Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 178

Văn bản gốc(Tây Tạng)

Trang 19 / 21 (50.000 ký tự/trang)
ཉམས་སུ་མྱོང་བར་འགྱུར་ཏེ་ཞེས་དྲན་པས་རྣམ་པར་འཇོག་གོ། །དེས་ན་རྣམ་པར་དབྱེར་ཡོད་པས་ཐ་དད་པ་ཉིད་དོ་ཞེ་ན་ཅི་སྟེ་དྲན་པ་དེ་ཅི་ཞིག་རྗེས་སུ་དཔག་པ་ཡིན་ནམ། འོན་ཏེ་དྲན་པ་ཙམ་ཡིན། རེ་
ཞིག་གལ་ཏེ་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན། ཅི་ལྟར་མངོན་སུམ་མེད་པར་འགྱུར། མངོན་སུམ་གྱིས་ནི་སྔར་སྔ་མ་ཉིད་དུ་གཟུང་བ་མེད་དོ། །མངོན་སུམ་ཐམས་ཅད་ནི་ད་ལྟར་བ་འཛིན་པ་ཡིན་ནོ། །འོ་ན་མངོན་སུམ་གྱིས་དུས་ངེས་པ་ཉིད་གཞན་དང་མ་འདྲེས་པར་བཟུང་བ་གང་ཡིན་པ་དེ་ཉིད་བཟུང་བ་
ཕྱི་མ་ལ་ལྟོས་ནས་སྔ་མ་ཞེས་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། གཞན་ལ་ལྟོས་ནས་སྔ་མ་ཡི། །མངོན་སུམ་འཇུག་པར་འགྱུར་བ་ཡིན། །དེ་ཕྱིར་ངེས་ནི་སྔ་མ་ཉིད། །མི་འཛིན་རང་བདག་ལ་གནས་ཕྱིར། །རང་གི་དུས་ཀྱི་རང་གི་ངོ་བོ་འཛིན་པའི་མངོན་སུམ་སྔ་མ་གཞན་ལ་ལྟོས་པའི་བདག་

ཉིད་ཇི་ལྟར་འཛིན་པར་འགྱུར། མངོན་སུམ་ཕྱི་མ་ཡང་དེ་བཞིན་ནོ། །དེས་ན་སྔ་མ་དང་ཕྱི་མ་ལ་ལྟོས་པ་འདི་ནི་སྔ་མ་དང་ཕྱི་མའི་མངོན་སུམ་གྱིས་གཟུང་བ་མ་ཡིན་ཏེ། དེས་ནི་དེ་ལ་དྲན་པ་ཡང་ཇི་ལྟར་འཇུག་པར་འགྱུར། །དེས་ན་ལྟོས་པ་ནི་མངོན་སུམ་དང་། དྲན་པས་ཀྱང་རྟོགས་པ་མ་ཡིན་ནོ། །དེའི་
ཕྱིར་རིགས་པ་མ་ཡིན་པ་ལ་གང་ལས་རྗེས་སུ་དཔག་པ་འཇུག །འོན་ཏེ་དྲན་པ་ཙམ་ཡིན་ན། དེ་ནི་ཚད་མ་མ་ཡིན་པས་གང་གིས་སྔ་མ་ཕྱི་མ་ལ་ལྟོས་པའི་འབྲས་བུ་རིག་པར་འགྱུར་བ་དེ་ལས་རྟོགས་པར་ཇི་ལྟར་འགྱུར། འོན་ཏེ་ཚོགས་པའི་སྟོབས་ལས་དེ་ཉིད་འདི་ཡིན་ནོ་སྙམ་དུ་ཤེས་
པས་གཅིག་ཉིད་དུ་གཟུང་བ་ཡིན་ཏེ། དེས་ན་རྣམ་པར་འབྱེད་པ་ཡིན་ནོ་ཞེ་ན། དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་ཡང་དྲན་པ་དང་ཉམས་སུ་མྱོང་བའི་རང་བཞིན་གྱི་ཤེས་པ་གཉིས་ཡིན་ནོ། །དེས་ན། གང་གིས་གཅིག་ཉིད་འཛིན་པར་འགྱུར། འཛིན་པ་མཐོང་ངོ་ཞེ་ན། འཛིན་པ་
མཐོང་བ་ནི་མ་ཡིན་གྱི། འཛིན་པ་དྲན་པ་ཡིན་ནོ། །འོ་ན་དྲན་པར་བྱ་བ་དང་། མཐོང་བར་བྱ་བ་དང་། སྣམ་བུ་དང་། ཤིང་རྟ་བཞིན་དུ་ཇི་ལྟར་མ་རྟོགས་ཤེ་ན། གལ་ཏེ་རྣམ་པར་བརྟགས་ན་ནི། དེ་ལྟ་བུ་ཁོ་ནར་རྟོགས་སོ། །དྲན་པ་དང་མངོན་སུམ་གྱི་རྣམ་པ་དག་ནི་གཅིག་ཏུ་རྟོགས་པ་མ་ཡིན་ཏེ།
དེ་ལྟར་ཡིན་ན་ནི། དེ་དག་ཉིད་དུ་མི་འགྱུར་རོ། །དེ་ལྟར་ཡིན་དང་། སྔ་མ་དང་ཕྱི་མ་དག་ནི་གཅིག་ཏུ་རྟོགས་པ་མ་ཡིན་ནོ། །དྲན་པའི་རྣམ་པས་ནི་རྟོགས་པའི་དོན་སྔ་མ་ཡིན་ནོ་ཞེས་བྱ་བར་མི་ནུས་ལ། མངོན་སུམ་དུ་བྱས་ན་ནི་ད་ལྟར་བ་ཉིད་དུ་འགྱུར་གྱི་སྔ་མ་ལ་ནི་མ་ཡིན་ནོ་ཞེས་བྱ་བར་རིགས་སོ། །འོན་ཏེ་ཐ་
སྙད་འདོགས་པའི་ཕྱིར་གཅིག་ཉིད་དོ་ཞེ་ན། འདིས་ནི་མུན་ཁུང་དུ་གར་བྱེད་པ་ཡིན་ནོ། །དོན་གཞན་ནམ་ཅིག་ཤོས་ནི། རྟོགས་པར་སྒྲུབ་པར་བྱེད་པ་ཡིན། །རྟོགས་པས་སྒྲུབ་པ་མ་ཡིན་པ། །ཐ་སྙད་ལས་ནི་ཅི་ལྟར་གྲུབ། །ཅིག་ཐ་སྙད་ཚད་མ་ཡིན་ནམ། འོན་ཏེ་ཚད་མ་མ་ཡིན་ན་
མངོན་སུམ་དང་རྗེས་སུ་དཔག་པའི་ནང་དུ་འདུས་པའི་ཕྱིར་ན། སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་སྟེ་ཚད་མ་མ་ཡིན་ན་དེ་ལས་ཇི་ལྟར་ཐ་དད་པ་གྲུབ་ཅེས་སོམས་ཤིག །ཐ་དད་པ་མེད་ན་འོ་ན་ཇི་ལྟར་ཐ་སྙད་དུ་འགྱུར་ཞེ་ན། འདི་ནི་ཐ་དད་པ་ལ་ཡང་མཚུངས་སོ། །ཤེས་

པ་ལས་ཐ་དད་པའི་ཐོབ་པར་བྱ་བ་ཡོད་པས་དེ་དོན་དུ་གཉེར་བ་འཇུག་པ་ཡིན་ནོ། །ཐ་དད་པ་མེད་པ་ལ་ནི་འབྲེལ་པ་མེད་པ་ཉིད་དོ་ཞེ་ན། འདིར་སྨྲས་པ། ཐ་དད་ཡིན་ཡང་གལ་ཏེ་དེ། །ཤེས་ན་ཅིའི་ཕྱིར་འཇུག་པར་བྱེད། །འོན་ཏེ་མ་ཤེས་མོ་གཤམ་གྱི། །བུ་ལ་ཇི་ལྟར་འཇུག་མི་
འགྱུར། །དེ་ཡོད་འདི་ནི་མེད་ཕྱིར་ན། །དེ་ཉིད་ག་ལས་འདོད་པ་ཡིན། །རེག་པ་ལ་སོགས་སྔར་མཐོང་ཕྱིར། །སྔ་མ་ཁོ་ནར་ཞུགས་པ་ཡིན། །ད་ལྟར་རིག་པ་མེད་པ་ལ། །ཇི་ལྟ་བུར་ན་འཇུག་པ་ཡིན། །རྗེས་སུ་དཔག་པས་རིག་ཅེ་ན། །འོ་ན་ཅི་ཕྱིར་འཇུག་པར་བྱེད། །དེ་ཡི་སྤྱི་ནི་རིག་ཅེ་ན། །ཇི་ལྟར་
ཁྱད་པར་ལ་འཇུག་འགྱུར། །གལ་ཏེ་སྤྱི་ཐ་དད་མེད་ན། །འཇུག་པ་འབྲས་བུ་མེད་པར་འགྱུར། །ཐ་དད་ཐ་མི་དད་ཅི་ལྟར། །ཐ་དད་དེ་ལ་ཇི་ལྟར་འཇུག །ཇི་ལྟར་ཐ་མི་དད་པ་དེ། །ཐོབ་ཕྱིར་ཅི་ཕྱིར་དེར་འཇུག་བྱེད། །འཇུག་པ་མཐོང་ཉིད་ཅེ་ན་ཅི། །མངོན་སུམ་ལས་སམ་འོན་ཏེ་གཞན། །རང་
དོན་རིག་ཕྱིར་མངོན་སུམ་གྱིས། །འཇུག་པ་མཐོང་བར་འགྱུར་མ་ཡིན། །འཇུག་པ་སྔ་ཕྱིར་རང་བཞིན་ཡིན། །དེ་ལ་མངོན་སུམ་རིག་པ་མེད། །མངོན་སུམ་མེད་པར་རྗེས་དཔག་ཉིད། །དེས་ཀྱང་འཇུག་པ་རིག་མ་ཡིན། །གཉིས་མེད་པ་ལ་འཇུག་པ་ནི། །ཇི་ལྟར་ཞེས་བྱའི་རྩོད་པའང་བསལ། །
གནོད་སྦྱིན་ཇི་བཞིན་གཏོར་མ་ཡང་། །ཡིན་ཕྱིར་གང་ཞིག་གང་དང་འབྲེལ། །འདིས་ནི་གཉིས་མེད་པ་ལ་ཇི་ལྟར་གཞན་རྟོགས་པར་བྱ་བའི་ཕྱིར་འཇུག་པ་ཡིན་ཞེས་བྱ་བ་དེ་ཡང་གསལ་བ་ཡིན་ཏེ། འདི་ལ་དོན་དམ་པར་རྣམ་པར་དབྱེ་བ་ཡོད་པ་ནི་མ་ཡིན་ནོ། །འདྲི་བར་བྱེད་པ་བདག་དང་འཆད་པར་
བྱེད་པ་གཞན་འདི་གཉི་ག་ཡང་རང་གི་རྣམ་པས་ཉེ་བར་བསྒྱུར་བའི་ཤེས་པ་ཡང་དག་པར་རིག་པ་ཉིད་ཡིན་ཏེ། དེས་ན་རྣམ་པར་དབྱེ་བ་མེད་དེ། རྨི་ལམ་གྱི་རྟོགས་པ་བཞིན་དང་། སྨྱོན་པའི་རྟོགས་པ་བཞིན་ནོ། །འོ་ན་ནི་སྨྲ་བ་པོ་སྨྱོན་པར་འགྱུར། དེ་ལས་གཉིས་མེད་པ་ཡང་ཇི་ལྟར་རྟོགས་
པར་འགྱུར་ཞེ་ན། འདིར་རྟོགས་པ་ཐམས་ཅད་སྤང་བ་ལ་ཞུགས་པ་མ་ཡིན་ནམ། འདི་ལ་རྟོགས་པ་སྐྱེ་བ་ནི་ཡོད་པ་མ་ཡིན་ནོ། །འོ་ན་རྒོལ་བའམ་གཞན་གྱིས་བྱ་བ་ཅི་ཞིག་ཡོད་ཅེ་ན། ཅི་བྱེད་པ་འགའ་ཞིག་མཐོང་ངམ། ཅི་ལྟར་མཐོང་བ་མེད་པ་དེ་ལྟར་ཡང་བསྟན་ཟིན་པ་ཉིད་དོ། །འོ་ན་

ཇི་ལྟར་དངོས་པོ་རྒྱུ་མེད་པར་ཡོད་ཅེ་ན། ཁྱེད་ཀྱིས་དངོས་པོ་གང་ཞིག་འདིར། །རྒྱུ་ལས་ཡོད་པར་རྟོགས་པ་ཡིན། །རྒྱུ་དང་འབྲས་བུའི་དངོས་པོ་ནི། །རྟོགས་པ་མེད་ཅེས་བསྒྲུབས་ཟིན་ཏོ། །འོ་ན་ཡོད་པ་གློ་བུར་བ་ཡིན་པས་འདི་རེ་འགའ་ཡང་འགའ་ཞིག་ཏུ་ལྡོག་པར་མི་འགྱུར་ཏེ། དེ་སྐད་དུ།
རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་བཤད་དོ་ཞེ་ན། སྐྱོན་འདི་ཡང་མེད་དེ། འདི་ལྟར། ཡོད་པ་ལྡོག་པར་འགྱུར་བ་དེ། །ཁྱོད་ཀྱིས་གང་ཡང་རྟོགས་སམ་ཅི། །ཅི་སྟེ་རེས་འགའ་བས་ཤེ་ན། །འདི་ནི་གླེན་པའི་སྨྲ་བ་ཡིན། །དེ་ནི་ཐ་དད་པར་སྨྲ་བ་ལ་ལན་
བསྟན་པ་ཡིན་གྱི། དོན་དམ་པར་ནི་རྣམ་པར་དབྱེར་མེད་ཀྱང་བློའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་འདི་ཉིད་དུ་འགྱུར་རོ། །དེའི་ཕྱིར་སྣ་ཚོགས་སུ་སྣང་བ་ནི་བློ་གཅིག་ཉིད་དོ་ཞེས་བྱ་བར་གནས་སོ། །ཅི་སྟེ་བློ་བཞིན་དུ་སྣམ་བུ་ལ་སོགས་པའི་རང་བཞིན་སྣ་ཚོགས་པ་ཡང་གཅིག་ཁོ་ན་ཡིན་པར་ཅི་འགལ་ཞེ་
ན་མ་ཡིན་ཏེ། རས་སོགས་གཟུགས་ནི་གཅིག་ཡིན་ན། །དེ་བཞིན་རྣམ་འབྱེད་མེད་པར་འགྱུར། །གལ་ཏེ་རས་ལ་སོགས་པའི་རང་བཞིན་རྣམ་པར་དབྱེར་མེད་པ་ཡིན་ན། དེ་ལྟ་ན་ནི་དེ་བློའི་རང་བཞིན་ཉིད་ཡིན་ཏེ། བློ་དང་ཆོས་མཚུངས་པ་ཡིན་པའི་ཕྱིར་རོ། །འདི་ལྟར་བློ་ནི་གཞན་གྱིས་མཐོང་
བ་མ་ཡིན། དུས་ཕྱིས་མ་ཡིན། བཀག་པས་དུམ་བུར་འགྱུར་བ་ཡང་མ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་དོན་ཡང་དེ་ལྟ་བུ་ཡིན་ན། དེ་ལྟ་བུ་ནི་དེ་བློ་ཉིད་ཡིན་ཏེ། ཕྱི་རོལ་ཞེས་བྱ་བ་དེ་ལྟ་བུ་ནི་མིང་ཙམ་དུ་འགྱུར་རོ། །ཅི་སྟེ་བཀག་པ་ན་གཞན་ཁོ་ན་ཞིག་དེ་ལྟར་སྐྱེས་པ་ཡིན་པས་དེ་དང་ལྡན་པ་གང་ཡིན་
པ་དེ་ཕྱེད་ལ་སོགས་པར་མཐོང་བ་ཡིན་ནོ། །དེས་ན་དངོས་པོ་གང་ཇི་ལྟར་སྐྱེས་པ་དེ་དེ་བཞིན་ཉིད་དུ་དམིགས་པ་ཡིན། དེ་ལྟར། སེམས་མིན་སྣ་ཚོགས་རྣམ་པ་ཡང་། །ཇི་ལྟར་གཅིག་ཏུ་འགྱུར་མ་ཡིན། །ཞེ་ན་འདི་ལ་ལན། ཅི་ལྟ་ཅི་ལྟར་མཐོང་བ་དེ། །གལ་ཏེ་དེ་ལྟར་སྐྱེས་ན་ནི། །དེ་ནི་ལྐོག་དང་
གཞན་གྱིས་ནི། །མཐོང་བའི་དངོས་པོར་མ་སྐྱེས་འགྱུར། །རྒྱུ་གཞན་གྱིས་ནི་བསྐྱེད་བྱ་བ། །དེ་བཞིན་མིན་ཞེས་རྟོགས་པ་ཡིན། །རྣམ་པར་ཤེས་པའི་རྒྱུ་དག་ལས། །སྐྱེས་པ་རྣམ་པར་ཤེས་པ་ཉིད་དངོས་པོ་ནི་ལྐོག་ཏུ་གྱུར་པ་ཉིད་དུ་མ་མཐོང་ལ། གཞན་གྱིས་མཐོང་བར་ཡང་མཐོང་བ་མ་

