ་དང་ལྡན་པ་ཉིད་དུ་འགྱུར་རོ། །འབྱུང་པོ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མཐུན་པའི་དཔེའོ། །ཐ་མི་དད་པའི་དོན་ཉིད་དེའི་རང་བཞིན་ཉིད་ཀྱིས་ནི་ཐ་དད་པ་རྣམས་མཚུངས་པ་མ་ཡིན་གྱི་འོན་ཀྱང་ཐ་མི་དད་པ་དང་འབྲེལ་པས་ཡིན་ ནོ་ཞེ་ན་མ་ཡིན་ཏེ་རེ་ཞིག་དངོས་པོ་ནི་བཤད་ཟིན་ཏོ། །རྟོགས་པ་འདི་ཁོ་ན་ལྟར་ཡིན་ཏེ་གང་གི་ཕྱིར་འབྲེལ་པ་ཅན་དེ་དག་གིས་བདག་ཉིད་ཁོ་ན་སྲེ་ཞིང་སྤྱི་རྟོགས་པར་སྣང་གི །ཇི་ལྟར་འབྱུང་པོ་དག་བཞིན་དུ་འབྲེལ་པ་ཅན་གཅིག་དང་། འབྲེལ་པ་ཅན་དག་གོ་ཞེས་བྱ་བར་ནི་མ་ཡིན་ནོ། །འདི་ལྟར་ ཇི་ལྟར་ཁྱད་པར་གཅིག་བ་ལང་ངོ་ཞེས་བྱ་བར་སྣང་བ་དེ་བཞིན་དུ་གཞན་ཡང་ཡིན་པའི་ཕྱིར་གཅིག་སྣང་བ་གང་ཡིན་པ་དེ་ཉིད་གཞན་སྣང་བ་ཡིན་པ་དེས་ན་འདྲེས་པར་བརྗོད་དོ། །གཞན་དུ་ནི་འདྲེས་པའི་དོན་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །རང་བཞིན་གཅིག་པོ་དེས་གཅིག་གི་ བདག་ཉིད་མྱོང་བ་མེད་པར་ནི་རང་བཞིན་དེ་ཉིད་ཀྱིས་གཅིག་ལ་གཅིག་ཏུ་འཛིན་པར་བྱེད་པ་མི་འཐད་དོ། །ཐ་དད་པ་དེ་དག་དེའི་རང་བཞིན་མ་ཡིན་པའི་ཕྱིར་འབྲེལ་པར་རྟོགས་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཐ་མི་དད་པ་དང་བདག་ཉིད་གཅིག་པ་ཉིད་ཀྱིས་མཚུངས་པ་ཡིན་གྱི། འབྲེལ་པས་ནི་མ་ཡིན་ནོ། །གལ་ཏེ་འདིར་འཕྲོད་པ་འདུ་བས་སྦྲེལ་བ་ཡིན་ལ་འབྱུང་པོའི་མགུལ་ཆིངས་ལ་སོགས་པ་ལྟར་འདུ་བ་ཅན་དག་ལས་ཐ་དད་པར་འཛིན་པ་ཡང་ཡོད་པ་མ་ཡིན་པ་དེས་ན་ཐ་དད་པ་དང་རྗེས་སུ་འགྲོ་བ་སྤྱི་དང་ཁྱད་པར་དག་དོན་གཅིག་ལ་འགལ་ བས་དེའི་རང་བཞིན་མ་ཡིན་པ་ཡང་ཐ་དད་པར་མ་རྟོགས་པའི་ཕྱིར་དེའི་ངོ་བོ་རྟོགས་པ་ཡིན་ནོ་ཞེ་ན། ཐ་དད་པ་མ་རྟོགས་ཀྱང་གཞན་གཞན་དུ་རྟོགས་པ་ནི་མ་ཡིན་ཏེ། འཁྲུལ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འཁྲུལ་པར་འདོད་པ་ཁོ་ན་སྟེ། འོན་ཀྱང་དེ་སྤྱིས་མཐོང་བའི་རྒྱུ་མཚན་ གྱིས་ཡིན་པའི་ཕྱིར་དོན་གཅིག་མེད་པའི་ཕྱིར་དོན་ཐ་དད་པ་དག་ལ་ཡང་ཐ་མི་དད་པར་རྟོགས་པ་ཡང་འཐད་པ་ཡིན་ནོ་ཞེ་ན། དོགས་པ་འདི་སྨྲས་པ་ནི། གལ་ཏེ་དེ་ནི་དེ་མཐོང་བའི་འཁྲུལ་པ་ཡིན་ནོ་ཞེ་ན་ཞེས་བྱ་བའོ། །ལན་བཏབ་པ་ནི་སྤྱི་དེ་མཐོང་ངོ་ཞེས་བྱ་བ་ག་ལས་དེ་དང་ལྡན་པར་ རྟོགས་ནས་སྤྱིའི་རང་གི་ཚད་མས་གྲུབ་པར་འགྱུར་བ་ཞིག་ན། རྟེན་ཐ་མི་དད་པར་རྟོགས་པ་ན་སྤྱི་མཐོང་ངོ་ཞེས་ག་ལས་ཡིན། འོན་ཏེ་ཇི་སྐད་བཤད་པའི་ཚུལ་གྱིས་རང་རང་གི་ཚད་མས་གྲུབ་པ་མེད་ཀྱང་རྟེན་ཐ་མི་དད་པ་རྟོགས་པ་གྲུབ་པར་བྱ་བའི་ཕྱིར་འདི་ལྟར་བཀོད་པ་ཡིན་ནོ། ། གལ་ཏེ་འཁྲུལ་པས་ས་བོན་མེད་པ་ཅན། །ཞེས་བྱ་བས་དོགས་པ་དེ་བསུ་ནས་འབྲས་བུ་དེ་ཞེས་བྱ་བས་ལན་འདེབས་སོ། །འདི་སྐད་བཤད་པ་ཡིན་ཏེ་དེ་དང་ལྡན་པར་རྟོགས་པ་མེད་པའི་ཕྱིར་ཚད་མས་གྲུབ་པ་མ་ཡིན་པས་ན། གལ་ཏེ་རྟོགས་པ་གྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ཉེ་བར་ རྟོགས་ན། དེ་ནི་རྣམ་པ་གཞན་དུ་ཡང་འགྲུབ་པར་འགྱུར་ཏེ། གསལ་བ་དག་ཉིད་ལ་དེ་ལྟར་རྟོགས་པའི་ཕྱིར་རོ། །ཁྱེད་ཀྱིས་ཐ་མི་དད་པས་ཐ་དད་པ་མེད་པར་རྟོགས་པ་འཁྲུལ་པར་ཁས་བླངས་པ་ཡིན་ཏེ། དེས་དོན་རྣམས་ཐ་མི་དད་པ་མ་ཡིན་པའི་ཕྱིར་རོ། །འདི་ནི་ཐ་དད་པ་ རྣམས་ལ་ཐ་མི་དད་པར་རྟོགས་པ་འཁྲུལ་པ་ཡིན་ལ་དེ་ཡང་གསལ་བའི་བདག་ཉིད་མ་ཡིན་ཏེ། ངོ་ཤེས་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་པར་བྱའོ། །འདི་ལྟར་ཁྲ་བོ་ཡང་བ་ལང་གི་རང་བཞིན་ཡིན་ལ། སེར་སྐྱ་ཡང་ཡིན་ནོ། །འོན་ཀྱང་དེར་ཐ་མི་དད་པའི་ཐ་སྙད་ཙམ་ འཁྲུལ་པ་ཡིན་ནོ། །དེའི་བ་ལང་ཉིད་ཀྱི་རང་བཞིན་ནི་གཞན་གྱི་མ་ཡིན་ནོ་ཞེས་བཤད་པར་བྱའོ། །འདི་ཉིད་འབྲས་བུ་གཅིག་པ་ཅན་ཉིད་ཀྱིས་བསྟན་ཏོ། །ཇི་ལྟར་མང་པོ་རྣམས་འབྲས་བུ་གཅིག་བྱེད་པ་ན་སོ་སོར་དེའི་རྒྱུ་ཉིད་ཕན་ཚུན་ཐ་དད་པ་ཡིན་པ་དེ་བཞིན་དུ་བ་ལང་ཉིད་ཀྱང་ ཡིན་ནོ་ཞེས་སོ། །འཕྲོད་པས་འདུ་བའི་ཕྱིར་ཐ་དད་པར་མ་མཐོང་བའི་གཅིག་པོས་དུ་མ་ཐ་མི་དད་པར་རྟོགས་པ་ཡང་མཐོང་བ་མེད་དོ། །ཇི་ལྟར་གྲངས་དང་བཅས་པ་ལ་སོགས་པའི་རྫས་དག་ལ་བཞིན་ནོ། །འབྲེལ་པ་ཅན་གཞན་གྱིས་ཀྱང་མ་ཡིན་ཏེ། དཔེར་ན་འབྱུང་པོ་ལ་སོགས་ པ་དག་ལ་བཞིན་ནོ་ཞེས་བཤད་པ་ནི་གྲངས་དང་བཅས་པ་ལ་སོགས་པའོ། །དེས་ན་དེ་དེ་ལྟར་ཐ་མི་དད་པ་དོན་གྱིས་དོན་རྣམས་ཀྱི་བདག་ཉིད་དམ་རྟོགས་པ་འདྲེ་བ་ལ་མ་ཡིན་ནོ་ཞེས་དེ་ལྟར་དེའི་བདག་ཉིད་ཀྱིས་འདྲེ་བ་ཉིད་བཀག་པའམ་མཇུག་སྡུད་པ་ནི་དེ་ལྟ་བས་ན་གཞན་གྱི་སྤྱི་ནི་ གཞན་མ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་སྤྱིའི་རང་བཞིན་རྟེན་ཐ་མི་དད་པ་ལས་ཐ་དད་པའི་ཕྱིར་རོ། །བློ་ལ་ཞེན་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་བློ་ལ་མི་སྣང་བའི་ཕྱིར་རོ། །ཡང་ན་འདི་དག་གི་སྤྱི་གཞན་ཡིན་དུ་ཟད་དོ། །དེ་ལྟ་ན་ཡང་འདྲེས་པར་གྱུར་པ་ནི་མ་གྲུབ་སྟེ། དེས་ན་གང་ གི་ཕྱིར་དངོས་ཀུན་ཞེས་བྱ་བ་ལ་སོགས་པ་རིགས་པ་ཁོ་ནའོ་ཞེས་བཤད་པ་ནི། ཡོད་དུ་ཆུག་ན་ཡང་ཞེས་བྱ་བ་ཡིན་ནོ། །དེ་འབྲེལ་པའི་ཕྱིར་གཅིག་གི་རང་བཞིན་དུ་གྱུར་པ་དེ་ལྟར་གཞན་ཡང་ཡིན་ནོ་ཞེས་བྱ་བའི་འབྲེལ་པར་འགྱུར་བ་ཉོན་མོངས་པའི་རྣམ་པར་རྟོག་པ་ཡིན་ཏེ། འབྲེལ་ཀྱང་རང་གི་བདག་ཉིད་ཁོ་ན་ལ་རྣམ་པར་གནས་པའི་ཕྱིར་གཞན་གྱི་ངོ་བོ་མེད་པས་དེའི་བདག་ཉིད་དང་འདྲེ་བ་མ་གྲུབ་པའི་ཕྱིར་རོ། །འབྱུང་པོ་རྣམས་ཀྱང་མགུལ་ཆིངས་ཀྱི་རང་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འཕྲོད་པས་འདུ་བས་ཀྱང་ཐ་དད་པ་སེལ་བ་ནི་མ་ཡིན་ནོ། །དེས་ན་ དེ་ལྟར་དེ་དག་ནི་རང་དང་གཞན་དུ་འདྲེ་བར་མི་བྱེད་དེ་ཞེས་བྱ་བ་གལ་ཏེ་བསྒྲུབ་བྱ་བརྗོད་པ་ཡིན་ན། དེའི་ཚེ་དེ་ལྟ་བས་ན་དངོས་པོ་འདི་དག་ནི་ཞེས་བྱ་བ་མཇུག་བསྡུ་བ་ཡིན་ལ། དེར་ཡང་རིགས་མི་མཐུན་པར་འདོད་པ་དང་ཞེས་བྱ་བ་ནི་བཤད་པ་ཡིན་ནོ། །ཡང་ན་དེ་དག་ནི་རང་དང་གཞན་དུ་ འདྲེ་བར་མི་བྱེད་དེ་ཞེས་བྱ་བ་ནི་རང་གི་ངོ་བོ་ལ་གནས་པ་ཅན་ཁོ་ནའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་བྱེད་པ་བསྟན་པ་ཡིན་ཏེ། དེས་ན་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་གཏན་ཚིགས་སྒྲུབ་པ་ན་བསྒྲུབ་བྱ་བརྗོད་པ་ཡིན་ནོ། །གང་གི་ཕྱིར་རང་གི་བདག་ཉིད་ ལ་གནས་པའི་ཕྱིར་མ་འདྲེས་པ་དེ་བས་ན། རིགས་མཐུན་པར་འདོད་པ་དང་། རིགས་མི་མཐུན་པ་ལ་སོགས་པ་ཡིན་ཏེ་ལྡོག་པ་ཡིན་ནོ། །འདོད་པས་སྨོས་པ་ནི་རིགས་མཐུན་པ་ཉིད་གཞན་གྱི་འདོད་པས་ཡིན་པར་བསྟན་པའི་ཕྱིར་རོ། །དངོས་པོ་ནི་དུ་མའི་ངོ་བོ་ཡིན་གྱི་ ཐམས་ཅད་ཀྱི་ངོ་བོ་མ་ཡིན་ཏེ། དེས་ན་དེ་ལྟ་བུའི་བདག་ཉིད་ལ་གནས་པའི་ཕྱིར་བདག་ཉིད་གང་ལ་མི་གནས་པ་དེ་ལས་ལྡོག་པ་ཡིན་ནོ་ཞེས་ཀྱང་དོགས་པར་བྱ་བ་མ་ཡིན་ནོ་ཞེས་གཏན་ཚིགས་གཞན་གྱིས་སྟོན་པ་ནི། རང་གི་ངོ་བོས་ངོ་བོ་གཅིག་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། ། ཚིགས་སུ་བཅད་པ་གཉིས་པའི་དོན་བཤད་པ་ནི་དངོས་པོ་རྣམས་གང་དང་གང་ལས་ཐ་དད་པ་དེ་དང་དེ་ལས་ཐ་དད་པ་རྒྱུ་མཚན་དུ་ཉེ་བར་བརྟེན་ནས་ངོ་བོ་ཉིད་ཐ་མི་དད་ཀྱང་ཆོས་དུ་མ་ཤེས་པར་བྱེད་དོ། །གང་གིས་ཤེས་པར་བྱེད་ཅེ་ན་བཤད་པ། སྒྲ་དག་གིས་སོ། །དེ་དག་གི་ ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པས་ཀྱང་རྟོགས་པར་འགྱུར་བས་ཆོས་དེ་དག་རྣམ་པར་བརྟགས་པར་འགྱུར་བ་ཡིན་ཏེ། དེས་ན་སྒྲ་རྣམས་ཀྱང་ལྡོག་པའི་ཡུལ་ཅན་དུ་བསྟན་པའི་ཕྱིར་རིགས་དབྱེ་ཞེས་བྱ་བ་བརྗོད་པར་འགྱུར་བ་ཡིན་ནོ། །གལ་ཏེ་ལྡོག་པ་ཐ་དད་པའི་ཕྱིར་དེའི་ རྒྱུ་མཚན་གྱིས་ཐ་དད་པར་རྟོགས་ན། འོ་ན་རང་བཞིན་ཐ་མི་དད་པས་དེའི་རྒྱུ་མཚན་གྱིས་ཐ་མི་དད་པར་རྟོགས་པར་འགྱུར་རོ། །དེས་ན་དེའི་རྒྱུ་ཅན་གྱི་རིགས་དབྱེ་ཞེས་ཅི་སྟེ་བརྗོད་ཅེ་ན་ཞེས་དོགས་པ་ལ། མདོའི་ལྡོག་པའི་རྒྱུ་ཅན་གྱི་རིགས་དབྱེ་བ་བརྟགས་པར་བཤད་པ་ནི་ རྣམ་པར་རྟོག་པ་རྣམས་ལྡོག་པའི་ཡུལ་ཅན་ཡིན་པ་ལས་ངེས་པར་བྱའོ་ཞེས་བསྟན་པའི་ཕྱིར་དེའི་ཞེས་སྨོས་སོ། །དབྱེ་བ་ཤེས་པར་བྱ་བའི་ཕྱིར་སྒྲ་བརྡར་བཏགས་པ་ཡིན་ནོ། །དེས་ན་དེ་ཉིད་སྟོན་པ་ན་དེའི་རྒྱུ་མཚན་གྱིས་འཁྲུལ་པས་དངོས་པོ་རྣམས་ལ་ཆོས་ཐ་དད་པར་ཤེས་ པར་བྱེད་དོ། །རྣམ་པར་རྟོག་པས་ཡུལ་དུ་བྱས་པའི་དོན་ཉིད་ལ་སྒྲ་སྦྱོར་རོ། །དེས་ན་གལ་ཏེ་འདི་ཐ་དད་པའི་ཡུལ་ཅན་ཡིན་ན་དེའི་ཕྱིར་དེ་བསྟན་པའི་དོན་དུ་སྒྲ་དགོས་པ་ཡིན་ནོ། །དེས་ན་དེ་ལྟར་སྒྲས་བཅད་པས་དེ་ལྟ་བུའི་རྣམ་པར་རྟོག་པའི་རང་བཞིན་བརྗོད་པར་འགྱུར་བ་ཡིན་ནོ། ། དངོས་པོ་གནས་པའི་བྱ་བ་ཡོད་ན། རིགས་པ་དངོས་པོའི་ཡུལ་དུ་འགྱུར་བ་ཡིན་ནོ། །དངོས་པོ་ཡང་སྔོན་པོ་ལ་སོགས་པའི་རང་བཞིན་དུ་ངེས་པ་ཡིན་ནོ། །དེས་ན་དེ་ནི་གསལ་བའི་རང་བཞིན་གྱི་མྱོང་བས་རྟོགས་པ་ཡིན་ནོ། །དེ་ལྟར་གསལ་བ་ན་དོན་ལ་ནི་ཅུང་ཟད་ཀྱང་མ་ཡིན་ གྱི། འོན་ཀྱང་དངོས་པོ་ཇི་ལྟ་བ་དེ་ལྟ་བུའི་གསལ་བ་སྐྱེས་ན་རྟོགས་པ་པོ་དེ་རིག་པ་དང་ལྡན་པའི་ངོ་བོར་མངོན་པར་གྲུབ་པའི་ཕྱིར་འཇལ་བ་པོ་དོན་རིག་པ་ལ་ཉེ་བར་མཁོ་བ་ཡིན་གྱི། དེས་དོན་ལ་ནི་ཅིར་ཡང་མི་འགྱུར་རོ། །དེ་བཞིན་དུ་རིག་པ་འགའ་ཞིག་ནི་རྟོགས་པ་ པོ་དོན་ཕྱིན་ཅི་ལོག་ཏུ་རྟོགས་པར་བྱེད་དོ། །དེས་ཀྱང་རྟོགས་པ་པོ་ལ་དོན་ཕྱིན་ཅི་ལོག་ཏུ་བྱས་པ་ཡིན་ཏེ། དུང་སེར་པོར་ཤེས་པས་དུང་སེར་པོར་བྱས་པ་བཞིན་ནོ། །གལ་ཏེ་འདི་ནི་དུང་སེར་པོ་ཙམ་གྱི་ཡུལ་ཅན་དུང་ལ་མ་རེག་པར་དེ་ལྟར་སྣང་བ་མ་ཡིན་ནམ། རྟོགས་པ་པོ་ལ་ དོན་ཕྱིན་ཅི་ལོག་ཏུ་བྱེད་དོ་ཞེས་ཇི་ལྟར་བརྗོད་ཅེ་ན། བརྗོད་པ་དེའི་རང་བཞིན་གྱི་ཡུལ་ནོན་པ་དང་དེའི་ཐོན་ཀོར་ན་གནས་པ་བྲལ་བ་དང་དོན་དམ་པ་མ་ཡིན་པའི་དེའི་རང་བཞིན་རྟོགས་པ་ལྟ་བུར་སྣང་བ་དེ་དེར་རྗེས་སུ་ཞུགས་པ་ཉིད་ཀྱིས་དེའི་རང་བཞིན་མ་ཡིན་ཡང་དེའི་རང་བཞིན་ དུ་གྱུར་པས་སེར་པོའི་རྣམ་པར་སྣང་བའི་ཕྱིར་རོ། །སྣང་བར་གྱུར་པའི་རང་བཞིན་མཐའ་དག་སྤངས་ནས་སྣང་བར་བཟོད་པ་ནི་མ་ཡིན་ནོ། །དེས་ན་དེ་ལྟ་བུར་གྱུར་པ་མ་ཡིན་ཡང་གང་ཁོ་ན་སྣང་བ་ཞུགས་ནས་གསལ་བ་དེ་ཁོ་ན་འདིས་རྟོགས་པ་པོ་ལ་དེ་ལྟར་བསྟན་པ་ཡིན་ནོ། ། དེས་ན་དངོས་པོ་དེ་ལྟ་བུ་མ་ཡིན་པ་དག་ཀྱང་དེ་དང་ཐ་མི་དད་པར་འགྱུར་བར་བྱེད་པའི་རྟོགས་པ་འདི་ནི་དངོས་པོ་ལ་གཞོལ་བ་ཉིད་དོ། །འདིར་ཉེ་བར་སྦྱོར་བར་འགྲུབ་པ་ནི་མ་ཡིན་ནོ། །དེ་ཤེས་པ་ཉིད་ཀྱི་དགོས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་རང་གི་ངོ་བོས་དེའི་རང་ བཞིན་མ་ཡིན་པ་ཡང་དངུལ་ལ་སོགས་པའི་རྟོགས་པས་དེ་ལྟར་དོན་གཞན་དང་ཐ་མི་དད་པར་བྱེད་པ་དེའི་རྟོགས་པ་བསལ་བས་ཐ་མི་དད་པར་ཟློག་པར་བྱེད་པས་ན་ཐ་མི་དད་པའི་དོན་ཅན་ཉིད་ཀྱིས་དོན་འཇལ་བ་པོ་ལ་ཉེ་བར་མཁོ་བ་ཡིན་ནོ། །ཐ་དད་པར་བྱེད་པ་ཉིད་ཀྱིས་ ཅིག་ཤོས་དང་འདྲ་བར་རྟོགས་པར་བྱེད་པ་ཡིན་པས་ན་འདི་ལ་ཡང་དོན་ལ་ཕྱོགས་པའི་བྱེད་པའི་ཡོད་པ་ཉིད་དོ། །དེས་ན་དེ་ལྟར་རྣམ་པ་གཉིས་ཡོད་པ་ལས། གལ་ཏེ་རྣམ་པར་རྟོག་པ་ཉམས་སུ་མྱོང་བ་བཞིན་དོན་རྟོགས་པའི་རང་བཞིན་ཡིན་ནོ། །གལ་ཏེ་འདིར་འགལ་བ་མི་བརྗོད་ན་ འགྱུར་བ་ཁོ་ནའོ། །དངོས་པོའི་རང་བཞིན་རྟོགས་པ་མེད་ཀྱང་ཐ་དད་པར་བྱེད་པ་ཉིད་ཀྱིས་དངོས་པོའི་མཐར་ཐུག་པར་བྱེད་པ་ནི་མི་ཉམས་སོ། །དེ་ལྟར་ཡང་བསྟན་པར་བྱའོ། །དེས་ན་འདིའི་རྟོགས་པ་དང་སྒྲུན་བཟོད་པར་དོན་དམ་པར་དོན་ལ་བྱ་བ་ནི་འདི་ཡིན་ཏེ། དེས་ན་རྣམ་པར་རྟོག་པ་ ཐ་དད་པའི་ཡུལ་ཅན་ཡིན་པའི་ཕྱིར་དེ་ཉིད་ལ་སྒྲ་བརྡར་འདོགས་པ་ཡིན་ནོ། །དེ་ཡང་ཐ་དད་པའི་དོན་ཅན་ཡིན་པའི་ཕྱིར་དུ་མའི་བཟློག་ཕྱོགས་སུ་གྱུར་པའི་དངོས་པོ་གཅིག་ལ་ཡང་བཟློག་ཟླའི་དངོས་པོ་གཞན་རེ་རེ་སྒྲོ་འདོགས་པར་བྱེད་པ་རེ་རེའི་གཉེན་པོར་གྱུར་པས་རེ་རེ་ཞིང་སྐྱེ་བ་ན་དེ་སེལ་ བའི་ཡན་ལག་ཏུ་གྱུར་པ་དེའི་གཉེན་པོའི་དངོས་པོའི་རྣམ་པ་འཛིན་པ་དང་། རང་ལས་བཟློག་པས་བསྐལ་པའི་རྣམ་པ་གཞན་ཡལ་བར་དོར་བས་ཆོས་གཞན་ལས་ཐ་དད་པར་རང་གི་རྟེན་གྱི་ཆོས་རྟོགས་པར་བྱེད་པ་ཡིན་ནོ། །འདི་ལྟར་མ་བྱས་པར་སྒྲོ་འདོགས་པ་བཟློག་པའི་ཕྱིར་མ་བྱས་པའི་གཉེན་ པོར་གྱུར་པ། དངོས་པོའི་བདག་ཉིད་དུ་གྱུར་པའི་བྱས་པ་ལ་བརྟེན་ནས་སྐྱེ་བ་ན། རྟག་པར་སྒྲོ་བཏགས་པས་བསྐལ་པས་མི་རྟག་པ་ཉིད་མ་རྟོགས་པས་མི་རྟག་པ་ལས་བྱས་པ་ཉིད་གཞན་བཞིན་དུ་རྟོགས་པར་འགྱུར་རོ། །དངོས་སུ་ན་ཐ་དད་པར་བྱེད་པ་ཁོ་ནར་གྱུར་པ་དེའི་སྒོ་ནས་དོན་ རྟོགས་པར་བྱེད་པ་དག་ནི་ཐ་དད་པ་རྟོགས་པར་བརྗོད་དེ། འདི་སྔོན་པོ་མ་ཡིན་ཞེས་བྱ་བ་ལ་སོགས་པར་རྟོགས་པ་བཞིན་ནོ། །དེ་དག་ཀྱང་ཇི་སྐད་བཤད་པའི་ཚུལ་ཁོ་ནས་ཐ་དད་པའི་དོན་ཅན་ཉིད་དུ་རྣམ་པ་གཞན་གསལ་བས་བསྟན་པར་བྱའོ། །ཐ་དད་པའི་རྟོགས་པ་གཞན་ནི་ཡོད་ པ་མ་ཡིན་ནོ། །ཐ་དད་པ་ཞེས་བྱ་བ་གལ་ཏེ་རང་གི་རང་བཞིན་ལ་གནས་པ་ཡིན་ན། ཐམས་ཅད་ཐ་དད་པར་རྟོགས་པར་འགྱུར་རོ། །འོན་ཏེ་དངོས་པོ་མེད་པ་ཡིན་ན་བུམ་པ་མེད་དོ་སྙམ་པ་ཐ་དད་པ་རྟོགས་པ་ཡིན་པར་འགྱུར་རོ། །ཅི་སྟེ་དངོས་པོ་ལ་དངོས་པོ་གཞན་མེད་པ་ཡིན་ན། དེ་གལ་ཏེ་ དངོས་པོ་ལ་དངོས་པོ་གཞན་ཡོད་པ་མ་ཡིན་ནོ་ཞེས་དངོས་པོ་གཞན་བཀག་པ་ཙམ་ཡིན་ན་ནི་དེའི་ཚེ་དངོས་པོ་དངོས་པོ་གཞན་ལ་ཅུང་ཟད་ཀྱང་མ་ཡིན་པའི་ཕྱིར་ཐ་དད་པ་དངོས་པོའི་རང་བཞིན་ལས་ལྷག་པར་གྱུར་པ་དེ་གང་ཞིག་ཡིན་ན་གང་གིས་ཐ་དད་པར་རྟོགས་པ་རང་གི་ངོ་བོ་རྟོགས་པ་ ལས་བྱ་བ་གཞན་དང་ལྡན་པར་འགྱུར། འོན་ཏེ་དངོས་པོ་ལ་དངོས་པོ་གཞན་མེད་པ་ཉིད་དོ་ཞེ་ན། དངོས་པོ་གཞན་བསལ་བ་ན་དངོས་པོ་ལ་བརྟན་པའི་སྒྲུབ་པའི་སྤྱོད་ཡུལ་དུ་འགྱུར་བ་དངོས་པོ་མེད་པ་ཞེས་བྱ་བ་དེ་གང་ཡིན། དེའི་ཕྱིར་དངོས་པོ་ལ་དངོས་པོ་གཞན་མེད་དོ་ཞེས་བྱ་བ་ འདི་ཙམ་ཁོ་ན་ལྡོག་པ་བརྗོད་པས་ན་ཐ་དད་པའི་རྟོགས་པ་དག་ལ་རྟོགས་པའི་བྱེད་པ་མི་འདྲ་བ་མེད་ཀྱང་ཇི་སྐད་བཤད་པའི་ཚུལ་ཉིད་ཁས་བླང་བར་བྱ་བ་ཡིན་ནོ། །ད་ནི་དེའི་ཁྱད་པར་ནི་རྟོགས་པར་འགྱུར་བ་དག་རབ་ཏུ་བྱེད་ཅེས་བྱ་བ་དེ་འཆད་དོ། །སྒྲ་དེ་དག་ཀྱང་དེའི་རང་བཞིན་མཚན་ ཉིད་སྤྱིའི་ཕྱིན་པ་ཁོ་ནར་འགྱུར་རོ། །སྒྲ་བེམས་པོ་ཡིན་པའི་ཕྱིར་དེ་དག་འགྱུར་བ་འགའ་ཡང་མེད་དོ། །དེས་ན་དེས་སྐྱེད་པའི་རྟོགས་པ་དེའི་རང་བཞིན་ཡིན་པས་དེ་སྐད་བརྗོད་དོ། །འདི་ལ་རང་བཞིན་ཇི་ལྟ་བུར་བརྟག་པ་དེ་ལྟ་བུ་དེ་ལ་ཡོད་པའི་ཕྱིར་དེའི་ཡུལ་ཅན་མ་ཡིན་ཡང་དེའི་ མཐར་ཐུག་པ་འགྱུར་བ་ཡིན་ནོ། །གལ་ཏེ་རང་གི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པའི་རང་བཞིན་ཡིན་ལ། རྣམ་པར་རྟོག་པ་ནི་ཆོས་གཅིག་ཙམ་གྱི་ཡུལ་ཅན་ཡིན་པས། ཇི་ལྟར་དེའི་ཡུལ་ཅན་ཡིན་ཞེ་ན། བཤད་པ། གལ་ཏེ་ཡང་འདིར་མི་རྟག་པ་ལ་སོགས་པ་ཐ་དད་ པ་ཐམས་ཅད་མི་འཕེན་པ་དེ་ལྟ་ན་ཡང་བྱས་པ་ཉིད་ལ་སོགས་པ་དེའི་ཐ་དད་པ་གཅིག་སྒྲས་བརྗོད་པ་ཡིན་ནོ། །དེ་གཅིག་ལས་ཀྱང་དེ་ཐ་དད་པ་བྱས་པ་ཉིད་ལ་སོགས་པའི་མཚན་ཉིད་དེ་ཡོད་པ་ཁོ་ནའོ། །དེ་ཐ་དད་པ་ཞེས་ཐ་དད་པར་བསྙད་པ་ནི་རང་བཞིན་གཞན་དང་མི་མཐུན་པ་ རང་གི་བདག་ཉིད་ལ་གནས་པའི་རང་བཞིན་བརྗོད་པ་ཡིན་གྱི་ཐ་དད་པ་ཞེས་བྱ་བ་གཞན་ནི་འགའ་ཡང་མེད་དོ། །ཇི་སྐད་བཤད་པ་བཞིན་ནོ། །དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་བཤད་པའི་ཚིག་ལེའུར་བྱས་པ་གཉིས་ལ་གནས་པའི་དངོས་པོ་ཉེ་བར་ འགོད་པའོ། །དངོས་པོ་གཅིག་ལ་གཞན་གྱི་ངོ་བོ་དེའི་ངོ་བོས་སྟོང་པའི་ངོ་བོ་ཇི་སྙེད་པ་དེ་གཞན་དེ་ལ་ལྟོས་ནས་ལྡོག་པའི་དེ་སྙེད་ཡོད་དོ། །ངོ་བོ་དེ་སྙེད་ལ་དེ་མེད་པའི་ཕྱིར་དེ་ལ་ཡང་ངོ་བོ་དེ་སྙེད་མེད་དོ་ཞེས་བྱ་བའི་དོན་ཏོ། །གཏན་ཚིགས་བཤད་པ་ནི་དངོས་པོ་གཅིག་པོ་དེ་ལ་མེད་པའི་རྒྱུ་ དང་འབྲས་བུ་གང་ལ་ཡོད་པ་གཞན་གྱི་ངོ་བོའོ། །རྒྱུ་དང་འབྲས་བུ་སྨོས་པས་ནི་སྔོན་པོ་ལ་སོགས་པ་རང་བཞིན་ཡང་མཚོན་པ་ཡིན་ནོ། །དེ་ལྟ་བུ་དག་ལས་དངོས་པོ་དེ་ཐ་དད་པའི་ཕྱིར་རོ། །གཅིག་ལ་མེད་པའི་རྒྱུ་དང་འབྲས་བུ་ཅན་དེ་ཉིད་ཀྱིས་ནི་གཞན་དེའི་རང་བཞིན་གྱིས་སྟོང་པར་བརྗོད་ པ་ཡིན་ནོ། །ཐ་དད་པས་ན་འདི་གཞན་ལ་མེད་པའི་ཕྱིར་གཞན་ཡང་འདི་ལ་མེད་པ་ཡིན་ལ་དེ་ཡང་ལྡོག་པ་ཡིན་ནོ། །ལྡོག་པའི་སྙེད་པ་ཞེས་བྱ་བ་ནི་དེ་ལ་ངོ་བོ་ཇི་སྙེད་མེད་པ་སྒྲ་དག་ཀྱང་དེ་སྙེད་དུ་འགྱུར་རོ། །འདི་དག་རང་བཞིན་ངོ་བོ་ཉིད་ཀྱིས་ཡུལ་ཐ་དད་པས་ཐ་དད་པ་ནི་མ་ཡིན་ནོ། །ཞེས་ བཤད་པ་ནི་ཐ་སྙད་ཀྱི་དོན་ཅན་གྱི་ཞེས་བྱ་བའོ། །དགོས་པ་ཡོད་ན་ཡིན་གྱི་མེད་ན་ནི་མ་ཡིན་ནོ། །རང་ཉིད་འགྱུར་བ་ཡིན་ན་ནི་དགོས་པ་ལ་ལྟོས་པར་མི་འགྱུར་ཏེ། མངོན་སུམ་བཞིན་ནོ། །ཐ་དད་པའི་མཐར་ཐུག་པ་རྣམས་ཇི་ལྟར་ཐ་སྙད་ལ་ཉེ་བར་སྦྱོར་བ་དེ་བཤད་པ་ནི། དེའི་རྒྱུ་དང་ཞེས་བྱ་ བའོ། །བརྩལ་མ་ཐག་ཏུ་བྱུང་བ་ཅན་ཞེས་བྱ་བ་ནི་དེའི་རྒྱུ་ཅན་མ་ཡིན་པ་དེ་སྤོང་བའོ། །ཉན་པ་ཅན་ཞེས་བྱ་བ་ནི་དེའི་འབྲས་བུ་ཅན་མ་ཡིན་པ་ནི་ཡོངས་སུ་སྤོང་བའོ། །ཚིག་ལེའུར་བྱས་པ་གསུམ་པའི་དོན་བཤད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །མིང་ཞེས་བྱ་བ་ནི་སྒྲའོ། །ཆོས་ཞེས་བྱ་བ་ནི་ བརྟགས་པའི་རང་བཞིན་ནོ། །གྲོང་རྟ་མི་ཕྱུགས་ཞེས་བྱ་བ་ལ་སོགས་པ་བཞིན་དུ་དང་ཞེས་བསྡུ་བ་ཡིན་ནོ། །ཡང་ན་ཆོས་ཞེས་བྱ་བ་འདི་བཤད་པ་མིང་ཞེས་བྱ་བ་ཡིན་ནོ། །ཆོས་ཀྱི་སྒྲ་ནི་དངོས་པོ་ཙམ་བརྗོད་པ་ཡིན་ཏེ། ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བ་ལྟ་བུའོ། །རྟོགས་པའི་ སྒྲུབ་བྱེད་དུ་ཉེ་བར་བླང་ན་སྒྲ་ལ་འཇུག་གོ། །སྒྲ་དང་རྣམ་པར་རྟོག་པ་རྣམས་ཐ་དད་པའི་དོན་ཅན་ཉིད་ཀྱིས་དེའི་ཡན་ལག་ཡིན་པས་དེ་དང་མཐུན་པར་བརྟགས་པའི་རང་བཞིན་གྱིས་ན་ཡུལ་འཆོལ་བ་མེད་པའི་ཕྱིར་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་མ་ཡིན་ནོ་ཞེས་བཤད་ པ་ནི་དེ་བས་ན་ཞེས་བྱ་བའོ། །དེ་དེ་ལྟར་ཐ་དད་པའི་དོན་ཅན་ཉིད་གྲུབ་པ་བཞིན་དུ་ཉེ་བར་སྟོན་ཏོ། །ད་ནི་གཞུང་གཟུགས་པའི་ཕྱིར་ཡང་སྒྲ་དང་ཞེས་རྒོལ་བ་འགོད་དོ། །རང་གི་ངོ་བོ་ལ་གནས་པའི་ཕྱིར་རང་གི་ངང་གིས་དངོས་པོ་གཞན་ལས་ཐ་དད་པ་ཡིན་ཡང་འཁྲུལ་པའི་མཐུས་ དངོས་པོ་གཞན་གྱི་ངོ་བོ་དང་ཐ་དད་པ་མེད་པར་གྱུར་པ་གང་ཡིན་པ་དེ་སེལ་བ་ན་དེའི་རང་གི་ངོ་བོ་རྟོགས་པ་གང་ཡིན་པའི་རྣམ་པར་གཅད་པ་དེ་སྒྲ་དང་རྟགས་དག་གིས་རྟོགས་པར་བྱེད་དོ་ཞེས་བྱ་བ་ཅི་ལྟར་ཤེས། སྒྲུབ་པས་དངོས་པོའི་རང་གི་ངོ་བོ་ཁོ་ན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསལ་ཟིན་པའི་ སྒོ་ཉིད་སྤང་སྟེ། རང་བཞིན་རྟོགས་པ་ཙམ་གྱི་སྒྲུབ་པས་དངོས་པོ་རྟོག་པ་ཉིད་དོ། །འདི་སྔོན་པོ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་ཙམ་རྟོགས་པ་ཡིན་ལ། འདི་སྔོན་པོ་མ་ཡིན་ནོ་ཞེས་བྱ་བ་ནི་སྔོན་པོ་བསལ་བའི་སྒོ་ནས་དེ་རྟོགས་པ་ཡིན་པས་བྱེད་པ་གཉིས་འགྲུབ་ཐ་དད་པར་རྟོགས་ པ་ཡིན་ནོ། །ཁྱེད་ཀྱིས་ནི་ཐམས་ཅད་དུ་རྣམ་པར་གཅད་པ་ཡུལ་ཅན་ཉིད་དུ་སྨྲས་པས་ན་འདི་སྔོན་པའོ་སྙམ་པ་ཡང་དེའི་ཡུལ་ཅན་ཉིད་དུ་བརྗོད་པར་འགྱུར་རོ། །དེས་ན་འདི་ལྟ་བུའི་བདག་ཉིད་ཀྱི་རྣམ་པར་ཤེས་པ་རྣམས་རང་བཞིན་རྟོགས་པ་ཙམ་ནི་མ་ཡིན་གྱི་འོན་ཀྱང་ཐ་དད་པའི་ ཡུལ་ཅན་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། དོགས་པ་འདི་བཟློག་པ་ནི། ཚད་མ་གཞན་དང་ཞེས་བྱ་བ་ནི་ལ་སོགས་པའོ། །ཚད་མ་ནི་རྟགས་ཡིན་ལ། སྒྲ་ནི་རང་ཉིད་བརྗོད་པ་ཡིན་ནོ། །དེས་ན་སྒྲ་དང་རྟགས་དག་གིས་རྣམ་པར་གཅོད་པར་རྟོགས་པར་བྱེད་དོ་ ཞེས་ཇི་ལྟར་ཤེས་ཞེས་སྨྲས་པ་གང་ཡིན་པ་དེ་རྟགས་ལ་བརྟེན་ནས་སྤངས་པ་ཡིན་ནོ། །དེས་ན་གང་གི་ཕྱིར་རྟགས་ཚད་མ་གཞན་དང་སྒྲ་གཞན་དུ་གྱུར་པས་འཇུག་པ་དེའི་ཚེ། སྒྲ་དང་རྟགས་དག་རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དོ། །རྟགས་ནི་ཐམས་ཅད་དུ་ཆོས་ཅན་ གྲུབ་པ་ལ་ལྟོས་པའི་ཕྱིར་མངོན་སུམ་གྱིས་ཡུལ་དུ་བྱས་པའི་དོན་ལ་འཇུག་པ་ཡིན་ནོ། །དེས་ན་འདི་ནི་ཚད་མ་གཞན་དུ་གྱུར་པས་འཇུག་པ་ཡིན་ནོ། །དེ་བཞིན་དུ་མངོན་སུམ་གྱིས་ཡུལ་དུ་བྱས་པའི་ཆོས་ཅན་ལ་བརྟེན་ཏེ་སྒྲ་འཇུག་པ་ན། རྗེས་སུ་དཔག་པ་འཇུག་ པའི་སྒྲ་གང་ཡིན་པ་དེ་སྒྲ་གཞན་ཡིན་ཏེ། དེས་ན་སྒྲ་གཞན་འཇུག་པ་ཡིན་ནོ། །དེས་ན་དོན་གྱི་རང་གི་ངོ་བོ་གཅིག་ཅེས་བྱ་བའི་གཞུང་འདི་དང་མཐུན་པ་འདི་གཏན་ཚིགས་སུ་བཀོད་པ་ཡིན་ནོ། །རྗེས་སུ་དཔག་པ་ལས་ཀྱང་དངོས་པོ་ཞེས་བྱ་བ་དང་། གཞན་དུ་དངོས་པོ་གཅིག་ཉིད་ལ། སྒྲའམ་བློ་གཅིག་གིས་ཁྱབ་ན་ཞེས་བྱ་བ་ལ་ལྟོས་ཏེ། བརྒལ་ཞིང་བརྟགས་པའི་སྒྲ་དང་རྟགས་དག་ནི། སྒྲ་དང་ཚད་མ་གཞན་འཇུག་པ་ཉིད་ཀྱིས་གཞན་སེལ་བའི་ཡུལ་ཅན་དུ་བསྒྲུབ་པ་ཡིན་ནོ། །སྒྲ་དང་རྟགས་དེ་དག་གིས་ནི་གཞན་སེལ་བ་རྟོགས་པ་ཡིན་ཏེ། རང་གི་ཕྱིར་ དེ་ཡོད་པ་ལ་སྒྲ་དང་ཚད་མ་གཞན་འཇུག་པའི་ཕྱིར་རོ། །དང་པོ་དག་གཞན་སེལ་བའི་ཡུལ་ཅན་དུ་འགྱུར་མོད་སྒྲ་དང་ཚད་མ་གཞན་དག་གོ། །ཇི་ལྟར་ཞེ་ན། དེ་ཉིད་ཀྱི་ཕྱིར་སྔ་མའི་བཤད་པ་དགོད་པ་ཡིན་ནོ། །འོ་ན་སྔ་མར་དང་པོ་དག་ཇི་ལྟར་གཞན་སེལ་བའི་ཡུལ་ཅན་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་ཕྱི་མའི་བཤད་པ་ཉེ་བར་དགོད་དོ། །འདི་ལྟར་སྔ་མ་ཡང་དངོས་པོ་མཐའ་དག་ཁྱབ་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ཞུགས་པ་ལ་ཡང་ཕྱིས་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་ཕྱི་མ་དག་ཀྱང་སྔར་ཞུགས་པ་ལ་དངོས་པོའི་ཕྱོགས་གཅིག་ལ་དམིགས་པ་ཡིན་ནོ། ། འཆད་པར་འགྱུར་བའི་ཚུལ་གྱིས་འདི་ནི་གཞན་སེལ་བའི་ཡུལ་ཅན་མ་ཡིན་པར་མི་འཐད་དོ། །དེས་ན་རིམ་པ་གཉི་ག་ལྟར་ཡང་སྒྲ་དང་རྟགས་འཇུག་པའི་ཕྱིར་གཞན་སེལ་བའི་ཡུལ་ཅན་གྱི་རང་བཞིན་ཉིད་དོ། །དེ་ལྟར་ནི་འདི་ནི་གཞན་སེལ་བའི་ཡུལ་ཅན་ཉིད་ལ་རང་བཞིན་གྱི་ གཏན་ཚིགས་ཡིན་ལ། སྒྲུབ་པས་དངོས་པོའི་རང་གི་ངོ་བོ་རྟོགས་པ་འགོག་པ་ལ་ནི་འགལ་བས་ཁྱབ་པ་དམིགས་པའོ། །གང་ཞིག་ཚད་མ་གཞན་དུ་གྱུར་པས་འཇུག་པའམ་གང་ལ་ཚད་མ་གཞན་འཇུག་པའི་དོན་གཅིག་ལ་འཇུག་པ་དེ་ནི་གཞན་སེལ་བའི་ཡུལ་ཅན་ ཡིན་ལ། སྒྲུབ་པས་དངོས་པོ་འཛིན་པ་ནི་མ་ཡིན་ཏེ། འདི་ནི་སྔོན་པོ་མ་ཡིན་ནོ་ཞེའམ་སྐད་ཅིག་མ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་བཞིན་ནོ། །སྒྲ་མི་རྟག་གོ་སྙམ་དུ་ཤེས་པ་ཡང་ཚད་མ་གཞན་དུ་གྱུར་པས་འཇུག་པའམ། ཚད་མ་གཞན་གྱི་ཡུལ་ལ་ འཇུག་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་འབྲེལ་པ་ལས་ཡིན་ལ། དེ་ཡང་ཚད་མ་གཞན་འཇུག་པའི་རང་བཞིན་རྣམ་པར་དཔྱད་པས་རྙེད་དོ། །ཞེས་བརྗོད་པ་ནི། འདི་ལྟར་ཞེས་བྱ་བ་ཡིན་ནོ། །དོན་གྱི་རང་བཞིན་ངོ་བོ་ཚད་མ་རྣམས་ཀྱིས་བརྟག་པར་བྱ་བ་གང་ ཡིན་པའི་ཆ་གཞན་ཅི་ཞིག་ཡོད། བརྟག་པ་དོན་དུ་གཉེར་བས་ཚད་མ་འཇུག་པ་ནི་རང་དབང་མ་ཡིན་ཏེ། དེ་ལ་རག་ལས་པ་ནས་འཇུག་པའི་ཕྱིར་རོ། །དེ་ཡང་རྗེས་སུ་དཔག་པ་ཡིན་ནོ། །དེ་ནི་སོ་སོ་རང་ཉིད་ཀྱི་དམིགས་པ་མ་རྙེད་པར་གྲུབ་པ་མ་ཡིན་ན། དེ་ལྟ་བུར་གྱུར་པའི་ དོན་གྱི་ཆ་དེ་ཡང་གང་ཞིག་ཡིན། དོན་དེ་ཉིད་བརྟག་པར་བྱ་བ་མ་ཡིན་ནམ་དེའི་ཆ་གཞན་གྱིས་ཅི་ཞིག་བྱ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི་མངོན་སུམ་ཡིན་པ་ལ་ཞེས་བྱ་བའོ། །མངོན་སུམ་མ་ཡིན་པའི་དོན་ནི་བརྟག་པར་ནུས་པ་མ་ཡིན་ནོ། །དེས་ན་དེ་མངོན་སུམ་དུ་གྱུར་པ་ནི་ བརྟགས་པའི་རྟེན་དུ་གྱུར་པ་གཞན་བརྗོད་པར་བྱ་དགོས་སོ། །མངོན་སུམ་ལ་མངོན་སུམ་ཡིན་པའི་ཆ་ཡོད་པ་བརྟག་པར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི་གཅིག་ཅེས་བྱ་བའོ། །གཅིག་ལ་ཡང་ཆ་གཞན་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་བདག་ཉིད་ གསལ་བ་ནི་མ་ཡིན་གྱི་འོན་ཀྱང་དེ་དང་འདྲ་བའི་རྣམ་པ་ཅན་གྱི་ཤེས་པ་གསལ་བ་ཡིན་ནོ། །དེ་ཡང་ཕྱོགས་གཅིག་གིས་འདྲ་བ་ན་དེའི་ཕྱོགས་གཅིག་མངོན་སུམ་དུ་འགྱུར་རོ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི་བདག་ཉིད་ཅེས་བྱ་བ་ཡིན་ནོ། །གཞན་གནས་ལུགས་ཀྱི་སྣང་བ་ན་ དོན་རང་ཉིད་གསལ་བར་འགྱུར་བ་ཡིན་ཏེ། རང་གི་གནས་ལུགས་ཀྱིས་དོན་བྱེད་པ་པོ་ཡིན་པས་ན་བྱེད་པ་པོ་ཉིད་ཡིན་པ་བཞིན་ནོ། །དེས་ན་ཕྱོགས་གཅིག་གིས་གསལ་བ་མ་ཡིན་ཏེ། བྱེད་པ་པོ་བཞིན་ནོ། །འོ་ན་མཐོང་བའི་ཡུལ་ཉིད་བརྟགས་པ་ཡིན་པས་སོ་སོ་རང་གི་ཡུལ་གཞན་ རྙེད་པས་ནི་དོན་མེད་དོ་ཞེ་ན་མ་མཐོང་ཞེས་སྨོས་སོ། །མཐོང་བས་ཡུལ་དུ་བྱས་པ་ནི་རྟོགས་ཟིན་པ་ཉིད་ཀྱིས་བརྟག་པ་དོན་མེད་པའི་ཕྱིར་མ་མཐོང་བའི་ཡུལ་ཉིད་བརྟགས་པར་རིགས་པ་ཡིན་ནོ། །འདི་ནི་ཚད་མ་གཞན་སྒྲུབ་པས་དངོས་པོའི་ངོ་བོ་རྟོགས་པར་ བྱེད་པ་ཉིད་བསལ་ཏོ། །དེ་འཇུག་པ་ནི་ངེས་པར་མངོན་སུམ་གྱིས་ཆོས་ཅན་གྲུབ་པ་ལ་ལྟོས་པ་ཡིན་ནོ། །དེས་ན་ཆོས་ཅན་གྱི་ཆོས་མངོན་སུམ་མ་ཡིན་པ་མི་སྲིད་པས་ཐམས་ཅད་རྟོགས་པ་ཁོ་ན་ཡིན་པའི་ཕྱིར་ཚད་མ་གཞན་བསྒྲུབས་པས་ཅི་ཞིག་རྟོགས་པར་བྱེད། དོན་གྱི་ཞེས་བྱ་བ་ལ་ སོགས་པ་ནི་འགྲེལ་པར་བྱེད་པའོ། །དེ་ནི་མངོན་སུམ་མ་ཡིན་ནོ། །གང་ལ་ཚད་མ་གཞན་འཇུག་པའི་དོན་དེ་ནི་གཅིག་པ་དང་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །གྲུབ་པ་ལ་ངེས་པ་བཤད་པ་ནི་ཆོས་ཅན་མ་གྲུབ་ན་ཞེས་བྱ་བའོ། །དཔེར་ན་མི་རྟག་པ་བསྒྲུབ་པར་བྱ་བ་ལ་སྒྲ་ གཅིག་པ་དང་མངོན་སུམ་གྱིས་གྲུབ་པ་ལྟ་བུའོ། །དེས་ཅིར་འགྱུར་ཞེ་ན། དེ་བཤད་པ། དེས་ན་གཅིག་པོ་དེ་ནི་མངོན་སུམ་ཁོ་ནས་གྲུབ་པས་རྣམ་པ་ཐམས་ཅད་གྲུབ་པ་འདིར་འགྱུར་རོ། །དེ་ཉིད་གཞུང་འཛུགས་པ་ནི་དེ་ལ་ཞེས་བྱ་བའོ། །གྲུབ་པ་དེ་ལས་གཞན་ནི་མ་གྲུབ་ པ་སྟེ་སྐབས་ཀྱིས་གཅིག་པོ་དེའི་རྣམ་པ་མེད་པའི་ཕྱིར་རོ། །འོན་ཏེ་མ་གྲུབ་པའི་རྣམ་པ་ཡོད་ན་ནི་གཅིག་པོ་དེའི་ངོ་བོ་ཉིད་མ་ཡིན་ནོ། །མ་གྲུབ་པའི་རྣམ་པ་གང་ཡིན་པ་དེ་ནི་གཅིག་གི་རང་བཞིན་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་ཞིག་ཅེས་སྨོས་སོ། །དེ་གྲུབ་ན་གྲུབ་ པ་ཉིད་ཀྱིས་གང་ཞིག་གང་དང་གྲུབ་པ་དང་བདེ་བ་གཅིག་པ་ཅན་མ་ཡིན་པ་དེ་ནི་དེ་དང་རྣམ་པ་གཅིག་པ་མ་ཡིན་པས་དེའི་ངོ་བོ་ཉིད་མ་ཡིན་ནོ། །ཆོས་འགལ་བ་གནས་པ་ཉིད་ཀྱིས་ཐ་དད་པར་གྲུབ་པའི་ཕྱིར་རོ། །དེ་བཤད་པ་ནི་ཐ་དད་པའི་ཐ་སྙད་ཅེས་བྱ་བའོ། །དེ་མངོན་སུམ་གྱིས་ གྲུབ་ན་རྣམ་པ་ཐམས་ཅད་གྲུབ་མོད། དེ་ལས་ཀྱང་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཞེས་བཤད་དོ། །དེའི་ངོ་བོ་ཉིད་མཐའ་དག་མ་ཚང་བ་མེད་པར་ཡོངས་སུ་བཅད་པའི་ཕྱིར་དེ་རྣམ་པར་རྟོག་པ་མེད་པས་མྱོང་བའི་ཕྱིར་ཚད་མ་གཞན་འཇུག་པ་མི་འཐད་དོ། །དེས་ན་དེ་ལྟར་སྒྲུབ་པའི་ ཕྱོགས་ལ་ཚད་མ་གཞན་འཇུག་པ་མ་ཡིན་པར་བསྒྲུབས་ནས་གཞན་སེལ་བའི་ཕྱོགས་ལ་འཐད་པར་སྟོན་པ་ནི་གཟུགས་ཆོས་ཞེས་བྱ་བའོ། །གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་ པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་བྱ་བའོ། །དེའི་དོན་འདི་ཡིན་ཏེ། གང་གི་ཕྱིར་འཁྲུལ་པའི་རྒྱུ་མཚན་གྱིས་དངོས་པོ་མཐོང་བ་ལ་ཡང་དངོས་པོ་གཞན་སྒྲོ་འདོགས་པ་དེས་ན། དེ་ཚད་མ་རྣམས་ཀྱིས་བརྟག་པར་བྱ་བ་ ཡིན་ནོ། །དེ་བས་ན་རང་བཞིན་གཞན་སྒྲོ་བཏགས་པས་བསྐལ་པའི་དངོས་པོའི་བདག་ཉིད་རྟོགས་པར་བྱ་བའི་ཕྱིར་ཚད་མ་གཞན་འཇུག་སྟེ། དེས་ན་དེ་སྒྲོ་འདོགས་པ་བསལ་བས་རྟོགས་པ་ན་ཐ་དད་པའི་དོན་ཅན་གཞན་སེལ་བའི་ཡུལ་ཅན་དུ་འགྲུབ་པ་ཡིན་ནོ། །གལ་ཏེ་ ཉམས་སུ་མྱོང་བས་རྟོགས་པའི་དངོས་པོ་ཉིད་ལ་མ་མཐོང་བ་ཅུང་ཟད་ཡོད་ན། དེ་ལ་ཚད་མ་གཞན་འཇུག་པར་འགྱུར་བ་ཡིན་ན། ཆ་མེད་པ་དེ་ལ་མ་མཐོང་བ་འགའ་ཡང་མེད་ན་ཚད་མ་གཞན་འཇུག་པ་མེད་པའི་ཕྱིར་སྒྲུབ་པའི་ཚད་མ་གཞན་འཇུག་པ་དགག་པ་ནི་རྣམ་ པར་གཅོད་པའི་ཡུལ་ཅན་ལ་ཡང་མཚུངས་སོ། །འདི་ལྟར་དངོས་པོའི་དེ་ཁོ་ན་ཉིད་མཐའ་དག་མཐོང་བ་ལ་ནི་འཁྲུལ་པའི་རྒྱུ་མཚན་གྱིས་ཡོན་ཏན་གཞན་སྦྱོར་བ་ཉིད་རེ་ཞིག་མི་སྲིད་དེ། རྟག་ཏུ་ཡོད་པར་ཐལ་བའི་ཕྱིར་རོ། །སྲིད་ན་ཡང་མཐོང་བའི་ནུས་པ་མ་ཉམས་ པས་ཡོན་ཏན་གཞན་སྦྱོར་བ་ཁྱད་དུ་བསད་དེ། རང་གི་ཡུལ་ཡོངས་སུ་རྫོགས་པར་བྱ་བ་ཚད་མ་གཞན་ལ་ལྟོས་པ་ཟློག་པར་བྱེད་དོ། །དཔེར་ན་བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་དངོས་པོ་མཐའ་དག་མཐོང་བཞིན་དུ་ཡང་སྒྲོ་འདོགས་པ་ཙམ་གྱིས་སྐྱེས་བུ་སེང་གེ་དང་སྦྱོར་བ་རང་ གི་ངོ་བོ་འཛིན་པའི་ཤེས་པ་གཞན་ལ་ལྟོས་ནས་འགྲུབ་པ་མ་ཡིན་པ་བཞིན་ནོ། །དེས་ན་གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས་ཞེས་ཅི་སྟེ་བརྗོད། འདི་ལྟར་འཁྲུལ་པའི་རྒྱུ་མཚན་ཡོད་ཀྱང་དེ་ཁོ་ན་ཉིད་མ་ཉམས་ན། ཚད་མ་གཞན་གྱིས་རྟོགས་པ་སྲིད་པ་མ་ཡིན་ནོ་ཞེ་ན། བརྗོད་ པ། འདི་ལ་དངོས་པོ་མེད་པར་སྨྲ་བའི་ལྟ་བ་ལ་ཇི་ལྟར་མཐོང་བཞིན་པའི་རང་བཞིན་ཙམ་ཉིད་འཇིག་པ་དང་སྐྱེ་བ་དང་སྐྱེད་པར་བྱེད་པ་ཡིན་པར་རིགས་པ་ལས། དེ་ཉིད་སྐད་ཅིག་མ་ལ་སོགས་པར་གྲུབ་པའི་ཕྱིར་ཉམས་སུ་མྱོང་བའི་དབང་གིས་གཟུགས་དེ་ མདུན་ན་གནས་པའི་རང་བཞིན་དུ་སྣང་བ་ནས་གཟུགས་ཉིད་གསལ་བ་ཡིན་གྱི། སྐད་ཅིག་མ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བརྗོད་པར་མི་ནུས་སོ། །སྐད་ཅིག་མ་ཉིད་ཀྱང་གཟུགས་ཀྱི་བདག་ཉིད་དུ་གསལ་བ་ཡིན་ལ། གཟུགས་ཀྱང་སྐད་ཅིག་མའི་བདག་ཉིད་དུ་ཡིན་ནོ་ཞེས་ བསྙད་པ་ཡོད་པའི་ཕྱིར་རོ། །དེས་ན་དོན་ཇི་ལྟ་བ་དེ་ཁོ་ན་ལྟར་དོན་ཉམས་སུ་མྱོང་བ་དོན་རིགས་པ་འཇུག་པས་དོན་ངོ་བོ་མཐའ་དག་གིས་སྣང་བར་གྲུབ་ཀྱང་ཉམས་སུ་མྱོང་བ་རང་ཡོད་པ་ཙམ་གྱིས་ནི་མཐར་ཕྱིན་པ་མ་ཡིན་གྱི། འོན་ཀྱང་འདུ་བྱེད་སྒྲུབ་པས་རྗེས་སུ་འཇུག་པ་ཡིན་ ནོ། །འདུ་བྱེད་ལས་སྐྱེས་པའི་རྟོགས་པ་ཡང་རྣམ་པར་རྟོག་པ་ཡིན་ནོ། །དེས་ན་གལ་ཏེ་རྣམ་པར་རྟོག་པ་ཡང་ཉམས་སུ་མྱོང་བ་བཞིན་དུ་སྒྲུབ་པའི་ངོ་བོས་དོན་འཛིན་ན། སྔོན་པོ་ལ་སོགས་པ་དང་དབྱེར་མེད་པའི་སྐད་ཅིག་མ་ལ་སོགས་པའི་རྣམ་པ་ སྔོན་པོའི་བདག་ཉིད་དུ་གྱུར་པ་དེའི་རང་གི་ངོ་བོ་ཙམ་འཛིན་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ཏེ། སྔོན་པོ་མྱོང་ན་སྔོན་པོའི་རྣམ་པར་རྟོག་པ་སྐྱེས་པ་ན། སྐད་ཅིག་མ་ལ་སོགས་པ་ལ་ཐེ་ཚོམ་ཟ་བས་ཚད་མ་གཞན་ལ་ལྟོས་པའི་ཕྱིར་རོ། །དེས་ན་འདིས་ནི་བདག་ཉིད་ཐམས་ ཅད་ཀྱིས་ཉམས་སུ་མྱོང་ཞིང་འདུ་བྱེད་པ་ལས་རྟོགས་པར་གྱུར་པ་ཆོས་གཅིག་ཏུ་བྱས་ནས་ངེས་པ་བྱེད་དོ། འདི་ལྟ་སྟེ་གཟུགས་ཉིད་དུའོ། །དེས་ན་འདི་ལྟར་དངོས་པོའི་རང་བཞིན་ཉམས་སུ་མྱོང་བའི་བདག་ཉིད་ཀྱི་རྟོགས་པ་མེད་ཀྱང་འདིར་རང་བཞིན་གཞན་གྱིས་ཀྱང་དངོས་ པོ་ལ་འཇུག་པའི་བྱེད་པ་མེད་པར་གྱུར་ན། དངོས་པོ་ལ་སོགས་པར་རྟོགས་པ་བཞིན་དུ། དངོས་པོ་ལ་བརྟེན་པ་མ་ཡིན་པ་ཁོ་ནར་འགྱུར་རོ། །གང་གི་ཚེ་ཐ་དད་པར་བྱེད་པ་ཉིད་ཀྱིས་དོན་གྱི་ངོ་བོ་སྔོན་པོ་མ་ཡིན་པ་ཙམ་ལས་དབྱེ་བའི་ཕྱིར་དེའི་གཉེན་པོར་གྱུར་པ་དངོས་པོའི་ བདག་ཉིད་ཀྱི་སྔོན་པོ་ཙམ་རྟོགས་པས་འཇུག་པ་དེའི་ཚེ་འདི་འཇུག་པ་ཚད་མ་གཞན་གྱིས་གོ་སྐབས་དང་ལྡན་པར་འཐད་པ་ཁོ་ནའོ། །དེའི་ཕྱིར་ཉམས་སུ་མྱོང་བ་དང་འབྲེལ་བའི་མཐོང་བ་སྔོན་པོ་མ་ཡིན་པ་ཙམ་སྤངས་པར་གྲུབ་པ་ན་སྐད་ཅིག་མ་ཡིན་པ་ལ་སོགས་པ་དང་། ཐ་མི་ དད་པ་ལྡོག་པའི་ཚད་མས་གཞན་ལ་ལྟོས་པ་མེད་པ་ཉིད་མ་ཡིན་ནོ། །བློ་ནི་རྣམ་པ་གཉིས་ཏེ། གཅིག་ནི་དོན་གྱི་དབང་གི་དོན་སྣང་བས་དོན་ཇི་ལྟ་བ་བཞིན་ཁོ་ནར་འཇུག་པ་ཡིན་ལ། གཞན་ནི་རྟོགས་པ་པོའི་གཞན་གྱི་དབང་ཡིན་པའི་ཕྱིར་དོན་ལ་མི་ལྟོས་ཏེ། གལ་ཏེ་དོན་གྱི་ཡུལ་ ཅན་མ་ཡིན་པ་ཉིད་ཀྱི་དོན་ལ་དོན་ཇི་ལྟ་བ་བཞིན་མ་རྟོགས་པ་ཡིན་ན། འདིས་དོན་ལ་བརྟེན་པའི་ཐ་སྙད་དུ་མི་འགྱུར་རོ། །དེས་ན་འདི་ནི་གཞན་སེལ་བའི་དོན་ཅན་ཉིད་ཀྱིས་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་ཉེས་པ་འགའ་ཡང་མེད་དོ། །དེ་ལྟ་ན་འོ་ན་རྣམ་པར་རྟོག་ པ་ནི་འཁྲུལ་པ་ཉིད་ཀྱི་ཕྱིར་ན། དངོས་པོའི་བདག་ཉིད་སྔོན་པོ་དང་སྐད་ཅིག་མ་ལ་སོགས་པའི་རང་བཞིན་གྱིས་ཐ་དད་པར་རྟོགས་པ་དེས་ན་དོན་གྱི་ངོ་བོའི་ཆོས་མཐའ་དག་གིས་བདག་ཉིད་ཡིན་ཡང་རྣམ་པ་གཅིག་ཏུ་སྣང་བའི་ཕྱིར་ཉམས་སུ་མྱོང་བའི་རྗེས་སུ་འབྲང་ བའི་རྟོགས་པས་ཆོས་གཅིག་གི་བདག་ཉིད་དུ་རྟོགས་སོ། །དེས་ན་ཉམས་སུ་མྱོང་བ་སྐད་ཅིག་མ་ལ་སོགས་པ་རྣམས་རྣམ་པ་གཞན་དུ་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་དེའི་རྒྱུ་མཚན་གྱིས་སྐད་ཅིག་མའི་རྣམ་པར་རྟོག་པ་མ་སྐྱེས་པས་ན་ཚད་མ་གཞན་ལ་ལྟོས་ པའི་ཕྱིར་གཞན་སེལ་བའི་ཡུལ་ཅན་གྱིས་ཅི་བྱ། སྒྲོ་འདོགས་པ་མེད་ཀྱང་རྒྱུ་མཚན་མེད་པ་ཉིད་ཀྱིས་མ་རྟོགས་པར་གྲུབ་པ་ན་ཚད་མ་གཞན་འཇུག་པ་འགྲུབ་པའི་ཕྱིར་རོ། །དེ་བས་ན་སྒྲུབ་པའི་ངོ་བོ་ཁོ་ནས་རྟོགས་པ་ཆོས་ཙམ་ལ་བརྟེན་པར་འགྱུར་རོ། །འཁྲུལ་ པའི་ཕྱིར་དེ་མ་རྟོགས་སོ་ཞེ་ན་མ་ཡིན་ཏེ། ཞེན་པ་ལ་ལྟོས་ཏེ་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རྣམ་པར་གཅོད་པའི་སྒོ་ནས་ཀྱང་རྟོགས་པ་མི་འགྲུབ་པའི་ཕྱིར་རོ་ཞེ་ན། དེ་ལྟར་ནི་མི་ནུས་ཏེ། དངོས་པོ་ལ་བརྟེན་པ་ཡིན་ན་དངོས་པོ་ལ་ཡོད་པའི་སྐད་ཅིག་མ་ལ་ སོགས་པའི་བདག་ཉིད་ཀྱིས་ཐ་དད་པར་བསླད་པར་མི་འགྱུར་བའི་ཕྱིར་རོ། །དེའི་ཡུལ་གྱི་ཉམས་སུ་མྱོང་བ་ལ་བརྟེན་པའི་ཕྱིར་དེ་ལ་བརྟེན་པ་ཡིན་ན་ཡང་ཐ་དད་པ་མ་ཡིན་པ་བཞིན་དུ་རང་བཞིན་ལ་ཕྱིན་ཅི་ལོག་པར་འགྱུར་ཏེ། དངུལ་ལ་སོགས་པའི་རྣམ་པར་རྟོག་ པ་བཞིན་ནོ། །སྔོན་པོ་མ་ཡིན་པ་ལ་ཡང་སྐད་ཅིག་མ་ཉིད་རྟོགས་པའི་ཕྱིར་ཐ་དད་པ་ལ་འཁྲུལ་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ་སྔོན་པོ་དང་སྔོན་པོ་མ་ཡིན་པ་དག་གིས་སྐད་ཅིག་མ་གཅིག་ཉིད་དུ་འཁྲུལ་པ་ཡང་གཞན་སེལ་བ་མ་ཡིན་པར་དངོས་པོ་ལ་བརྟེན་པ་ཉིད་ཡིན་ན། ཐ་དད་པ་བསླད་པ་ བཞིན་མི་འགྲུབ་པར་འཆད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཐ་དད་པ་ཙམ་ལ་བྱེད་པ་དང་ལྡན་པའི་རྣམ་པར་རྟོག་པ་ནི་བཟློག་པར་བྱ་བ་མང་པོ་དག་ལས་སྒྲའོ་ཞེས་དེའི་གཉེན་པོར་གྱུར་པའི་དངོས་པོའི་བདག་ཉིད་འཛིན་པས་གཅིག་བཟློག་སྟེ། མི་རྟག་པའོ་ཞེས་དེ་བཞིན་དུ་གཞན་ སེལ་བ་ན་ཐ་དད་པ་ལ་བསླད་པ་མེད་ཀྱང་རང་བཞིན་ལ་བསླད་པར་འགྱུར་རོ། །དེ་ལྟར་ཡང་འོག་ནས་བཤད་པར་བྱའོ། །དེའི་ཕྱིར་དངོས་པོ་རྟོགས་པའི་བདག་ཉིད་ཅན་གྱི་རྣམ་པར་ཤེས་པའི་ཡུལ་ཅན་གྲུབ་པ་ལ་ཡང་ཐ་དད་པའི་དོན་གྱི་རྟོགས་པ་ལ་བརྟེན་ནས་སྒྲོ་འདོགས་སྲིད་པ་དང་ ཚད་མ་གཞན་ལ་ལྟོས་པར་འཐད་པ་ཡིན་ནོ། །དེས་ན་རྒྱུ་མཚན་ངེས་པ་ཉིད་ལས་མ་རྟོགས་པར་གྲུབ་པ་ན་འདི་མི་བརྗོད་པར་འགྱུར་བ་གང་ཡིན་པ་འདིར་མ་མཐོང་བ་སྒྲུབ་པའི་ཕྱིར་འདི་བཀོད་པ་ནི་མ་ཡིན་གྱི་འོན་ཀྱང་སྒྲུབ་པའི་ངོ་བོས་རྟོགས་པ་བསལ་བ་ན་སྒྲོ་འདོགས་ཡོད་ན། དེ་ཟློག་ པར་བྱེད་པ་ཉིད་ཀྱིས་ཚད་མ་དག་གིས་བརྟག་པ་སྲིད་པར་བརྗོད་པ་ཡིན་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་སྲིད་པར་བསྟན་པའི་ཕྱིར་རོ། །གང་ཞིག་དངོས་པོ་གང་ལས་ཐ་དད་པ་དེ་ནི་དེ་ལས་ཡོན་ཏན་གཞན་ཡིན་ནོ། །ངེས་པའི་རང་བཞིན་གྱི་དངོས་པོ་ལྟོས་ནས་ཀྱང་དེ་མ་ཡིན་པའི་ རང་བཞིན་དེ་ལས་ཐ་དད་པ་ཡིན་ནོ། །དེས་ན་སྔོན་པོའི་རང་བཞིན་གྱིས་དངོས་པོ་ལས་སེར་པོ་གཞན་ལ། དེ་བཞིན་དུ་སྐད་ཅིག་མར་འཇིག་པ་ལ་ནི་མི་འཇིག་པ་ངེས་པའི་འབྲས་བུ་བྱེད་པ་ལས་ནི་འབྲས་བུ་མེད་པ་གཞན་ཡིན་ནོ། །འཁྲུལ་པའི་རྒྱུ་མཚན་ཡོད་པ་ལས་ནི་དངོས་པོ་རང་ གི་ངོ་བོས་ཇི་ལྟར་གནས་པ་ལས་ཕྱིན་ཅི་ལོག་ཏུ་རྟོགས་པར་འགྱུར་བ་ཡིན་ནོ། །དེས་ན་དོན་གྱི་ངོ་བོ་གཅིག་ཡིན་པའི་ཕྱིར་དེའི་རྟོགས་པ་རང་བཞིན་གཅིག་ཁོ་ནར་འགྱུར་རོ། །འདི་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་ནི་མང་བ་ཡིན་ཏེ། དེའི་རང་བཞིན་མ་ཡིན་པའི་དོན་རྣམས་མང་བའི་ཕྱིར་ རོ། །དེས་ན་དེ་ལ་ཕྱིན་ཅི་ལོག་ཏུ་དང་ཐ་མི་དད་པ་སེལ་བར་བྱེད་པའི་འབྲས་བུ་ཅན་གྱི་ཚད་མ་དག་ཀྱང་མང་པོ་ཁོ་ནའོ། །ཇི་ལྟར་རང་གི་ངོ་བོས་གཞན་གྱི་རང་བཞིན་གྱིས་སྟོང་པ་གཞན་ལ་གཞན་སྦྱོར། གཞན་གྱི་ངོ་བོས་རྟོགས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དེ་མ་རྟོགས་པས་དེ་གཞན་གྱི་ ངོ་བོར་རྟོགས་པ་མི་འགྲུབ་པའི་ཕྱིར་ཏེ། གཞན་ཙམ་རྟོགས་པའི་ཕྱིར་རོ། །དེ་རྟོགས་ན་ནི་གཉི་ག་ཡང་རྟོགས་པའི་ཕྱིར་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ཉིད་སྦྱོར་བ་ཡིན་པར་འགྱུར་ཏེ། དེས་ན་རྟོགས་པ་ཉིད་ཚད་མ་གཞན་ལ་ཇི་ལྟར་ལྟོས་པར་འགྱུར། དེ་བས་ན་ ཡོན་ཏན་གཞན་སྦྱོར་ཡང་ཚད་མ་གཞན་ལ་ལྟོས་པ་མ་ཡིན་ནོ་ཞེས་དོགས་ན། ཉ་ཕྱིས་ལ་དངུལ་གྱི་རྣམ་པ་ལྟར་ཞེས་སྨོས་སོ། །དཔེར་ན་ཉ་ཕྱིས་ལ་འཁྲུལ་པའི་རྒྱུ་མཚན་གྱིས་དངུལ་གྱི་རྣམ་པར་སྦྱར་བ་བཞིན་ནོ། །ཁྱད་པར་དང་ཁྱད་པར་ཅན་བཞིན་དུ་ཉ་ཕྱིས་རྟོགས་བཞིན་ པའི་རང་བཞིན་དངུལ་གྱི་རྣམ་པ་དང་སྦྱོར་བ་ནི་མ་ཡིན་ལ། མ་རྟོགས་པས་དངུལ་གྱི་རང་བཞིན་དུ་མ་རྟོགས་པ་ཡང་མ་ཡིན་ནོ། །རྟོགས་པ་དེ་རྡུལ་ཙམ་གྱི་ཡུལ་ཡིན་ཡང་ཉ་ཕྱིས་ཀྱི་རང་བཞིན་དུ་རྗེས་སུ་ཞུགས་པར་སྣང་བའི་ཕྱིར་ཉ་ཕྱིས་སུ་གྱུར་པའི་དངུལ་གྱི་རྣམ་པར་ རྟོག་པ་ཉིད་དོ། །གལ་ཏེ་སྐད་ཅིག་མ་ཉིད་ལ་སོགས་པའི་རྣམ་པ་མང་པོ་གཅིག་ཉིད་ངོ་བོ་གཞན་འབྱེད་པ་ལྷུར་ལེན་པའི་རྟོགས་པས་རང་བཞིན་དུ་བྱས་ཏེ། སྐད་ཅིག་མ་ཉིད་ལ་སོགས་པའི་སྤྱོད་ཡུལ་ཅན་ཉམས་སུ་མྱོང་བའི་བྱེད་པ་ཉམས་པར་བྱས་པ་ན་སྒྲོ་འདོགས་པར་ འཐད་ཀྱི་གཞན་དུ་ནི་མདུན་ན་གནས་པའི་རང་བཞིན་དུ་གསལ་བའི་ངོ་བོ་ལ་རང་བཞིན་གཞན་སྒྲོ་འདོགས་པ་མ་ཡིན་ཏེ། རྟག་ཏུ་དེ་ཡོད་པར་ཐལ་བའི་ཕྱིར་རོ། །ཉ་ཕྱིས་ཉམས་སུ་མྱོང་བ་ལ་དངུལ་གྱི་རྣམ་པར་སྒྲོ་འདོགས་པ་ལ་ནི་རྣམ་པ་འདི་སྲིད་པ་མ་ཡིན་ཏེ། རང་ གི་རྣམ་པ་འགལ་བས་སྣང་བ་ལ་འགལ་བ་རྟོགས་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གནོད་པར་བྱེད་པ་སྐྱེ་བ་ཉིད་མི་འགྲུབ་པར་འགྱུར་རོ། །སྐད་ཅིག་མ་མ་ཡིན་པའི་རྣམ་པ་ནི་དངོས་སུ་འགལ་བ་ཡིན་ཡང་དངོས་པོའི་རང་བཞིན་ཙམ་དུ་རྟོགས་པས་ ན་འགལ་བ་མེད་པའི་ཕྱིར་འཐད་པ་ཁོ་ནའོ། །དེས་ན་ཇི་ལྟར་ཉ་ཕྱིས་ལ་དངུལ་དུ་སྒྲོ་འདོགས་ཞེས་དོགས་ན། གཟུགས་ཆོས་མཐུན་པ་མཐོང་བ་ལས་ཞེས་སྨོས་སོ། །རྟོགས་པ་པོའི་བསམ་པ་ལ་ལྟོས་ཏེ། དངུལ་གྱི་རང་བཞིན་ཇི་ལྟ་བུ་ཉིད་དེ་ལྟ་བུ་ཉ་ཕྱིས་ལ་ཡང་ཡོད་ པས་ན་ཆོས་མཐུན་པར་བརྗོད་དེ། བ་ལང་དང་བ་མེན་བཞིན་ནོ། །དེ་མཐོང་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། དཀར་བ་ལ་སོགས་པ་ཆོས་མཐུན་པ་དག་གིས་ཉ་ཕྱིས་ཀྱི་རང་བཞིན་གང་ཡིན་པ་དེ་དངུལ་ལ་ཡོད་པ་ཡིན་ཏེ། བུམ་པ་གཉིས་ལ་ལྟོ་བ་ཡངས་པ་ལ་ སོགས་པའི་རྣམ་པ་ཡོད་པ་བཞིན་ནམ། མཐོ་ཡོར་དང་མི་དག་ལ་གྱེན་དུ་འགྲེང་བའི་རྣམ་པ་ཡོད་པ་བཞིན་ནོ། །དེ་ཙམ་གྱི་རྣམ་པའི་རྗེས་སུ་བྱེད་པའི་མངོན་སུམ་སྐྱེས་པས་དངུལ་གྱི་རྣམ་པ་དང་ཐ་དད་པར་བྱེད་པའི་རྣམ་པ་མ་བཟུང་བའི་ཕྱིར་དངུལ་དུ་སྒྲོ་འདོགས་པར་འཐད་པ་ ཉིད་དོ། །མཐོ་ཡོར་གྱི་ཐུན་མོང་མ་ཡིན་པའི་ཆོས་མ་བཟུང་བས་སྐྱེས་བུར་སྒྲོ་འདོགས་པ་བཞིན་ནོ། །ཐ་དད་པར་བྱེད་པའི་རྣམ་པ་གཟུང་ན་ནི་སྒྲོ་འདོགས་མི་སྲིད་པ་ཁོ་ནའོ། །འཁྲུལ་པའི་རྒྱུ་མཚན་མེད་ན་ནི་གཉི་ག་ལ་ཡང་ཡོད་པའི་ངོ་བོ་ཙམ་བཟུང་བ་ལ་ཐེ་ཚོམ་དུ་འགྱུར་ཏེ་ དཔེར་ན་གྱེན་དུ་འགྲེང་བ་ཉིད་བཟུང་བ་ན་མཐོ་ཡོར་དང་སྐྱེས་བུར་ཐེ་ཚོམ་ཟ་བ་བཞིན་ནོ། །ཉ་ཕྱིས་ལ་ཡང་སྲིད་པའི་ངོ་བོ་གཅིག་ལ་ངེས་པར་གཟུང་བ་ཉིད་འཁྲུལ་པ་བཞིན་ནོ། །ཐ་དད་པར་བྱེད་པའི་རྣམ་པ་མ་བཟུང་བར་ཇི་ལྟར་རྟོགས་ཤེ་ན། མ་རྟོགས་པའི་ཕྱིར་རོ། །དེ་ལྟར་སྣང་ བ་ནི་དེ་རྟོགས་པར་ཐལ་བའི་ཕྱིར་རོ། །འོ་ན་ཇི་ལྟར་དོན་གྱི་རང་གི་ངོ་བོ་གཅིག་ཅེས་བྱ་བ་ལ་སོགས་པ་བཤད་ཅེ་ན། ཆོས་གང་ཞིག་རང་བཞིན་གང་ལ་བརྟེན་ནས་ཚད་མ་དག་གིས་བརྟག་པ་དེ་ནི་དེ་བཟུང་བ་ན་མ་བཟུང་བ་མི་སྲིད་དེ། སྒྲ་ལ་སོགས་པ་བཟུང་བ་སྐད་ཅིག་མ་ཉིད་ ལ་སོགས་པ་བཞིན་ནོ་ཞེས་བསྟན་པའི་ཕྱིར་དེ་སྐད་བཤད་དོ། །ཆ་ཤས་ཀྱིས་འདྲ་བ་མི་སྲིད་པ་ནི་མ་ཡིན་ནོ། །དེ་གསལ་བ་ཡང་འདྲ་བ་ཉིད་ཡིན་ནོ། །འགྲེལ་པ་ནི་གལ་ཏེ་ཞེས་བྱ་བ་ཡིན་ནོ། །མདོ་བཞིན་དུ་གཞུང་སྔ་མ་དང་འབྲེལ་ཏོ། །དངོས་པོའི་དེ་བཞིན་ཉིད་ཐམས་ཅད་ མཐོང་བ་ཅན་ལ་ཡང་ཡོན་ཏན་གཞན་སྦྱོར་བར་མི་བྱེད་ནའོ། །ངོ་བོ་གཞན་དང་འགལ་བ་ཉིད་ཀྱིས་རྣམ་པ་གཞན་མདུན་ན་གནས་པའི་རང་བཞིན་དུ་གསལ་བའི་རང་བཞིན་དུ་དེ་ཉེ་བར་ཇི་ལྟར་སྦྱོར་ཞེ་ན། འཁྲུལ་པའི་རྒྱུ་མཚན་གྱིས་ཞེས་སྨོས་སོ། །དེའི་ནུས་པ་བསྟན་པའི་ཕྱིར་ ཁྱད་པར་བླངས་པ་ནི། དེ་ལྟར་ངེས་པའི་གགས་སུ་གྱུར་པ་ཞེས་བྱ་བ་ཡིན་ནོ། །སྣང་བཞིན་པའི་རང་བཞིན་ཉིད་ནི་ཕྱིན་ཅི་ལོག་ཏུ་རྟོགས་པར་སྲིད་པ་མ་ཡིན་ནོ། །དེས་ན་འཁྲུལ་པའི་རྒྱུ་རྣམས་འཁྲུལ་པའི་རྒྱུར་མི་འགྱུར་བ་ཉིད་དོ། །ངེས་པའི་གགས་སུ་གྱུར་པའི་འཁྲུལ་ པའི་རྒྱུ་མཚན་གྱིས་ནི་སྣང་བའི་ཆོས་གཅིག་གི་མཐར་ཐུག་པར་བྱེད་པ་དེས་ན་ཆོས་གཞན་ལ་དོགས་པའམ་འཁྲུལ་པར་འགྱུར་བ་ཁོ་ནའོ། །རྒྱུ་མཚན་དེ་དག་གང་ཡིན་ཞེ་ན། ཆོས་ཐ་མི་དད་པ་ཞེས་བརྗོད་དོ། །དེས་ན་དེ་ལྟར་མངོན་སུམ་གྱིས་འཁྲུལ་པའི་གོ་སྐབས་ཕྱེ་བ་ན། འཁྲུལ་པ་ལ་སོགས་པའི་རྒྱུ་རྣམས་བདག་ཉིད་ཇི་ལྟ་བུར་རྒྱུར་འགྱུར་བའི་ཕྱིར་དེ་ཉིད་གཙོར་འཁྲུལ་པའི་རྒྱུ་ཡིན་པར་བརྗོད་དོ། །ཇི་ལྟར་གཉི་ག་མི་སྣང་བར་གཞན་གཞན་དུ་སྦྱོར་ཏེ་གཞན་ཙམ་རྟོགས་པའི་ཕྱིར་རོ་ཞེ་ན་ཞེས་སྔ་མ་བཞིན་དུ་དོགས་པ་བསུ་ནས་ལན་འདེབས་པ་ནི་ དེ་ལྟར་ཉ་ཕྱིས་ལ་ཞེས་བྱ་བ་ཡིན་ནོ། །དེར་ཉ་ཕྱིས་སྣང་བ་ཡང་མ་ཡིན་པ་དངུལ་གྱི་རྣམ་པར་མི་སྦྱོར་བ་ཡང་མ་ཡིན་ནོ། །དེ་ཉིད་བཤད་པ་ནི་ཉ་ཕྱིས་ལ་ནི་ཞེས་བྱ་བའོ། །དེ་ལྟར་དངུལ་གྱི་རྣམ་པ་སྦྱར་བའི་ཉ་ཕྱིས་ལ་ངོ་བོ་གཉིས་ཡོད་པ་ནི་མ་ཡིན་ནོ། །རང་བཞིན་གཉིས་པོ་དེ་ ཡང་མཚུངས་པ་དང་སྟེ། གང་བཟུང་ན་དངུལ་དུ་སྒྲོ་འདོགས་པར་འགྱུར་བ་ཉ་ཕྱིས་དང་དངུལ་ལ་ཡང་སྲིད་པ་གང་ཡིན་པ་དེ་ནི་གཅིག་ཡིན་ལ། ཁྱད་པར་ཅན་དང་དངུལ་གྱི་ངོ་བོ་ཉིད་ནི་གཉིས་པའོ། །འདི་སྐད་བརྗོད་པ་ཡིན་ཏེ། འདིར་གཉིས་སྣང་བ་ན་སྦྱོར་བ་ནི་མ་ཡིན་གྱི། འོན་ཀྱང་དངུལ་གྱི་རྣམ་པ་ཙམ་དུ་སྣང་བ་ཡོད་པ་ཡིན་ནོ། །གཏན་ཚིགས་བཤད་པ་ནི་དེ་ལྟར་ཞེས་བྱ་བའོ། །སྤྱིའི་ངོ་བོ་དང་དངུལ་གྱི་རྣམ་པ་གསལ་བར་འགྱུར་ན། དངུལ་ཙམ་ཞིག་གསལ་བ་ཡིན་ནོ། །དེ་ལྟར་མ་ཡིན་ན་གཉིས་སྣང་བར་མི་འགྲུབ་ བོ་ཞེས་བཤད་པ་ནི། བྱེ་བྲག་ཏུ་མ་རྟོགས་ན་ནི་ཞེས་བྱ་བའོ། །འོ་ན་ཉ་ཕྱིས་ལ་དངུལ་གྱི་རྣམ་པར་སྦྱོར་ཞེ་ན། ལྟ་བས་ན་ཞེས་སྨོས་སོ། །རྟོགས་པ་པོ་ཉ་ཕྱིས་ཀྱི་གཟུགས་མཐོང་བས་ཁྱད་པར་ཁོ་ན་མཐོང་ངོ་། །ཁྱད་པར་མ་ཡིན་པའི་ཉ་ཕྱིས་ཀྱི་གཟུགས་མེད་པས་ན་ ཁྱད་པར་གྱི་ཅི་ཞིག་བྱ་ཞེ་ན། འདིར་དོགས་པ་ཡོད་པ་ཡིན་ཏེ། དངུལ་གྱི་ངོ་བོ་ལ་མི་སྲིད་པའི་ཉ་ཕྱིས་ཀྱི་རྣམ་པ་བཟུང་ན་དངུལ་དུ་སྒྲོ་འདོགས་པར་མི་འགྱུར་རོ། །དངུལ་ལ་ཡོད་པ་བཟུང་ཡང་དེའི་ཕྱི་ནི་མ་ཡིན་ནོ་ཞེས་དོགས་པར་བྱ་བ་ཡོད་པའི་ཕྱིར་ཁྱད་པར་ཞེས་སྨོས་སོ། ། གལ་ཏེ་ཡང་དེ་ལྟ་བུ་དངུལ་ཡང་སྲིད་མོད་ཀྱི། དེ་ལྟ་ན་ཉ་ཕྱིས་ལ་ཡོད་པ་གང་ཡིན་པ་དེ་ནི་དངུལ་ལ་ཡོད་པ་མ་ཡིན་ལ་དངུལ་ལ་ཡོད་པ་མ་ཡིན་པ་དེ་ཡང་ཉ་ཕྱིས་ལ་མེད་དོ། །དེ་ལྟར་ན་ཡང་དཀར་ཞིང་འཚེར་བའི་རྣམ་པ་ནི་ཉ་ཕྱིས་ལ་ཡོད་ཅིང་དངུལ་ལ་ཡང་ཡོད་པ་ཁོ་ནའོ། ། དེས་ན་ཁྱད་པར་ཞེས་དེའི་རང་བཞིན་བརྗོད་པ་ཡིན་ནོ། །གཉི་ག་སྲིད་པའི་ངོ་བོ་ནི་ཐ་དད་པར་བྱེད་པ་ཐུན་མོང་མ་ཡིན་པའི་ངོ་བོ་བཟུང་བ་མེད་པར་གསལ་བ་ངེས་པ་ལ་རྟོགས་པ་མ་ཡིན་ཏེ། ཇི་སྐད་བཤད་པ་གྱེན་དུ་འགྲེང་བ་ཉིད་བཞིན་ནོ། །དེ་ལ་ནི་འཁྱོར་བ་དང་ཁོང་གསེང་ཅན་ལ་ སོགས་པའམ། རྐང་ལག་ལ་སོགས་པ་བཟུང་བས་གྱེན་དུ་འགྲེང་བ་དེ་ངེས་པར་རྟོགས་པ་ཡིན་ནོ། །དེ་འདིར་དེ་ལྟ་བུའི་རྣམ་པ་འཛིན་པ་ནི་ཁྱད་པར་གྱི་ངོ་བོར་ངེས་པའི་རྟོགས་པ་ཡིན་ནོ། །དེས་ན་གལ་ཏེ་ཁྱད་པར་གྱི་ངོ་བོ་ཁོ་ན་མཐོང་མོད་ཀྱི་དེ་ལྟ་ན་ཡང་ཁྱད་པར་གྱི་རྣམ་པ་འཛིན་ པའི་ངེས་པའི་རྐྱེན་མ་ཚང་བའི་ཕྱིར་ཁྱད་པར་གྱི་ངོ་བོ་གཏན་ལ་མ་ཕེབས་པས་དེ་དངུལ་ལ་ཡོད་དོ། །དེས་ན་དེའི་སྤྱི་མཐོང་ངོ་སྙམ་དུ་རློམ་པར་བྱེད་དོ་ཞེས་བཤད་དོ། །འདི་སྐད་བརྗོད་པ་ཡིན་ཏེ་ཁྱད་པར་གྱི་རྣམ་པ་དང་འབྲལ་བའི་ཕྱིར་དེར་དེ་ལྟ་བུའི་རང་བཞིན་དུ་སྣང་བ་དངུལ་ལ་ ཡང་སྲིད་པ་གང་ཡིན་པ་དེ་རྒྱུ་མཚན་འགའ་ཞིག་ལས་ངེས་པ་ཐོབ་སྟེ། འགལ་བ་མེད་པ་སྣང་བ་ལ་དངུལ་དུ་སྒྲོ་འདོགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་དངུལ་དུ་སྒྲོ་འདོགས་སོ་ཞེས་བྱ་བ་ནི་ཇི་ལྟར་སྣང་བཞིན་པ་འགལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དངུལ་ དུ་སྒྲོ་འདོགས་པ་ནི་ཉ་ཕྱིས་ཀྱི་ཡུལ་གྱིས་རྣམ་པར་བཅད་ནས་དངུལ་དུ་སྣང་བའོ། །དེས་ན་དེ་ལྟར་སྒྲོ་འདོགས་པའི་སྐབས་ཕྱེ་བས་ན་དེ་མྱོང་བ་དེའི་རང་བཞིན་གྱི་ཡུལ་ནོན་པས་དེར་སྣང་བའི་ཕྱིར་མི་སྣང་བ་བཞིན་དུ་ཡོན་ཏན་གཞན་སྒྲོ་འདོགས་པར་འཐད་པ་ཡིན་ནོ་ཞེས་བསྒྲུབས་ཏེ། སྐབས་སུ་བབ་པའི་ཡུལ་གྱི་དབང་དུ་བྱས་ནས་ཀྱང་བསྟན་པའི་ཕྱིར་དེ་བཞིན་དུ་ཞེས་སྨོས་སོ། །ཉ་ཕྱིས་བཞིན་དུ་གཞན་བུམ་པ་ལ་སོགས་པ་ལ་ཡང་གནས་པར་འཁྲུལ་ལོ། །ངེས་པའི་གགས་སུ་གྱུར་པ་འཁྲུལ་པའི་རྒྱུ་བཤད་པ་ནི་ཐ་དད་པ་ཉིད་དུ་མ་འཕྲིགས་པ་ ཞེས་བྱ་བའོ། །ཆོས་ཀྱི་རང་བཞིན་ནི་རེ་ཞིག་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་ཐ་དད་པར་མ་རྟོགས་པ་ཡིན་ནོ། །སྐད་ཅིག་གི་དབྱེ་བས་བྱས་པའི་ཐ་དད་པ་ནི་ཚུ་རོལ་མཐོང་བས་མི་རྟོགས་ཏེ། འདས་པ་དང་མ་འོངས་པ་དག་དང་ད་ལྟར་གྱི་སྐད་ཅིག་སྣང་བར་མི་འཛིན་པའི་ཕྱིར་རོ། ། ད་ལྟར་གྱི་རང་བཞིན་འཛིན་པ་ལས་ནི་ཚུ་རོལ་མཐོང་བ་དང་རྣལ་འབྱོར་པ་འཛིན་པ་མཚུངས་པ་ཁོ་ནའོ། །མཐོང་བའི་ཁྱད་པར་མ་བརྗོད་པར་ནི་རྣམ་པར་རྟོག་པ་སྐྱེད་པ་དང་མ་སྐྱེད་པ་བརྗོད་པར་མི་ནུས་སོ། །དེ་ལྟར་ཡང་གལ་ཏེ་ཏིལ་མར་ལ་སོགས་པ་ཟད་པའི་མར་མེ་བཞིན་དུ་ ངོ་བོ་མ་དམིགས་ན་དེ་གནས་པར་འཁྲུལ་པར་མི་འགྱུར་བ་ཞིག་ན་འདྲ་བ་གཞན་སྐྱེས་པས་གནས་པར་འཁྲུལ་པ་ཡིན་ནོ་ཞེས་བཤད་པ་ནི་འདྲ་བ་གཞན་དང་གཞན་སྐྱེ་བས་ཞེས་བྱ་བའོ། །གནས་པར་འཁྲུལ་པ་དེ་ཡང་དེའི་ངོ་བོར་སྒྲོ་འདོགས་པ་ལས་འགྱུར་བ་ཡིན་ཏེ། དེའི་ངོ་བོར་སྒྲོ་འདོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །མདུན་དུ་གནས་པའི་དོན་དམིགས་པར་རྣམ་པར་རྟོག་པ་ན། སྐད་ཅིག་མ་ཉིད་ཀྱིས་མེད་པར་གྱུར་ཀྱང་དེའི་ངོ་བོ་ཡང་དེ་ཉིད་ཀྱིས་གཅིག་པ་ཉིད་དུ་འདྲ་བ་གཞན་སྐྱེས་པ་ལ་ཡང་སྒྲོ་འདོགས་པར་བྱེད་དོ། །གནས་ པར་འཁྲུལ་པ་ཡང་དེ་ཉིད་ཡིན་ཏེ། ཐ་སྙད་ལ་ལྟོས་ནས་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དོ། །དེ་ལྟར་བྱས་ན་སྒྲུབ་པའི་ཕྱོགས་བསལ་ཏེ། གཞན་སེལ་བའི་ཕྱོགས་ལ་ཚད་མ་གཞན་གྱིས་བརྟག་པ། ཇི་ལྟར་འགྲུབ་པ་དེ་བཤད་པ་ནི། འདི་ལ་གཞན་ གྱི་དངོས་པོ་ཞེས་བྱ་བ་སྟེ། འདི་ནི་བཤད་ཟིན་ཏོ། །གལ་ཏེ་རྣམ་པར་གཅོད་པར་བྱེད་པའི་རྟོགས་པ་ཡང་སྒྲོ་འདོགས་པ་བསལ་བས་ནང་གི་དོན་ཉིད་རྟོགས་པར་འགྱུར་བ་མ་ཡིན་ནམ། དེས་ན་སྒྲོ་འདོགས་ཟློག་པར་བྱེད་པ་ཡང་སྒྲུབ་པའི་ངོ་བོ་རྟོགས་པ་ཉིད་ལས་མི་འདའ་སྟེ། ཉ་ ཕྱིས་རྟོགས་པ་བཞིན་ནོ། །འདི་ཉ་ཕྱིས་ལ་བརྟེན་ནས་དངུལ་དུ་རྟོགས་པ་སྐྱེས་པ་ན། གང་གི་ཚེ་ཡུལ་ཉེ་བར་ཕྱིན་པ་ལ་སོགས་པས་ཉ་ཕྱིས་ཀྱི་རྟོགས་པ་སྐྱེས་པ་དེའི་ཚེ། འདི་དངུལ་གྱི་རྟོགས་པ་ཟློག་པར་བྱེད་པ་ཡིན་ཡང་སྒྲུབ་པའི་ཡུལ་ཅན་ཉིད་ཡིན་གྱི། རྣམ་པར་ གཅོད་པའི་ཡུལ་ཅན་ནི་མ་ཡིན་ནོ། །འདི་དངུལ་མ་ཡིན་ནོ་ཞེས་བྱ་བར་གྱུར་ན་ནི་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་ནོ་ཞེ་ན། དེ་མ་ཡིན་ནོ་ཞེས་བཤད་པ་ནི། རྣམ་པར་གཅོད་པའི་ཞེས་སྨོས་སོ། །ཕྱིན་ཅི་ལོག་དང་བཅས་པའི་ཤེས་པ་དག་ནི་སྒྲོ་འདོགས་ཀྱི་དབང་གིས་ མ་རྟོགས་པའི་དོན་སྒྲོ་འདོགས་བཟློག་ནས་རྟོགས་པར་བྱེད་པ་ནི་མ་ཡིན་ཏེ། དེས་ན་གང་གིས་རྟོགས་པ་འདི་དག་སྒྲུབ་པའི་ཡུལ་ཅན་ཉིད་དུ་འགྱུར་བ་སྒྲོ་འདོགས་ཟློག་པར་བྱེད་པའི་རྟོགས་པ་དག་ནི་དངོས་པོའི་ཆ་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་འཇུག་པ་མ་ཡིན་ ནོ། །ཇི་ལྟར་མ་ཡིན་ཞེ་ན། དེ་ནི་མཐོང་ཟིན་པའི་ཕྱིར་རོ་ཞེས་སྨོས་སོ། །སྒྲོ་འདོགས་བསལ་ནས་རྟོགས་པས་དམིགས་པའི་རང་བཞིན་དེ་ནི་སྔར་ཉིད་རྟོགས་ཟིན་ཏེ། ཆོས་ཅན་གྲུབ་པ་ཉིད་ན་སྒྲ་ལ་སོགས་པའི་རྣམ་པ་གསལ་བའི་ཕྱིར་རོ། །གལ་ཏེ་འདི་ཡང་ སྒྲའི་ཆོས་དམིགས་པ་ཉིད་ཀྱིས་འཇུག་ན་ནི་སྔར་གྱི་དེ་གསལ་བ་ཇི་ལྟ་བ་དེ་ལྟ་བུ་ཁོ་ནར་འདི་ཡང་འགྱུར་རོ། །རྟོགས་པ་སྔ་མས་རྟོགས་པ་ལས་མི་རྟོགས་པ་ཉིད་རྣམ་པ་ལྷག་པ་ནི་མེད་དོ། །དེས་ན་འདི་ཡང་མི་རྟག་པ་ཉིད་རྟོགས་ན་སྒྲ་ལ་འཇུག་པ་ཆོས་ཅན་རྟོགས་ པ་དང་སྣང་བ་མཚུངས་པར་འགྱུར་རོ། །རྟོགས་པ་དེ་ཡང་སྔར་སྐྱེས་ཟིན་པའི་ཕྱིར་འདིས་ཅི་ཞིག་བྱ། ཅི་སྟེ་ཡང་སྔར་དེའི་རང་གི་ངོ་བོར་གྱུར་པའི་དོན་དམིགས་པ་དེ་ལྟ་ན་ཡང་གང་ལས་འདི་མི་རྟག་པ་ཉིད་ངེས་པས་ཚིམ་པར་འགྱུར་བ། ད་ལྟར་མི་རྟག་པ་དམིགས་པ་ བཀར་ཏེ་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། དེ་མ་ཡིན་ནོ་ཞེས་བཤད་པ་ནི། ཆ་ཤས་མེད་པ་ལ་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་མི་རྟག་པ་ཉིད་སྒྲའི་རྣམ་པ་ལས་ལོགས་ཤིག་ཏུ་ཡོད་ན་ནི་དམིགས་ཀྱིས་བཀར་ཏེ་རྟོགས་པ་ཞིག་ན། སྒྲའི་མི་ རྟག་པ་ཉིད་ཀྱི་རང་བཞིན་ནི་སྒྲ་ཉིད་ཡིན་པའི་ཕྱིར་སྒྲའི་མི་རྟག་པ་ཉིད་རྟོགས་པ་ན་སྒྲའི་རྣམ་པ་གསལ་བ་ཁོ་ནར་འོས་ཀྱི་སྒྲའི་ཆ་ཤས་ཀྱི་རང་བཞིན་མི་རྟག་པ་ཉིད་རྟོགས་པ་ན་མ་རྟོགས་པའི་རང་བཞིན་རྟོགས་པའི་དོན་དུ་ཡིན་པར་ནི་མི་འབྱོར་ཏོ། །འོ་ན་དགག་པ་སྨྲ་བ་ལ་ ཡང་ཇི་ལྟར་རྟོགས་ཤེ་ན། འདི་ནི་མདུན་དུ་བརྟག་པར་བྱའོ། །འོན་ཀྱང་དངོས་པོའི་རང་བཞིན་རྟོགས་པའི་དོན་དུ་འཇུག་ན་འདིར་དངོས་སུ་ནི་རྟོགས་ཟིན་པའི་ཆོས་ཅན་ལ་གང་ཡིན་པ་དེ་རྟོགས་པ་ཡིན་ཏེ། དེས་ན་འདི་ཡང་དེ་ཁོ་ན་བཞིན་དུ་འགྱུར་བ་དོན་མེད་དོ། ། རྟོགས་པའི་དོན་མེད་ཀྱང་འཇུག་པ་ནི་ཉམས་པ་མེད་དེ། སྦྱོར་བའི་རྟོགས་པ་སེལ་བ་ཉིད་ཀྱིས་འཇུག་པའི་ཕྱིར་དངོས་པོའི་ཡུལ་ཅན་ཡང་སྲིད་པར་བཤད་ཟིན་པའི་ཕྱིར་རོ། །རྟོགས་པ་དང་རྣམ་པར་གཅོད་པ་གཉིས་དོན་རྟོགས་པའི་བྱེད་པ་ཁྱད་མེད་པའི་ཕྱིར་རོ། །མི་ རྟག་པ་ལ་སོགས་པའི་རྟོགས་པ་རྣམས་དངོས་པོ་ཙམ་རྟོགས་པ་མ་ཡིན་ཡང་སྒྲོ་འདོགས་རྣམ་པར་གཅོད་པར་བྱེད་པ་ཉིད་ཀྱིས་གཞན་སེལ་བའི་ཡུལ་ཅན་ཉིད་དུ་འགྱུར་བ་གང་ཡིན་པ་སྒྲོ་འདོགས་རྣམ་པར་གཅོད་པ་ཙམ་གྱིས་རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དུ་སུ་སྨྲ། རྟག་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་གཅོད་པ་རྟོགས་པ་ཡིན་ནོ། །ཤེས་པ་རྣམ་པ་གསུམ་ཕན་ཚུན་མི་འདྲ་བར་རྟོགས་པ་ཡིན་ཏེ་འདི་སྔོན་པོའོ་སྙམ་པ་ནི་ངོ་བོ་ཙམ་རྟོགས་པར་རྟོགས་སོ། །སྔོན་པོ་མེད་དོ་སྙམ་པ་ནི་དེ་མེད་པར་རྟོགས་པ་དགག་པ་རྟོགས་པ་ཡིན་ནོ། ། འདི་སྔོན་པོ་མ་ཡིན་པ་མ་ཡིན་ནོ་སྙམ་པ་ནི་དངོས་པོ་ལ་བརྟེན་ནས་དངོས་པོ་གཞན་མེད་པར་རྟོགས་པ་ནི་དེ་ལ་དེའི་ངོ་བོ་རྣམ་པར་གཅོད་པའི་ཕྱིར་རྣམ་པར་གཅོད་པའི་རྟོགས་པ་ཡིན་ནོ། །དེས་ན་གལ་ཏེ་དངོས་པོ་རྟོགས་པར་བྱ་བ་ལ་རྟོགས་པའི་བྱེད་པ་རྣམ་པ་གཉིས་ཡིན་པ་དེ་ལྟ་ན་ ཡང་རྣམ་པར་གཅད་པར་བྱ་བའི་ཡུལ་ཅན་དགག་པས་རྣམ་པར་བཅད་པ་ཉིད་རྣམ་པར་གཅོད་པའི་ཡུལ་ལ་རྣམ་པར་གཅོད་པ་ཡིན་པར་བརྗོད་ཀྱི་སྒྲོ་འདོགས་སེལ་བ་ཙམ་ནི་མ་ཡིན་ནོ། །དེས་ན་ཇི་ལྟར་འདི་སྔོན་པོ་ཡིན་ནོ། །སྒྲ་མི་རྟག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་ཤེས་པ་རིགས་མི་ མཐུན་པ་ལ་བརྟེན་པའི་དགག་པའི་དོན་གྱི་སྟོང་པ་དག་དེའི་ཡུལ་ཅན་དུ་འགྱུར། དེས་ན་སྒྲ་དང་ཤེས་པ་སེལ་བའི་ཡུལ་ཅན་ཡིན་ནོ་ཞེས་བྱ་བ་འདི་ཅི་ཞིག་ཡིན། དེ་ཉིད་ཀྱི་ཕྱིར་སངས་རྒྱས་པ་རྣམས་གཞན་སེལ་བས་མདོངས་པ་ཡིན་ནོ་ཞེས་རབ་ཏུ་བརྗོད་དོ་ཞེ་ན། དེ་ལ་འདིར་ལན་ བཏབ་སྟེ། འདི་སྔོན་པོ་མ་ཡིན་ནོ་སྙམ་པ་རྣམ་པར་གཅོད་པ་རྟོགས་པ་ཡང་སྒྲོ་འདོགས་རྣམ་པར་གཅོད་པ་ཉིད་ཀྱི་རྣམ་པར་གཅོད་པའི་ཡུལ་ལ་བྱེད་པ་ཡིན་གྱི། རྣམ་པར་གཅད་པར་བྱ་བ་མེད་པར་རྟོགས་པ་ནི་མ་ཡིན་ནོ། །འདི་ལྟར་འདི་སྔོན་པོ་མ་ཡིན་ནོ་ཞེས་བྱ་བའི་དགག་པ་ནི་ དགག་པར་བྱ་བར་སྔོན་པོ་མ་ཡིན་པ་ཉིད་དང་འབྲེལ་པ་ཡིན་ལ། འདི་ཞེས་བྱ་བ་ནི་མདུན་ན་སྣང་བའི་སྔོན་པོ་ཉིད་ཡིན་ནོ། །དེས་ན་འདིར་རྣམ་པར་གཅོད་པའི་རྟོགས་པ་འདི་ཞེས་བྱ་བ་རྟོགས་བཞིན་པ་ལ་གཞོམ་པར་འགྱུར་བ་གང་ཡིན་པ་ལ་བརྟེན་པའི་དགག་པ་ཞུགས་པ་ན་སྔོན་པོ་ མ་ཡིན་པར་རྟོགས་པའི་སྔོན་པོ་ལ་ཁྱད་པར་ཅི་ཞིག་རྟོགས་པར་འགྱུར། འདི་ཞེས་བྱ་བར་རྟོགས་བཞིན་པ་ཉིད་ཀྱིས་ནི་རྟོགས་པ་འདི་དག་བརྟེན་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་སྔོན་པོ་མ་ཡིན་པ་བཀག་པ་དེ་ལ་བརྟེན་པ་ཉིད་ཀྱིས་སོ། །དེ་བཀག་པ་དེ་ལ་བརྟེན་པ་ཞེས་བྱ་བ་འདི་ ཡང་ཅི་ཞིག་ཡིན། འདི་ལྟར་དགག་པ་ནི་དགག་པར་བྱ་བ་སྔོན་པོ་མ་ཡིན་པ་ཁོ་ན་དང་འབྲེལ་གྱི། འདིའོ་སྙམ་པར་རྟོགས་པའི་རྟེན་སྔོན་པོ་དང་ནི་མ་ཡིན་ནོ། །དེ་དང་འབྲེལ་པ་ལ་རྟོགས་པའི་ཆོས་ཉིད་དེ་ལ་རྟོགས་པར་འགྱུར་བ་ནི་མ་ཡིན་ཏེ། བ་ལང་ཁྲ་བོ་ཞེས་རྟོགས་པ་ན་ཁྲ་བོ་ ཉིད་ལྷས་བྱིན་ལ་བཞིན་ནོ། །ཇི་ལྟར་བ་ལང་ཁྲ་བོ་དང་ལྡན་པས་ལྷས་བྱིན་ལ་དེ་ལྟར་ཁྱད་པར་རྟོགས་པ་མ་ཡིན་པ་དེ་བཞིན་དུ། དགག་པའི་ཁྱད་པར་སྔོན་པོ་མ་ཡིན་པའི་ཆོས་ཉིད་ནི་སྔོན་པོའི་ཁྱད་པར་མ་ཡིན་ཏེ། སྔོན་པོ་མ་ཡིན་པའི་ཆོས་ཉིད་དགག་པར་བྱ་བ་ཡིན་པའི་ཕྱིར་དང་། བཀག་པ་ཉིད་ཀྱིས་དེའི་ཆོས་སུ་མི་འཐད་པའི་ཕྱིར་རོ། །དེ་ལ་བརྟེན་པའི་སྔོན་པོ་མ་ཡིན་པ་བཀག་པ་ན་དེ་བཀག་པའི་ཆོས་སྔོན་པོའི་ཁྱད་པར་ཡིན་ནོ་ཞེ་ན། འདི་སྔོན་པོ་མ་ཡིན་ནོ་ཞེས་རྟོགས་པའི་ཕྱིར་སྔོན་པོ་མ་ཡིན་པ་སྔོན་པོ་ལ་བརྟེན་པ་ཞེས་བྱ་བ་ཡིན་མོད། དགག་པའི་དོན་ནི་ སྔོན་པོ་མ་ཡིན་པ་ལ་བརྟེན་པའི་ཕྱིར། འདི་སྔོན་པོའི་ཅི་ཡིན་པར་འགྱུར། ཁྲ་བོའི་ཡོན་ཏན་ནི་ལྷས་བྱིན་གྱི་ཅི་ཡང་མ་ཡིན་ནོ། །ཀྱེ་དགག་པའི་དོན་གྱི་ཆོས་གཞན་དང་མི་འདྲ་བ་ནི་འདི་ཡིན་ཏེ། དེ་རྟོགས་ཀྱང་གང་དུ་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོར་མི་རྟོགས་པ་གང་ ཡིན་པའོ། །འདི་ལྟར་གལ་ཏེ་སྔོན་པོ་ལ་སྔོན་པོ་མ་ཡིན་པ་མེད་པ་ཞེས་བྱ་བའི་ཆོས་འགའ་ཞིག་རྟོགས་ན། འདི་ལ་རྟོགས་པའི་སྔོན་པོ་མ་ཡིན་པ་གང་ཡིན་པ་དེ་དང་འདི་ལྷན་ཅིག་པར་ཡང་རྟོགས་པར་འགྱུར་རོ། །དེ་མི་འགོག་པའི་དངོས་པོ་གཞན་དང་འབྲེལ་ཀྱང་དེས་ དབེན་པར་འགྱུར་བ་མ་ཡིན་ནོ། །འོན་ཏེ་སྔོན་པོ་མ་ཡིན་པ་ལྡོག་པ་ཙམ་ཉིད་དངོས་པོ་མེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དངོས་པོ་མེད་པའི་རང་བཞིན་ནི་འདི་ཉིད་ཡིན་ལ། རྟོགས་པ་འདི་ཙམ་གྱིས་མཐར་ཕྱིན་པ་ཡིན་ཏེ། སྔོན་པོ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་ པ་སྟེ། གཞན་གྱི་ཆོས་ཉིད་དུ་རྟོགས་པར་འགྱུར་བ་འདིའི་རང་བཞིན་གཞན་ཅི་ཞིག་ཡོད། དེས་ན་ཇི་ལྟར་དངོས་པོ་འཇིག་པ་ན་དེ་མེད་པ་ཡིན་གྱི། དེ་མེད་པར་འབྱུང་བ་ནི་མ་ཡིན་པའི་ཕྱིར་དངོས་པོ་མེད་པ་དེ་བཞིན་དུ་དངོས་པོ་མེད་པར་རྟོགས་པ་ལ་འང་སྔོན་པོ་མ་ ཡིན་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཉིད་དངོས་པོ་མེད་པ་དང་དེ་རྟོགས་པ་ཡིན་ནོ། །དེས་ན་སྔོན་པོ་མ་ཡིན་པ་མ་ཡིན་ནོ་ཞེས་དེ་མེད་པར་རྟོགས་པ་ན་གང་གིས་འདི་ཁྱད་པར་དུ་འགྱུར་བ་མེད་པ་ཡོད་པར་རྟོགས་པ་ནི་མ་ཡིན་ནོ། །སྔོན་པོ་མ་ཡིན་པ་ནི་ཡོད་པ་མ་ཡིན་པའི་ཕྱིར་ དང་སྔོན་པོ་མ་ཡིན་པ་མེད་པ་ཡང་འབྱུང་བར་རྟོགས་པ་མེད་པའི་ཕྱིར་སྔོན་པོ་ལ་ཅུང་ཟད་ཀྱང་མ་རྟོགས་པར་འགྱུར་རོ། །ཇི་ལྟར་རྟོགས་པའི་རང་བཞིན་ངོ་བོ་མེད་པ་ཉིད་ཁྱད་པར་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། མ་ཡིན་ཏེ། དེའི་རང་བཞིན་རྟོགས་པ་ མེད་པའི་ཕྱིར་རོ། །སྔོན་པོ་མ་ཡིན་པ་མེད་དོ་ཞེས་རྟོགས་པ་ན་དེ་མེད་དོ་ཞེས་རྟོགས་ཀྱི་གཞན་འགའ་ཞིག་རྟོགས་པ་ནི་མ་ཡིན་ནོ། །གལ་ཏེ་སྔོན་པོ་མ་ཡིན་པ་ལས་ཁྱད་པར་དུ་རྟོགས་པ་ཡིན་གྱི། སྔོན་པོ་མ་ཡིན་པ་ཙམ་ནི་མ་ཡིན་པས་ན། དེ་ཉིད་ཁྱད་པར་དུ་འགྱུར་རོ་ཞེ་ན། སྔོན་པོ་མ་ཡིན་པ་ཙམ་རྟོགས་པ་ནི་མ་ཡིན་ལ། ཁྱད་པར་དུ་རྟོགས་པ་ཡང་མ་ཡིན་གྱི་འོན་ཀྱང་སྔོན་པོ་མ་ཡིན་པ་མེད་པ་ཡིན་པའི་ཕྱིར་འདིར་གང་ཞིག་ཁྱད་པར་ཉིད་ཡིན། འདི་སྔོན་པོ་དང་འབྲེལ་པ་མ་ཡིན་ནོ་ཞེས་ནི་བཤད་ཟིན་ཏོ། །གལ་ཏེ་སྔོན་པོ་མ་ཡིན་པ་ལ་ཕྱོགས་པའི་ དགག་པའི་དོན་རྟོགས་པ་ན། དེ་ལ་སྔོན་པོ་མ་ཡིན་པ་མེད་པར་འགྱུར་བས་སྔོན་པོ་མ་ཡིན་པ་ཉིད་དུ་རྟོགས་པའི་སྔོན་པོ་དེས་དབེན་པའི་སྔོན་པོར་རྟོགས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དབེན་པ་དང་ལོག་པ་དང་སྟོང་པ་ཞེས་བྱ་བ་འདི་ཡང་ཅི་ཞིག་དབེན་པ་དང་ལོག་པ་དང་སྟོང་པ་ཉིད་ ཀྱི་ཁྱད་པར་ཅན་ཡིན་ནོ། །དེས་ན་འདི་དག་ཀྱང་དངོས་པོ་གཞན་གྱི་རང་བཞིན་ནམ་ལྡོག་པ་ཙམ་ཡིན་ཡང་རུང་སྟེ། ཇི་སྐད་བཤད་པའི་ཚུལ་གྱིས་དོན་མེད་པ་ཁོ་ནར་རྟོགས་པར་བྱའོ། །འདིས་ནི་དབེན་པ་ལ་སོགས་པའི་རྟོགས་པ་རྣམས་རྣམ་པར་གཅོད་པ་རྟོགས་པ་ཡིན་པ་ཡང་ གསལ་བར་རྟོགས་པར་བྱའོ། །སྔོན་པོ་མ་ཡིན་པ་ལ་ཕྱོགས་པའི་དགག་པའི་དོན་རྟོགས་པས་སྔོན་པོ་སྔོན་པོ་མ་ཡིན་པས་དབེན་པར་རྟོགས་པར་ནུས་པ་ནི་མ་ཡིན་གྱི། འོན་ཀྱང་སྔོན་པོ་ཙམ་རྟོགས་པའི་ཕྱིར་དང་། སྔོན་པོ་མ་ཡིན་པ་མ་རྟོགས་པའི་ཕྱིར་སྔོན་པོ་མ་ཡིན་པ་ལ་ ཕྱོགས་པའི་དགག་པའི་དོན་སྔོན་པོ་ལ་ཇི་ལྟར་འཇུག །དེས་ན་ཇི་སྐད་བརྗོད་པའི་སྐྱོན་མི་སྤོབས་སོ། །དེའི་ཕྱིར་འདི་སྔོན་པོ་མ་ཡིན་ནོ་ཞེས་རྟོགས་ཏེ། སྔོན་པོ་དང་འབྲེལ་པའི་སྔོན་པོ་མ་ཡིན་པ་ལ་བརྟེན་པའི་མེད་པ་རྟོགས་པ་ན་སྔོན་པོ་ལ་བརྟེན་ནས་རྟོགས་པར་བྱ་བའི་རྣམ་ པའི་ཁྱད་པར་མེད་ཀྱང་སྔོན་པོ་ལ་བརྟེན་པའི་སྔོན་པོ་མ་ཡིན་པར་རྟོགས་པ་བཟློག་པར་འགྱུར་བའི་ཕྱིར་དེའི་དོན་གྱིས་འདི་དེར་རྣམ་པར་གཅོད་པ་རྟོགས་པར་བརྗོད་དོ། །དེས་ན་སྔོན་པོ་མ་ཡིན་པར་རྟོགས་པ་ཉིད་འདིར་སྒྲོ་འདོགས་ཡིན་ལ་དེ་ཟློག་པར་བྱེད་པས་ནི་རྟོགས་པ་འདི་རྣམ་པར་ གཅོད་པར་བྱེད་པ་ཡིན་ནོ། །དེས་ན་ཇི་ལྟར་འདི་དངུལ་མ་ཡིན་ནོ་སྙམ་པས་ཉ་ཕྱིས་ལ་དངུལ་དུ་སྒྲོ་འདོགས་པ་བཟློག་པ་དེ་བཞིན་དུ་ཉ་ཕྱིས་སུ་རྟོགས་པས་ཀྱང་ཡིན་པས་དེ་ཡང་རྣམ་པར་གཅོད་པའི་ཡུལ་ཅན་ཉིད་དོ། །དེ་བཞིན་དུ་འདི་སྔོན་པོ་ཡིན་ནོ་སྙམ་པ་ལ་སོགས་པ་ཡང་ རྟོགས་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་སྒྲས་ནི་སྒྲ་དང་དོན་གཞན་སེལ་བས་རང་གི་དོན་སྒྲུབ་པར་བྱེད་པ་ཞེས་གསུངས་པས་སྒྲོ་འདོགས་པའི་སྒོ་ནས་སྒྲ་དང་དོན་གཞན་དུ་ཐལ་ལ། དེ་བཟློག་པ་ཉིད་ཀྱིས་ནི་སྒྲ་རང་གི་དོན་ལ་གཞན་སེལ་བར་བརྗོད་ པས་སློབ་དཔོན་རྣམ་འགྲེལ་མཛད་པས་དགོངས་པ་བརྗོད་དོ། །དེས་ན་དེ་ལྟར་འཆད་པ་པོ་གཞན་དག་གི་ཤེས་རབ་ཀྱི་རྟེན་དུ་མ་གྱུར་ཅིང་། རྣམ་པ་གཉིས་ཀྱིས་བཤད་དུ་ཟིན་ཀྱང་མ་རྟོགས་པ་བདག་ཅག་གིས་འབད་དུ་བཀྲལ་ཀྱང་ཤེས་མེད་དད་པ་དང་མི་ལྡན་པ་དག་ གིས་ཇི་ལྟར་རྟོགས་པར་འགྱུར། ཚུལ་འདི་ལ་མ་བརྟེན་པར་ནི་གཞུང་འདི་འམ་དངོས་པོ་ལ་བདེ་བར་གཤེགས་པ་རྣམས་ཀྱི་གཞན་སེལ་བ་ལ། མདོངས་པ་ཡུན་རིང་པོ་ནས་འཁྲས་པ་ཕྱིར་བཅོས་པར་མི་ནུས་སོ། །ཁ་ཅིག་མེད་པར་དགག་པའི་ཡུལ་ཅན་དུ་སྨྲ་བ་ནི་བྱིས་ པ་རང་གི་ལག་པས་མེ་མདག་འདྲེན་པ་བཞིན་དུ་ཡོངས་སུ་ཉོན་མོངས་པས་གདུང་བར་འགྱུར་རོ་ཞེས་གཞན་དུ་རྒྱས་པར་བསྟན་ཟིན་ཏོ། །གཞན་ཡང་སྔོན་པོའོ་སྙམ་པའི་ཤེས་པ་ནི་སྔོན་པོ་མ་ཡིན་པ་མེད་པར་དགག་པའི་ཡུལ་ཅན་དུ་རྟོགས་པ་མེད་དོ། །རྗེས་སུ་དཔག་ པ་ལས་དེའི་ཡུལ་ཅན་ཉིད་ཡིན་ནོ་ཞེ་ན། གང་ཞིག་གང་གི་རྣམ་པ་ཙམ་ཡིན་པ་དེ་ནི་དེ་རྟོགས་ཀྱང་མ་རྟོགས་ན་དེའི་ངོ་བོ་དཔོག་པ་ཡིན་ཏེ། དཔེར་ན་སྒྲའི་རྣམ་པ་ཙམ་གྱི་མི་རྟག་པ་ཉིད་སྒྲས་རྟོགས་ཀྱང་མ་རྟོགས་པ་བྱས་