ཡིན་ནོ། །རྒྱུ་གཞན་ལས་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་འཛིན་པའི་རྣམ་པ་དང་འདྲ་བ་མིག་ལ་སོགས་པའི་རྒྱུ་ཙམ་ཁོ་ན་ལས་འཇུག་པ་ཡིན་པའི་ཕྱིར། ཇི་ལྟར་རྣམ་པར་ཤེས་པ་མ་ཡིན་པ་ཉིད་ཡིན། འོན་ཏེ་དམིགས་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་དོན་ཁོ་ན་ཡིན་ནོ། །བདེ་བ་ལ་
སོགས་པ་ལ་ཡང་རིགས་པའི་རང་བཞིན་ནི་མ་ཡིན་གྱི་འོན་ཀྱང་དེ་ནི་རང་གི་དངོས་པོ་ཉིད་ཅེས་གཞན་དག་ཟེར་བ། དེ་ཡང་མ་ཡིན་ཏེ། འདི་ལྟར། གལ་ཏེ་དམིགས་པ་ཐམས་ཅད་ནི། །དངོས་པོ་ཡིན་པར་རྟོག་ན་གོ། །དམིགས་མ་ཡིན་པའི་ཤེས་པ་ནི། །ཡོད་པ་ཚད་ཅན་མིན་པར་འགྱུར། །གང་
གིས་གཟུང་བ་དམིགས་པ་དེ། །ཤེས་ཡིན་ཞེ་ན་དེ་ཡང་མིན། །དེ་ལྟ་ཡིན་ན་རང་ཉིད་ཀྱིས། །དམིགས་པ་རིག་པ་ཉིད་དུ་འགྱུར། །གལ་ཏེ་འཛིན་པ་མ་དམིགས་ན་དེ་ཡོད་དོ་ཞེས་བྱ་བ་ག་ལས། དམིགས་པར་བྱ་བ་ཉིད་དུ་དམིགས་པའི་ཕྱིར་དམིགས་པ་པོའམ། དམིགས་པར་བྱེད་པ་རྗེས་སུ་
དཔོག་གོ། །དེ་ལྟ་མ་ཡིན་ན་འདི་གང་གིས་དམིགས་ཞེས་རྒོལ་ཞིང་བརྟགས་པར་འཇུག་པར་འགྱུར་རོ། །གལ་ཏེ་དོན་གྱིས་གོ་བར་མེད་ན་ནི། ལན་གཉིས་མེད་པར་འགྱུར་ཏེ། དེའི་ཕྱིར་དོན་གྱིས་གོ་བས་རྣམ་པར་ཤེས་པ་ཡོད་པར་རྟོགས་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། རང་ངམ་འོན་ཏེ་
གཞན་གྱིས་ཞེས། །དམིགས་པ་ཉིད་དུ་དཔྱད་བྱའི་ཕྱིར། །འོན་ཏེ་གཞན་གྱིས་དམིགས་བྱ་བ། །གཏན་ཚིགས་གང་གིས་དམིགས་པར་བྱེད། །གལ་ཏེ་དེ་ཡང་གཞན་གྱིས་ན། །དེ་ལྟ་ན་ནི་ཐུག་མེད་འགྱུར། །རང་ཉིད་ཀྱིས་ནི་དམིགས་ཡིན་ན། །གཟུང་བ་ལ་ཡང་ཐལ་བར་འགྱུར། །
བདག་བཞིན་བཟུང་བའི་དངོས་པོ་ཀུན། །རང་ཉིད་རྟོགས་པའི་ངོ་བོར་འགྱུར། །འོན་ཏེ་བདག་ཉིད་རང་ཉིད་རྟོགས་པའི་རང་བཞིན་དུ་དམིགས་ལ། གཟུགས་ལ་སོགས་པ་ནི་གཞན་ལ་ལྟོས་པར་དམིགས་པ་ཡིན་ཏེ། འདི་ནི་ངས་དམིགས་པའམ་གཞན་གྱིས་ཞེས་བྱ་བའི་ཐ་སྙད་ངེས་པའི་ཕྱིར་རོ། །
ཞེ་ན། གལ་ཏེ་གཞན་ལ་ལྟོས་ཤེ་ན། །ཅི་ལྟར་གཞན་ནི་རིག་མི་འགྱུར། །གཞན་ལྟོས་དེ་ནི་གཞན་མེད་པར། །གཞན་ལྟོས་ཉིད་དུ་མི་འགྱུར་རོ། །ཐེ་ཚོམ་ཟ་ན་གཞན་ལྟོས་པ། །ཐེ་ཚོམ་ཉིད་འགྱུར་ངེས་མ་ཡིན། །གཏན་ཚིགས་ངེས་པ་མ་ཡིན་པས། །ངེས་པར་བྱེད་པ་ཡོད་མ་ཡིན། །

འོན་ཏེ་བྱ་བ་བདག་ལ་ལྟོས། །འོན་ཏེ་བདག་ལ་རིག་བྱ་བ། །རང་རིག་པས་ནི་རིག་བྱར་གྲུབ། །དེ་ཙམ་གྱིས་ནི་རྫོགས་པའི་ཕྱིར། །དེ་ལས་གཞན་པའི་བློ་ཡོད་མིན། །བདག་བཞིན་མཐའ་དག་རང་རིག་པར། །འགྱུར་ཏེ་གཞན་རིག་ཡོད་མ་ཡིན། །འོན་ཏེ་ཅི་ལྟར་ང་ནི་བདག་དང་། བྱེད་པ་
པོ་དང་ཤེས་པ་པོ་ཡིན་ནོ་ཞེས་གཞི་མཐུན་པར་བྱེད་པ་དེ་བཞིན་དུ། ང་ནི་རྩིག་པ་དང་། བུམ་པ་དང་། སྣམ་བུ་དང་། ཤིང་རྟ་ཡིན་ནོ་ཞེས་བྱ་བར་འགྱུར་ལ། དེ་བཞིན་དུ་ངའི་རེག་པ་ཞེས་བྱ་བ་དེ་བཞིན་དུ། ངའི་གཟུགས་དང་རེག་པ་དང་དྲི་ཡིན་ནོ་ཞེས་བྱ་བར་ཡང་འགྱུར་རོ་སྙམ་ན། དེ་ཡང་
གྱི་ན་སྟེ། གལ་ཏེ་གཞི་མཐུན་དབང་གིས་ན། །གཅིག་པ་ཉིད་དུ་འགྱུར་ན་གོ། །བདག་ནི་དཀར་ཤམ་ཞེས་དེ་ལྟར། །གཞི་མཐུན་ཉིད་འགྱུར་ཡིན་ནམ་ཅི། །གལ་ཏེ་གང་ལ་གཞི་མཐུན་པ་ཡོད་པ་དེར། གདོན་མི་ཟ་བར་གཅིག་ཏུ་འགྱུར་ལ་དེ་མེད་པས་དུ་མར་འགྱུར་ན་དེའི་ཚེ་དེས་དུ་མ་ཉིད་
འགྲུབ་པར་འགྱུར་གྱི་བཟློག་པར་མི་འགྱུར་ན། དེ་བཞིན་དུ་སྒྲ་གཅན་གྱི་མགོ་ཞེས་གཞི་མཐུན་པ་ལ་ཡང་མེད་པས་ཐ་དད་པར་གྲུབ་པར་འགྱུར་རོ། །གལ་ཏེ་ཐ་དད་མེད་མཐོང་བས། །སྒྲ་གཅན་གྱི་མགོ་ཞེས་འདི་གནོད། །འདིར་ཡང་ཐ་དད་སྒྲོ་བཏགས་ལ། །གནོད་པར་བྱེད་པ་རང་རིག་ཡོད། །
ཅི་ལྟར་སྒྲ་གཅན་གྱི་མགོ་ཞེས་ཐ་དད་པར་སྒྲོ་བཏགས་པ་དེ་ལས་བཟློག་པར་དམིགས་པས་གནོད་པ་དེ་བཞིན་དུ། ང་ཡི་རིག་པ་ང་ཡི་གཟུགས། མཐོང་བ་ཞེས་བྱ་བ་ལས་རང་རིག་པ་ཙམ་གྱིས་གནོད་པ་ཡིན་ནོ། །ཐ་དད་པ་ལྟར་སྔོན་པོ་དང་ལུས་དང་བདེ་བ་ལ་སོགས་པ་ནི་རིག་པ་མ་ཡིན་ཏེ། རང་གི་ངོ་བོ་
རིག་པར་བསྒྲུབས་པའི་ཕྱིར་རོ། །གང་གིས་རིག་བྱ་རིག་པ་དག །ཐ་དད་པར་ནི་རྟོགས་འགྱུར་བ། །རིག་པའི་དོན་དང་ཤེས་པ་དག །གཞི་མཐུན་མཐོང་བ་མེད་དམ་ཅི། །གལ་ཏེ་དོན་དམ་པར་ཐ་དད་པ་མཐོང་བ་མེད་ན། འོ་ན་ཐ་དད་པར་སྒྲོ་འདོགས་པར་ཡང་ཅི་ལྟར་འགྱུར་ཏེ། རྒྱུ་མཚན་མེད་པར་
སྐྱེ་བ་ནི་འགའ་ཡང་མེད་དོ་ཞེ་ན། འདི་ཡི་ཐ་དད་རྗེས་འགྲོ་དང་། །ལྡོག་པ་དག་ལས་རབ་ཏུ་བརྟགས། །རྗེས་འགྲོ་ལྡོག་པ་རིག་པ་ནི། །ཐོག་མེད་བག་ཆགས་འབྲེལ་ལས་ཡིན། །གཟུགས་ལ་སོགས་པ་ནི་མེད་ཀྱང་གཞན་གྱིས་ངེས་པར་བཏགས་པ་ཡིན་ཞིང་། མ་བཏགས་པའམ། གཞན་

ན་ཡང་ཡོད་པ་ཡིན་ནོ། །དེས་ན་ཡུལ་དང་དུས་དང་། རང་བཞིན་དང་འབྲེལ་པ་ལས་ཐ་དད་པར་རྟོགས་པ་ལ་འཇུག་པ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་དོན་དམ་པར་རིག་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །འདི་ལྟར། མངོན་སུམ་གྱིས་ནི་རྗེས་འགྲོ་དང་། །རང་བཞིན་
ཉིད་ནི་རིག་པ་ཡིན། །ཡོད་དང་མེད་པའི་རྣམ་དབྱེ་ནི། །རིག་མེད་རིག་པར་མངོན་པར་རློམ། །འགའ་ཞིག་རིག་པར་མེད་ཀྱང་རིག་པར་མངོན་པར་རློམ་པ་ཡིན་ཏེ། དཔེར་ན། འདི་ནི་ངས་བྱས་པ་ཡིན་ནོ། །འདི་ནི་ངས་མཐོང་བ་ཡིན་ནོ་ཞེས་བྱ་བ་བཞིན་ཏེ། དེ་ལ་རིག་པ་ནི་འདས་པའི་ཕྱིར་རོ། །
མངོན་པར་རློམ་པ་ནི་བརྗེད་ན་འགྱུར་བ་ཡིན་ཞེ་ན། བརྗེད་པ་ཞེས་བྱ་བ་འདི་ཅི་ཞིག་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའོ་ཞེ་ན། འདི་ལ་ཡང་མཚུངས་སོ། །འདུ་བྱེད་ཐ་དད་པའོ་ཞེ་ན་མ་ཡིན་ཏེ། འདུ་བྱེད་མེད་པའི་ཕྱིར། འདུ་བྱེད་པ་ནི་སྔ་ན་མེད་པར་ཟད་པ་མ་ཡིན་ནོ། །བདེན་པ་ནི་ཟད་པར་བྱ་མི་
ནུས་སོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་འདུ་བྱེད་པ་ཟད་པ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་རྒྱུ་ཡིན་ན། ཐ་དད་པར་སྒྲོ་འདོགས་པ་དང་། རྗེས་སུ་འགྲོ་བ་དང་། ལྡོག་པར་སྒྲོ་འདོགས་པ་ལ་ཡང་དེ་ལྟར་འགྱུར་བའི་ཕྱིར། འདི་ལ་འགལ་བ་ཅི་ཡོད། མངོན་པར་རློམ་པ་ལས་མ་གཏོགས་པ་དོན་དམ་
པར་ནི་རྗེས་སུ་འགྲོ་བ་དང་། ལྡོག་པ་རྟོགས་པ་མེད་དོ། །མཐའ་དག་ནི་མངོན་པར་རློམ་པ་ཙམ་དུ་ཐ་དད་པ་ཡིན་ནོ། །དེའི་ཕྱིར་སྔ་མ་དང་ཕྱི་མ་དག་རྣམ་པར་དབེན་པར་གཟུང་ཡང་གཅིག་ཏུ་ཁས་བླང་བར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཤེས་པ་ཙམ་དུ་འགྱུར་རོ། །དེ་ཁས་བླང་བར་ནུས་པ་ཡང་
མ་ཡིན་ཏེ། གང་གི་ཕྱིར། ཐ་དད་ཅན་ནི་རྣམ་གསལ་བ། །ཐ་དད་མེད་པ་གཞན་མཐོང་མེད། །མ་མཐོང་བ་ནི་ཡོད་དོ་ཞེས་ཁས་བླང་བར་ནུས་པ་མ་ཡིན་ནོ། །དེ་མེད་པར་ནི་ཐ་དད་པའི་ཡན་ལག་རྣམས་ཐ་དད་པ་མེད་པའི་ཡན་ལག་ཅན་གྱི་ཡིན་ནོ་ཞེས་བསྟན་པར་ནུས་པ་མ་ཡིན་ན། དེའི་ཕྱིར་ཕྱི་
རོལ་གྱི་དོན་ཁས་ལེན་པས་ཅིག་ཅར་ཉིད་དུ་འཛིན་པ་ཉིད་ཁས་བླང་བར་བྱའོ། །གལ་ཏེ་དུ་མ་གཅིག་གིས་ཇི་ལྟར་འཛིན་ཏེ། གཅིག་པ་ཞུགས་པའི་མཐོང་བ་གང་ཡིན་པ་ཉིད་ནི་དེ་ཉིད་ཀྱི་ཚེ་གཞན་ལ་འཇུག་པར་ནུས་པ་མ་ཡིན་ནོ་ཞེ་ན། དུ་མ་མཐོང་བ་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་གང་

བསྟན་ཟིན་པ་ཉིད་དོ། །དོན་དམ་པར་ནི་རང་རིག་པ་གཅིག་ཉིད་དེ། གཞན་གྱིས་གཞན་འཛིན་པ་ནི་མི་སྲིད་དོ། །གཞན་ཡང་འཛིན་པ་ཞེས་བྱ་བ་ནི་འགའ་ཡང་མེད་ཀྱི་འོན་ཀྱང་བློ་དེའི་རྣམ་པར་བསྐྱེད་པ་ཉིད་དོ། །དུ་མ་གཅིག་གི་སྐྱེད་པར་བྱེད་པ་མ་ཡིན་པ་ཡང་མ་ཡིན་ཏེ། འདི་ལྟར། གལ་ཏེ་དབང་
པོ་ལ་སོགས་བཞིན། །ཁྱད་པར་སྐྱེས་འགྱུར་མང་པོ་དག །ཅིག་ཅར་བློ་ཡི་རྒྱུར་འགྱུར་ཡང་། །འགལ་བ་དག་ནི་ཅི་ཞིག་ཡོད། །ཅི་ལྟར་དབང་པོ་དང་དོན་དང་ཡིད་ལ་བྱེད་པའམ། བདག་དང་དབང་པོ་དང་། ཡིད་ཕྲད་པ་ལས་ཅིག་ཅར་དབང་པོའི་རྣམ་པར་ཤེས་པ་སྐྱེས་པ་དེ་བཞིན་དུ་གལ་
ཏེ། རྡུལ་ཕྲ་རབ་དག་ཀྱང་ཡིན་ན་མི་འགལ་ཏེ་རྡུལ་ཕྲ་རབ་དག་མི་རྟག་པ་ཉིད་ཡིན་ཡང་ཁྱད་པར་ཅི་ཞིག་ཡོད། ལྷན་ཅིག་བྱེད་པ་ཉེར་ཟིན་ཀྱང་རྡུལ་ཕྲ་རབ་དག་ནི་ཆེན་པོར་འགྱུར་བ་མ་ཡིན་ནོ། །ཕྲ་མོ་ཉིད་མི་འདོར་རོ་ཞེ་ན་ནི་ཅི་ལྟར་བཟུང་བ་ཡིན་ཞེ་ན། དེ་ཡང་མ་ཡིན་ཏེ། འདིར་ནི་ཆེན་པོ་ཁྱད་
པར་མིན། །ཁྱད་པར་དེ་ནི་ནུས་པ་ཡིན། །ནུས་པ་མེད་ཕྱིར་རྒྱུར་མི་འགྱུར། །ཆེན་པོ་མིན་ཕྱིར་འདོད་མ་ཡིན། །གལ་ཏེ་རང་གི་ངོ་བོའི་རྗེས་སུ་བྱེད་པའི་བློ་སྐྱེད་པའི་རྡུལ་ཕྲ་རབ་དག་བལྟར་རུང་བ་ཉིད་ཡིན་ན། དེ་ནི་མེད་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །འོན་ཏེ་རྣམ་པར་ཤེས་པ་ཙམ་
སྐྱེད་པ་ཡིན་ན་དེ་ནི་ཡོད་པ་ཁོ་ན་སྟེ། སྐྲ་ཤད་ལ་སོགས་པ་དག་ལ་མཐོང་བའི་ཕྱིར་འགལ་བ་མེད་དོ། །དཔེར་ན་ཡུལ་ཐག་རིང་པོར་མ་འདྲེས་པའི་སྐྲ་ཡང་སྦོམ་པོ་གཅིག་ཏུ་སྣང་བ་བཞིན་དུ་རྡུལ་ཕྲ་རབ་དག་ཀྱང་ཡིན་པའི་ཕྱིར་འགལ་བ་མེད་དོ། །ཡན་འགར་བ་བཞིན་དུ་ཕྲ་མོས་དེ་ཡང་ཅི་ལྟར་སྐྱེད་
པར་བྱེད་ཅེ་ན། ཡན་འགར་བ་རྣམས་ནི་མི་ནུས་པའི་ཕྱིར་རོ། །ནུས་པ་མེད་པ་ཉིད་རྒྱུའི་དངོས་པོ་འགལ་གྱི། ཕྲ་མོ་ཉིད་ནི་མ་ཡིན་ཏེ། སྐྲ་ཤད་ཉིད་བཞིན་ནོ། །ཚོགས་པའི་གནས་སྐབས་ན་དབང་པོ་ལ་སོགས་པ་རྣམས་ལ་རགས་པ་ཉིད་ཀྱི་ཁྱད་པར་སྐྱེ་བ་མེད་པ་དེ་ལྟ་ན་ཡང་ནུས་པའི་ཁྱད་པར་ཉིད་
ལས་སྐྱེད་པར་བྱེད་པ་ཉིད་ཡིན་ནོ། །འོ་ན་ཉེ་བ་ན་གནས་པ་གཞན་གྱི་ནུས་པ་དེ་ཅི་ལྟར་མི་མཐོང་ན་ཅི་ལྟར་ཡོད་པ་ཡིན། མཚུངས་པ་ཉིད་ཡིན་ན་དེ་འབྲས་བུ་གཅིག་སྐྱེད་པར་བྱེད་ཀྱི་གཞན་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བར་ཡང་ཅི་ལྟར་འགྱུར་ཞེ་ན། ཡུལ་ཐག་རིང་བ་ལ་སོགས་པ་ལྷན་ཅིག་

བྱེད་པའི་རྣམ་པར་དབྱེ་བ་ལས་སོ། །གལ་ཏེ་ཡུལ་ཐག་རིང་པོ་ཉིད་ཀྱིས་ཀྱང་སྐྲ་དེ་ཉིད་རྣམ་པར་དབྱེ་བར་ག་ལ་འགྱུར་ཞེ་ན་ཚོགས་པ་གཞན་ན་རྗེས་སུ་ཞུགས་པའི་ཕྱིར་རོ་ཞེས་འདི་ནི་དཔྱད་ཟིན་ཏོ། །གལ་ཏེ་རྒྱུ་ཡིན་པའི་ཕྱིར་འཛིན་ན་མིག་ལ་སོགས་པ་ཡང་གཟུང་བ་ཉིད་དུ་
ཐལ་ཏེ། རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་བཤད་པ། རྒྱུ་ཡི་དངོས་པོ་མ་གཏོགས་པའི། །བཟུང་བ་ཞེས་བྱ་གཞན་ཅིའང་མེད། །དེ་ལ་བློ་ནི་གང་དུ་སྣང་། །དེ་ནི་དེ་ཡི་བཟུང་བར་བརྗོད། །གཟུགས་ཀྱི་སྐྱེ་མཆེད་དུ་མཚུངས་པས་ན་དེའི་རྣམ་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །
འདི་ལྟར་སྔོན་པོའི་རྡུལ་ཕྲ་རབ་ཀྱི་ཚོགས་ལས་རྣམ་པར་ཤེས་པ་སྔོན་པོའི་རྣམ་པ་ཉིད་དུ་འགྱུར་བ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་རྣམ་པ་ཉིད་དུ་ནི་འགྱུར་བ་མ་ཡིན་ནོ། །གལ་ཏེ་རྡུལ་ཕྲ་རབ་ཀྱི་རྣམ་པ་མི་སྣང་ན་སྔོན་པོའི་རྣམ་པ་འདི་རྡུལ་ཕྲ་རབ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་ག་ལས་ཡིན་ཞེ་ན། གཞན་དུ་མི་འཐད་
པའི་ཕྱིར་དེ་ལྟར་སྐྱོན་མེད་དོ། །གལ་ཏེ་ཅིག་ཅར་དུ་མ་མི་འཛིན་ན་དེའི་ཚེ་སྐྱོན་གཞན་འདི་ཡོད་དོ་ཞེས་གང་བཤད་པ་ནི། ཇི་ལྟར་རང་གི་ཡན་ལག་བཅས། །ཅིག་ཅར་ཡན་ལག་ཅན་གཟུང་ཡིན། །མི་འཛིན་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། ལྐོག་ཤལ་སོགས་མཐོང་མེད་པར་ནི། །བ་ལང་ཤེས་པར་མཐོང་བ་མེད། །གལ་ཏེ་
ཡོན་ཏན་གཙོ་བོ་དག །ཅིག་ཅར་རྟོགས་པར་འདོད་ན་ཡང་། །ཅིག་ཅར་ཡན་ལག་རྫོགས་འཛིན་མིན། །ཡོན་ཏན་ལ་སོགས་ལྡན་པའང་མིན། །གང་ཞིག་ཁྱད་པར་ཉིད་དུ་འདོད་པའི་ཆ་དེ་ཉིད་དུ་གཟུང་བའི་ཕྱིར་ཡན་ལག་རྫོགས་པར་མི་འཛིན་པར་འགྱུར་རོ། །དེ་དག་ཐམས་ཅད་ཁྱད་པར་འདོད་དོ་ཞེ་ན། མ་
ཡིན་ཏེ། ཁྱད་པར་དང་ནི་ཁྱད་པར་ཅན། །བརྗོད་པར་འདོད་པའི་གཞན་དབང་ཕྱིར། །ཡན་ལག་ཉིད་དུ་འགྱུར་བ་གང་། །དེ་ནི་དེ་ཉིད་ཀྱིས་འཛིན་འགྱུར། །ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་དོན་དམ་པ་ནི་མ་ཡིན་ཏེ། གཞན་དག་གམ་དེ་ཉིད་ཀྱིས་གཞན་གྱི་ཚེ། ཁྱད་པར་ཉིད་ཁྱད་པར་ཅན་དུ་
རྟོགས་པའི་ཕྱིར་རོ། །འདི་ལྟར་རྭ་ཅན་བ་ལང་དང་། བ་ལང་རྭ་ཅན་དང་། བ་ལང་དཀར་པོ། བ་ལང་ཟླུམ་པོའམ། གྲུ་བཞི་མ་ཡིན་ནོ་ཞེས་རྟོགས་པ་སྣ་ཚོགས་པར་མཐོང་གི་དུས་གཅིག་ཏུ་ཁྱད་པར་ཐམས་ཅད་འཛིན་པ་ནི་མ་ཡིན་ཏེ། ཅིག་ཅར་དུ་མ་ཁྱད་པར་ཉིད་དུ་བཟུང་བར་མི་ནུས་པའི་

ཕྱིར་རོ། །རྣམ་པར་རྟོག་པ་མེད་པས་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་འཛིན་པ་མ་ཡིན་ནོ། །གཞན་ཡང་། རང་གི་དངོས་པོ་གཞན་དག་ལས། །ཐ་དད་མེད་ཕྱིར་ཡོན་ཏན་རྫོགས། །ཐ་དད་བྱེད་པའང་མ་བཟུང་ཕྱིར། །གཞན་གཞན་མཐོང་ཡང་བློ་གཅིག་འགྱུར། །བ་ལང་རང་ཉིད་ཀྱིས་
ནི་བ་ལང་མ་ཡིན་ལ། བ་ལང་མ་ཡིན་པ་ཡང་མ་ཡིན་ཏེ། བ་ལང་ཉིད་དང་ལྡན་པའི་ཕྱིར་བ་ལང་ཡིན་ནོ། །དེ་བཞིན་དུ་དཀར་པོ་ཉིད་ཀྱིས་ནི་དཀར་པོའམ་དཀར་པོ་མ་ཡིན་པ་མ་ཡིན་ཏེ། དཀར་པོ་ཉིད་དང་ལྡན་པའི་ཕྱིར་དཀར་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །དེས་ན་ཡོན་ཏན་ལ་
སོགས་པ་ཐ་དད་པར་བྱེད་པ་ཅིག་ཅར་མ་བཟུང་བའི་ཕྱིར་གཞན་དང་གཞན་མཐོང་ཡང་གཅིག་ཉིད་ཀྱི་བློར་འགྱུར་ཞིང་ཕྱིས་ནི་ཡོན་ཏན་འབའ་ཞིག་མཐོང་བ་ཞེས་བྱ་བར་འགྱུར་རོ། །ཅི་སྟེ་ཡོན་ཏན་བཟུང་བའི་ཕྱིར་ན་ཕྱིས་ཐ་དད་པའི་བློར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ། །ཡོན་ཏན་ལ་སོགས་
ཁྱད་པར་ནི། །གཟུང་ཕྱིར་དུ་མར་རྟོགས་འགྱུར་ན། །འགྱུར་མོད་དེ་ལྟར་ཡིན་ན་ཡང་། །འདི་དག་གི་འབྲེལ་འཆོལ་བར་འགྱུར། །སྔར་རྫས་གཅིག་ཏུ་བཟུང་ནས་ཕྱིས་ཁྱད་པར་བཟུང་ཡང་ཐ་དད་པར་སྦྱོར་བ་མེད་པའི་ཕྱིར་འཆོལ་བར་ཐལ་ལོ། །འདི་ལྟར་གཅིག་ཉིད་དུ་བཟུང་ན་ཕྱིས་
གཅིག་ཉིད་ལ་ཁྱད་པར་དུ་མ་སྦྱར་བར་བྱ་བ་ཡིན་པའི་ཕྱིར་ན། ཁྱད་པར་དུ་མ་ཡང་གཅིག་གི་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །ཡུལ་དད་པས་ཐ་དད་པར་སྦྱར་བ་ནི་གཅིག་ཏུ་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཡུལ་ཐ་དད་པ་ལ་ཡང་ཁྱད་པར་ཡིན་པའི་ཕྱིར་ཡུལ་ཐ་དད་པ་དེ་ཡང་གཅིག་གི་ཡིན་ནོ་
ཞེས་བྱ་བར་ཡང་འགྱུར་རོ། །དེའི་ཕྱིར་དུ་མ་དུས་གཅིག་ཏུ་འཛིན་པ་མ་ཡིན་ལ་ཕྱིས་གཟུང་བའི་ཁྱད་པར་ནི་གང་གི་ཡིན་པ་མི་ཤེས་པར་འགྱུར་རོ། །ཁྱད་པར་ཐ་དད་པ་དང་ཐ་དད་པ་མེད་པའི་ཕྱོགས་ལ་ནི་ཐ་དད་པ་འགའ་ཡང་མེད་པའི་ཕྱིར་འབྲེལ་པ་འཆོལ་བར་ཤིན་ཏུ་གསལ་ལོ། །གྲངས་ཅན་གྱི་
ལྟ་བ་ལ་ནི། སྒྲ་སྩོགས་དུ་མ་ཉིད་ཡིན་ཕྱིར། །ཅིག་ཅར་དུ་མ་འཛིན་པར་འགྲུབ། །བཀོད་པ་ཅན་ནི་མ་བཟུང་བར། །བཀོད་པ་འཛིན་པ་མི་རུང་ཕྱིར། །བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་ནི་དེ་ཙམ་ལྔའི་གནས་པའི་ཁྱད་པར་རམ། ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་ནོ། །དེས་

ན་སྒྲ་ལ་སོགས་པར་གཟུང་བ་ན་ཡོན་ཏན་གསུམ་གཟུང་བ་དང་། དེ་ཙམ་གཟུང་བར་འགྱུར་རོ། །དེ་མ་བཟུང་བར་ནི་དེའི་གནས་པ་འཛིན་པར་མི་སྲིད་དེ། སོར་མོ་མ་བཟུང་བར་ཁུ་ཚུར་མི་འཛིན་པ་བཞིན་ནོ། །འབྲས་བུ་གཞན་གཅིག་ཉིད་སྐྱེད་པ་ཡང་མ་ཡིན་ཏེ། འབྲས་
བུ་ཐམས་ཅད་རྒྱུ་ལས་ཐ་མི་དད་པར་འདོད་པའི་ཕྱིར། ཡོངས་སུ་གྱུར་པའི་ཕྱོགས་དེ་དག་གིས་འདོད་པ་ཡིན་གྱི་འབྲས་བུའི་ཕྱོགས་ནི་མ་ཡིན་ནོ། །ཡོངས་སུ་གྱུར་བ་ནི་དེ་ཉིད་ལས་མ་ཉམས་པའི་ཆོས་གཞན་ཡོངས་སུ་གཏོང་བ་དང་གཞན་སྐྱེ་བ་ཡིན་ནོ། །དེ་ལ་སྒྲའི་ཡོངས་སུ་གྱུར་པ་ནི་ནམ་
མཁའོ། །སྒྲ་དང་རིག་པ་ཡོངས་སུ་གྱུར་པ་ནི་རླུང་ངོ་། །སྒྲ་དང་རེག་པ་དང་གཟུགས་ཡོངས་སུ་གྱུར་པ་ནི་མེའོ། །སྒྲ་དང་རེག་པ་དང་གཟུགས་དང་རོ་ཡོངས་སུ་གྱུར་པ་ནི་ཆུའོ། །སྒྲ་དང་རེག་པ་དང་རོ་དང་། དྲི་ཡོངས་སུ་གྱུར་པ་ནི་ས་ཡིན་ཏེ། དེ་ལྟར་ན་བུམ་པ་ལ་སོགས་པ་དག་ནི་དུ་མ་ཡིན་ཏེ།
དེ་བཟུང་ན་དུ་མ་བཟུང་བ་ཞེས་བྱ་བར་གྲུབ་བོ། །ལན་ལྷག་པ་ནི་སྔ་མ་བཞིན་ནོ། །དེའི་ཕྱིར་ཅིག་ཅར་དུ་མ་བཟུང་བ་ཡང་རྣམ་པར་རྟོག་པ་དང་བཅས་པ་མ་ཡིན་གྱི། མངོན་སུམ་རྣམ་པར་རྟོག་པ་མེད་པ་ཉིད་དོ་ཞེས་བྱ་བར་གནས་སོ། །གལ་ཏེ་མངོན་སུམ་རྟོག་པ་མེད་པ་ཡིན་ན། འོ་ན་ཅི་ལྟར་ཆོས་དང་
ཆོས་ཅན་ལ་སོགས་པ་མངོན་སུམ་གྱིས་འཛིན། ཆོས་ཅན་མངོན་སུམ་གྱིས་མ་བཟུང་ན་ཡང་རྗེས་སུ་དཔག་པ་འཇུག་པ་མེད་པར་འགྱུར་རོ། །ཆོས་ཅན་ཡང་རྗེས་སུ་དཔག་པས་འཛིན་ན་ནི་དེ་ལ་ཡང་ཆོས་ཅན་གཞན་དགོས་པས་ཐུག་པ་མེད་པར་འགྱུར་རོ། །ཆོས་ཅན་བཟུང་ན་ནི་ཆོས་དུ་མ་དང་
ལྡན་པའི་བདག་ཉིད་དེ་འཛིན་པའི་ཕྱིར། ཅི་ལྟར་རྣམ་པར་རྟོག་པ་མེད་པ་ཡིན་ཞེ་ན། འདི་ལ་སྨྲས་པ། ཆོས་ཅན་དུ་མའི་ངོ་བོ་ནི། །རྣམ་ཀུན་དབང་པོ་ལས་རྟོགས་མིན། །རང་བཞིན་རིག་བྱ་བསྟན་མིན་པའི། །ངོ་བོ་དབང་པོའི་སྤྱོད་ཡུལ་ཡིན། །གཟུགས་ལ་སོགས་པའི་ཆོས་དུ་མ་དང་ལྡན་
པའི་ཆོས་ཅན་ནི་འགའ་ཡང་དབང་པོའི་ཤེས་པས་འཛིན་པ་མ་ཡིན་གྱི། འོན་ཀྱང་རང་ཉིད་ཀྱིས་རིག་པར་བྱ་བའི་རང་བཞིན་དང་བྱེད་པ་པོས་ཡིན་ནོ། །རང་བཞིན་དེ་ཉིད་ནི་དབང་པོའི་ཡུལ་ཡིན་ནོ། །འདི་ལྟར། གཟུགས་སོགས་ཕན་ཚུན་དབེན་པར་ནི། །མིག་ལ་སོགས་པ་དག་གིས་ནི། །འཛིན་

འགྱུར་དེ་དག་གཞི་གཅིག་པ། །ཉིད་དོ་རྟོག་པ་མེད་ཕྱིར་རོ། །གཟུགས་ལ་སོགས་པའི་ཆོས་ཅན་ནི། །དབང་པོའི་ཤེས་པས་དམིགས་པ་མ་ཡིན་ནོ། །ཕན་ཚུན་ཐ་དད་པའི་གཟུགས་ལ་སོགས་པ་ཉིད་དུ་བཟུང་བ་ལས་གཞན་པའི་གཞི་འམ་དེ་ལ་བརྟེན་པ་ནི་འཛིན་པའི་སྤྱོད་ཡུལ་དུ་གྱུར་པ་མེད་དོ་ཞེས་
བྱ་བ་འདི་ནི་བཤད་ཟིན་ཏོ། །གལ་ཏེ་བདག་གིས་མཐོང་བ་གང་ཡིན་པ་དེ་ཉིད་རེག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྟོགས་པ་ལས་གཞི་གཅིག་པ་ཉིད་དམ་རྟོགས་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ངོ་ཤེས་པ་ནི་མངོན་སུམ་མ་ཡིན་ནོ་ཞེས་བསྟན་ཟིན་པའི་ཕྱིར་རོ། །གཟུགས་དང་རེག་པའི་ཤེས་པས་
སད་པར་བྱས་པའི་ཐོག་མ་མེད་པའི་བག་ཆགས་ལས་དེ་ལྟ་བུའི་ཤེས་པ་སྐྱེ་བའི་ཕྱིར་རོ། །འདི་ལྟར། མིག་ནི་གཟུགས་ཙམ་ཉིད་དང་ནི། །གཞན་ནི་རེག་པ་ཙམ་ཉིད་དག །རིག་ཕྱིར་རིག་པ་འཇུག་པ་ཉིད། །ཅེས་བྱ་བ་ནི་མཐོང་བ་ཡིན། །དེ་དག་ཕན་ཚུན་འདུས་པ་གཞན་གྱིས་ནི་དམིགས་པ་
མ་ཡིན་ནོ། །རེག་པ་ཉིད་མཐོང་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རེག་པ་ནི་གཟུགས་ལ་འཇུག་པ་མེད་པའི་ཕྱིར་རོ། །གལ་ཏེ་དོན་གཅིག་ལ་འཇུག་པར་རྟོགས་ན་དེ་ལྟ་ན་ནི་གཅིག་ཏུ་གྲུབ་པར་འགྱུར་རོ། །གལ་ཏེ་མཐོང་བའི་དཀར་པོ་ཉིད་རེག་པས་དྲི་མ་ཅན་དུ་བྱེད་པ་དང་། ལག་པས་བཟུང་བར་
དམིགས་པ་མ་ཡིན་ནམ། དེ་ཅི་ལྟར་དོན་གཅིག་ལ་འཇུག་པ་མ་ཡིན་ཞེ་ན། འདི་ནི་ནམ་མཁའི་གོ་སྐབས་སུ་ཀ་ཤ་དབྱངས་པ་ཡིན་ནོ། །གང་ཚེ་དངོས་དེ་རེག་པ་དང་། །གང་གི་རེག་པ་ཡུལ་གྱུར་པ། །དེ་ཚེ་དེས་རྟོགས་མེད་ཅེ་ན། །རྗེས་སུ་དཔག་པ་སྒྲུབ་བྱེད་མིན། །ཕན་ཚུན་འཛིན་པར་
བྱེད་པའི་མངོན་སུམ་དག་འཇུག་པ་མེད་ན་མངོན་སུམ་གྱི་ཐ་དད་པར་ཡོངས་སུ་བཅད་པས་རྗེས་སུ་དཔག་པ་སྟོང་ཕྲག་ཀྱང་ནུས་པའི་ལམ་དུ་འཇུག་པ་མ་ཡིན་ནོ། །འོན་ཏེ་དེ་ཉིད་ལ་རེག་གོ་ཞེས་བྱ་བ་འདི་ནི་ཡིད་ཀྱི་མངོན་སུམ་ཡིན་ནོ། །དབང་པོ་ལས་སྐྱེས་པ་ཉིད་ཚད་མ་ཡིན་པའི་ཕྱིར་ཚད་མ་འཇུག་
པ་ནི་མ་ཡིན་ནོ། །དབང་པོ་ལས་སྐྱེས་པ་ཡང་དོན་ལ་མི་འཁྲུལ་པ་ལས་ཚད་མ་ཡིན་གྱི། དབང་པོ་ལས་སྐྱེས་པའི་ཕྱིར་ནི་མ་ཡིན་ཏེ། ཡིད་ལས་སྐྱེས་པའི་ཕྱིར་ཞེས་བྱ་བ་ཡང་སྲིད་པའི་ཕྱིར་རོ་ཞེ་ན། དེ་ནི་མེད་དེ་འདི་ལྟར། གང་ཉིད་མཐོང་ཞེས་རྟོགས་པ་ཡི། །རྗེས་དཔག་མེད་ན་ཚུ་རོལ་

ནི། །མཐོང་བ་འགའ་ཡང་རྟོགས་མ་ཡིན། །དེ་ལ་འགའ་ཞིག་སྔར་མཐོང་བ་ཉིད་རེག་པ་ཡིན་ནོ་ཞེས་ཁྱེད་ཀྱིས་ཅི་ལྟར་རྟོགས་ཞེས། གལ་ཏེ་བརྒལ་ཞིང་བརྟག་པ་བྱེད་ན་དེའི་ཚེ་ཇི་སྐད་བྱ། དེ་ལྟ་བུ་ཉིད་དུ་རྟོགས་པའི་ཕྱིར་ཞེས་བྱ་བའམ་ཅི་མཐོང་བ་གང་ཡིན་པ་ནི་རེག་པའི་
དུས་ན་མ་མཐོང་ན་དེ་ཅི་ལྟར་ན་དེ་ཉིད་ལ་རེག་གོ་ཞེས་བྱ་བར་རྟོགས། གང་གིས་དེ་དྲི་མ་ཅན་དུ་བྱས་པ་དེའི་ཕྱིར་དེ་ཡིན་པར་ཤེས་སོ་ཞེས་བྱ་བའི་རྗེས་སུ་དཔག་པ་བསྟན་པ་དེ་ཉིད་ཀྱང་འདིར་ལན་མ་ཡིན་ནོ། །འོ་ན་ཅི་ལྟར་མ་རེག་པར་ཉམས་པར་བྱེད་ཅེ་ན། རེག་པ་ཉིད་ན་འོ་ན་འདི་དཀར་པོའི་ཞེས་
ཅིའི་ཕྱིར་མི་རྟོགས། རེག་པ་ལ་དཀར་པོ་དང་ཅིག་ཤོས་དག་མཚུངས་པ་དང་མི་མཚུངས་པའི་རང་བཞིན་རང་ཡིན་པའི་ཕྱིར་རོ་ཞེ་ན། ལན་ནི་འདི་ནི་བཟང་པོ་མ་ཡིན་ཏེ། མཚུངས་པ་དང་མི་མཚུངས་པའི་དངོས་པོ་གཅིག་ཅེས་བྱ་བ་ནི་བབ་ཆོལ་ཡིན་ནོ། །གང་གི་ཕྱིར་ལེན་པ་མཚུངས་པ་དང་། གཟུགས་
མཚུངས་པ་མ་ཡིན་པ་དེས་ན་དེ་དག་གཅིག་པ་ཉིད་དུ་མི་རིགས་ཏེ། འགལ་བའི་ཆོས་གནས་པའི་ཕྱིར་རོ། །ཅི་སྟེ་རྟོགས་སོ་ཞེ་ན་དེ་ལ་རྣམ་པར་དཔྱད་པར་བྱ་སྟེ། ཅི་རྣམ་པ་གཅིག་ཏུ་རྟོགས་སམ། འོན་ཏེ་རྣམ་པ་དུ་མར་རྟོགས། རྣམ་པ་དུ་མར་རྟོགས་ན་ཅི་ལྟར་གཅིག་ཡིན། འོན་ཏེ་རྣམ་པ་གཅིག་
ཏུའོ་ཞེ་ན། དེ་ནི་མི་བདེན་ཏེ་རེག་པ་རྟོགས་པ་ན་མ་རྟོགས་པའི་གཟུགས་རྣམ་པ་གཅིག་གོ་ཞེས་ཅི་ལྟར་འཛིན། རྟོགས་པ་དང་མ་རྟོགས་པ་ནི་བཟུང་བ་མ་ཡིན་ཏེ། མ་རྟོགས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་གཟུགས་ལ་སོགས་པ་ཐ་དད་པ་ན་ཡན་ལག་ཅན་ཞེས་བྱ་བ་འགའ་ཞིག་ནི་
ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཟུགས་ལ་སོགས་པ་ནི་རང་གི་ངོ་བོས་རིག་པར་བྱ་བ་ཡིན་གྱི། ཕན་ཚུན་གྱི་ངོ་བོས་ནི་མ་ཡིན་ནོ། །དེ་བཞིན་དུ་གཟུགས་ནི་རང་གིས་རིག་པར་བྱ་བ་ཡིན་གྱི། གཞན་གྱིས་རིག་པར་བྱ་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་ལ་སྒྲས་བསྟན་པར་མི་ནུས་པའི་ཕྱིར་དབང་
པོའི་ཤེས་པའི་སྤྱོད་ཡུལ་ནི་བརྗོད་དུ་མེད་པ་ཡིན་ནོ། །གལ་ཏེ་དབང་པོའི་སྤྱོད་ཡུལ་སྒྲས་བསྟན་པར་མི་ནུས་ན། འོ་ན་ཇི་ལྟར་བདག་གིས་གང་ཐོས་པ་དེ་ཉིད་མཐོང་ངོ་ཞེས་རྟོགས། བསྟན་པར་བྱ་བ་མ་ཡིན་པ་ནི་དེ་ལྟར་རྟོགས་པར་ཇི་ལྟར་འགྱུར་ཏེ། དེའི་ཕྱིར་ན་བསྟན་པར་བྱ་བ་ཡིན་ནོ་ཞེས་རྟོགས་སོ་ཞེ་ན།

དེ་ནི་མ་ཡིན་ཏེ། ངོ་ཤེས་པ་ནི་ཆད་མ་ཉིད། །མ་ཡིན་ཞེས་ནི་བསྒྲུབས་ཟིན་ཏོ། །དེས་ན་ཤེས་པ་དེ་ཡིས་ནི། །དོན་འདི་རྟོགས་པར་ཅི་ལྟར་འདོད། །རེ་ཞིག་སྒྲ་ལས་རྟོགས་པའི་དུས་སུ་ནི་དོན་དེ་སྣང་བ་མ་ཡིན་ཏེ། སྒྲ་ལས་ན་དོན་ལ་ཐེ་ཚོམ་ཟ་བ་ཉིད་དོ། །དེ་ལྟ་མ་ཡིན་ན་ནི་མངོན་སུམ་གྱིས་རྟོགས་
པ་བཞིན་དུ་ཐེ་ཚོམ་དང་འབྲེལ་པར་མི་འགྱུར་རོ། །ཅི་སྟེ་སྒྲ་ལས་དོན་གྱི་དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་དུ་སྣང་བ་ཡིན་ཏེ། དེས་ན་ཐེ་ཚོམ་ཟ་བ་ཡིན་ནོ་ཞེ་ན། མངོན་སུམ་ལ་ཡང་ཅིའི་ཕྱིར་དེ་ལྟར་མི་འགྱུར། །དེ་ལ་རྣམ་པའི་ཁྱད་པར་ཉེ་བར་མཚོན་པ་ཉིད་ཀྱིས་མི་འགྱུར་རོ་ཞེ་ན། འདིར་ཡང་སྣང་
བའི་ཁྱད་པར་འཛིན་པ་གང་གིས་བཟློག་སྟེ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ན་ནི་སྒྲའི་ཤེས་པ་དངོས་པོའི་རང་བཞིན་འཛིན་པར་མི་འགྱུར་ཏེ། མངོན་སུམ་དང་མི་མཐུན་པའི་ཕྱིར་རོ། །གལ་ཏེ་རང་གི་ངོ་བོར་རྟོགས་པ་ཡིན་ན་ནི་དེ་མཐོང་བ་ཚད་མ་ཉིད་མ་ཡིན་པར་འགྱུར་ཏེ། བཟུང་ཟིན་པ་འཛིན་པའི་ཕྱིར་
རོ། །ལོང་བ་མེད་པར་ཡང་འགྱུར་ཏེ། གཟུགས་ཀྱི་རང་བཞིན་ནི་སྒྲ་ཉིད་ལས་རྟོགས་པའི་ཕྱིར་རོ། །ཅི་སྟེ་སྤྱིའི་རྣམ་པར་རྟོགས་སོ་ཞེ་ན། དེ་ལྟ་ན་ནི། མིག་སེར་གྱིས་ཉམས་པའི་མིག་གིས་ཀྱང་། དཀར་པོ་སེར་པོའི་རྣམ་པར་རྟོགས་པ་དེ་ཡང་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཚད་མར་ཐལ་ལོ། །དེ་
ཡང་ཚད་མར་འགྱུར་ལ་རག་གོ་ཞེ་ན་མ་ཡིན་ཏེ་གནོད་པའི་ཕྱིར་རོ། །བ་ལང་ཁྱེར་ལ་ཤོག་ཅེས་བྱ་བའི་ཤེས་པ་ནི་གནོད་པ་མེད་པའི་ཕྱིར་ཚད་མ་ཉིད་དོ་ཞེ་ན་མ་ཡིན་ཏེ། དེ་ལ་ཡང་གནོད་པ་ཡོད་པའི་ཕྱིར་རོ། །བ་ལང་ཁྱེར་ལ་ཤོག་ཅེས་བྱ་བ་གལ་ཏེ་ཡོད་པ་ཉིད་འཕེན་པ་ཡིན་ན་ནི་རེས་འགའ་མེད་པར་
ཡང་འགྱུར་རོ། །འོན་ཏེ་མི་འཕེན་ན་ནི། དེས་ན་ཁྱེར་ཏེ་འོང་བ་མི་སྲིད་པའི་ཕྱིར་ན་ཚད་མ་མ་ཡིན་པར་ཤིན་ཏུ་གསལ་ལོ། །འོན་ཏེ་གལ་ཏེ་ཡོད་ན་ཁྱེར་ལ་ཤོག་ཅིག་ཅེས་བྱ་བ་སྨྲ་བ་པོའི་བསམ་པ་ཡིན་ན་དེའི་ཕྱིར། ཐེ་ཚོམ་དུ་ཁྱེར་ཏེ་འོང་བར་བརྗོད་པའི་ཕྱིར་ཚད་མ་མ་ཡིན་པ་ཉིད་དོ། །ཐེ་ཚོམ་ཉིད་དུ་
བསྐུལ་བ་ཡིན་ནོ་ཞེ་ན། ཐེ་ཚོམ་ཉིད་དུ་བཟུང་བའི་ཕྱིར་ཐེ་ཚོམ་གྱི་ཤེས་པ་ཐམས་ཅད་ཚད་མར་འགྱུར་རོ། །ཚད་མ་མ་ཡིན་པས་ནི་དངོས་པོ་འཛིན་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ཁྱེར་ནས་འོངས་པ་ལ་སོགས་པ་ལ་མི་འཁྲུལ་པ་ཡོད་པ་ནི་མ་ཡིན་ཏེ། འགའ་ཡང་མ་བྱས་པའི་ཕྱིར་རོ། །བསྐུལ་

བས་ནི་གདོན་མི་ཟ་བར་བྱེད་པ་མ་ཡིན་ནོ། །གཞན་ཡང་བྱ་བ་ལ་སྒྲ་ནི་བྱེད་པ་པོའམ། འོན་ཏེ་ཤེས་བྱེད་ཡིན་པར་འདོད། །བྱེད་པོ་ཡིན་ན་མི་སླུ་བ། །མེད་ཕྱིར་ཚད་མ་ཉིད་མ་ཡིན། །བྱེད་པ་པོ་མི་སླུ་བ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་ནི་མེད་དོ། །ཐོབ་པ་ནི་བྱས་པ་ན་ཚད་
མ་གཞན་གྱིས་ཡིན་ནོ། །ཤེས་པར་བྱེད་པ་ཉིད་ནི་འབྱུང་བར་འགྱུར་བའི་བྱ་བ་ནི་རང་གི་ངོ་བོ་ཡོད་པ་མ་ཡིན་པས་ནི་མི་སྲིད་དོ། །མེད་པའི་བྱ་བ་ནི་རང་གི་ངོ་བོས་འཛིན་པ་མ་ཡིན་ལ། རང་གི་ངོ་བོར་ཡོད་ན་ནི་འབྱུང་བར་འགྱུར་བ་ཉིད་མ་ཡིན་ནོ། །སྤྱིའི་འཛིན་པའི་ཕྱིར་ཞེ་ན། དེ་ལྟ་ན་ནི་སྤྱི་དེ་བྱ་བ་མེད་ཀྱང་
ཡོད་པའི་ཕྱིར་ནི་སྤྱི་རྟོགས་པ་ན་བྱ་བ་ལ་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་སྒྲ་ནི་དབང་པོའི་དོན་གྱི་ཤེས་པར་བྱེད་པ་ཡིན་ནོ། །དེས་ན་དབང་པོའི་སྤྱོད་ཡུལ་ནི་བསྟན་དུ་མེད་པ་ཁོ་ནའོ། །འོ་ན་ཆོས་ཅན་གྱི་ཆོས་དུ་མ་ཉིད་དུ་རྟོགས་ཤེ་ན། ཆོས་ཅན་ཐམས་ཅད་ལས་ལྡོག་པ། །གང་དང་གང་ལས་ལོག་དེ་
ལས། །ཐ་དད་བཏགས་པའི་ཐ་དད་ཅན། །དེ་ནི་དུ་མའི་ངོ་བོ་ཉིད། །ཆོས་ལ་སོགས་པའི་ཐ་སྙད་ནི་ལྡོག་པའི་ཁྱད་པར་བཏགས་པ་ཡིན་ནོ། །འདི་ལྟར་དང་པོ་ཉིད་དུ་གསེར་གྱི་བུམ་པ་སྣང་བ་ན་ཁ་དོག་དང་དབྱིབས་ལ་སོགས་པ་ལས་ཐ་དད་པར་སྣང་བའམ་དེ་དག་ལས་ཐ་དད་པར་སྣང་ངམ་གཅིག །འོན་
ཀྱང་ཁ་དོག་ལ་སོགས་པའི་བདག་ཉིད་གཅིག་ཉིད་དངོས་སུ་སྣང་བའི་སྤྱོད་ཡུལ་ཡིན་ནོ། །དེ་ལ་ད་ལྟར་ནི་རྣམ་པ་དུ་མ་ཅན་གྱི་དོན་ཐ་དད་པ་གཞན་དང་། གཞན་ལས་ལོག་པ་མ་བརྟེན་ནས། ཐ་སྙད་ཀྱི་ལམ་ལ་གནས་པ་འཁོར་བའི་རྒྱ་མཚོར་ལྷུང་བ་དག་དམིགས་ཀྱིས་བསལ་ཏེ། བརྟགས་པས་ཐ་དད་
པར་འཇོག་པར་བྱེད་དོ། །གལ་ཏེ་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་དག་ཐ་མི་དད་པ་ཡིན་ན་བུམ་པ་སྔོན་པོ་མ་ཡིན་པ་ལས་བུམ་པ་སྔོན་པོ་ཐ་དད་པ་ཉིད་དུ་ཅི་ལྟར་འགྱུར། གལ་ཏེ་ཁ་དོག་དང་དབྱིབས་ལ་སོགས་པ་ཐ་མི་དད་པ་ཉིད་ཡིན་ན་དེའི་ཚེ་བུམ་པ་སྔོན་པོ་མ་ཡིན་པ་ལས་སྔོན་པོ་ལྡོག་པར་མི་འགྱུར་
ཏེ། དེའི་དབྱིབས་ཀྱི་བདག་ཉིད་ཅན་སྔོན་པོ་མ་ཡིན་པ་ལ་སྔོན་པོར་འགྱུར་དགོས་ཏེ། དབྱིབས་ནི་ཁ་དོག་སྔོན་པོ་ལས་ཐ་མི་དད་པའི་ཕྱིར་རོ། །དབྱིབས་ལ་སོགས་པ་སྔོན་པོ་མ་ཡིན་པ་ཡང་ཡོད་པ་ཡིན་ཏེ། དེའི་ཕྱིར་དེ་དག་ཐ་དད་དོ་ཞེས་འཇིག་རྟེན་ན་རྟོག་པ་ཐ་དད་པར་སྣང་བ་ཡིན་ནོ། །དེ་ལྟར་ནི་

ནི་ཐ་དད་པ་དོན་དམ་པར་འགྱུར་རོ་ཞེ་ན། རྟོག་པ་ཙམ་གྱིས་ཉེ་བར་བཀོད་པ་ནི་དོན་དམ་པར་རིགས་པ་མ་ཡིན་ནོ། །གལ་ཏེ་དཀར་པོ་ཉིད་ལ་སོགས་པ་དེ་ཉིད་དབྱིབས་ཀྱི་བདག་ཉིད་མ་ཡིན་པར་སྣང་བ་ཡིན་ན་ནི་དོན་དམ་པར་ཐ་དད་པར་འགྱུར་རོ། །དོན་གཅིག་ལ་འདུ་བ་ནི་ཐ་དད་པ་མ་ཡིན་པར་སྣང་
བའི་རྒྱུ་ཡིན་པའི་ཕྱིར། ཐ་དད་ཀྱང་ཐ་མི་དད་པར་སྣང་ངོ་ཞེ་ན། གཟུགས་དང་རོ་དག་དོན་གཅིག་ལ་འདུ་བ་ཡིན་པར་ཡང་ཐ་དད་པར་སྣང་བ་ཡོད་པ་མ་ཡིན་ནམ། དེ་ལ་ནི་དབང་པོ་ཐ་དད་པར་གཟུང་བར་བྱ་བ་ཡིན་ནོ་ཞེ་ན། གལ་ཏེ་འདུ་བས་ཐ་དད་པ་མེད་པར་སྣང་བར་བྱེད་ནུས་པ་ཡིན་ན་དབང་པོ་ཐ་
དད་པས་གཟུང་བ་ཉིད་འཐད་པར་དཀའོ། །ཡུལ་གཅིག་པའི་ཕྱིར་ཐ་དད་པ་མེད་པར་སྣང་ངོ་ཞེས་བྱ་བ་ནི་གཟུགས་དང་རོ་ལ་སོགས་པས་མ་ངེས་སོ། །དེ་བཞིན་དུ་བ་ལང་ཉིད་ལ་སོགས་པ་ལས་ཁྲ་བོ་ལ་སོགས་པ་དང་། ཁྲ་བོ་ཉིད་ལ་སོགས་པ་ལས་སེར་སྐྱ་དང་། ཁུ་ཡུ་ལ་སོགས་པ་ཐ་དད་པ་
ནི་རྟོགས་པས་ཐ་དད་པར་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ལ་ཁ་ཅིག་ཏུ་ནི་ཆོས་ཅན་གཟུགས་ལ་སོགས་པ་ལས་ཐ་དད་པར་རྟོག་སྟེ། དཔེར་ན་བུམ་པ་བཞིན་ནོ། །གལ་ཏེ་བུམ་པ་ཡན་ལག་ཅན་གཅིག་མེད་ན་ནི་རིམ་གྱིས་གཟུགས་དང་། རོ་གཟུང་བ་ན་
བུམ་པར་རྟོགས་པར་མི་འགྱུར་རོ་ཞེས་སོ། །ཁ་ཅིག་ཏུ་ནི་ཆོས་ཐ་དད་པར་རྟོགས་ཏེ། གལ་ཏེ་ཐ་མི་དད་པ་དང་ཐ་མི་དད་པའི་བ་ལང་ཉིད་མེད་ན་ནི། ཁྲ་བོ་ལ་སོགས་པ་དེ་དང་ཐ་མི་དད་པ་རྣམས་ལ་ཐ་དད་པར་མི་འགྱུར་རོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །དེའི་ཕྱིར་ལྡོག་པའི་ཁྱད་པར་ལ་བརྟེན་
ནས་ཐ་དད་པར་བཏགས་པ་ཡིན་ནོ། །རྗེས་སུ་དཔག་པ་དང་ལྡན་པའི་ཐ་དད་པ་ཡང་ཐ་དད་པ་ཉིད་མ་ཡིན་ནམ་ཞེ་ན། གལ་ཏེ་རྗེས་སུ་དཔག་པ་དེ་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་ན་ནི་བདེན་ཏེ། དཔེར་ན་མངོན་སུམ་ལ་སྣང་བའི་མེ་རྗེས་སུ་དཔག་པར་རྟོགས་པ་ན་དེ་ལྟ་བུ་ཉིད་དུ་འགྱུར་བ་བཞིན་ནོ། །ཆོས་
དང་ཆོས་ཅན་ཐ་དད་པ་ནི་ནམ་ཡང་དེ་ལྟར་མ་ཡིན་ནོ། །གལ་ཏེ་སྣང་ན་རྗེས་སུ་དཔག་པས་ཅི་བྱ་ཞེ་ན། འདི་ནི་མེ་ལ་ཡང་མཚུངས་སོ། །དུས་གཞན་ལ་སོགས་པར་རྗེས་སུ་དཔོག་གོ་ཞེ་ན། འདིར་ཡང་དེ་ལྟར་འགྱུར་རོ། །འོན་ཏེ་འདིར་རྟག་ཏུ་རྗེས་སུ་དཔོག་པར་བྱ་བ་ཉིད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། རྟག་ཏུ་

རྗེས་སུ་དཔག་བྱ་ལ། །དཔེ་དེ་ཉིད་དུ་གང་གིས་གྲུབ། །རྗེས་དཔག་གཞན་གྱིས་གྲུབ་ན་ནི། །དེ་ནི་ལོང་བ་བརྒྱུད་པ་ཡིན། །འོན་ཏེ་བུམ་པ་ལ་སོགས་པ་སྣམ་བུ་ལ་སོགས་པ་ལས་ཐ་དད་པ་ནི་དཔེ་ཡིན་ནོ། །འདི་ལྟར་གང་དང་རྗེས་སུ་འགྲོ་བ་དང་ལྡོག་པ་དེ་དག་ནི་ཐ་དད་པ་
ཡིན་ཏེ། དཔེར་ན། སྣམ་བུ་དང་ཤིང་རྟ་བཞིན་ནོ། །ཁ་དོག་དང་དབྱིབས་དག་ཀྱང་དེ་བཞིན་ནོ་ཞེ་ན་མ་ཡིན་ཏེ། རྗེས་སུ་འགྲོ་བ་ནི་དེར་ཡང་མངོན་སུམ་གྱིས་འཛིན་པའི་ཕྱིར་རོ། །དེར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཐ་དད་པ་ཡང་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན་ཅིག་ཅར་ཐ་དད་པར་སྣང་བ་
ཉིད་ཀྱིས་སོ། །འོན་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པར་ནི་སྣ་ཚོགས་སྣང་བ་ཉིད་དུ་འགྱུར་གྱི། ཐ་དད་པར་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་གང་ལས་ཀྱང་ཐ་དད་པར་སྣང་བ་ཉིད་ཀྱིས་སོ། །འོན་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་གཉིས་མེད་པར་ཐལ་བས་ཐ་དད་པའི་གྲུབ་པར་བྱེད་
པ་མི་འཐད་པ་ཤིན་ཏུ་གསལ་ལོ། །ཡང་ན། མ་འདྲེས་པར་ནི་སྣང་བས་ན། །བུམ་སོགས་ཐ་དད་གནས་པ་ཡིན། །དབྱིབས་སོགས་ལ་ནི་དེ་མེད་ཉིད། །སྣམ་བུ་སོགས་དང་མཚུངས་མ་ཡིན། །བ་ལང་ཉིད་ལ་སོགས་པའི་རྗེས་སུ་འགྲོ་བ་ནི་མངོན་སུམ་གྱིས་རྟོགས་པ་མ་ཡིན་པའི་ཕྱིར་དེ་ཐ་
དད་པ་ནི་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །གཅིག་ཏུ་རྟོགས་པ་དང་ལྡན་པས་ནི་དེ་དག་ཉིད་རྗེས་སུ་འགྲོ་བར་ཐ་སྙད་བྱས་པ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་གཅིག་ཏུ་རྟོགས་པའི་ཡུལ་ཐ་དད་པ་དག་ལས་གཞན་པའི་སྤྱི་ཡིན་ནོ་ཞེ་ན་མ་ཡིན་ཏེ། གཅིག་ཏུ་རྟོགས་པའི་ཡུལ་ཐ་དད་པར་སྣང་
བ་མེད་པའི་ཕྱིར་རོ། །ཐ་དད་པ་དག་ལ་གཅིག་ཏུ་རྟོགས་པ་ཉིད་དུ་ཅི་ལྟར་འགྱུར་ཞེ་ན། འདིར་སྨྲས་པ། མཐོང་བ་མི་འཐད་པ་ཉིད་མིན། །མ་མཐོང་བ་ནི་འཐད་པ་མིན། །མཐོང་དང་མ་མཐོང་བ་དག་གིས། །ཡོད་དང་མེད་པར་རྣམ་པར་གནས། །གཅིག་ཏུ་འཛིན་པ་ནི་མཐོང་བའི་ཕྱིར་ན་འཐད་པ་ཉིད་
དོ། །དེ་བཞིན་དུ་མ་མཐོང་བ་ཐ་དད་པ་མེད་པ་ཡང་འཐད་པར་འགྱུར་དགོས་སོ་ཞེས་བྱ་བ་འདི་ནི་གནས་པ་མ་ཡིན་ནོ། །དེ་ནི་ཐ་དད་པ་དག་ལ་གཅིག་ཏུ་འཛིན་པ་མ་ཡིན་ཏེ། རང་གི་ངོ་བོ་ཙམ་དུ་གནས་པའི་ཕྱིར་རོ། །གཅིག་ཏུ་འཛིན་པའི་འདི་ནི་གང་དུ་ཡང་གཅིག་ལ་མཐོང་བ་མེད་དོ། །དམིགས་

པ་ལ་འགྱུར་བ་ཡིན་ན་དེ་ཡང་རིམ་པ་དང་ལྡན་པ་ཡིན་ནོ། །སྐད་ཅིག་རེ་རེ་ནི་འཛིན་པར་ནུས་པ་མ་ཡིན་ཏེ། སོ་སོ་སོ་སོར་རིག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་གཅིག་ཏུ་འཛིན་པ་ནི་དངོས་པོ་དུ་མ་ཉིད་མ་ཡིན་ནོ། །དེས་ན་ཆོས་དང་ཆོས་ཅན་མཐའ་དག་ནི་རྟོགས་པས་བྱས་པ་ཉིད་དོ། །
དེ་ཉིད་མངོན་སུམ་གྱིས་གཟུང་བ་ཡིན་ནོ་ཞེ་ན། དེ་ནི་མེད་དེ། གང་གི་ཕྱིར། བརྟགས་པའི་རང་བཞིན་ཐ་དད་པ། །སྣ་ཚོགས་སྣང་བ་དེ་དག་ནི། །རྟོག་པ་མེད་སེམས་སྣ་ཚོགས་མིན། །རེས་འགའ་བ་ཡི་སྤྱོད་ཡུལ་མིན། །མངོན་སུམ་ནི་མངོན་དུ་བྱེད་པའི་རྣམ་པས་འཇུག་པ་ཡིན་ཏེ། བཏགས་
པའི་ཡུལ་གྱི་རྣམ་པ་ནི་དེའི་ཡིན་པར་རིགས་པ་མ་ཡིན་ནོ། །མངོན་སུམ་གྱི་སྣང་བ་ཉིད་ནི་དོན་གྱི་དངོས་པོ་ལ་ལྟོས་པས་རེས་འགའ་བ་ཡིན་ལ། རྣམ་པར་རྟོག་པའི་རང་བཞིན་གྱིས་སྣང་བ་ནི་རེས་འགའ་བ་མ་ཡིན་པ་ཡིན་ནོ། །མངོན་སུམ་གྱི་རྣམ་པ་ནི་གཅིག་ཡིན་ལ་རྣམ་པར་རྟོག་པའི་རྣམ་
པ་ནི་དུ་མ་ཡིན་ནོ། །དེས་ན་རྣམ་པར་རྟོག་པ་དང་མངོན་སུམ་དག་ནི་རྣམ་པ་ཐ་དད་པ་དང་རྒྱུ་ཐ་དད་པས་ཀྱང་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའོ། །དཀར་པོ་ལ་སོགས་པའི་ཆོས་ཀྱི་ཁྱད་པར་དག་རྣམ་པར་མི་རྟོག་པ་ཉིད་ན་ཡང་ཡོད་པ་མ་ཡིན་ནམ་དེ་དག་ནི་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་
ཡིན་ནོ་ཞེ་ན། འདི་ཡང་རྩོད་པ་མ་ཡིན་ཏེ། འདི་ལྟར། གལ་ཏེ་དཀར་སོགས་ཡོད་གྱུར་ཀྱང་། །དབང་པོའི་སྤྱོད་ཡུལ་ཅི་འདྲ་བ། །དེ་ནི་སྒྲ་ཡིས་སྤྱོད་མིན་ཏེ། །ཤེས་པའི་རང་བཞིན་ཐ་དད་ཕྱིར། །དཀར་པོ་ནི་དབང་པོ་ལས་ཆོས་སམ་ཆོས་ཅན་ཉིད་དུ་འགའ་ཡང་འཛིན་པ་མེད་ལ། དབྱིབས་ལ་ཐ་
དད་པར་ཡང་མ་ཡིན་ནོ། །སྒྲས་ནི་ཆོས་ཅན་ལ་སོགས་པ་དང་། མི་གསལ་བ་ལ་སོགས་པ་ཐ་དད་དུ་འཛིན་པའི་ཕྱིར་དབང་པོའི་བློས་ནི་བསྟན་དུ་མེད་པའི་རང་བཞིན་ཉིད་རྟོགས་པ་ཡིན་ནོ། །དེས་ན་ཤེས་པའི་རྣམ་པ་ཐ་དད་པའི་ཕྱིར་སྒྲའི་བློ་ནི་དབང་པོའི་གཟུང་བ་ལ་འཇུག་པ་མ་ཡིན་ནོ། །དེའི་ཕྱིར་
དོན་གཅིག་ཉིད་ཡིན་ན་རང་བཞིན་ཐ་དད་པར་འཐད་པ་མ་ཡིན་ནོ། །འོན་ཏེ་རྟེན་ཐ་དད་པས་རྣམ་པ་ཐ་དད་པར་འགྱུར་ཏེ། འདི་ལྟར་མིག་སེར་གྱི་སྟོབས་ཀྱིས་མིག་གི་ནུས་པ་དང་བྲལ་བ་དག་རྟེན་གྱི་བྱེ་བྲག་གིས་དཀར་པོ་ལ་ཡང་སེར་པོར་མཐོང་ལ། རབ་རིབ་ཅན་དག་གསལ་བ་ལས་གཞན་དུ་མཐོང་བ་

དེ་བཞིན་དུ་འདིར་ཡང་ཡིན་པའི་ཕྱིར་རོ། །དོན་གཅིག་ཡིན་ཡང་རྣམ་པ་ཐ་དད་པས་ཁས་ལེན་པ་ལ་ཉེས་པ་མེད་དོ་ཞེ་ན་དེ་ནི་མེད་དེ། བློ་རྣམས་དོན་གཅིག་ཉིད་ཡིན་ཡང་། །རྟེན་སྣ་ཚོགས་པས་དེ་འགྱུར་ན། །དེ་ནི་རྣ་བ་ལ་སོགས་སེམས། །ཐ་དད་དོན་ཅན་དེ་གང་
ལས། །གལ་ཏེ་རྟེན་ཐ་དད་པས་རྣམ་པ་ཐ་དད་པར་འགྱུར་སྲིད་ན། འོ་ན་ནི་ཐ་དད་པའི་རྣམ་པར་གནས་པ་འཇིག་པར་འགྱུར་ཏེ། རྣམ་པ་ཐ་དད་པ་ནི་དོན་གཅིག་ན་སྲིད་པའི་ཕྱིར་རོ། །སྒྲ་ལ་སོགས་པ་ཡང་། རྣ་བ་ལ་སོགས་པ་རྟེན་ཐ་དད་པ་ཉིད་ཀྱིས་རྣམ་པ་ཐ་དད་པ་ཡིན་པར་འགྱུར་རོ། །
སེར་པོ་ལ་སོགས་པར་སྣང་བ་ཡང་འཁྲུལ་པ་ཉིད་པས་སྒྲ་ལ་སོགས་པ་རྣམས་ཀྱིས་ཀྱང་དེ་ཐོབ་པར་འགྱུར་རོ། །ནུས་པའི་ཁྱད་པར་ཡང་འདི་ཉིད་ཀྱིས་གསལ་བ་ཡིན་ནོ། །གང་གིས་ཐ་དད་པར་རམ་གཞན་དུ་དོན་རྣམ་པ་གཞན་དུ་རྟོགས་པར་འགྱུར་བ་འདི་འདྲ་བ་དེ་ནི་སྒྲ་ཉིད་ཀྱི་ནུས་པ་ཡིན། རྣམ་པ་གཞན་དུ་
རྟོགས་པ་ན་འཁྲུལ་པར་ནི་དཔྱད་པར་མི་བྱ་སྟེ། དེ་ལ་སྒྲས་རྣམ་པ་གཞན་དུ་རྟོགས་ཀྱང་དོན་བྱ་བ་བྱེད་པ་སྣང་བ་ཡིན་པས་ན་འདི་འཁྲུལ་པར་ཅི་ལྟར་རིགས། འདི་ལྟར་ཁ་ཆུ་ལ་སོགས་པའི་སྒྲས་དོན་དེ་ཉིད་བསྟན་པ་ནི་དོན་བྱ་བ་དེ་ཉིད་བྱེད་དོ་ཞེས་གང་བརྗོད་པ། དོན་བྱ་བ་འདི་ནི་དོན་དང་འབྲལ་པ་མ་
ཡིན་ཏེ། འོན་ཀྱང་གོམས་པ་དང་འབྲེལ་པ་ཡིན་ཏེ། དཔེར་ན་དུག་ཞི་བ་ལ་སོགས་པ་ནམ་མཁའ་ལྡིང་བསྒོམ་པ་དང་འབྲེལ་པ་བཞིན་ནོ། །དེའི་ཕྱིར་དོན་གཅིག་ཉིད་དང་རྟེན་ཐ་དད་ཀྱང་རྣམ་པ་ཐ་དད་པ་མ་ཡིན་ནོ། །གཞན་ཡང་། སེམས་ཀྱི་རྟེན་ནི་གཞན་དང་གཞན། །སྐྱེས་བུ་ཕྱུག་ཀྱང་གཅིག་
ཉིད་ཀྱི། །དངོས་དེ་རང་བཞིན་སྣ་ཚོགས་སུ། །སྣང་བ་དེ་ནི་གང་ལས་ཡིན། །རྟེན་ཐ་དད་པས་ནི་ཤེས་པ་ཐ་དད་པ་སྐྱེད་པར་བྱེད་ཀྱི་དོན་ནི་མ་ཡིན་ནོ། །དོན་སྔོན་པོ་ལ་སོགས་པ་གཅིག་ཉིད་ཡིན་པས་དེ་ནི་ཤེས་པ་དེ་ལ་རང་བཞིན་གཅིག་ཉིད་དུ་སྣང་བར་འགྱུར་རོ། །མེད་པ་ནི་སྣང་བ་མ་ཡིན་ནོ། །སྣང་ངོ་
ཞེ་ན། འོ་ན་ནི་དེ་སྣང་བ་མ་ཡིན་ནོ། །གཞན་སྣང་བ་ན་གཞན་སྣང་ངོ་ཞེས་བྱ་བ་ནི་འབྲེལ་པ་མ་ཡིན་ནོ། །ཅི་སྟེ་དེའི་རྒྱུ་ཡིན་པའི་ཕྱིར་དེ་སྣང་བ་ཡིན་ནོ་ཞེ་ན་དེ་ལྟ་ན་ནི་རྒྱུ་ཉིད་ཀྱི་ཡུལ་ཡིན་པའི་ཕྱིར་མིག་ལ་སོགས་པ་ཡུལ་ཉིད་དུ་ཐལ་བར་འགྱུར་རོ། །འགྱུར་མོད་ཉེས་པ་ཅི་ཡོད་ཅེ་ན། གཅིག་ཉིད་འགལ་བར་

འགྱུར་ཏེ་མིག་ཀྱང་ཡུལ་ཡིན་པའི་ཕྱིར་རོ། །ཡུལ་ཉིད་ཡིན་ན་ནི། བློ་རྣམས་དོན་གཅིག་ཡིན་ཡང་ཞེས་བྱ་བའི་དཀྱུས་མ་ཉིད་ཉམས་པར་འགྱུར་རོ། །ཡུལ་ཉིད་ཡིན་ན་ནི་རྟེན་གྱི་དངོས་པོ་ཉིད་མ་ཡིན་ནོ། །དེས་ན་ངག་གི་དོན་འདིར་འགྱུར་ཏེ། བློ་རྣམས་དོན་གཅིག་ཉིད་ཡིན་ཡང་། །རྟེན་སྣ་ཚོགས་
པས་དེར་འགྱུར་ན་ཞེས་ཕན་ཚུན་འགལ་བར་འགྱུར་རོ། །དེའི་ཕྱིར་རང་གི་ངོ་བོས་སྣང་བ་ཉིད་ཡུལ་ཡིན་ཏེ། རྣམ་པ་གཞན་ནི་མེད་དོ། །འོན་ཏེ་སྒྲ་རྟེན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལན་ཡིན་ཏེ། རྟོགས་པའི་སྒྲ་ལས་རང་གི་ངོ་བོས་དོན་རྟོགས་སོ། །འདི་ནི་དོན་རྟོགས་པའི་ཡུལ་ཡང་མ་ཡིན་ཏེ། རྟོགས་ཟིན་
པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་དོན་ཀྱང་ཡུལ་དུ་མི་འགྱུར་ཏེ། རང་གི་ངོ་བོས་མ་རྟོགས་པའི་ཕྱིར་རོ། །འོན་ཏེ་དེ་ལས་ཀྱང་ཐོབ་པའི་ཕྱིར་ཡུལ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། དེ་དེ་ལས་ཐོབ་པོ་ཞེས་བྱ་བ་འབྲེལ་པ་ཅི་ཞིག་ཡོད། དེ་ནི་རང་གི་ངོ་བོས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་ཅི་ལྟར་གཞན་ལས་ཐོབ་པར་
བརྗོད། དེ་ལ་འཇུག་པའི་ཕྱིར་རོ་ཞེ་ན་མ་རྟོགས་པ་ལ་འཇུག་པ་ཉིད་ཅི་ལྟར་ཞེས་བསམ་པར་བྱ་བ་ཡིན་ནོ། །རྣམ་པ་དེ་ལས་དེ་ཐོབ་པར་མཐོང་ངོ་ཞེ་ན། རྣམ་པ་དེ་ཉིད་ལས་དེ་རྟོགས་པ་དེས་ན་དེར་འཇུག་པའི་ཕྱིར་རྗེས་སུ་དཔག་པ་དང་ལྡན་པའི་ཐོབ་པར་འགྱུར་གྱི་སྒྲ་དང་ལྡན་པ་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེས་ན་དེ་ནི་རྗེས་
སུ་དཔག་པ་ཉིད་ཀྱི་ཡུལ་ཡིན་གྱི་སྒྲའི་ནི་མ་ཡིན་ནོ་ཞེས་བྱ་བ་ཐོབ་པར་འགྱུར་རོ། །དེས་ན་དབང་པོའི་བློ་ཡུལ་ནི་བསྟན་དུ་མེད་པའི་རང་བཞིན་ཉིད་དོ། །འོ་ན་རྗེས་སུ་དཔག་པའི་ཡུལ་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྗེས་སུ་དཔག་པ་ལ་ཡང་དེའི་རང་བཞིན་མི་སྣང་བའི་ཕྱིར་རོ། །འོ་ན་མི་སྣང་བ་ལ་ཇི་ལྟར་འཇུག་ཅེ་
ན་ཐམས་ཅད་དུ་མི་སྣང་བ་ཉིད་ལ་འཇུག་པ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་ངས་རྟོགས་པ་ཡིན་ནོ་ཞེས་འཇུག་པ་ནི་ཡིན་ནམ་ཞེ་ན། བདེན་ན་དེ་ལྟ་ན་ཡང་འདིའི་དོན་དམ་པ་ནི་མ་ཡིན་ནོ། །མ་རྟོགས་ཀྱང་རྟོགས་པར་རློམ་ནས་ཐམས་ཅད་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ཉིད་དོན་དམ་པ་ཡིན་ནོ། །གང་དུ་མངོན་
པར་རློམ་པ་དེ་ཉིད་ཡུལ་ཡིན་ནོ་ཞེ་ན། དབང་པོའི་ཤེས་པའི་དོན་སྒྲའི་ཡུལ་དོན་དམ་པ་ཉིད་ཟློག་པར་བྱེད་ཀྱང་ཀུན་རྫོབ་ནི་མ་ཡིན་པའི་ཕྱིར་སྐྱོན་མེད་དོ། །གལ་ཏེ་གཞན་གྱི་དེ་ཉིད་ཁས་ལེན་ན་ནི་ངེད་ཀྱི་འདོད་པ་གྲུབ་བོ། །གལ་ཏེ་རང་གི་ངོ་བོས་དེ་ཉིད་རྟོགས་ན་ནི་དོན་དམ་པའི་ཡུལ་ཉིད་དུ་རྟོགས་པར་

འགྱུར་རོ། །དེའི་ཕྱིར་རྟེན་སྣ་ཚོགས་པ་ཉིད་ཡིན་ཡང་རང་གི་ངོ་བོས་མ་རྟོགས་པ་ནི་ཡུལ་མ་ཡིན་ནོ། །དེའི་རང་བཞིན་འགའ་ཞིག་དེ་ལ་རྗེས་སུ་ཞུགས་པའི་ཕྱིར་ཡུལ་ཉིད་དོ་ཞེ་ན། གལ་ཏེ་དོན་དམ་པར་དེའི་རང་བཞིན་སྒྲའི་ཤེས་པའི་རྗེས་སུ་ཞུགས་ན་འོ་ན་ནི་གསལ་བའི་རང་
བཞིན་དུ་འཛིན་པ་གཞན་གྱིས་ཀྱང་རྟོགས་པར་འགྱུར་རོ། །རྗེས་སུ་ཞུགས་པ་ནི་རྣམ་པ་གཞན་དུ་རྟོགས་པས་ནུས་པ་མ་ཡིན་ནོ། །རྣམ་པ་ཐ་དད་ཀྱང་ངོ་ཞེས་པ་ལས་གཅིག་ཉིད་དུ་མི་འགལ་ལོ་ཞེ་ན་དེ་ཡང་མི་བདེན་ཏེ་འདི་ལྟར། མཐོང་བ་རྟོགས་པ་མེད་པར་ནི། །བརྗོད་དང་རྣམ་རྟོག་འཇུག་པའི་ཕྱིར། །
མཐོང་ལས་བ་ལང་ལ་སོགས་པའི། །ངོ་ཤེས་པ་ནི་བཟློག་པ་ཡིན། །བརྗོད་པ་དང་རྟོག་པ་དག་གིས་མཐོང་བའི་དངོས་པོ་ལ་མི་རིག་གོ་ཞེས་ད་ལྟ་ཉིད་བསྒྲུབས་པ་ཡིན་ནོ། །གཟུང་བ་ངོ་ཤེས་པ་ཡིན་ན། སྒྲ་དང་རྟོགས་པ་དག་གིས་ནི་འཛིན་པ་མ་ཡིན་ཏེ། དེས་ན་ངོ་ཤེས་པར་ག་ལས་འགྱུར། འོ་ན་ཅི་ལྟར་གང་
ཞིག་བདག་གི་འདི་ལས་རྟོགས་པ་དེ་ནི་འདི་ཡིན་ནོ་ཞེས་རྟོགས་སོ་ཞེ་ན། མ་རྟོགས་ཀྱང་རྟོགས་པ་མངོན་པར་རློམ་པར་འགྱུར་བ་མ་ཡིན་ནམ། འོ་ན་ཅི་ལྟར་མི་གནོད་ཅེ་ན། བརྟགས་ན་གནོད་པ་ཉིད་དོ། །རྟོགས་པ་ཐ་དད་པ་ནི་གནོད་པར་བྱེད་པ་ཡིན་ལ། དེ་ཡང་སྒྲ་དང་རྟོགས་པ་དག་ལ་ཡོད་པ་ཉིད་
དེ། དྲན་པར་བྱ་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དྲན་པ་དེ་ནི་སྔར་བཟུང་བ་ཡིན་ཞིང་མཐོང་བ་ནི་ད་ལྟར་བ་ལ་ཡིན་ནོ། །གལ་ཏེ་སྒྲ་དང་རྟོགས་པ་དག་གིས་མངོན་པར་རྟོགས་པ་ཡིན་ན་མཐོང་བས་ཅི་བྱ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་ངོ་ཤེས་པ་ཡང་མངོན་པའི་ང་རྒྱལ་ཙམ་དུ་ཟད་ཀྱི་དོན་དམ་པར་རྟོགས་པ་ནི་མ་
ཡིན་ནོ། །མཐོང་བ་ལས་ནི་སྔོན་གྱི་རྗེས་སུ་འབྲངས་ནས་གཅིག་ཉིད་ཀྱི་ཐ་སྙད་སྒྲུབ་པར་བྱེད་པའི་རྣམ་པར་རྟོག་པ་ཉིད་འབའ་ཞིག་ཡིན་གྱི། དོན་དམ་པ་འཛིན་པ་ནི་མ་ཡིན་ནོ། །བ་ལང་ལ་སོགས་མཐོང་བ་ལ། །རིགས་སོགས་བརྗོད་དང་རྣམ་རྟོག་དག །རྗེས་སུ་འགྲོ་ལས་རྗེས་དཔོག་དག །དེ་ཡང་འདི་ཡིས་
སུན་ཕྱུང་ངོ་། །རྗོད་པ་དང་རྟོགས་པ་དག་གིས་ནི་དངོས་པོ་ལ་རེག་པ་མ་ཡིན་ན། །རྗེས་སུ་འགྲོ་བ་ནི་དོན་དམ་པར་འགའ་ཡང་འཛིན་པ་མ་ཡིན་ཏེ། འདི་ནི་མངོན་པའི་ང་རྒྱལ་ཙམ་མོ་ཞེས་བསྟན་པའི་ཕྱིར། མཐོང་བའི་ཅི་ལྟ་བ་བཞིན་དྲན་པའི་ཕྱིར་ཏེ། མཐོང་བ་ལས་མ་རེག་ན་ཡང་མཐོང་བ་དང་འབྲེལ་པའི་

རྗེས་སུ་འགྲོ་བའི་རང་བཞིན་མི་འཛིན་ཏོ། །དེས་ན་མཐོང་བ་ལ་སྤྱི་ཡོད་དོ་ཞེས་རྟོགས་པ་ནི་མ་ཡིན་ནོ། །འོ་ན་བ་ལང་དེ་ཉིད་འདི་ཡིན་ནོ་ཞེས་གཅིག་ཏུ་རྟོགས་ཤེ་ན། འདི་ལ་བཤད་པ་ནི། མཐོང་བ་ཐ་དད་ཉིད་ཡིན་ཡང་། །ངོ་ཤེས་པ་ཞེས་བྱ་བ་ཡིས། །རྣམ་རྟོག་གཅིག་ནི་རང་བཞིན་གྱིས། །བྱེད་པ་ཡིན་
ཞེས་བརྗོད་ཟིན་ཏོ། །ཕན་ཚུན་ཐ་དད་པའི་དོན་གཞན་དང་གཞན་འཛིན་པ་ལ་བརྟེན་པའི་མཐོང་བ་སྐྱེས་པ་ནི་ཐ་དད་པ་དང་ཐ་མི་དད་པའི་རྣམ་པ་གཅིག་འཛིན་པར་ནུས་པའི་ལམ་ན་གནས་པ་ནི་མ་ཡིན་ནོ། །འོན་ཀྱང་རྣམ་པ་གཞན་མི་སྲིད་པའི་ཕྱིར་ན་རང་ཉིད་གོམས་པ་དང་། རྗེས་སུ་མཐུན་པའི་འདུ་བྱེད་
ཀྱི་ས་བོན་སད་པས་ནུས་པ་གསལ་བར་བརྟས་པ་ཞུགས་པ་ནི་ངོ་ཤེས་པའི་རྟོགས་པ་སྐྱེད་པར་བྱེད་ལ། རིགས་ལ་སོགས་པའི་རྟོགས་པ་དོན་མེད་པའི་ལམ་དུ་ཞུགས་པ་ནི་དེའི་དབང་གིས་ཡིན་ནོ། །དེའི་ཕྱིར་མངོན་སུམ་ནི་བསྟན་དུ་མེད་པའི་ཡུལ་ཅན་ཡིན་ནོ་ཞེས་གནས་སོ། །ཡིད་ཀྱང་དོན་དང་ཆགས་ལ་
སོགས། །རང་རིག་རྣམ་པར་མི་རྟོག་པའོ། །དོན་དང་འདོད་ཆགས་ལ་སོགས་པའི། །རང་གི་ངོ་བོ་རིག་པའི་ཡིད་ཀྱང་རྣམ་པར་རྟོག་པ་མེད་པའི་ཕྱིར་མངོན་སུམ་ཡིན་ཏེ། ཉམས་སུ་མྱོང་བའི་རྣམ་པར་འཇུག་པའི་ཕྱིར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉིད་ཉམས་སུ་མྱོང་བའི་རྣམ་པས་
འཇུག་པར་དམིགས་པ་ཡིན་ལ། མིག་ལ་སོགས་པས་བསྐྱེད་པ་ཡང་དབང་པོའི་ཤེས་པ་ཉིད་མ་ཡིན་ནམ། འོན་ཏེ་དེ་ལས་སྐྱེས་པ་ཡིད་ཡིན་ན་དེའི་ཚེ་འདིས་སྔར་མྱོང་བ་འཛིན་པར་འགྱུར་རོ། །དེའི་ཕྱིར། སྔར་མྱོང་བ་ནི་འཛིན་པ་ན། །ཡིད་ནི་ཚད་མ་ཉིད་མ་ཡིན། །སྔར་མྱོང་བ་དྲན་པར་བྱ་བའི་
རང་བཞིན་མ་ཡིན་པ་ནི་རྟོགས་པར་ནུས་པ་མ་ཡིན་ནོ། །དྲན་པར་བྱ་བ་མ་ཡིན་པར་མངོན་སུམ་བྱེད་པ་ནི་སྔར་ཉམས་སུ་མྱོང་ངོ་ཞེས་བྱ་བར་ཅི་ལྟར་འགྱུར་དངོས་པོ་ལ་སྔར་མྱོང་བ་ཡིན་ནོ་ཞེ་ན། ཅི་ལྟར་རྟོགས་པར་བྱ་སྟེ། ངོ་ཤེས་པ་ནི་བསལ་བ་ཡིན་ནོ། །འོན་ཏེ་མ་མཐོང་བ་འཛིན་ན། དེ་ལྟ་ན་ནི། མ་
མཐོང་འཛིན་ན་ལོང་བ་ལ། །སོགས་པ་ཡིས་ཀྱང་དོན་མཐོང་འགྱུར། །ལོང་བ་ལ་ཡང་ཡིད་ཡོད་པ་དེས་ན་དེ་དང་གཞན་གྱིས་དོན་ཐམས་ཅད་འཛིན་པར་ཐལ་ལོ། །དེའི་ཕྱིར་འོན་པ་དང་ལོང་བ་ལ་སོགས་པ་མེད་པར་འགྱུར་རོ། །སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །དོན་མཐོང་ཡོད་པ་མ་ཡིན་ཞིང་། །

སྐད་ཅིག་མིན་ན་མཚན་ཉིད་ནི། །ཁྱད་པར་བཅས་པ་བརྗོད་བྱར་འགྱུར། །དངོས་པོ་ཐམས་ཅད་ནི་སྐད་ཅིག་གིས་འཇིག་པ་ཡིན་ཏེ། དེས་ན་གང་གིས་གཟུང་བ་ཉིད་འཛིན་པར་བྱེད་པ་ཅི་ལྟར་འདས་པ་འཛིན་པ་ཡིན། ཅི་སྟེ་སྐད་ཅིག་མ་ཡིན་པ་ཉིད་དུ་ཁས་ལེན་ན་དེའི་ཚེ་སྔར་མཐོང་
བ་གཟུང་བའི་ཕྱིར། དྲན་པ་བཞིན་དུ་བཟུང་ཟིན་པ་འཛིན་པ་ནི་ཚད་མ་མ་ཡིན་ནོ། །ཡིད་ནི་བཟུང་ཟིན་པ་ཉིད་ཡིན་ཡང་ཚད་མ་ཡིན་ན་ནི། མཚན་ཉིད་ཁྱད་པར་བཅས་པ་བརྗོད་པར་བྱ་བ་ཡིན་ནོ། །གཞན་ཡང་། བྱ་བ་སྒྲུབ་ཅན་ལས་ལ་ནི། །ཁྱད་པར་ཅུང་ཟད་མི་བྱེད་པ། །དབང་པོ་ཅན་ནམ་
གཞན་དག་ནི། །སྒྲུབ་པར་བྱེད་པར་ཅི་ལྟར་འདོད། །གང་ཞིག་དབང་པོའི་ཤེས་པས་རང་བཞིན་ཡོངས་སུ་བཅད་པ་དེ་ལ་གཞན་གྱིས་བྱ་བ་ཅི་ཡོད། རང་བཞིན་དེ་ཉིད་ཡོངས་སུ་གཅོད་དོ་ཞེ་ན། ཡོངས་སུ་བཅད་པ་ལ་ཡོངས་སུ་གཅོད་པའི་དོན་ཅི་ཡིན། རང་གི་ངོ་བོ་སྣང་བ་ཉིད་དེ་གཞན་ལ་
ཡང་སྐྱོན་ཅི་ཡོད་ཅེ་ན། དེ་ལྟ་ན་རྟག་པ་ལ་ཡོངས་སུ་བཅད་པ་ཉིད་རྟག་ཏུ་ཡོད་པ་མ་ཡིན་ནམ། དེ་ལ་གཞན་གྱིས་བྱ་བ་ཅི་ཞིག་བྱེད་པར་འགྱུར། ད་ལྟར་གཞན་གྱིས་བཅད་དོ་ཞེ་ན་མ་ཡིན་ཏེ། རྟག་པའི་ཕྱིར་ད་ལྟར་ཡང་དེ་ཉིད་ཡིན་པས་གཞན་ལ་ཡང་ནུས་པ་ཡོད་པ་མ་ཡིན་ནོ། །དེའི་ཡོངས་
སུ་གཅོད་པར་བྱེད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་འབྲེལ་བ་སྟེ། ཡོངས་སུ་གཅོད་པར་བྱེད་པ་མེད་ན་རྟག་པ་ཉིད་དུ་མི་འཛིན་པའི་ཕྱིར་རོ། །གཞན་གྱིས་འཛིན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཡིད་ཆེས་པ་མེད་པའི་ཕྱིར་རོ། །ཅི་ལྟར་གཞན་རང་གི་དུས་ཉིད་རྟོགས་པར་བྱེད་པས་རྟག་པ་ཉིད་
རྟོགས། དེའི་ཕྱིར་ཡོངས་སུ་གཅོད་པར་བྱེད་པ་ཉིད་ཀྱིས་གནས་པར་བྱ་བའི་ཕྱིར་འཛིན་པར་བྱེད་པ་གཞན་དོན་མེད་དོ། །དེའི་རང་བཞིན་དུ་རྟོགས་པའི་ཕྱིར་རོ། །དངོས་པོ་དེ་ལས་སྐྱེས་པའི་བློའང་། །ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར། །གཞན་གྱིས་ཁྱད་པར་བྱ་མིན་ན། །དེ་ལས་ལྟོས་
པ་འགལ་ཕྱིར་རོ། །དེའི་རྣམ་པ་འཛིན་པ་རྟག་པ་ལ་འཇུག་པའི་ཤེས་པ་ཐམས་ཅད་དུས་གཅིག་ཏུ་འགྱུར་རོ། །དུས་ཐ་དད་པ་ན་ནི་རྟག་པ་གཅིག་ཉིད་ཀྱི་ཡུལ་ཅན་དུ་འགལ་ཏེ། རྣམ་པ་ཐ་དད་པའི་ཕྱིར་རོ། །འོན་ཏེ་དུས་ཕྱིས་རྒྱུ་གཞན་ལས་སྐྱེས་པ་དེའི་ཚེ་ཡང་དེའི་དུས་འཛིན་པར་འགྱུར་དགོས་

སོ། །དེ་ལྟ་མ་ཡིན་ན་འཛིན་པར་མི་རུང་བའི་ཕྱིར་རོ། །རྨི་ལམ་བདེན་པ་མཐོང་བ་སྟེ། རྨི་ལམ་བདེན་པ་མཐོང་བ་ནི་དེའི་དུས་སུ་རྟོགས་པ་ཉིད་འཛིན་པར་མཐོང་ངོ་། །དབང་པོའི་ཤེས་པ་ལས་ཡིད་ཉམས་སུ་མྱོང་བའི་རྣམ་པ་གཞན་དུ་ནི་དམིགས་པ་མེད་དོ། །མ་དམིགས་པ་ལ་ནི་དམིགས་སོ་
ཞེས་འཐད་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །གཞན་དག་ནི་གལ་ཏེ་ཡིད་ཀྱིས་མི་དམིགས་ན་ཡིད་ཀྱིས་དྲན་པར་ཡང་མི་འགྱུར། འདིར་དེ་ལས་གཞན་གང་གིས་ཀྱང་། །རང་གིས་རིག་དྲན་ནམ་ཡང་མེད། །གལ་ཏེ་ཐ་དད་པའི་ཕྱིར་དབང་པོའི་ཤེས་པས་བཟུང་བ་ཡིད་ཀྱིས་དྲན་པ་མ་
ཡིན་ན་ནི་རྣམ་པར་རྟོག་པ་དང་བཅས་པས་ཀྱང་བཟུང་བ་དྲན་པར་མི་འགྱུར་ཏེ། དེ་དག་ཀྱང་ཐ་དད་པའི་ཕྱིར་རོ། །ཡིད་ཡིན་པའི་ཕྱིར་རོ་ཞེ་ན། ཤེས་པ་ཡིན་པའི་ཕྱིར་ཞེས་བྱ་བར་ཡང་འགྱུར་རོ། །དེའི་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཡིད་ནི་ཡུལ་གཞན་ཉིད་
འཛིན་བྱེད། །དེ་ཕྱིར་ལོང་བས་མཐོང་བ་མིན། །རང་གི་ཡུལ་གྱི་དེ་མ་ཐག་པའི་ཡུལ་ལྷན་ཅིག་བྱེད་པ་ཅན་དབང་པོའི་ཤེས་པས་བསྐྱེད་པའི་ཡིད་ཀྱང་མངོན་སུམ་མོ། །གལ་ཏེ་དེ་དབང་པོའི་རྣམ་པར་ཤེས་པ་དང་དུས་མཉམ་པར་འབྱུང་བ་ཡིན་ན་ནི། དེ་དབང་པོའི་ཤེས་པ་ཉིད་ཀྱིས་གཟུང་བའི་ཕྱིར་ན་
ཡིད་དོན་མེད་དོ། །དབང་པོའི་ཤེས་པ་རྒྱུན་འཆད་ན་གཞན་དམིགས་པ་མེད་པའི་ཕྱིར་འདི་གང་གི་མཚན་ཉིད་ཡིན་ཞེ་ན། འདིར་སྨྲས་པ། གོམས་ལས་མདུན་ན་གནས་པ་ལ། །འདིའོ་ཞེས་སོགས་ཤེས་པ་གང་། །མངོན་དུ་བྱེད་ཕྱིར་དེ་ལ་ནི། །ཡིད་ཀྱི་མངོན་སུམ་ཡིན་པར་འདོད། །འདི་
ཞེས་མདུན་ན་གནས་པ་ལ་མངོན་དུ་བྱེད་པའི་རྣམ་པས་འཇུག་པ་ནི་ཡིད་ཀྱི་མངོན་སུམ་མོ། །འོན་ཏེ་མིག་གི་བྱེད་པ་ཉིད་ལས་སྐྱེ་བ་ནི་མིག་གི་ཤེས་པ་ཉིད་དོ་ཞེ་ན་མ་ཡིན་ཏེ། མིག་གི་ཤེས་པ་ནི་གཟུགས་སྣང་བ་ཙམ་ལ་ཉེ་བར་མཁོ་བ་ཡིན་ལ་སྔར་གོམས་པ་ནི་ངེས་པ་ལ་ཡིན་ནོ། །འདི་ལ་མིག་གི་བྱེད་པ་
མེད་པས་ཡིད་སྔར་གོམས་པའི་མཚན་ཉིད་ལས་སྐྱེས་པ་ཡིན་པའི་ཕྱིར། འདི་ནི་ཡིད་ཀྱི་མངོན་སུམ་ཡིན་ནོ། །ཅི་སྟེ་རྣམ་པ་དེ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཉིད་ཀྱིས་གཟུང་བའི་ཕྱིར་ཡིད་དོན་མེད་དོ་སྙམ་ན་མོས་པ་ལྷག་པ་སྲིད་པའི་ཕྱིར་རོ། །འདི་ཞེས་བྱ་བས་འཇུག་པར་འགྱུར་བ་ཡིན་ཏེ།

དེས་ན་འཇུག་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཉིད་དོ། །འོ་ན་དབང་པོའི་རྣམ་པར་ཤེས་པ་འཇུག་པར་བྱེད་པར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཤིན་ཏུ་གོམས་པ་ལས་གཞན་རྣམ་པར་རྟོག་པ་ན་ཡང་འཇུག་པའི་ཕྱིར་རོ། །དེས་ན་འདི་ལྟ་བུའི་ཡིད་ནི། སྔར་གཟུང་བ་རྟོགས་པ་མ་
ཡིན་ཏེ། འོན་ཀྱང་དེའི་དུས་ཕྱིས་བྱུང་བ་ཡིན་ནོ། །གཟུང་བ་ལ་འཛིན་པ་ཡང་མ་ཡིན་ནོ། །གཟུང་བ་ལ་འཛིན་པ་མ་ཡིན་ཏེ། ཉེ་བར་གནས་པ་ལ་སྔར་གྱི་འཛིན་པ་མི་འཇུག་པའི་ཕྱིར་རོ། །འོ་ན་དུས་གཅིག་ཏུ་རྣམ་པ་གཉིས་ཐོབ་པར་འགྱུར་རོ་ཞེ་ན། འདི་རྣམ་པ་གཉིས་ཉིད་མ་ཡིན་ནམ། འོ་ན་གཅིག་
ཏུ་ཞེན་པར་ཅི་ལྟར་འགྱུར་ཞེ་ན། རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཐོང་བའི་ཚུལ་དུ་སྐྱོན་མེད་དོ། །འོ་ན་གོམས་པ་ལས་སྐྱེས་པ་མདུན་ན་གནས་པའི་རྣམ་པར་འཛིན་པའི་བདེ་བ་ལ་སོགས་པ་ཡང་ཡིད་ཀྱི་མངོན་སུམ་གྱི་རང་བཞིན་དུ་འགྱུར་རོ། །དེས་ན་དབང་པོ་ལས་བྱུང་བའི་བདེ་བ་ཞེས་བྱ་བ་དེ་
ཉམས་པར་འགྱུར་རོ་ཞེ་ན། བདེན་ཏེ། དེ་ནི་ཉམས་པ་ཉིད་དོ། །འདི་མ་ཉམས་པས་ནི་ཅུང་ཟད་ཀྱང་བྱར་མེད་དོ། །དབང་པོ་ལས་བྱུང་བའི་བདེ་བ་དང་བདེ་བ་མ་ཡིན་པ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་དེ་འགལ་ལོ་ཞེ་ན། འདིར་ཡང་རྩ་བའི་སློབ་དཔོན་གྱི་ཚིག་དང་འགལ་བར་འགྱུར་ཏེ། ཆགས་པ་དང་། སྡང་བ་དང་།
གཏི་མུག་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པ་རང་རིག་པ་ནི་དབང་པོ་ལ་མི་ལྟོས་པའི་ཕྱིར། ཡིད་ཀྱི་མངོན་སུམ་ཡིན་ནོ་ཞེས་སོ། །འོ་ན་ནི་ཆོས་ཀྱི་གྲགས་པའི་དབང་པོ་ལས་བྱུང་བ་ཉིད་ཀྱི་བདེ་བ་དང་བདེ་བ་མ་ཡིན་པ་ཞེས་བྱ་བ་འདི་གྲགས་པ་མ་ཡིན་པར་འགྱུར་རོ་ཞེ་ན། བདེ་བ་ལ་སོགས་པའི་སྒྲས་
ནི་བདེ་བའི་རྒྱུ་རོ་ལ་སོགས་པ་བརྗོད་པ་ཡིན་ཏེ། རྣམ་པར་མི་རྟོག་ཀྱང་དབང་པོའི་ཤེས་པ་ཚ་བ་དང་ཞིམ་པ་ལ་སོགས་པར་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་རྟོག་པ་མེད་པར་ཆོས་མཐུན་པའི་ཕྱིར་ཡིད་ཉིད་ལ་དེ་སྐད་བརྗོད་པའི་ཕྱིར་མི་འགལ་ལོ། །གལ་ཏེ་ཡིད་རྣམ་པ་གཞན་དུ་འཛིན་ཅིང་དབང་པོའི་
ཤེས་པ་ཡང་གཞན་དུ་འཛིན་ན། འོ་ན་རྣམ་པ་དུ་མར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དབང་པོའི་ཤེས་པ་ལ་ཡང་ཐལ་བ་ཉིད་དུ་འགྱུར་རོ། །དབང་པོའི་ཤེས་པ་ཡང་གོམས་པ་ཅི་ལྟ་བ་བཞིན་དུ་རྣམ་པ་དུ་མར་འཇུག་པ་མི་ཟློགས་སོ། །དེ་ལྟ་བུ་འོ་ན་འདི་ཞེས་བྱ་བའི་ཤེས་པ་ཡང་གོམས་པ་ལས་དབང་པོས་བསྐྱེད་

པ་ཉིད་ཡིན་གྱི་ཡིད་ཉིད་ནི་མ་ཡིན་ནོ་ཞེ་ན། བྱེད་པ་གཞན་ཡང་རྟོགས་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་འདི་ནི་ཡིད་ཀྱིས་བྱེད་པ་ཡིན་ཏེ། དེ་བཞིན་ཉིད་དུ་རྟོགས་པའི་ཕྱིར་རོ། །འོ་ན་ཡིད་ཀྱི་ཤེས་པ་འདི་དེ་ཞེས་བྱ་བར། ལྐོག་ཏུ་གྱུར་པ་ལ་ཡང་ཅི་ལྟར་མི་འཇུག་ཅེ་ན། འདི་ནི་བཟང་པོ་མ་ཡིན་ཏེ། ལྐོག་ཏུ་གྱུར་
ལ་འཇུག་པ་ནི། །མངོན་དུ་བྱེད་པས་འཇུག་མིན་པ། །དེ་ཕྱིར་དེ་ནི་མངོན་སུམ་ཉིད། །ཡིན་ཞེས་ཇི་ལྟར་ངེས་པ་ཡིན། །མངོན་སུམ་གྱི་དོན་ནི་མངོན་དུ་བྱེད་པ་ཉིད་དོ། །ཡིད་དེ་ཉིད་འགའ་ཞིག་ལ་ནི་མངོན་དུ་བྱེད་པའི་རྣམ་པ་ཡིན་ལ། འགའ་ཞིག་ལ་མ་ཡིན་ནོ། །བྱ་བ་ག་ལས་ཤེ་ན། འོ་ན་དབང་པོའི་
ཤེས་པ་ཡང་འགའ་ཞིག་ལ་འཁྲུལ་པ་ཡིན་ལ། འགའ་ཞིག་ལ་མ་ཡིན་ནོ་ཞེས་བྱ་བ་ག་ལས་རབ་རིབ་ཀྱི་ཚོགས་པ་གཞན་ཡོད་པའི་ཕྱིར་རོ་ཞེ་ན། འདི་ལ་ཡང་ཚོགས་པ་གཞན་ཡོད་པ་ཉིད་དོ། །འདི་ལྟར། རང་དོན་རྗེས་འགྲོའི་དོན་ལྟོས་ཅན། །དབང་སྐྱེས་བློ་ནི་རྒྱུ་ཡིན་ནོ། །དེ་ཕྱིར་འདི་གཞན་འཛིན་
ན་ཡང་། །ངེས་པ་འཛིན་པར་འདོད་པ་ཡིན། །དབང་པོའི་རྣམ་པར་ཤེས་པའི་རང་གི་དོན་སྐད་ཅིག་དང་པོའམ། རྒྱུན་དེའི་རྗེས་སུ་འགྲོ་བའི་དོན་གྱི་སྐད་ཅིག་གང་ཡིན་པ་དེ་ལ་ལྟོས་པའི་དབང་པོའི་ཤེས་པ་ནི་ཡིད་སྐྱེད་པར་བྱེད་པ་ཡིན་ནོ། །གང་ཞིག་ཚོགས་པ་འདིས་མ་བསྐྱེད་པ་དེ་ནི་མངོན་སུམ་མ་ཡིན་ནོ། །དེ་
ཉིད་ཀྱི་ཕྱིར་ན་ཡུལ་ངེས་པ་ཉིད་ཀྱིས་ཡུལ་གཞན་རྟོགས་པ་མ་ཡིན་ཏེ། གང་གི་ཕྱིར་ཡུལ་གཞན་གྱིས་བསྐྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་བསྐྱེད་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། མིག་གི་རྣམ་པར་ཤེས་པ་ཡང་ཅིའི་ཕྱིར་སྒྲས་བསྐྱེད་པ་མ་ཡིན་ཞེས་འདི་ནི་དབང་པོའི་ཤེས་
པ་ལ་ཡང་མཚུངས་སོ། །རྒྱུ་དང་འབྲས་བུའི་དངོས་པོ་ངེས་པའི་ཕྱིར་རོ་ཞེ་ན། འདི་ལ་ཡང་ཚངས་པས་དམོད་པ་མ་འདོར་བའི་ཕྱིར་གཞན་དུ་ཡང་མཚུངས་སོ། །སྐད་ཅིག་གཉིས་པ་ཡང་དབང་པོའི་ཤེས་པ་ཉིད་ཀྱིས་འཛིན་པ་ཡིན་ཏེ། དེ་ལྟར་ཡང་མཐོང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡིད་ཀྱི་རྣམ་པ་
ཡང་ཡོད་པའི་ཕྱིར་རོ། །དེ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡང་མ་ཡིན་ཏེ། མདུན་ན་གནས་པའི་རྣམ་པའང་གསལ་བ་ཙམ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡིད་ཀྱི་ཤེས་པའི་མངོན་སུམ་དབང་པོའི་ཤེས་པ་དང་དུས་མཉམ་དུ་འབྱུང་བ་ཡིན་ན། འོ་ན་ཅི་ལྟར་དབང་པོའི་ཤེས་པ་འདི་མཚུངས་པ་དེ་མ་ཐག་པའི་

རྐྱེན་ཡིན། རང་གི་ཤེས་པའི་དུས་ན་ཡིད་ཀྱི་རྣམ་པར་ཤེས་པའི་དོན་ནི་སྔར་གྱི་ཤེས་པའི་ལྷན་ཅིག་བྱེད་པ་མ་ཡིན་ཏེ། དུས་ཐ་དད་པ་དག་ལྷན་ཅིག་བྱེད་པ་མི་རུང་བའི་ཕྱིར་རོ་ཞེ་ན་འདི་ལ་བཤད་པ། དེ་དང་བྱེད་དུས་མཚུངས་མེད་ཅན། །རང་ཤེས་དུས་ཅན་དོན་དག་ནི། །ཅི་ལྟར་དབང་པོའི་ཤེས་པ་
ཡི། །ལྷན་ཅིག་བྱེད་པ་ཡིན་ཞེ་ན། །མི་རིགས་ཏེ། འདི་ལྟར། མེད་པ་སྔར་ནུས་མེད་ཕྱིར་དང་། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །དེ་ཕྱིར་རང་བློ་བཅས་དོན་མིན། །ཡིད་ཀྱི་རྣམ་པར་ཤེས་པའི་དོན་ནི་དབང་པོའི་རྣམ་པར་ཤེས་པ་དང་དུས་མི་མཚུངས་པ་མ་ཡིན་ཏེ། དེ་ཡང་ཡིད་
ཀྱི་རྣམ་པར་ཤེས་པ་ལས་དུས་སྔ་མ་ཡིན་པའི་ཕྱིར་རོ། །ཡུལ་ནི་རྒྱུ་ཡིན་ལ། རྒྱུ་ཡང་འབྲས་བུ་དང་དུས་གཅིག་པ་ཉིད་མ་ཡིན་ནོ། །འབྲས་བུ་དང་དུས་གཅིག་ན་ནི་སྔར་མེད་པ་ཡིན་ལ། མེད་པ་ཡང་སྔར་ནུས་པ་མེད་དོ། །ཕྱིས་འབྲས་བུའི་དུས་ན་འབྲས་བུ་ཉིད་ཡོད་པའི་ཕྱིར་ནུས་པ་དོན་མེད་དོ། །དེ་ལྟར་ན་
གལ་ཏེ་འབྲས་བུའི་དུས་སུ་ཡིན་ན་དེའི་ཚེ་འབྲས་བུ་ཡོད་པ་ཉིད་དོ། །དེའི་ཕྱིར་རྒྱུ་ཐམས་ཅད་ནི་སྔར་ཡོད་པ་ཡིན་ནོ། །དེས་ན་རྒྱུའི་དོན་ནི་འབྲས་བུ་རུ་འགྱུར་བ་དང་འཛིན་པའི་རྣམ་པར་ཤེས་པ་དང་དུས་མཉམ་དུ་འབྱུང་བ་མ་ཡིན་ནོ། །དུས་ཐ་དད་པ་ཇི་ལྟར་འཛིན། །ཅེ་ན་རིག་པ་ཤེས་པ་ཡིས། །ཤེས་པའི་རྣམ་པ་
འཇོག་ནུས་པའི། །རྒྱུ་ཉིད་ལ་ནི་གཟུང་བ་ཤེས། །རང་གི་ངོ་བོས་སྣང་བ་ཉིད་གཟུང་བ་ཡིན་གྱི་དེའི་རྣམ་པར་ཤེས་པ་སྐྱེ་བ་ནི་མ་ཡིན་པ་མ་ཡིན་ནམ། སྣང་བ་ཡང་ཤེས་པ་དང་དུས་མཉམ་པའི་ཕྱིར་ཇི་ལྟར་རྒྱུ་ཉིད་གཟུང་བ་ཡིན་ཞེ་ན། སྣང་བ་ཞེས་བྱ་འདི་ཅི་ཞིག །ཅི་དོན་གྱི་ངོ་བོའམ། འོན་ཏེ་གཞན་ཉིད། གལ་ཏེ་དོན་
གྱི་ངོ་བོ་ཡིན་ན་ནི་སྔོན་པོ་ལ་སོགས་པ་ལྟར་ནམ་ཡང་ངོ་བོ་དེ་ལས་ཉམས་པར་མི་འགྱུར་བའི་ཕྱིར་ཐམས་ཅད་ཀྱི་ཚེ་སྣང་བར་ཐལ་ལོ། །ཤེས་པ་མེད་པའི་ཕྱིར་སྣང་བ་མ་ཡིན་ནོ་ཞེ་ན། ཤེས་པས་ཀྱང་དེ་ཉིད་བྱ་བ་མ་ཡིན་ནམ། དེ་ནི་སྔར་ཡང་ཡོད་པའི་ཕྱིར་ཇི་ལྟར་ཡང་སྣང་བར་མི་འགྱུར། ཤེས་པ་དོན་མེད་དོ་ཞེ་ན། དེ་
བཞིན་དུ་འདི་ནི་སྐྱོན་གཞན་ཡིན་ཏེ། དེའི་ངོ་བོ་ཉིད་ནི་སྔར་མི་སྣང་བ་མ་ཡིན་ནོ། །དེ་ཉིད་ཡོད་ལ་དེ་ཉིད་མེད་དོ་ཞེས་བྱ་བ་ནི་འགལ་ལོ། །འོན་ཏེ་ཤེས་པ་ཡོད་ན་མཐོང་གི་གཞན་དུ་ནི་མ་ཡིན་ནོ་ཞེ་ན། ཅི་ད་ནི་ཤེས་པ་སྣང་བ་ལ་བྱེད་པ་པོ་ཡིན་ནམ་བྱེད་པ་པོ་ཉིད་ཀྱང་མ་ཡིན་ཏེ། དུས་མཉམ་པའི་ཕྱིར་ཏེ། མེད་པ་སྔར་ནུས་

མེད་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པ་བསྟན་ཟིན་པའི་ཕྱིར་རོ། །དུས་མཉམ་པ་ཉིད་དུ་མཐོང་ཡང་ཤེས་པ་མེད་པར་མ་ཡིན་པའི་ཕྱིར་འདི་ལ་ཅི་ཞིག་བྱ་ཞེ་ན། དེ་ལྟ་ན་འོ་ན་ནི་དེ་ཉིད་ཀྱི་ཚེ་མིག་ལས་སྐྱེས་པ་ཡིན་ཏེ། དེས་ན་དོན་གྱི་ངོ་བོ་མ་ཡིན་ནོ། །དོན་སྔར་ཡོད་ན་ད་ལྟ་སྐྱེ་བའི་ཕྱིར་རོ། །གང་ཡོད་ན་ནི་གང་
སྐྱེ་ཞིང་། །གནས་པ་ཉིད་ན་འཇིག་འགྱུར་བ། །དེ་ལས་དེ་བཞིན་ཉིད་འགྱུར་ཏེ། །ཐ་དད་མཚན་ཉིད་ཡོད་ཕྱིར་རོ། །གང་ཕྱིར་བཞིན་གྱི་གཟུགས་བརྙན་ནི། །བཞིན་ཡོད་ན་ནི་ཕྱིས་འབྱུང་བའི། །ཕྱིར་ན་བཞིན་ལས་ཐ་དད་པ། །དེ་བཞིན་ཁོ་བོའི་སྣང་བའང་འགྱུར། །གལ་ཏེ་ཡུལ་ཐ་དད་པའི་ཕྱིར། །གཟུགས་
བརྙན་ཐ་དད་ཉིད་འགྱུར་ཏེ། །གདོང་དང་གཟུགས་བརྙན་ཐ་དད་དེ། །ཚད་མས་རྟོགས་པ་ཉིད་ཀྱང་ཡིན། །དོན་ལས་སྣང་བ་ཐ་དད་པའི། །སྒྲུབ་པར་བྱེད་པ་མཐོང་བ་མེད། །དེས་ན་སྣང་དང་སྔོ་སོགས་དག །དོན་གཅིག་པར་ནི་གྲུབ་ཅེ་ན། དེ་ལྟ་ན་ནི་འོ་ན། ཇི་ལྟར་མིག་ལ་སོགས་པ་ལས། །སྣང་བ་དེ་ལྟར་
འབྱུང་འགྱུར་བ། །དེ་བཞིན་སྔོ་སོགས་ཀྱང་འགྱུར་ཏེ། །གྲུབ་དང་བདེ་བ་མཚུངས་ཕྱིར་རོ། །ཇི་ལྟར་མིག་ལ་སོགས་པ་ཡི། །སྔ་རོལ་ཉིད་དུ་དོན་ཡོད་པ། །དེ་བཞིན་དུ་ནི་སྣང་བར་འགྱུར། །དེ་ལྟར་དེ་ནི་མཐོང་བ་མེད། །དེ་ཕྱིར་སྔོ་སོགས་སྣང་བ་ལས། །ཐ་དད་པར་ནི་འདོད་པ་གང་། །དེ་ནི་སྔོ་སོགས་སྣང་བ་
ལས། །སྔོན་ཡོད་པར་ནི་འདོད་པ་ཡིན། །དེ་ཡི་དེ་མ་ཐག་སྐྱེས་པ། །སྔོན་པོ་ལ་སོགས་སྣང་བ་ཡིས། །རྣམ་ཤེས་དེ་ནི་འཛིན་བྱེད་དེ། །ཕ་གཟུགས་འཛིན་པ་ཅི་བཞིན་ནོ། །རྒྱུ་དུ་མ་ཉིད་ཡོད་ན་ཡང་། །འབྲས་བུ་རྗེས་བདེ་སྐྱེ་བ་གང་། །དེ་ནི་དེ་ཡིས་ངོ་བོ་དེ། །གཞན་དང་གཟུང་ཞེས་བརྗོད་པ་ཡིན། །དཔེར་
ན་བུ་ཕའི་གཟུགས་འཛིན་ནོ་ཞེས་བརྗོད་པ་བཞིན་ནོ། །བདེ་བ་ལ་སོགས་པ་རང་རིག་པའི་ཡིད་ཀྱང་མངོན་སུམ་མོ། །དེ་ལྟ་ན་རྣམ་པར་རྟོག་པ་རང་གི་ངོ་བོ་ལ་མངོན་སུམ་དུ་མི་འགྱུར་བ་མ་ཡིན་ནམ། དེ་ལྟ་ཡིན་དང་རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པའི་གཞུང་དུ་ཐལ་ལོ་ཞེ་ན་མ་ཡིན་ཏེ། སེམས་དང་སེམས་ལས་བྱུང་
བ་ཐམས་ཅད་ཀྱི་རང་རིག་པ་ལ་མངོན་སུམ་ཡིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་སྨོས་པ་ནི་ཉམས་སུ་མྱོང་བ་གསལ་བ་བསྟན་པའི་ཕྱིར་རོ། །གལ་ཏེ་རྣམ་པར་རྟོག་པ་ལ་རྣམ་པར་མི་རྟོག་པ་ཉིད་མེད་པའི་ཕྱིར། ཇི་ལྟར་མངོན་སུམ་ཡིན་ཏེ། རྣམ་པར་རྟོག་པའི་རང་བཞིན་ནི་རྟོག་པ་མེད་པ་ཉིད་མ་ཡིན་ནོ། །

དོན་ལ་རྟོག་པ་མེད་པ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། འདི་ལྟར། གལ་ཏེ་དོན་ལ་རྟོག་ན་ནི། །ངོ་བོ་ཉིད་ལ་རྟོག་པར་འགྱུར། །ངོ་བོ་ཉིད་ལ་དེ་ཡི་ནི། །རང་བཞིན་གཞན་པར་རིག་མ་ཡིན། །འདིར་བརྗོད་པ། བདེ་སོགས་བདག་ཉིད་གཞན་མི་རྟེན། །བརྡ་བྱེད་པར་ནི་ནུས་མ་ཡིན། །དེ་ཕྱིར་དེ་དག་
རང་རིག་ནི། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། །སྐྱེ་བ་ཐོབ་པ་ཉིད་ན་བདེ་བ་ལ་སོགས་པ་བདག་ཉིད་རིག་པའི་ཡུལ་གྱི་དངོས་པོ་འཛིན་པ་ཡིན་ཏེ། དེ་ལས་མ་གཏོགས་པ་དེ་རིག་པ་མ་ཡིན་པའི་ཕྱིར་རོ། །དེའི་ཚེ་ཡང་སྔ་མ་དང་ཕྱི་མའི་དངོས་པོ་མངོན་པར་བརྗོད་པའི་སྒོ་ནས་སྦྱོར་བའི་སྐབས་ཅི་ཞིག་ཡོད། ཕྱིས་
སྦྱོར་རོ་ཞེ་ན་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །གཞན་གྱིས་སྔ་མའི་རང་བཞིན་དུ་རིག་ན་ནི་དེའི་ཚེ་དེ་རིག་པ་ཉིད་དུ་མི་འགྱུར་རོ། །སྔ་མ་ལ་སོགས་པའི་རང་བཞིན་རྣམ་པ་གཞན་དུ་རིག་པ་ནི་བདེ་བ་ལ་སོགས་པ་རིག་པར་མི་འགྱུར་ཏེ། གཞན་གྱི་བདེ་བ་རིག་པ་བཞིན་ནོ། །དེའི་ཕྱིར་བདེ་བ་ལ་སོགས་པ་ད་ལྟར་
བའམ་གསལ་བ་ཉིད་དུ་འཛིན་ན་རྣམ་པར་རྟོག་པ་མེད་པར་འཛིན་པ་མ་ཡིན་ནོ། །འོན་ཏེ་ཡིད་ཀྱི་བདེ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་འཛིན་པས་གཟུང་བ་ཡིན་ནོ་ཞེས་འདོད་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར། གང་ཞིག་དྲན་པས་རིག་པས་ན། །གལ་ཏེ་ཡིད་དུ་བརྗོད་ན་ནི། །སྔ་མའི་རང་བཞིན་རྟོགས་
པའི་ཕྱིར། །དེ་ནི་བདེ་བར་རིག་མ་ཡིན། །དེའི་ཚེ་ཉིད་ན་སྐྱེས་པ་དེ། །མངོན་སུམ་རིག་པས་རྟོག་པ་མིན། །གལ་ཏེ་བརྗོད་དང་འབྲེལ་པའི་ཕྱིར། །ཞེ་ན་བརྗོད་པ་ཉིད་ཡོད་ཡིན། །བདེ་བ་དེ་ལས་ཐ་དད་ན། །ཇི་ལྟར་འབྲེལ་པ་སྲིད་པར་འགྱུར། །དུས་གཅིག་རིག་པ་ཙམ་གྱིས་ནི། །འབྲེལ་པ་ཉིད་དུ་བརྗོད་མ་
ཡིན། །ཡིད་ཀྱང་གཟུགས་སོགས་རྣམ་པ་ཡི། །རང་བདག་ཉིད་ལ་གནས་མ་ཡིན། །སྐྱེ་བ་དེ་ཚེ་ཉིད་ཡོད་ཕྱིར། །ཇི་ལྟར་རྣམ་རྟོག་ཡུལ་དུ་འགྱུར། །གལ་ཏེ་འདི་ནི་དོན་ལ་ཡང་། །ཇི་ལྟར་རྟོག་པར་འཐད་འགྱུར་ཏེ། །དེ་ཡིས་དོན་བཟུང་མེད་པས་ན། །ངོ་བོ་ཉིད་ལའང་མི་རྟོག་ཕྱིར། །ཁྱེད་ཀྱིས་དེ་སྐད་
བརྗོད་པ་དེ་ནི་བདེན་ཏེ། གལ་ཏེ་དོན་ནི་འཛིན་འགྱུར་ན། །དེ་འདིར་ཇི་ལྟར་རྣམ་རྟོག་འགྱུར། །འོན་ཏེ་དོན་མིན་འཛིན་ན་ཡང་། །དེ་འདིར་ཇི་ལྟར་རྣམ་རྟོག་ཡིན། །འོན་ཏེ་དོན་དུ་སྒྲོ་འདོགས་པས། །དེ་ལ་རྟོག་པར་བརྗོད་ན་ནི། །འཛིན་དང་མི་འཛིན་ལས་གྲོལ་བའི། །དོན་གཞན་དེར་ཡང་ཡོད་མ་ཡིན། །འཛིན་

དང་སྒྲོ་འདོགས་ཡོད་པའི་ཕྱིར། །གལ་ཏེ་རྟོག་པར་འདོད་ཅེ་ན། །འཛིན་དང་སྒྲོ་འདོགས་གཅིག་ན་ནི། །གཉིས་ཡོད་ཅེས་བྱ་བདེན་མ་ཡིན། །དེ་ལ་ཕྱོགས་གཅིག་ལ་གནས་པའི། །སྐྱོན་ནི་སྔ་ཉིད་བརྗོད་ཟིན་ཏོ། །འོན་ཏེ་དེ་དག་དབྱེ་བ་ནི། །ཡོད་ན་གཉིས་སུ་ཐལ་འགྱུར་ཏེ། །རྣམ་རྟོག་བཅས་པའི་རིག་པ་
དང་། །དེ་ཉིད་ཚེ་ན་རྟོག་མེད་པའོ། །དེའི་ཕྱིར། འཛིན་པ་མེད་ཀྱང་གང་ཞིག་ལ། །འཛིན་པའི་ང་རྒྱལ་ཡོད་དེ་ཉིད། །བརྟགས་པས་ངེད་ཀྱི་ཕྱོགས་འདི་ལ། །རྣམ་པར་རྟོག་པ་ཡིན་པར་བརྗོད། །དེ་ལས་འཛིན་དང་མི་འཛིན་ལས། །གཞན་པའི་ང་རྒྱལ་ཡང་གང་ཞིག །ཅེ་ན་འཛིན་པ་མེད་པར་ནི། །
འཇུག་ལ་བྱེད་པ་གང་ཡིན་པའོ། །གལ་ཏེ་མ་བཟུང་ལ་འཇུག་བྱེད། །ཐམས་ཅད་ལ་དེ་ཇི་ལྟར་མིན། །གལ་ཏེ་བཟུང་ལ་འཇུག་བྱེད་ཉིད། །ཅི་ཡི་ཕྱིར་ན་འཇུག་པར་བྱེད། །འོ་ན་ད་ནི་ཤེས་པ་ཀུན། །རྣམ་པར་རྟོག་དང་བཅས་འགྱུར་ཏེ། །གང་ཕྱིར་ཤེས་པ་ཐམས་ཅད་ཀྱི། །མ་བཟུང་བ་ལ་འཇུག་ཕྱིར་
རོ། །འདིར་སྨྲས་པ། མངོན་དུ་བྱེད་པ་མ་ཡིན་པར། །གང་ལ་རྣམ་རྟོག་གཞན་དག་གིས། །ཐ་སྙད་བྱེད་པ་དེ་ཉིད་འདིར། །རྣམ་རྟོག་འཇིག་རྟེན་འདོད་པ་ཡིན། །གང་ལ་མཐོང་བར་མངོན་འདོད་པ། །ཤེས་ཏེ་རྟོག་པ་མེད་པ་ཡིན། །མངོན་དུ་བྱེད་པར་མོས་ཕྱིར་ཡང་། །མངོན་སུམ་ཞེས་ནི་བརྗོད་པ་ཡིན། །དོན་
དམ་དུ་ནི་རྣམ་ཤེས་ནི། །ཐམས་ཅད་རྟོག་པ་མེད་པ་ཉིད། །ཐམས་ཅད་མ་བཟུང་ཡུལ་ལ་ནི། །རྟོག་པ་མེད་པར་འཇུག་ཕྱིར་རོ། །གཞན་ཡང་། བག་ཆགས་སྟོབས་ལས་སྔ་མ་ཡི། །མྱོང་བའི་ཁྱད་པར་རྗེས་འབྲངས་ཏེ། །གང་ལ་ཤེས་པ་གང་སྐྱེས་ཀྱང་། །དེ་ནི་རྣམ་རྟོག་བཅས་པར་བརྗོད། །གང་ཞིག་
གཞན་གྱི་དབང་ཉིད་དུ། །བྱེད་པས་འཇུག་པར་འགྱུར་བ་ཡི། །ཤེས་པ་དེ་ནི་ཐ་སྙད་དུ། །རྣམ་རྟོག་མེད་ཅེས་བརྗོད་པ་ཡིན། །བདེ་སོགས་རྣམས་ཀྱི་རང་བཞིན་ལ། །རང་རིག་པས་ནི་རྟོག་མེད་ཕྱིར། །དེ་ལ་རྟོག་པ་མེད་པར་ནི། །ཐམས་ཅད་པ་འདོད་ཉིད་ཡིན་ནོ། །དེ་ཕྱིར་དེ་དག་རང་ཉིད་ནི། །བརྗོད་
དང་རྗེས་འབྲེལ་ཅན་མ་ཡིན། །དེ་ལ་ལས་དང་བྱེད་པ་ཡིས། །མངོན་པར་བརྗོད་པ་འབྲེལ་མ་ཡིན། །རྒྱུན་དུ་སྣང་བའི་བདེ་བ་ལ་སོགས་པ་ལ་གང་གི་ཚེ་འདི་ནི་བདེ་བ་ལ་སོགས་པའོ་ཞེས་མོས་པའི་རང་བཞིན་གྱི་ཤེས་པ་སྐྱེ་བ་དེའི་ཚེ་ཅིའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཉིད་མ་ཡིན་ཞེ་ན། དོན་བཞིན་དུ་འདི་ལ་

ཡིད་ཀྱི་མངོན་སུམ་ཡིན་ནོ་ཞེས་བརྗོད་ཟིན་