Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 178
Văn bản gốc(Tây Tạng)
Trang 18 / 21 (50.000 ký tự/trang)
་། །མངོན་སུམ་རྣམ་རྟོག་མ་ཡིན་ཏེ། །ཡུལ་ཐ་དད་པ་ཉིད་ཕྱིར་རོ། །དྲན་པ་ལས་དུས་ཕྱིས་འདི་ནི་དྲི་ཞིམ་པའོ། ། འདི་ནི་དྲི་མི་ཞིམ་པའོ་སྙམ་པ་ལ་སོགས་པའི་ཤེས་པ་ནི་མངོན་སུམ་མ་ཡིན་ཏེ། མིག་གི་ཤེས་པའི་བྱེད་པ་ནི་གཟུགས་ཙམ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མིག་ལ་སོགས་པ་ལ་བརྟེན་ནས་དོན་རྣམས་ལ་སྐྱེ་བ་ཅན་གང་ཡིན་པ་དེ་ཁོ་ན་མངོན་སུམ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་སྒྲ་དང་སྤྱི་ལ་སོགས་པའི་རྣམ་ པ་ཅན་ནི་མངོན་སུམ་ཉིད་མ་ཡིན་ནོ། །གང་ཞིག་གསལ་བར་སྣང་བའི་རྒྱུ་མཚན་གཞན་ལ་བརྟེན་པ་དེ་ཡང་གཟུང་བར་བྱ་བ་མ་ཡིན་ནོ། །དེས་ན་ཡིད་ལ་སོགས་པ་དེ་ཡང་མངོན་སུམ་ཡིན་ནོ། །ཡང་ན་དོན་གྱི་རང་བཞིན་ལ་འཇུག་ཅིང་ཁྱབ་པར་བྱེད་པས་ན་དེ་ཡང་དབང་པོ་ཉིད་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་གཉི་ ག་ལ་རག་ལས་ནས་སྐྱེས་པ་ལ་དབང་པོ་ལ་བརྟེན་པར་བརྗོད་ཀྱི་ཡུལ་ལ་བརྟེན་པར་མ་ཡིན་གཟུགས་ལ་སོགས་པའི་ཡུལ་གྱི་སྒོ་ནས་ཐ་སྙད་དུ་བྱ་བའི་རིགས་ཀྱི། དབང་པོའི་སྒོ་ནས་ནི་མ་ཡིན་ནོ། །དབང་པོ་ལས་སྐྱེས་པ་ཙམ་ཉིད་ཀྱིས་ནི་མངོན་སུམ་དུ་འགྱུར་བ་མ་ཡིན་གྱི། ཡུལ་གྱི་རང་གི་ངོ་བོ་ འཛིན་པས་འཇུག་པ་ནི་ཐམས་ཅད་མངོན་སུམ་ཁོ་ནའོ། །དབང་པོ་ལ་བརྟེན་པ་ནི་འགའ་ཞིག་མངོན་སུམ་ཡིན་ལ་གཞན་ནི་གཞན་དུ་འགྱུར་རོ། །འཁྲུལ་པ་མེད་པའི་རྒྱུ་མཚན་དེས་ནི་དེ་ལ་ཐ་སྙད་བྱེད་པར་འཐད་པ་ཡིན་ནོ། །ཡུལ་གྱིས་བསྐྱེད་པ་ཡིན་ཡང་ཟླ་བ་གཉིས་ལ་སོགས་པའི་རང་བཞིན་ཅན་འཁྲུལ་པ་ཉིད་མ་ཡིན་ ནམ། དེས་ན་ཡུལ་ལས་སྐྱེས་པ་ཡང་ཐམས་ཅད་ལ་མ་འཁྲུལ་པ་ནི་མ་ཡིན་ནོ་ཞེ་ན། དེ་ནི་ཡུལ་ཉིད་མ་ཡིན་ཏེ། དེ་ནི་རྣམ་པར་གཏོད་པར་ནུས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འོ་ན་ནི་དེ་ལྟ་ན། དེ་ནི་དབང་པོ་ཉིད་མ་ཡིན་ཏེ་དེས་ན་ཡུལ་ལས་ཉམས་པའི་ཕྱིར་རོ། །དབང་པོ་ནི་མཉམས་པ་ཡིན་ལ་དེ་ནི་དབང་པོ་ལྟར་ སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན། གལ་ཏེ་དངོས་སུ་ཤེས་སྐྱེད་ལ། །དབང་པོ་བཞིན་དུ་ཡུལ་ནུས་ཡིན། །འོ་ན་ཅི་ཕྱིར་གཉིས་རག་ལས། །སྐྱེ་བ་དེ་ནི་དེས་མི་བརྗོད། །ཡུལ་དང་དབང་པོ་དག་རྒྱུ་ཉིད་དུ་མཚུངས་པ་ཡིན་ན། ཅིའི་ཕྱིར་ཡུལ་གྱི་སྒོ་ནས་ཐ་སྙད་དུ་མི་བྱེད། རྟོག་པ་སྔོན་དུ་གཏོང་བ་དག་ནི་ཅི་རུང་བར་ ཐ་སྙད་བྱེད་པའམ་སྤོང་བ་མ་ཡིན་ནོ་ཞེ་ན། འདི་ལ་བཤད་པ། གོ་བར་བྱེད་པ་ཉིད་མཐོང་ནས། །ཐ་སྙད་ངེས་པར་སྦྱར་བ་ཡིན། །དབང་པོའི་ཐ་སྙད་ལ་དེ་ཡོད། །སྦྱར་བར་བྱ་བའང་དེ་ཆོས་ཡིན། །གོ་བར་བྱེད་པ་དང་། གོ་བར་བྱེད་པ་མ་ཡིན་པ་ཉིད་ཀྱིས་ལེན་པ་དང་འདོར་བ་ཡིན་ནོ། །གོ་བར་བྱེད་པ་ཉིད་ཀྱང་ དབང་པོའི་ཐ་སྙད་ལ་ཡོད་དེ། གང་དབང་པོ་ལ་བརྟེན་པ་དེ་ནི་མངོན་སུམ་ཡིན་ནོ། །ཉམས་པས་འཁྲུལ་པ་ཡང་སྔར་སྤང་ཟིན་ཏོ། །འོ་ན་ནི་ཡུལ་དང་ཡང་འཁྲུལ་པ་མེད་དེ། དེ་ནི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་དེ་ནི་ཡུལ་ཡིན་ན། །གཞན་གྱི་མངོན་སུམ་ཇི་ལྟར་འགྱུར། །དབང་པོ་ཉིད་ནི་ གཅིག་ཉིད་ལ། །ཡོད་དང་མེད་པའི་ཁྱད་པར་མིན། །དེ་ཉིད་ཀྱི་ཕྱིར་ཐུན་མོང་མ་ཡིན་པའི་སྒོ་ནས་ཐ་སྙད་དུ་བྱེད་པ་ནི་མཐོང་སྟེ། རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་བྱ་བ་ལྟ་བུའོ་ཞེས་བཤད་དོ། །ནས་ཀྱི་མྱུ་གུ་ཞེས་བརྗོད་ན། ནས་མ་ཡིན་པའི་མྱུ་གུ་རྟོགས་པར་མི་འགྱུར། སའི་མྱུ་གུ་ཞེས་བྱ་བ་ནི་དེ་ཡང་འགྱུར་རོ། །འདིར་ ཡང་དེ་བཞིན་ནོ། །འོན་ཏེ་ཡུལ་ལ་བརྟེན་པའི་ཞེས་བྱ་བ་ནི་ཡུལ་གྱི་རང་བཞིན་འཛིན་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་རང་རིག་པ་ཁོ་ན་མངོན་སུམ་དུ་འགྱུར་ཏེ། གཞན་དུ་གོ་བར་བྱེད་པ་མ་ཡིན་ནོ། །ཅི་སྟེ་འཇིག་རྟེན་ན་རབ་ཏུ་གྲགས་པའི་ཡུལ་གྱི་རང་བཞིན་རྟོགས་པ་བརྗོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་དབང་པོ་ལ་བརྟེན་པ་ཞེས་ འཇིག་རྟེན་ན་གྲགས་པས་འདི་ཉིད་དུ་འགྱུར་མོད། ཐ་སྙད་གཞན་ཡོངས་སུ་བརྟགས་པས་ཅི་ཞིག་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་གཞུང་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མངོན་སུམ་དུ་འགྱུར་ཏེ། ཡུལ་འཛིན་པའི་ཕྱིར་རོ། །དེའི་དབང་པོའི་ཐ་སྙད་ཉིད་འཐད་དོ། །དེ་སྐད་དུ་ཡང་ཡུལ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་ རྒྱུད་གཞན་དག་གི་རྣམ་པར་ཤེས་པའི་རྒྱུ་ཡིན་པའི་ཕྱིར་ཐུན་མོང་ཡིན་ནོ་ཞེས་བཤད་དོ། །དེའི་ཕྱིར་དབང་པོའི་ཐ་སྙད་ཀྱིས་མངོན་སུམ་གྱི་རང་བཞིན་རྟོག་པ་དང་བྲལ་བ་མཚོན་པར་ནུས་ཀྱི་ཡུལ་གྱི་ཐ་སྙད་ཀྱིས་ནི་མ་ཡིན་ནོ། །ཡུལ་གྱིས་ཀྱང་མཚོན་པར་ནུས་པ་མ་ཡིན་ནམ། འདི་ལྟར་དོན་གྱི་མཐུ་ལས་ནི། །ཡང་ དག་སྐྱེ་བ་ཡིན་ཕྱིར་རོ། །དེ་ནི་དོན་གྱི་མཐུ་ལས་སྐྱེ་བ་ན་དེའི་རང་བཞིན་ཁོ་ནའི་རྗེས་སུ་བྱེད་དོ་ཞེས་བཤད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མ་ངེས་པའི་ཕྱིར་ཏེ་ཟླ་བ་གཉིས་ཀྱི་རྣམ་པ་ཅན་ཉིད་ཀྱིས་འཁྲུལ་པའི་ཕྱིར་རོ། །འོན་ཏེ་དོན་གྱི་མཐུ་ལས་འཁྲུལ་པ་མི་སྐྱེད་དོ་ཞེ་ན། དེ་ལྟ་ཡིན་ན་དེ་རིགས་པ་འདིས་རྟོག་པ་མེད་པ་ཉིད་དུ་ མ་གྲུབ་པར་འགྱུར་རོ། །དེའི་ཕྱིར་འདིར་ནི་དབང་པོའི་ཉིད་ལ་དོན་དུ་ཐ་སྙད་བྱས་པ་ཡིན་ཏེ། དོན་དུ་མངོན་པར་ཞེན་པའི་ཕྱིར་རོ། །དེ་ལྟ་བུ་ཉིད་ཀྱི་དབང་པོ་ནི་གོ་བར་བྱེད་པ་ཤིན་ཏུ་ཡིན་པའི་ཕྱིར་དེ་ཉིད་ཀྱིས་ཐ་སྙད་དུ་བྱས་པ་ཡིན་ནོ། །དེའི་ཕྱིར་ཐ་སྙད་འདི་ལ་ནི། །སྦྱར་བྱ་རང་བཞིན་རྟགས་ཡིན་ཏེ། །ཁྱབ་པར་བྱེད་ པའི་རང་བཞིན་ནི། །ལོག་པའི་ཕྱིར་ན་ལྡོག་པར་འགྱུར། །རྟོག་པའི་སྔོན་དུ་གཏོང་བའི་སྦྱར་བ་ཉིད་གོ་བར་བྱེད་པ་ཡིན་ནོ་ཞེས་བརྗོད་དེ། དེའི་ཕྱིར་དེ་ཉིད་གོ་བར་བྱེད་པའི་རྟགས་ཡིན་ནོ། །གལ་ཏེ་རྟོག་པ་སྔོན་དུ་གཏོང་བས་བྱས་པར་ཅིས་ཤེས་ཤེ་ན། དེ་ནི་བདེན་ཏེ། སྐྱེས་བུ་ཚད་མ་ཡིན་པས་ཚིག་ཚད་མར་ རྟོགས་པ་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་དེ་སྐད་བརྗོད་པ་ཡིན་ནོ། །དོན་དམ་པར་ནི་གང་གིས་ཁྱབ་པར་བྱེད་པའི་རང་བཞིན་ལོག་པས་ལྡོག་པར་བརྗོད་པ་རྟགས་ཉིད་ལ་ཁྱབ་པ་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་ཡུལ་ལ་བརྟེན་པ་ཞེས་བྱ་བའི་ཐ་སྙད་ནི་འཇིག་རྟེན་ན་གྲགས་པ་རྣམ་པར་རྟོག་པ་དང་བཅས་པའི་གོ་བར་ བྱེད་པ་མ་ཡིན་ནམ། རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་གྱི་ཡུལ་ནི་སྔ་མ་དང་ཕྱི་མར་གྱུར་པ་གཅིག་ཉིད་ཡིན་ནོ། །འདི་ནི་འཇིག་རྟེན་ན་མངོན་སུམ་ཞེས་རབ་ཏུ་གྲགས་པ་ཡིན་ཏེ། འདི་ལྟར། གང་ཞིག་བདག་གིས་མཐོང་བ་དེ། །མངོན་སུམ་གྱིས་ནི་རྟོགས་འདི་ཉིད། །སྒྲ་ དོན་ཐམས་ཅད་འཇིག་རྟེན་གྱི། །གྲགས་པས་རྟོགས་པར་བྱས་པ་ཡིན། །གནོད་པ་མེད་པའི་རྟོགས་པ་ལ། །ཚད་མའི་ཐ་སྙད་བརྟེན་པ་ཡིན། །ཚད་མ་ཡིས་ནི་གྲུབ་འགྱུར་བ། །གཞན་དུ་བྱ་བར་ཇི་ལྟར་ནུས། །དེ་ནི་མི་བདེན་ཏེ། འདིར་ནི་མངོན་དུ་བྱེད་པ་ཉིད། །མངོན་སུམ་དོན་རྟོགས་ཅན་ཡིན་ལ། ། མངོན་དུ་བྱེད་པ་ལས་གཞན་ལ། །རྗེས་དཔག་མ་གཏོགས་ཚད་གཞན་མེད། །མངོན་སུམ་དུ་བྱེད་པའི་རྣམ་པ་ཅན་མ་ཡིན་པ་ལ་ནི་རྗེས་སུ་དཔག་པ་ཉིད་གཅིག་པུ་ཞིག་ཚད་མ་ཡིན་ནོ། །དེས་ན་གལ་ཏེ་ངོ་ཤེས་པའི་ཚད་མ་མངོན་དུ་བྱེད་པའི་རྣམ་པས་མི་འཇུག་ན་ནི། དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ནའོ། །མངོན་ དུ་བྱེད་ན་མདུན་ན་གནས་པའི་དངོས་པོ་ཙམ་ལ་འཇུག་པའི་ཕྱིར་ངོ་ཤེས་པ་མ་ཡིན་ནོ། །དེས་ན་མངོན་དུ་བྱེད་པ་ནི་དབང་པོའི་ཐ་སྙད་ཁོ་ནས་རྟོགས་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ། །ཡུལ་གྱི་ཐ་སྙད་ཀྱིས་ནི་ཡུལ་དང་བཅས་པ་ཞེས་བྱ་བར་འགྱུར་གྱི། མངོན་དུ་བྱེད་པ་ཉིད་དུ་ནི་བརྗོད་པར་མི་འགྱུར་རོ། ། དེ་ལྟར་ཐ་སྙད་བྱ་བ་ལ་ནི་འཇིག་རྟེན་ན་མངོན་སུམ་དུ་མ་གྲགས་སོ། །མངོན་སུམ་ནི་ཚད་མ་ཉིད་ཀྱང་ཡིན་ནོ། །མངོན་དུ་བྱེད་པ་ལས་མ་གཏོགས་པར་མངོན་སུམ་ཉིད་ཀྱང་རིགས་པ་མེད་པའི་ཕྱིར་ན་མངོན་སུམ་རྟོག་པ་མེད་པར་འགྲུབ་བོ། །འོ་ན་ཇི་ལྟར་འདི་སྐད་ཅེས། །དེར་དོན་མང་པོས་བསྐྱེད་པའི་ཕྱིར། །རང་ གི་དོན་ལ་སྤྱི་ཡུལ་ཅན། །ཞེས་གསུངས། སྤྱིའི་ཡུལ་ཅན་ནི་རྣམ་པར་རྟོག་པ་མེད་པ་མ་ཡིན་ཏེ། སྤྱིར་རྣམ་པར་རྟོག་པ་ཉིད་ཀྱིས་དེ་དང་འགལ་བའི་ཕྱིར་རོ། །དེ་ཉིད་སྨྲས་པ་ནི། བསགས་པ་དག་ནི་ཚོགས་པ་ཡིན། །དེ་སྤྱི་དེ་ལ་དབང་པོའི་བློ། །སྤྱི་བློ་གདོན་མི་ཟ་བར་ཡང་། །རྣམ་པར་རྟོག་དང་རྗེས་སུ་འབྲེལ། ། མང་པོ་རང་བཞིན་ཕན་ཚུན་སྤངས་ཏེ་གནས་པ་རྣམས་དེ་ཁོ་ན་ལྟར་གཟུང་ན་སྤྱིའི་བློར་འགྱུར་བ་མ་ཡིན་ནོ། །ཚོགས་པ་དོན་དམ་པ་པའམ་བཏགས་པ་ཡིན་ན། དེ་ལ་རེ་ཞིག་དོན་དམ་པ་པ་ནི་མ་ཡིན་ཏེ། དེ་ལས་ཐ་དད་པར་རྟོགས་པ་སྣང་བ་མེད་པའི་ཕྱིར་རོ། །སྣང་ན་ཡང་གཞན་དུ་སྣང་བ་དེ་དག་ལས་གཞན་དུ་ དེ་ཚོགས་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་པ་ཉིད་ན་ཡང་། དེ་དག་ཉིད་ཕན་ཚུན་ལྟོས་ནས་ཚོགས་པའི་ཐ་སྙད་བརྟེན་པར་འགྱུར་གྱི། གཞན་གྱིས་ཅི་བྱ། འོན་ཏེ་དེ་དག་གི་རང་བཞིན་མི་སྣང་བར་གྱུར་ནས། གཞན་གྱི་རང་བཞིན་སྣང་ངོ་ཞེ་ན། དེ་ཡང་དངོས་པོ་ལ་དེ་ལྟ་བུ་མེད་པའི་ལྷག་པར་སྒྲོ་བཏགས་པ་ཙམ་ཡིན་ པས་ཇི་ལྟར་རྟོགས་པ་མེད་པའི་ཡུལ་ཡིན། བཏགས་པའི་ཡུལ་ཅན་ཉིད་ནི་རྟོག་པ་དང་བཅས་པ་བཟློག་པར་དཀའོ་ཞེ་ན། འདི་ལ་ལན། དོན་གཞན་དང་ནི་མངོན་འབྲེལ་ཕྱིར། །རྡུལ་ཕྲན་གཞན་གང་སྐྱེ་འགྱུར་བ། །དེ་དག་བསགས་བཤད་དེ་དག་ནི། །ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན། །རྡུལ་ཕྲན་གཞན་ དག་མེད་པར་ནི། །རྡུལ་ཕྲན་ཁྱད་པར་དེ་ཡང་མེད། །ཤེས་ཏེ་གཅིག་ལས་ངེས་མིན་ཕྱིར། །སྤྱི་ཡི་སྤྱོད་ཡུལ་ཅན་དུ་བཤད། །གཞན་ལས་ཤེས་པའི་རྒྱུའི་ནུས་པ་མ་སྐྱེས་པའི་རྡུལ་ཕྲ་རབ་དེ་དག་ནི་ཕྲ་བ་མ་ཡིན་པ་མཐོང་བ་རྣམས་ཀྱི་ཤེས་པ་སྐྱེད་པར་ནུས་པ་མ་ཡིན་ནོ། །དེས་ན་ཐམས་ཅད་ཀྱི་ཤེས་པ་ བསྐྱེད་པར་བྱ་བ་ཡིན་ནོ། །ཤེས་པ་དེ་ནི་གཅིག་ལ་ངེས་པ་མ་ཡིན་པའི་ཕྱིར། སྤྱིའི་ཡུལ་ཅན་དུ་བཤད་དོ། །ཕན་ཚུན་ཐ་དད་པ་ཉིད་དུ་ཅིའི་ཕྱིར་མི་སྣང་ཞེ་ན། སྐྲ་ལ་སོགས་པ་མ་འདྲེས་པ་རྣམས་ཀྱང་ཐག་རིང་པོ་ནས་མ་འདྲེས་པ་ཉིད་དུ་སྣང་བའི་སྤྱོད་ཡུལ་དུ་འགྱུར་རམ། དེས་ན་གལ་ཏེ་རང་གི་རྒྱུད་ལས་རང་གི་ རྣམ་པར་གཏོད་པའི་ནུས་པ་མེད་པ་ཉིད་དུ་ངེས་པའི་ཕྱིར་མི་སྣང་བ་ཡིན་ན། འདི་ལ་ཀླན་ཀ་ཅི་ཡོད། འོ་ན་མངོན་སུམ་ལ་དངོས་པོའི་དེ་ཁོ་ན་མི་སྣང་བའི་ཕྱིར་འཁྲུལ་པ་ཉིད་དུ་འགྱུར་རོ། ལྷག་པར་སྒྲོ་བཏགས་པའི་རང་བཞིན་སྣང་བ་ནི་རྣམ་པར་རྟོག་པ་དང་བཅས་པར་འགྱུར་ཏེ། སྤྱིའི་རྣམ་པར་རྟོག་པ་གཞན་བཞིན་ནོ། ། འོན་ཏེ་དེར་བློའི་རང་བཞིན་ཉིད་རགས་པ། ལིང་ལིང་པོ་གཅིག་གི་རྣམ་པར་མངོན་དུ་བྱས་པར་སྣང་བ་དེས་ན་རྟོག་པ་མེད་པ་ཉིད་དོ་ཞེ་ན། ད་ནི་རྟོག་པ་དང་བཅས་པ་ཉིད་ཆད་པར་འགྱུར་ཏེ། རྟོག་པའི་ཤེས་པ་ཐམས་ཅད་ལ་བློའི་རང་བཞིན་ཉིད་སྣང་བའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ། ད་ལྟའི་སྐྱེ་བོ་ལ་ལྟོས་ནས། ། གནོད་བྱེད་ཤེས་པ་མེད་པའི་ཕྱིར། །མ་འཁྲུལ་པར་བཤད་དོན་དམ་དུ། །དམིགས་པ་ཐམས་ཅད་འཁྲུལ་པ་ཉིད། །ད་ལྟར་གྱི་སྐྱེ་བོ་རྟོགས་པའི་སྣང་བ་མ་ཤེས་པ་རྣམས་ལ་འདི་མ་འཁྲུལ་པ་ཉིད་དུ་སྣང་བས། དེ་ལ་ལྟོས་ནས་མ་འཁྲུལ་པ་ཡིན་ནོ་ཞེས་དེ་སྐད་བཤད་པར་ཟད་ཀྱི། དོན་དམ་པར་ནི་དམིགས་ པ་ཐམས་ཅད་ལ་འཁྲུལ་པ་ཁོ་ནའོ། །གང་གི་ཕྱིར་མངོན་དུ་བྱེད་པའི་རང་བཞིན་གྱིས། །འཛིན་པ་ལ་ནི་མངོན་ཕྱོགས་པའི། །མངོན་སུམ་ལ་ནི་དེ་སྐད་དུ། །རྣམ་རྟོག་བཅས་པ་དེ་མི་བརྗོད། །མངོན་དུ་བྱེད་པ་ནི་རྟོག་པ་དང་བཅས་པ་མ་ཡིན་ཏེ། རྟོགས་པས་ནི་སྔ་མ་དང་ཕྱི་མར་ མཐོང་བའི་དོན་ལྷག་པར་ཞེན་པའི་ཕྱིར་རོ། །མངོན་སུམ་དུ་བྱེད་པ་ཉིད་ནི་ལྷག་པར་ཞེན་པ་ཞེས་བརྗོད་པ་མ་ཡིན་ཏེ། དེ་ཉིད་ནི་དེ་ལས་བཟློག་པ་ལ་གྲགས་པའི་ཕྱིར་རོ། །འོ་ན་དེ་ལྟ་ན་ནི་སྤྱིའི་སྤྱོད་ཡུལ་མེད་པར་འགྱུར་ཏེ། དེ་ནི་འཇིག་རྟེན་གྱི་གྲགས་པས་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་དག་ནི་སྐྱེ་ མཆེད་ཀྱི་རང་གི་མཚན་ཉིད་ལ་ལྟོས་ནས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། རྫས་ཀྱི་རང་གི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བཤད་དོ་ཞེ་ན། དེ་ཡང་མི་བདེན་ཏེ། རྣམ་དབྱེ་འདི་ནི་དོན་དམ་ལ། །དགོངས་ནས་སྔོན་གྱི་སློབ་དཔོན་གྱིས། །བཏགས་ཡིན་དེ་ཡི་ཕྱིར་ན་སྤྱི། །སྤྱོད་ཡུལ་ཡིན་པར་འགལ་བ་མེད། ། དེ་ལྟར་གཟུང་བའི་རྡུལ་ཕྲ་རབ་ཉིད་སྤྱི་ཡིན་ནོ། །གང་ཡང་ཐམས་ཅད་རྟོག་པ་མེད་པ་ཉིད་དུ་འགྱུར་རོ་ཞེས་བརྗོད་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། ཚད་མས་རྟོགས་པ་ཡིན་པའི་ཕྱིར། །འདི་ནི་འདོད་པ་ཉིད་འོངས་སོ། །གཞན་ལ་གྲགས་པ་ལ་བརྟེན་ནས། །བསྟན་བཅོས་མཛད་པས་རྣམ་དབྱེ་གསུངས། །སྤྱོད་པ་ལ་ སོགས་པ་གཞན་ལ་རབ་ཏུ་གྲགས་པ་ལ་བརྟེན་ནས་རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྟོག་པ་ཉིད་དུ་བསྟན་གྱི། མངོན་དུ་བྱེད་པ་ལ་ནི་དེ་མེད་པའི་ཕྱིར་ན་རྣམ་པར་རྟོག་པ་ཅན་དང་། ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནི་བསྟན་བཅོས་མཛད་པ་དག་གིས་མཛད་པ་ཡིན་ནོ། །གལ་ཏེ་སྐྱེ་མཆེད་གཅིག་ཡིན་ཡང་། །ཅིག་ཅར་དུ་ མར་འཛིན་པ་ཡིན། །དེ་ཡི་ཕྱིར་ན་སྔར་བཟུང་དོན། །སྒྲོ་འདོགས་ཕྱིར་ན་རྟོག་བཅས་ཡིན། །རྡུལ་ཕྲ་རབ་དུ་མ་ཅིག་ཅར་འཛིན་ན་ནི་སྔར་བཟུང་བ་སྒྲོ་འདོགས་པ་མ་ཡིན་པའི་ཕྱིར། རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྣམ་པར་རྟོག་པ་དང་བཅས་པར་མི་འགྱུར་བ་ཡིན་ན། རིམ་གྱིས་འཛིན་པ་ལ་ནི་བཟློག་པར་དཀའོ། ། ཤེས་པ་གཅིག་གིས་ནི་དུས་གཅིག་ཏུ་དུ་མ་འཛིན་པར་ནུས་པ་མ་ཡིན་ཏེ། གཅིག་ལ་ཡིད་འབྲེལ་བར་གྱུར་པ་ན་གཞན་ལ་དེ་ཉིད་ཀྱི་ཚེ་བྱེད་པར་མི་རིགས་པའི་ཕྱིར་རོ། །ཡང་ན་ནི་དུས་གཅིག་ཏུ་བཟུང་བའི་ཕྱིར་ཡན་ལག་ཅན་གྱི་རྫས་གཅིག་ཁས་བླང་བར་བྱའོ་ཞེ་ན། དུ་མ་གཅིག་གིས་མི་འཛིན་པའམ། དེ་གཅིག་པ་ ཡང་གང་ལས་ཡིན། །ཏིལ་སོགས་ཐ་དད་ལ་ཇི་ལྟར། །ཅིག་ཅར་འཛིན་པར་སྣང་བ་ཡིན། །གལ་ཏེ་རྡུལ་ཕྲ་རབ་དག་ཅིག་ཅར་འཛིན་པ་མ་ཡིན་ན། དེ་ལྟ་ན་ནི་སྔ་མ་སྒྲོ་འདོགས་པའི་ཕྱིར་ཁོ་བོ་ཅག་རྣམ་པར་རྟོག་པ་དང་བཅས་པར་འདོད་པ་ཉིད་དོ། །འོན་ཏེ་མཐོང་བ་ཡིན་ན་དེ་ལྟ་ན་ནི་མངོན་དུ་བྱེད་པ་ཡིན་པའི་ཕྱིར་རྣམ་པར་རྟོག་ པ་མེད་པ་ཉིད་གྲུབ་བོ། །གཞན་ཡང་རུང་བའི་ཡུལ་ན་གནས་པ་དུ་མ་གཅིག་གིས་དུས་གཅིག་ཏུ་མི་འཛིན་པ་འདི་ཅིས་གྲུབ། ཡིད་གཅིག་ཡིན་པའི་ཕྱིར་རོ་ཞེ་ན། ཡིད་ནི་རྣམ་པར་ཤེས་པའི་ཅིག་ཅར་སྐྱེད་པ་འགལ་བར་མ་གྲུབ་པའི་ཕྱིར་ཏེ། ཡིད་ཉིད་ནི་ཡིད་ལ་བྱེད་པ་ཙམ་ཡིན་པར་གྲགས་པའི་ཕྱིར་རོ། །གཞན་ ཡང་ཕན་ཚུན་མ་འདྲེས་པའི་ཏིལ་དང་། འབྲས་དང་། དབྱིག་པ་དང་། རིལ་བ་དང་། སྣོད་དང་། རྣ་རྒྱན་ལ་སོགས་པ་དག་ལ་ཅིག་ཅར་འཛིན་པའི་ཤེས་པ་ཉིད་ནི་རྟོགས་པ་ཉིད་དོ། །མྱུར་བའི་ཕྱིར་འཛིན་པ་ཅིག་ཅར་བར་མངོན་པ་ཡིན་ནོ་ཞེ་ན། མི་བདེན་ཏེ། འདི་ལྟར། འདི་ལ་མགྱོགས་པ་བཤད་ཟིན་ཏོ། །རིམ་ བཞིན་འབྱུང་བ་དེ་ཉིད་ལ། །ཇི་ལྟར་རིམ་མིན་འཛིན་མི་འགྱུར། །བློ་རྣམས་དག་ནི་ཐམས་ཅད་ཀྱང་། །དུས་མཚུངས་ཇི་ལྟར་དེ་དག་ལ། །འགའ་ཞིག་རིམ་བཞིན་སྣང་བ་དང་། །གཞན་ནི་རིམ་ལྡན་སྣང་བར་འགྱུར། །དེའི་ཕྱིར་དོན་ཀུན་འཛིན་པ་ལ། །འདི་ནི་རིམ་མིན་ཐལ་བར་འགྱུར། །མགྱོགས་པའི་ ཕྱིར་ནི་ཅིག་ཅར་འཛིན་པར་མི་འཐད་དེ། བཤད་ཟིན་པའི་ཕྱིར་ན་མགྱོགས་པ་མེད་པའི་ཕྱིར་རོ། །མགྱོགས་པའི་ཕྱིར་ཅིག་ཅར་མ་བཟུང་ཡང་ཅིག་ཅར་གཟུང་བར་མངོན་པར་རློམ་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན། ཨུཏྤལའི་འདབ་མ་བརྒྱ་ཕིགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དཔེ་ཙམ་གྱིས་དོན་མི་འགྲུབ་ པའི་ཕྱིར་རོ། །གཅིག་ལ་གྲུབ་པས་གཞན་དུ་ཡང་དེ་ལྟར་འགྱུར་བ་ནི་མ་ཡིན་ནོ། །བླ་འོག་གི་རིམ་པ་དང་བཅས་པའི་འདབ་མ་བརྒྱ་པོ་དག་ཕིགས་པ་ནི་དུས་གཅིག་ཏུ་ཕིགས་པར་མི་སྲིད་པའི་ཕྱིར། རྗེས་སུ་དཔག་པས་རིམ་པ་གྲུབ་པ་ཡིན་ནོ། །དེ་ལྟར་རྟོག་ན་ནི་ཧ་ཅང་ཐལ་བར་འགྱུར་བ་བཟློག་པར་ནུས་པ་ཡང་ མ་ཡིན་ནོ། །དེའི་ཕྱིར་གནོད་པར་བྱེད་པ་མེད་པས་འཁྲུལ་པར་མི་འགྲུབ་བོ། །གལ་ཏེ་མགྱོགས་པའི་ཕྱིར་ཅིག་ཅར་འཛིན་པར་རློམ་པ་ཡིན་ན། རིམ་གྱིས་འབབ་པ་དེ་དག་ཉིད་ལ་དེ་ལྟར་ཅི་སྟེ་མི་འགྱུར། མགྱོགས་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་ཡང་དེ་ཡོད་དོ་ཞེས་བྱ་བ་འདི་ག་ལས་ཅིག་ཅར་འཛིན་པར་རློམ་པའི་ཕྱིར་རོ་ ཞེ་ན། དེ་ཉིད་ཀྱང་ག་ལས་ཡིན་ཏེ། ཕན་ཚུན་བརྟེན་པར་འགྱུར་བའི་ཕྱིར་རོ། །ཇི་སྲིད་དུ་ཅིག་ཅར་འཛིན་པ་འཁྲུལ་པར་མ་གྲུབ་པ་དེ་སྲིད་དུ་ནི་མགྱོགས་པར་མི་འགྲུབ་ལ། ཇི་སྲིད་དུ་དེ་མ་གྲུབ་པ་དེ་སྲིད་དུ་ཡང་འཁྲུལ་པ་ཉིད་དུ་མི་འགྲུབ་བོ། །གཞན་ཡང་། སྐད་ཅིག་ཉིད་ཀྱིས་བློ་རྣམས་ནི། ། ཐམས་ཅད་དུས་མཚུངས་པ་ཉིད་ཡིན། །དེས་ན་བློ་རྣམས་ཐམས་ཅད་ནི། །རིམ་མ་ཡིན་པར་སྣང་བར་འགྱུར། །གཞལ་བྱ་སྣང་བ་ནི་བློ་ཡོངས་སུ་འགྱུར་བའི་དུས་ཡིན་པ་དེས་ན་གཞལ་བྱ་ཐམས་ཅད་ཀྱང་རིམ་མ་ཡིན་པར་སྣང་བར་འགྱུར་རོ། །དེའི་ཕྱིར་ཅིག་ཅར་སྣང་བ་མྱུར་བས་བྱས་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ ཁོ་ན་ལྟར་ཡིན་པའི་ཕྱིར་རོ། །དེ་ལ་རྒྱུ་མ་ཚང་བས་ཅིག་ཅར་སྣང་བ་མེད་པ་དེར་ནི་ཟློག་པ་ཡིན་ནོ་ཞེས་རྣམ་པར་གནས་སོ། །རིམ་གྱིས་འཛིན་ན་རྟོག་མེད་ཀྱི། །སྣང་བ་ཉིད་ནི་མེད་པར་འགྱུར། །རྟོག་མེད་ཉིད་ནི་མེད་འགྱུར་ན། །གསལ་བར་སྣང་བ་སྲིད་མི་འགྱུར། །སྔོན་གྱི་མཐོང་བ་སྒྲོ་བཏགས་པ། །གསལ་བར་ སྣང་བར་ཇི་ལྟར་འགྱུར། །ཤིན་ཏུ་གོམས་པར་འགྱུར་བ་ལས། །དེ་ནི་རྟོག་པ་མེད་པ་ཉིད། །འདི་ལྟར་རྣལ་འབྱོར་པ་རྣམས་ཀྱི། །ཤེས་པ་རྟོགས་མེད་དེ་བཞིན་ཉིད། །དེ་ལྟ་ཡིན་དང་། སྔོན་གྱི་རང་བཞིན་འཛིན་པ་མེད་པའི་ཕྱིར། །ཅིག་ཅར་སྣང་བ་ཁོ་ནའོ། །ཕྱེ་མ་ལེབ་ཁྲ་ལ་སོགས་གཟུགས། །དུ་མའང་ཇི་ལྟར་ སྣང་བར་འགྱུར། །གལ་ཏེ་སྣ་ཚོགས་དེ་གཅིག་ན། །དེ་བས་ཆེས་འདི་ངོ་མཚར་ཆེ། །གལ་ཏེ་ཡིད་གཅིག་ལ་འཇུག་པའི་ཕྱིར། ཅིག་ཅར་དུ་མ་མི་འཛིན་ན། །དེའི་ཕྱིར་ཕྱེ་མ་ལེབ་ཁྲ་བོའི་གཟུགས་མི་འཛིན་པའི་ཕྱིར་ཡན་ལག་ཅན་གཅིག་ཁོ་ནའོ་ཞེས་ཁས་བླང་ངོ་། །དེ་ཁས་བླང་ན་ནི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པའི་བཀྲ་ བའི་མཚར་བ་དེ་བས་ཀྱང་ཆེས་མཚར་རོ། །འདི་ལྟར། སྣ་ཚོགས་གཅིག་པའི་རང་བཞིན་མིན། །དཔེར་ན་ནོར་བུའི་གཟུགས་དེ་བཞིན། །སྣ་ཚོགས་པ་ཞེས་བྱ་བ་ནི་དངོས་པོའི་བདག་ཉིད་ཕན་ཚུན་མ་འདྲེས་པ་ལ་ཐ་སྙད་དུ་བྱེད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྣ་ཚོགས་པའི་དོན་ཅི་ཞིག་ཡོད། དེས་ན་གཟུགས་སྣ་ཚོགས་པའི་ རིན་པོ་ཆེའི་ཚོགས་བཞིན་དུ་ཕྱེ་མ་ལེབ་ཁྲ་བོ་གཅིག་གི་བདག་ཉིད་དུ་ག་ལ་འགྱུར། ཅི་སྟེ་རྣམ་པར་དབྱེ་བ་དང་ལྡན་པའི་ཕྱིར་ནོར་བུ་རྣམས་ནི་ཐ་དད་པ་ཡིན་གྱི། ཕྱེ་མ་ལེབ་ལ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་རྣམ་པར་དབྱེ་བ་ཡོད་པའི་ཕྱིར་རོ། །ཕན་ཚུན་ཐ་དད་པར་སྣང་བ་ཉིད་རྣམ་པར་དབྱེ་བ་ཡིན་ནོ། །ཅི་སྟེ་རྣམ་ པར་དབྱེ་བ་ཡོད་ཀྱང་གཅིག་ཡིན་ན་དེ་ལྟ་ན་ནི་རིན་པོ་ཆེའི་ཕུང་པོ་ཡང་འགྱུར་རོ། །དེ་ལ་ནི་མ་འབྱར་བ་ཞེས་བྱ་བའི་རྣམ་པར་དབྱེ་བ་གཞན་ཡོད་པ་ཡིན་ནོ། །དེས་ན་སྣ་ཚོགས་ཀྱང་མ་འབྱར་བ་མེད་པ་ནི་གཅིག་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། མ་འབྱར་བ་ནི་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །འདི་ལྟར་བཅད་དང་ཕུག་སོགས་ཀྱི། ། འདྲེས་མེད་པ་ནི་ཀུན་ལ་ཡོད། །དེ་ཡི་ཚེ་ན་རྫས་ཞིག་ཅེས། །བྱ་བ་འདི་ཡང་ཀུན་ལ་སྲིད། །གལ་ཏེ་ནོར་བུའི་ཚོགས་ལ་མ་འདྲེས་པ་ཞེས་བྱ་བའི་རྣམ་པར་དབྱེ་བ་སྲིད་པས་དེར་ཡན་ལག་ཅན་གཅིག་ཡོད་པ་མ་ཡིན་ན། ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ཅི་སྟེ་དེ་ལྟ་ན་མ་ཡིན། དེ་ལ་ནི་བཅད་པ་ལ་སོགས་པའི་སྒོ་ནས་འབར་ བས་ཕྱེ་ན་རྣམ་པར་དབྱེ་བ་སྐྱེས་པས་ཡན་ལག་ཅན་ཞིག་པ་དེའི་ཕྱིར་མ་འདྲེས་པར་འགྱུར་བས་ཉེས་པ་མེད་དོ་ཞེ་ན། ནོར་བུའི་ཚོགས་ལ་ཡང་དེ་ལྟར་བརྟག་པའི་ཕྱིར་མཚུངས་པར་ཐལ་ལོ། །གལ་ཏེ་སྔོན་པོ་ལ་སོགས་པ་ཕན་ཚུན་སྤངས་པར་དམིགས་ཀྱང་དེའི་རེག་པ་རང་བཞིན་གཅིག་པའི་ཕྱིར་དང་། ཕན་ཚུན་ཡོངས་སུ་ཆད་ པ་མ་ཡིན་པའི་ཕྱིར་ཡན་ལག་རྣམས་ལ་ཡན་ལག་ཅན་ཉིད་ཡོད་དོ་ཞེ་ན། དེ་ཡང་མི་འཐད་དེ། འདི་ལྟར། སྔོ་སོགས་རྣམ་པར་དབྱེ་བ་ནི། །རས་བཀྲ་ལ་སོགས་དག་ལའང་མཚུངས། །སྔོན་པོ་ལ་སོགས་པའི་རྣམ་པར་དབྱེ་བའི་རིགས་མི་འདྲ་བ་རྣམ་པར་དབྱེ་བ་མེད་པའི་རེག་པ་ལ་སོགས་པ་དང་ལྷན་ཅིག་ཏུ་རྒྱུ་བ་ ནི་སྐུད་པ་འདུས་པའི་རང་བཞིན་གྱི་སྣམ་བུ་ཁྲ་བོ་དང་། བཅོས་མའི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་ལ་ཡང་མཚུངས་པ་ཉིད་དོ། །དེའི་ཕྱིར་གཅིག་ལ་ནི་ཡན་ལག་ཅན་ཡིན་ལ་གཞན་ལ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ག་ལས་ཡིན། གལ་ཏེ་དེ་ལ་ཡན་ལག་གཟུགས། །འབའ་ཞིག་དེ་ལྟར་མཐོང་ཞེ་ ན། །གལ་ཏེ་སྔོ་སོགས་སྤངས་པ་ཡི། །ཁྲ་བོ་གཞན་མཐོང་ངོ་མཚར་ཆེ། །གལ་ཏེ་སྣམ་བུ་ཁྲ་བོ་ལ་སོགས་པ་བཅོས་བུ་དག་ལ་ཡན་ལག་ནི་གཟུགས་ཉིད་གཅིག་ཏུ་མངོན་པར་ཞེན་པར་དེ་ལྟར་དམིགས་པ་ཡིན་ན། དེའི་ཚེ་སྔོན་པོ་ལ་སོགས་པ་རྣམ་པར་དབྱེ་བའི་རང་བཞིན་དུ་གནས་པ་ལས་མ་གཏོགས་པའི་ཁྲ་ བོ་གཞན་ནི་བཅོས་མ་མ་ཡིན་པ་དག་ལ་ཡང་མེད་པ་ཁོ་ནའོ། །དེ་ལ་ནི་གཅིག་ཏུ་མངོན་པར་ཞེན་པ་ཉིད་སྐྱབས་སུ་གྱུར་པ་ཉིད་ཡིན་ན། དེ་ནི་ཡན་ལག་ཅན་མེད་ཀྱང་བཅོས་མ་དག་ལ་ཡོད་པ་ཡིན་ནོ། །དེས་ན་རེ་བ་དེ་ཡང་མེད་པ་ཉིད་པས་ཁྲ་བོ་ཡན་ལག་ཅན་གྱི་གཟུགས་ཉིད་དུ་ནི་རིགས་པ་མ་ཡིན་ཏེ། མངོན་སུམ་དང་རྗེས་ སུ་དཔག་པས་མ་གྲུབ་པའི་ཕྱིར་རོ། །གཅིག་དྲངས་ན་གཞན་འོང་བ་ནི་ཁབ་ལོང་དང་། ལྕགས་ལ་སོགས་པ་དག་ལ་ཡང་མཐོང་བ་ཉིད་ཡིན་པས། དུ་མ་ཅིག་ཅར་དམིགས་སོ་ཞེས་ནི་དེར་ཡང་གྲུབ་པ་ཡིན་ནོ། །འོན་ཏེ་བཅོས་མ་ལ་ནི་སྔོན་པོ་ལ་སོགས་པའི་དམིགས་པ་རིམ་གྱིས་འགྱུར་བ་ ཡིན་ལ། དེ་ལས་གཞན་ལ་ནི་ཅིག་ཅར་རོ་ཞེས་བྱ་བའི་བྱེ་བྲག་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། དུས་དང་དོན་གྱི་རྣམ་པ་ནི། །མཚུངས་པར་རྟོགས་པའི་བློ་དག་ལས། །གཅིག་ནི་རིམ་ལྡན་དོན་མང་དང་། །གཅིག་ནི་རིམ་མིན་དོན་གཅིག་ཅེས། །དུས་དང་དོན་གྱི་རྣམ་པ་མཚུངས་པ་ཡིན་ཡང་། བཅོས་མ་དང་ བཅོས་མ་མ་ཡིན་པར་མངོན་པར་འདོད་པའི་ཁྲ་བོ་དག་གི་བློ་ལས་བློ་གཅིག་ནི་རིམ་པ་དང་བཅས་པ་དང་། དོན་དུ་མ་སྣང་བ་ཅན་ཡིན་ལ། གཞན་ནི་རིམ་པ་ཅན་མི་ལྡན་པ་དང་། ཡན་ལག་ཅན་གཅིག་ཉིད་རང་གི་སྤྱོད་ཡུལ་དུ་ཀུན་དུ་སྤྱོད་པར་བྱེད་པ་ཞེས་བྱ་བ་འདི་ལ་གོ་རྒྱུ་ཅི་ཞིག་ཡོད། ཐམས་ཅད་མཚུངས་པ་ཉིད་དུ་རྟོགས་ པ་ནི་མི་མཐུན་པར་ཁས་བླང་བའི་ཡུལ་མ་ཡིན་ནོ། །གལ་ཏེ་བཅོས་མ་དང་བཅོས་མ་མ་ཡིན་པར་མངོན་པར་འདོད་པ་དག་དེ་ལྟར་ཁས་ལེན་ན་ནི་དེའི་ཚད་མ་མེད་པའི་ཁས་བླངས་པ་ཙམ་དེ་ལ་སྐྱོབ་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་རྒྱུ་ཚད་མ་འགའ་ཞིག་གི་དབང་གིས་གཅིག་དང་དུ་མའི་རྣམ་པར་དབྱེ་བ་འདི་ཉིད་ཡིན་ན་ དེའི་ཚེ་འདི་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ནི་མི་བདེན་ཏེ། འདི་ལྟར། བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །དོན་རྣམས་སྣ་ཚོགས་ངོ་བོ་ཉིད། །གལ་ཏེ་དེ་རྒྱུ་མིན་ཞེ་ན། །ཐ་དད་གཞག་འདི་གང་གིས་འགྲུབ། །གཅིག་དང་དུ་མའི་ངོ་བོར་སྣང་བ་ཅན་གྱི་བློ་ཉིད་དེའི་ངོ་བོ་རྣམ་པར་འཇོག་པ་ལ་ཚད་མ་ཡིན་ཏེ། ཚད་མ་གཞན་གྱི་ རྩོམ་པ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་རྩོམ་པ་གེགས་མེད་པར་དེ་ལྟར་རྣམ་པར་འཇོག་པའི་བློ་དེ་དག་ཀྱང་ཆོས་མཐུན་པ་ཙམ་གྱི་རྒྱུ་མཚན་གྱིས་ཉེ་བར་བཏགས་པའི་ཚད་མ་བློ་གཞན་གྱིས་སེལ་བར་བྱེད་ན་ཆོས་མཐུན་པ་འདི་གང་དུ་རྙེད་པར་མི་འགྱུར་ཏེ། དེས་ན་དངོས་པོ་རྣམ་པར་གཞག་པ་མེད་པའི་ཕྱིར་ཐམས་ཅད་འཆོལ་ བར་འགྱུར་རོ། །དེའི་ཕྱིར་སྣང་བ་གཞན་ལས་ནི། །འབྲེལ་པར་གྲུབ་པའི་བློ་དག་ལ། །སྣང་བ་དོན་མེད་ཅེས་བྱ་བར། །བརྗོད་པ་འཐད་པ་དང་ལྡན་ཡིན། །གལ་ཏེ་ཆོས་མཚུངས་ཙམ་ཉིད་ལས། །དངོས་པོ་རབ་ཏུ་འགྲུབ་འགྱུར་བ། །གང་ལ་དེ་མེད་དེ་ཡི་ཕྱིར། །ཐམས་ཅད་གྲུབ་པའམ་འགར་ཡང་མིན། །མངོན་ སུམ་གྱིས་འབྲེལ་པ་བཟུང་བ་ཅན་གྱི་རྗེས་སུ་དཔག་པ་ནི། །འགལ་ཟླ་དང་ལྡན་པར་འཛིན་པར་དེ་ལྟར་སྐྱེས་པའི་རྗེས་སུ་དཔག་པ་གཞན་ནམ་མངོན་སུམ་གཞན་གྱིས་སྤོང་བར་ནུས་པ་མ་ཡིན་ནོ། །ཚད་མ་ནི་ཚད་མས་སེལ་བར་བྱེད་པ་མ་ཡིན་ཏེ། སྟོབས་མཚུངས་པ་ཉིད་ཡིན་ན། ཇི་ལྟར་སེལ་བར་བྱེད། སེལ་བར་ བྱེད་པ་ལ་ཡང་སྟོབས་མི་མཚུངས་ན་ཡང་ཇི་ལྟར་ཚད་མ་ཡིན་འོན་ཏེ་རྗེས་སུ་དཔག་པས་གནོད་པ་གང་ཡིན་པ་དེ་ནི་ཚད་མ་ཉིད་མ་ཡིན་ནོ་ཞེ་ན། གང་ཞིག་མངོན་སུམ་དང་འགལ་བ་དེ་ནི་རྗེས་སུ་དཔག་པ་ཉིད་མ་ཡིན་ནོ་ཞེས་མཚུངས་པར་ཐལ་བར་འགྱུར་རོ། །འོན་ཏེ་སྣང་བ་ནི་ཅི་ཞིག་ལྟར་རྒྱུ་ལས་ཉེས་པ་དང་བཅས་པར་འགྱུར་གྱི། རྗེས་སུ་དཔག་པ་ནི་མ་ཡིན་ཏེ། དེས་ན་དེ་ཉིད་གནོད་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ཡང་ལེགས་པ་མ་ཡིན་ཏེ། །རྒྱུ་ཡི་ཉེས་པས་གཞལ་བྱའི་བློ། །གཞན་དུའང་སྲིད་ཅེས་རིགས་པར་ལྡན། །ངོ་བོ་ཉིད་ལ་རྒྱུ་ཡི་སྐྱོན། །བརྒྱ་ཕྲག་གིས་ཀྱང་ཇི་ལྟར་འཐད། །རིམ་པ་དང་ལྡན་པར་སྣང་བའི་རང་གི་ངོ་བོ་ནི་རྒྱུའི་ཉེས་ པས་རིམ་པ་མེད་པར་འགྱུར་རོ་ཞེས་བྱ་བར་མི་རིགས་སོ། །རང་བཞིན་གཅིག་ལ་ནི་དུ་མ་ཡོད་པ་མ་ཡིན་ཏེ། དེ་ལྟར་རྟོགས་པར་ཐལ་བའི་ཕྱིར་རོ། །གཅིག་མི་སྣང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་གི་ངོ་བོ་ཉིད་མེད་པར་ཐལ་བའི་ཕྱིར་རོ། །མི་སྣང་བ་སྣང་བ་ཡོད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །མི་སྣང་བ་སྣང་བའི་རང་ བཞིན་ཡིན་ནོ་ཞེས་བྱ་བ་ནི་འཐད་པར་དཀའོ། །འོན་ཏེ་དེ་ལ་རིམ་པ་ཉིད་སྣང་བ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ཏེ། ཅིག་ཤོས་ན་འཁྲུལ་པ་ཟད་དོ་ཞེ་ན་འཁྲུལ་པ་ཞེས་བྱ་བ་ཅི་ཞིག་ཅི་མི་སྣང་བ་ཡིན་ནམ། རྣམ་པ་གཞན་དུ་སྣང་བ་ཡིན། །གལ་ཏེ་མི་སྣང་འཁྲུལ་ཡིན་ན། །ཐམས་ཅད་ལ་འགྱུར་ལྡོག་པ་མེད། ། དེ་ལྟར་དེ་ཉིད་སྣང་ན་ནི། །ཇི་ལྟར་འཁྲུལ་པ་ཡིན་པར་བརྗོད། །གལ་ཏེ་ཐམས་ཅད་མི་སྣང་བ་འཁྲུལ་པ་ཡིན་ན། གཉིད་སྟུག་པོ་ལོག་པ་དང་རྡོལ་སོགས་པ་ཡང་འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་རིམ་མ་ཡིན་པ་མི་སྣང་བ་ཡིན་ན། དེ་ལྟ་ན་ནི་འོ་ན་ནི་རིམ་པ་ཉིད་ཉམས་པ་མེད་པར་སྣང་བ་ཡིན་ཏོ། ། དེས་ན་འཁྲུལ་པར་ཇི་ལྟར་འགྱུར། ཀ་བ་ལ་སོགས་པ་སྣང་བ་ཉིད་ནི་འཁྲུལ་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་གཞན་སྣང་འཁྲུལ་ཡིན་ན། །རང་དངོས་སྣང་བར་ཇི་ལྟར་འགྱུར། །རང་གི་ངོ་བོ་མི་སྣང་ཡང་། །དེ་མེད་པས་ན་ཇི་ལྟར་འཁྲུལ། །གལ་ཏེ་བརྗོད་པར་འདོད་པ་ལས་གཞན་སྣང་བ་ཉིད་འཁྲུལ་པ་ཡིན་ ན་དེའི་ཚེ་དེའི་རང་གི་ངོ་བོར་སྣང་བ་ཉིད་མེད་པས་ཇི་ལྟར་བློ་དེ་ཡོད་པ་ཡིན། གལ་ཏེ་མི་སྣང་ཡང་བློ་ཡོད་ན་ནི་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་བློ་ཐམས་ཅད་ཡོད་པ་དང་། འཁྲུལ་པར་ཡང་བརྗོད་པར་བྱའོ། །འོན་ཏེ་བློ་དེ་ནི་མེད་པ་ཉིད་དོ་ཞེ་ན། འོ་ན་དེ་ལྟ་ན་ནི་རིམ་པ་དང་ལྡན་པའི་བློ་ནི་མེད་པ་ ཁོ་ན་ཡིན་པ་དང་། རིམ་པ་མ་ཡིན་པ་གཞན་སྐྱེས་པ་ཡིན་པའི་ཕྱིར་ཇི་ལྟར་འཁྲུལ་པ་ཡིན། འོན་ཏེ་དེའི་གཞལ་བྱ་མེད་པའི་ཕྱིར་དེ་འཁྲུལ་པ་ཡིན་ནོ་ཞེ་ན། རིམ་མ་ཡིན་པ་ཏིལ་ལ་སོགས་པ་ལ་རིམ་མ་ཡིན་པ་ཉིད་ཀྱི་བློའི་གཞལ་བྱ་ཡོད་པ་ཡིན་ཏེ། གཞན་དུ་སྣང་བའི་ཕྱིར་ན་སླར་ལ་རིམ་པ་དང་ལྡན་པའི་གཞལ་ བྱ་ཉིད་མེད་པ་མ་ཡིན་ནམ། འོན་ཏེ་རིམ་པ་མ་ཡིན་པ་ནི་གཞལ་བྱ་ཉིད་མ་ཡིན་པ་དེས་ན་དེ་ལྟར་འགྱུར་བ་ཡིན་ནོ་ཞེ་ན། འོ་ན་ནི་རང་གི་ངོ་བོ་ལ་ཡང་རིམ་མ་ཡིན་པར་སྣང་བ་མེད་པ་དེས་ན་འཁྲུལ་པ་དང་མི་ལྡན་པར་འགྱུར་རོ། །འོན་ཏེ། གལ་ཏེ་བློ་ཡི་ངོ་བོ་ལ། །བློ་གཞན་འཛིན་པར་བྱེད་ཡིན་ན། །རིམ་གྱིས་འཛིན་ པའི་ངོ་བོ་ནི། །ཇི་ལྟར་རིམ་མི་སྣང་བར་འགྱུར། །གལ་ཏེ་རིམ་པ་དང་ལྡན་པའི་བློ་བློ་གཞན་གྱིས་འཛིན་ན་ནོར་བུ་དང་མུ་ཏིག་ལ་སོགས་པའི་གཞལ་བྱ་རིམ་མ་ཡིན་པར་སྣང་བར་མི་འགྱུར་ཏེ། དེ་འཛིན་པའི་བློ་རིམ་གྱིས་འཇུག་པའི་ཕྱིར་དང་། བློ་འཛིན་པར་བྱེད་པ་ཡང་གཞལ་བྱ་ལ་མི་འཇུག་པའི་ཕྱིར་རོ། །རིམ་ མ་ཡིན་པར་སྣང་བ་ནི་མེད་དོ། །གལ་ཏེ་འཁྲུལ་པས་དེ་སྣང་ན། །དེ་ཉིད་འཁྲུལ་མེད་ཡིན་པར་ཐལ། །དེ་ཡི་གཞལ་བྱ་འཛིན་པ་ནི། །དེ་ལྟར་ཡིན་པ་གང་གིས་བཟློག །གལ་ཏེ་རིམ་པར་སྣང་བ་ཅན་གྱི་བློ་སྐྱེ་བ་ཡིན་ན། བློའི་བློ་ཡང་དེ་ལྟར་འགྱུར་དགོས་སོ། །འཁྲུལ་པས་དུས་གཅིག་ཏུ་འཛིན་པ་ཡིན་ནོ་ ཞེ་ན། གཅིག་གིས་ཅིག་ཅར་དུ་མ་བཟུང་བར་ཐལ་ལོ། །སྔ་མ་དང་ཕྱི་མའི་འཛིན་པ་དག་གིས་ནི་གཅིག་ཉིད་མ་ཡིན་ཏེ། རྟོག་པ་མེད་པའི་ཕྱིར་རོ། །བློ་ཕྱི་མས་གཅིག་གིས་རྟོགས་པ་ཡིན་ནོ་ཞེ་ན། རིམ་པ་དང་ལྡན་པ་དེ་ཡང་གཅིག་ཏུ་རྟོགས་པར་ཅི་ལྟར་འགྱུར་ཏེ། འཛིན་པའི་དུས་ནི་འཛིན་པར་བྱེད་པའི་དུས་ ལས་འདས་པ་མ་ཡིན་ནོ། །འོན་ཏེ་འདི་ནི་རིམ་མེད་པ་ཉིད་དོ་ཞེ་ན། དེ་ལྟ་ཡིན་ན་གཅིག་གིས་དུ་མ་འཛིན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འདི་འཁྲུལ་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དུ་མའི་ངོ་བོར་སྣང་བ་ཡང་མི་ལྡོག་པ་ཉིད་དོ། །སྣ་ཚོགས་པ་ནི་བློ་གཅིག་ཉིད་ཡིན་ནོ་ཞེ་ན། ནོར་བུ་དང་མུ་ཏིག་ལ་སོགས་པ་ཅི་ སྟེ་མ་ཡིན། གལ་ཏེ་སྔོན་པོ་ལ་སོགས་པའི་གཞལ་བྱའི་ངོ་བོར་སྣང་ཡང་བློའི་ངོ་བོ་ཉིད་ཡིན་ན། གཞལ་བྱ་ཐམས་ཅད་དེ་ལྟ་བུ་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་འཁྲུལ་པ་ལ་ཡང་དུ་མ་ཅིག་ཅར་སྣང་བར་ནི་མི་རིགས་སོ། །དེས་ན་ཅིག་ཅར་རམ་གཞན་དུ་ཡང་རུང་སྟེ། གང་ཞིག་ཇི་ལྟར་ཉམས་སུ་མྱོང་བ་དེ་ནི་དེ་ཁོ་ན་ ལྟར་ཁས་བླངས་པར་བྱས་ཏེ། དེ་ཁོ་ན་ལྟར་དཔྱད་ཟིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གཞལ་བྱ་གཞག་པ་མེད་པར་འགྱུར་རོ། །གལ་ཏེ་རི་མོ་ལ་སོགས་པ་དག་ལ་སྣ་ཚོགས་བློ་རྟོགས་པ་ཡིན་ན་ཇི་ལྟར་གཅིག་ཏུ་མི་རིགས། ནོར་བུ་དང་མུ་ཏིག་ལ་སོགས་པ་དག་ལ་ནི་སྣ་ཚོགས་པ་གཅིག་གི་བློ་མེད་དེ། རྣམ་པར་ དབྱེ་བ་འདི་ནི་བློའི་རྣམ་པར་དབྱེ་བ་ཉིད་ལས་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་གི་གཞུང་དང་འགལ་བའི་ཕྱིར་རོ། །འདི་ལྟར། རིགས་མི་མཐུན་རྣམས་རྩོམ་མེད་ཕྱིར། །རིས་སོགས་སྣ་ཚོགས་བློ་ཡོད་མིན། །གཟུགས་མེད་ཕྱིར་ལྡན་སྣ་ཚོགས་མིན། །ཉེ་བར་བཏགས་ལ་བརྟེན་པའང་མིན། །གལ་ཏེ་བློའི་ རྗེས་སུ་འབྲང་ན་རིགས་མི་མཐུན་པ་རྣམས་རྩོམ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཞུང་དོར་དགོས་སོ། །སྣམ་བུ་ལ་སོགས་པའི་ངོ་བོ་ནི་རིགས་མི་མཐུན་པའི་སྣལ་མའི་ལྡན་པ་ལས་སྐྱེས་པ་ཡིན་གྱི་ཡན་ལག་ཅན་སྣ་ཚོགས་པ་ཉིད་ནི་མ་ཡིན་ནོ། །ཅི་སྟེ་དེ་ནི་བློ་འཁྲུལ་ཡིན། །དེ་ཚེའང་ཅིག་ཅར་འཛིན་པ་ཡོད། །བདེན་ མིན་རང་བཞིན་འཛིན་ན་ནི། །ཅི་སྟེ་བདེན་དངོས་འཛིན་མ་ཡིན། །བློ་འཁྲུལ་པ་འཇུག་པ་ཡིན་ཡང་དུ་མ་ཅིག་ཅར་འཛིན་པར་འཇུག་པ་ཉིད་དོ། །མདུན་ན་གནས་པར་སྣང་བ་ལ་བདེན་པ་དང་མི་བདེན་པའི་རྣམ་པར་དབྱེ་བ་ཅི་ཡོད་འོན་ཏེ་རང་བཞིན་དེ་ནི་བློ་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། བདེན་མིན་རང་བཞིན་དེ་ཇི་ལྟར། །བདེན་ པ་བློ་ཡི་བདག་ཉིད་ཡིན། །གཅིག་ཉིད་ཡིན་ན་རྣམ་དབྱེ་འདི། །མི་བདེན་ཡང་ན་གཅིག་མ་ཡིན། །དེ་ལྟ་ན་ནི། བློ་ཡི་བདག་ཉིད་དེ་ཡི་ངོ་བོར་བདེན་འགྱུར་བ། །ཕྱི་རོལ་རང་བཞིན་སེར་སོགས་དག་ནི་བདེན་མིན་ན། །དེ་ལ་གལ་ཏེ་མནོག་མེད་དེ་ཡི་རང་བཞིན་མེད། །དེ་ལ་དེ་མེད་རྟོགས་འདི་རིགས་པས་འཐད་མ་ཡིན། ། ཅི་སྟེ་བདག་ཉིད་ཀྱི་ངོ་བོ་ནི་དུ་མ་ལ་ཡང་བློ་གཅིག་འཇུག་པ་ཡིན་ཏེ། དེ་ལ་འབད་པ་མེད་པའི་ཕྱིར་རོ། །གཞན་གྱི་ངོ་བོ་ལ་ནི་འགྲོ་བ་ལ་སོགས་པའི་མཚན་ཉིད་ཀྱི་བློ་འབད་པ་ཆེན་པོ་དང་ལྡན་པ་ཡིན་ཏེ། དེས་ན་ཡུལ་ལ་སོགས་པ་འགལ་བ་དག་ཏུ་ཅིག་ཅར་འགྲོ་བ་མི་སྲིད་པའི་ཕྱིར་རྣམ་པ་གཅིག་ཏུ་འཛིན་པ་མི་སྲིད་དོ་ ཞེ་ན། གལ་ཏེ་ཡིད་སོང་ནས་འཛིན་པ་མེད་པ་ཡིན་ན་འོ་ན་ནི་ལྗོན་པའི་རྩེ་མོ་དང་། ཟླ་བ་དུས་གཅིག་ཏུ་འཛིན་པ་མི་སྲིད་པར་འགྱུར་རོ། །མགྱོགས་པར་འཇུག་པའི་ཕྱིར་ཅིག་ཅར་འཛིན་པར་མངོན་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཤིན་ཏུ་ཐག་རིང་བ་ལ་མགྱོགས་པ་ཉིད་མི་སྲིད་པའི་ཕྱིར་ རོ། །གཞན་ཡང་མིག་ལ་སོགས་པ་དག་ཕྲད་ནས་འཛིན་པར་བྱེད་དོ་ཞེས་བྱ་བ་འདི་ལ་ཚད་མ་ཅི་ཡོད་ཅེ་ན། ཕ་རོལ་པོ་དག་ན་རེ། དམིགས་པ་དང་མི་དམིགས་དག་ནི་མ་བསྒྲིབས་པ་དང་ཅིག་ཤོས་ལ་ལྟོས་པའི་ཕྱིར་དང་། རིང་བ་དང་ཅིག་ཤོས་ལ་ལྟོས་པའི་ཕྱིར་རོ། །གལ་ཏེ་མིག་དང་ རྣ་བ་དང་། ཡིད་དག་ནི་མ་ཕྲད་པའི་ཡུལ་ཅན་ནོ་ཞེས་ཇི་སྐད་བརྗོད་པ་བཞིན་དུ་མིག་ལ་སོགས་པ་ཕྲད་པར་འཛིན་པར་བྱེད་པ་ཡིན་ན། དེའི་ཚེ་སྒྲིབ་པ་ཡོད་པས་མི་དམིགས་པ་དང་གཞན་དུ་ནི་དམིགས་པ་ཞེས་བྱ་བར་མི་འགྱུར་ཏེ། སྒྲིབ་པ་དེ་ལ་ཉམས་པར་བྱེད་པའི་མཐུ་ནི་ཡོད་པ་མ་ཡིན་ནོ། །ཕྲད་ནས་ འཛིན་པ་ལ་ནི་ལུས་ཅན་གྱི་རྫས་ཐོགས་པ་ཡིན་པའི་ཕྱིར། ཉམས་པར་འཐད་པ་ཡིན་ལ། ཤིན་ཏུ་ཐག་རིང་པོར་ཡང་འགྲོ་བ་མེད་པའི་ཕྱིར་རོ་ཞེས་འཛེར་ཏོ། །དེ་ནི་མ་ཡིན་ཏེ། མ་ཕྲད་པར་འཛིན་པ་ཡིན་ཡང་ཡུལ་དུ་རུང་བ་ལ་ལྟོས་པའི་ཕྱིར་ཏོ། ཁབ་ལོང་བཞིན་ནོ། །ཁབ་ལོང་ནི་མ་ཕྲད་པར་འདྲེན་པ་ལ་ འཇུག་ཀྱང་ལྕགས་ཐམས་ཅད་ལེན་པར་ནུས་པ་ནི་མ་ཡིན་ནོ། །འོན་ཏེ་དེ་ལ་ཡང་ལྕགས་དང་རེག་པ་ཡོད་པ་ཉིད་ཕྲ་བའི་ཕྱིར་མ་འཕྲིགས་པ་ཡིན་ཏེ། དཔེར་ན་མིག་གི་འོད་ཟེར་གྱི་རེག་པ་བཞིན་ནོ་ཞེ་ན། འདི་ཉིད་གཞན་གྱིས་བསྒྲུབ་པར་བྱ་བ་མ་ཡིན་ནམ། ཇི་ལྟར་དེ་ཉིད་སྒྲུབ་བྱེད་དུ་འགྱུར། དེའི་ཕྱིར། འཆལ་པ་རྣམས་ཀྱི་ཤིན་ཏུ་ཡང་། །ཚེགས་ཆེན་པོས་ནི་བརྟགས་བྱས་འདི། །མཁས་པ་རྣམས་ཀྱིས་བཞད་གད་ཉིད། །འཇུག་འགྱུར་ཡང་དག་རིག་པ་མིན། །འོན་ཏེ་ཕྲད་པ་ལ་འདྲེན་པར་མཐོང་བའི་ཕྱིར། ཁབ་ལོང་གི་འདྲེན་པ་ལ་ཡང་དེ་ཡོད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྔགས་ཀྱིས་ཀྱང་ འདྲེན་པར་མཐོང་བས་དེས་འགུགས་པ་ཡང་རེག་པར་ཐལ་བས་ཐལ་ཆེས་པར་འགྱུར་རོ། །དེར་ཡང་འགྱུར་བ་ཁོ་ནའོ་ཞེ་ན་མ་ཡིན་ཏེ། སྒྲ་ནི་ནམ་མཁའི་ཡོན་ཏན་ཡིན་པའི་ཕྱིར་རོ། །གལ་ཏེ་མ་ངེས་པར་བསྟན་པའི་ཕྱིར་ཡུལ་ལ་ཡང་ཆོས་དེ་ཉིད་སྦྱོར་ན་གང་ཡང་མ་ངེས་པར་མི་འགྱུར་རོ། །དེ་ནི་སྔོ་ བསངས་ཡིན་ཏེ་དེའི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་བུ་དཀར་ཤམ་གྱི་འཕྲུལ་པར་བསྟན་པ་ན། དེ་ལ་ཡང་སྔོ་བསངས་ཡོད་པ་ཉིད་དོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །ཅི་སྟེ་མི་མཐོང་ཞེ་ན། མི་མཐོང་བའི་རྒྱུ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །གཞན་ཡང་གལ་ཏེ་མིག་གི་འོད་ཟེར་འཕྲོས་ནས་ཕྲད་པར་བྱེད་ པ་ཡིན་ན། ཅིའི་ཕྱིར་ཤིན་ཏུ་ཐག་རིང་པོར་མི་མཐོང་མར་མེའི་འོད་བཞིན་དུ་མཆོད་པ་ལ་ཡིན་པས་ཉེས་པ་མེད་དོ་ཞེ་ན། དེ་ལྟ་ན་ནི་འོད་ཤིན་ཏུ་ཉེ་བ་ལ་ཐལ་བར་འགྱུར་རོ། །མར་མེའི་འོད་ནི་ཤིན་ཏུ་ཉེ་བ་ལ་མི་འཇུག་པ་མ་ཡིན་ཏེ། དེས་ན་མིག་ལ་སོགས་པ་ལ་ནི་མར་མེ་ལས་ཆོས་གཞན་དང་ལྡན་པར་ ཁས་བླང་བར་བྱ་བ་དེ་ཉིད་འཛིན་པའི་རྒྱུ་ཡིན་གྱི། འོད་དང་ཕྲད་པ་ནི་མ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པ་ལ་འོད་ཟེར་ཡོད་ན་མུན་པར་ཡང་འཛིན་པར་ཐལ་ལོ། །འོན་ཏེ་གང་ལས་མགྱོགས་པར་འགྱུར་བ་དེ་ནི་ཡིད་ཀྱི་ནུས་པ་ཡིན་ནོ་ཞེ་ན། འོ་ན་ཅིག་ཅར་འཛིན་པ་ཉིད་སྐྱེད་ལ་རག་མོད། འབད་ པས་བརྟགས་པ་འདིས་ཅི་ཞིག་བྱ། དེ་ལྟ་བུའི་ཡིད་ནི་ཚད་མས་གྲུབ་པ་ཡང་མ་ཡིན་ནོ། །རྣམ་པར་ཤེས་པ་སྔ་མའི་ངོ་བོ་ཡིད་ལ་བྱེད་པ་ཉིད་ཀྱིས་དེའི་དོན་བྱེད་པ་ཡིན་ཏེ། དེ་ཡུལ་གཞན་ལ་རྩེ་གཏད་པས་ནུས་པ་ཉམས་པ་ན་གཞན་ལ་ཤེས་པ་མི་སྐྱེ་བའི་ཕྱིར། ཅིག་ཅར་རྣམ་པར་ཤེས་པ་མི་ སྐྱེ་བ་ཡིན་ནོ། །དེའི་ཕྱིར་རྟགས་དེ་ལས་ཡིད་རྟོགས་པ་མ་ཡིན་ཏེ། རྣམ་པ་གཞན་དུ་ཡང་འགྲུབ་པའི་ཕྱིར་རོ། །དེས་ན་དེ་རྣམས་བློ་ཅན་ལ། །འཛིན་བྱེད་ཡིན་ཞེས་རྗོད་བྱེད་ཀྱི། །སྐམ་པ་བཞིན་དུ་ཤེས་པ་ཡིས། །དོན་འཛིན་པར་ནི་མཐོང་བ་མེད། །དེ་ཕྱིར་རི་མོ་ལ་རྣམ་པ། །དུ་མ་ཅིག་ཅར་ འཛིན་པ་ནི། །འཁྲུལ་པ་མེད་པ་ཁོ་ནའོ། །ཅི་སྟེ་དེ་ལ་སྣ་ཚོགས་པ་ནི་ལྡན་པ་ཡིན་གྱི་ཡན་ལག་ཅན་གྱི་གཟུགས་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། ལྡན་པ་ནི་ཡོན་ཏན་ཡིན་པའི་ཕྱིར། དེ་ལ་གཟུགས་ཀྱི་ཡོན་ཏན་འདུ་བ་མ་ཡིན་ནོ། །དེ་ལྟར་གྱུར་ན་ནི་ཡོན་ཏན་དང་ལྡན་པས་རྫས་ཉིད་དུ་འགྱུར་ རོ། །དེ་ལྟ་ན་ཡང་རིགས་མི་མཐུན་པས་མི་རྩོམ་པའི་ཕྱིར་རོ་ཞེས་བྱ་བའི་གཞུང་དང་འགལ་ལོ། །འོན་ཏེ་ཉེ་བར་བཏགས་པའི་སྒོ་ནས་ལྡན་པ་སྣ་ཚོགས་ཉིད་དོ་ཞེ་ན། དེ་ཡང་ལེགས་པ་མ་ཡིན་ཏེ། དཔེར་ན་མེ་ཏོག་རྒྱས་པའི་ནགས་ཞེས་བྱ་བའི་བློ་དོན་གཅིག་ལ་འདུ་བ་ལས་འགྱུར་བ་དེ་བཞིན་དུ་ འདི་ཡང་འགྱུར་ན། འདི་གཉིས་ནི་མི་མཚུངས་སོ། །མང་པོའི་གྲངས་ཉིད་ཀྱི་ནགས་གང་ཡིན་པ་ནི་གལ་ཏེ་མེ་ཏོག་རྒྱས་པ་ཉིད་ཡོད་པའི་ཤིང་དག་ལ་འདུ་བ་དེས་ན་དོན་གཅིག་ལ་འཕྲོད་པ་འདུ་བ་ཞེས་བྱ་བར་རིགས་ན་སྣ་ཚོགས་པ་ནི་འདིར་གང་ན་ལྡན་པ་ཡོད་པའི་ཡན་ལག་ ཅན་ཉིད་ལ་འདུ་བ་མ་ཡིན་ནོ་ཞེས་གང་འཆད་པ། རེ་རེ་སྣ་ཚོགས་མིན་ཕྱིར་རོ། །ཞེས་བྱ་བ་ཡིན་ནོ། །གང་དང་འདུ་བས་ལྡན་པ་ཡང་དེ་ལྟར་འགྱུར་བ་སྐུད་པ་ལ་སོགས་པ་རེ་རེ་ནི་སྣ་ཚོགས་པ་ཉིད་མ་ཡིན་ནོ། །འོན་ཏེ་ཇི་ལྟར་མེ་ལ་མེར་བཟུང་བ། ཆོས་མཐུན་པ་རྣོ་བ་ཉིད་བཟུང་བས་མེའི་བག་ཆགས་ སད་པར་གྱུར་པ་ནི། དེ་དྲན་པས་བྲམ་ཟེའི་ཁྱེའུ་ལ་ཡང་མེར་སྒྲོ་འདོགས་པར་བྱེད་པ་དེ་བཞིན་དུ། སྔོན་པོ་ལ་སོགས་པ་རིམ་གྱིས་བཟུང་བ་དག་ལས་གཅིག་བཟུང་བའི་དུས་སུ་བཟུང་བ་ལ་སྒྲོ་འདོགས་པར་བྱེད་པའི་ཕྱིར། སྣ་ཚོགས་པར་རྟོགས་པ་ཡིན་ནོ་ཞེ་ན་དེ་ནི་མི་འཐད་དེ་འདི་ལྟར། རིམ་ བཞིན་དུ་ནི་བཟུང་བ་ལ། །སྣ་ཚོགས་བློ་ཡིས་བསྲེས་མིན་ཏེ། །གཅིག་གིས་དུ་མ་མི་འཛིན་ཕྱིར། །དེ་ལ་ནི་རྣོ་བ་ཉིད་དུ་འདྲ་བའི་སྒྲོ་འདོགས་པའི་རྒྱུ་མཚན་ཡིན་ན་མཐོང་བའི་སྔོན་པོ་ལ་སོགས་པ་ལ་འདིར་སྒྲོ་ཇི་ལྟར་འདོགས། འོན་ཏེ་ཉེ་བས་སོ་ཞེ་ན་ཉེ་བར་འཛིན་པ་ནི་ཅིག་ཅར་འཛིན་པ་ཉིད་ལ་རིག་ པ་དང་ལྡན་གྱི་རིམ་གྱིས་འཛིན་ན་ནི་མ་ཡིན་ནོ། །ཡུལ་དེ་བཟུང་བའི་ཕྱིར་རོ་ཞེ་ན། ཡུལ་དེར་བཟུང་བ་ཡང་སྔ་མ་དང་ཕྱི་མ་དག་ལ་སྣ་ཚོགས་པར་བཟུང་བ་ནི་མེད་དོ། །སྒྲོ་བཏགས་པས་འགྱུར་བ་ཡིན་ནོ་ཞེས་བྱ་བར་ནི་མི་རིགས་ཏེ། དེ་ཉིད་བསམ་པར་བྱ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་ཐ་དད་པ་མ་ བཟུང་བའི་ཕྱིར་དྲན་པ་ལ་གཟུང་བར་བྱ་བ་ཉིད་དུ་སྣང་བ་ཡིན་ནོ་ཞེ་ན། ཇི་ལྟར་གཞན་ལ་གཞན་དུ་འཛིན། །དེ་ནི་དྲན་པར་བྱ་བའི་རང་བཞིན་ཡོངས་སུ་སྤངས་ནས་སྣང་བ་ཉིད་འཛིན་པ་ཡིན་ཏེ་དེས་ན་བསྲེ་བ་མ་ཡིན་ནོ། །འོན་ཏེ་བསྲེ་བ་ནི་འཛིན་པའི་ངོ་བོ་ཉིད་དོ་ཞེ་ན། དེ་ལྟ་ཡིན་ན་དུ་མ་གཅིག་གིས་ འཛིན་པར་ཐལ་ན་འདོད་པ་ནི་མ་ཡིན་ནོ། །མིག་གི་བྱེད་པས་ཐམས་ཅད་ཤེས་པར་རྟོགས་པའི་ཕྱིར་ཏེ། དེས་ན་མ་འབྲེལ་པར་རྟོགས་པའི་དྲི་མས་མཚོན་པ་བླུན་པོའི་སྐྱེ་བོས་བརྟགས་པ་འདིས་ནི་ཆོག་གོ་ཞེས་བཤད་པ་ནི། དེ་ཕྱིར་གཅིག་དོན་དུ་མ་ཅན། །གང་ཕྱིར་དོན་གཅིག་རྟོག་པ་ནའང་། ། གཞན་དག་མཐོང་བ་དེ་ཕྱིར་ཡང་། །རྟོག་པ་མེད་པ་གྲུབ་པ་ཡིན། །སྔོན་པོ་ལ་སོགས་པའི་རང་གི་ངོ་བོ་དུ་མ་ཅན་སྣ་ཚོགས་པར་སྣང་བ་ན་འདི་སྔོན་པོ་ཞེས་རྣམ་པར་རྟོག་པར་བྱེད་ཀྱང་མཐའ་ན་འདུག་པའི་སེར་པོ་ལ་སོགས་པ་མཐོང་བ་ཉིད་དོ། །རྣམ་པར་རྟོག་པ་དུ་མ་ཅིག་ཅར་འབྱུང་བ་མ་ཡིན་ནོ། ། སྣ་ཚོགས་པ་ཞེས་རྣམ་པར་བརྟག་པར་རུང་བ་ཁོ་ནའོ་ཞེ་ན་མ་ཡིན་ཏེ་ངེས་པ་མེད་པའི་ཕྱིར་རོ། །གདོན་མི་ཟ་བར་སྣ་ཚོགས་པ། །ཞེས་བྱ་བ་ཉིད་དུ་བརྟགས་པར་བྱ་བ་ནི་མ་ཡིན་ཏེ། གཅིག་ལ་ཡང་རྟོགས་པ་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ཡང་ཅིག་ཅར་བའི་སྔོན་པོ་ལ་སོགས་པའི་རྣམ་པ་ ཐམས་ཅད་ནི། རྣམ་པ་སྣ་ཚོགས་པ་ཅན་གྱི་བློ་གཅིག་གོ། །དེ་ལ་ཡང་རྩོད་པ། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཞིག་གཅིག་པུའི་བློ་དེ་ཉིད། །སྣ་ཚོགས་སུ་ནི་ཇི་ལྟར་སྣང་། །འདི་སྐད་སྟོན་པ་ཡིན་ཏེ། ཇི་ལྟར་བློ་ཉིད་སྣ་ཚོགས་ཀྱི། །རྣམ་དབྱེར་ཁྱེད་ཀྱིས་ ཁས་བླངས་པ། །ཕྱི་ཡང་གལ་ཏེ་དེ་ལྟ་ཉིད། །དེ་ལ་གང་གིས་རྣམ་དབྱེ་བྱེད། །གང་ལ་བློ་ནི་སྣ་ཚོགས་ཕྱིར། །དོན་རྣམས་སྣ་ཚོགས་ངོ་བོ་ནི། །དེ་ལ་གནས་པའི་ངོ་བོ་ཅན། །བློ་ནི་ཇི་ལྟར་འགྱུར་མ་ཡིན། །དེས་ན་སྣ་ཚོགས་པ་ཡིན་པའི་ཕྱིར། གཅིག་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བློའི་ངོ་བོ་ཉིད་ ཀྱིས་མ་ངེས་པ་ཡིན་ནོ་ཞེ་ན། འདི་སྐད་བརྗོད་དེ། ཇི་ལྟ་ཇི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། །དེ་ནི་བློ་ལའང་མི་འགྲུབ་བོ། །གལ་ཏེ་དོན་བདག་ འདིར་འདོད་ན། །དེ་ལ་བདག་གིས་ཅི་ཞིག་བྱ། །དོན་ནི་འདི་ཡིན་ཏེ། གཅིག་ཡིན་ན་བློ་ཡང་སྣ་ཚོགས་མ་ཡིན་ནོ། །དེ་ལ་ཡང་རྣམ་པ་དུ་མ་ཡིན་པའི་ཕྱིར་དུ་མ་ཉིད་དུ་འགྱུར་ཏེ། དངོས་པོའི་མཚན་ཉིད་རྣམ་པ་ཡིན་པའི་ཕྱིར་རོ། །རྣམ་པ་དུ་མ་འཛིན་ན་དངོས་པོ་ཡང་གདོན་མི་ཟ་བར་དུ་ མར་འགྱུར་རོ། །དེའི་ཕྱིར་གལ་ཏེ་བློ་དེ་སྙེད་ཡིན་ན་ཕྱོགས་ཕྱི་མ་སྨྲ་བ་ལ་ཆད་པ་ཡོད། ཅི་སྟེ་བློ་དུ་མ་ཉིད་ཡིན་ན། རྡུལ་ཕྲ་རབ་སོ་སོ་ལ་བློ་ཡང་དེ་སྙེད་དུ་འགྱུར་བས་རྡུལ་ཕྲ་རབ་འཛིན་པར་ཐལ་ལ། ཕན་ཚུན་མི་རྟོགས་པའི་ཕྱིར་དང་། རྟོགས་པ་པོ་གཞན་ཡང་མེད་པའི་ཕྱིར་དུ་མ་ མི་རྟོགས་པར་ཡང་འགྱུར་རོ། །རང་རིག་པ་རྣམས་ནི་དུ་མ་ཉིད་རྟོགས་པ་མ་ཡིན་ཏེ་རྒྱུད་གཞན་དག་ཀྱང་སྣང་བར་ཐལ་བའི་ཕྱིར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། མཐོང་བ་ཉིད་ཀྱི་ཕྱིར་རོ། །མཐོང་བ་ཡང་མི་འཐད་དོ་ཞེས་བྱ་བ་ནི་མེད་དོ། །འོ་ན་ནི་རང་རིག་པ་མ་ཡིན་ཏེ། ཕན་ཚུན་ཡང་རིག་པའི་ཕྱིར་རོ། །མ་ཡིན་ཏེ་རང་རིག་མེད་པར་རིག་པ་མི་སྲིད་པའི་ཕྱིར་རོ། །དེ་ཡང་སྟོན་པར་འགྱུར་རོ། །རང་རིག་པ་ཡིན་ན་ནི་གཞན་རིག་པ་ལ་དོགས་པ་ཡོད་པ་མ་ཡིན་ནོ། །འོན་ཏེ་མང་པོ་ཉིད་དུ་རྟོགས་པ་གང་ཞིག་ཡིན་ཞེ་ན། འགའ་ཡང་མ་ཡིན་ཏེ་དེ་ལས་ཐ་དད་པའི་ རྟོགས་པར་བྱེད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར། བློ་རྣམས་གཅིག་པ་མ་ཡིན་ཞིང་། །དུ་མ་ཉིད་དུའང་འཐད་མ་ཡིན། །གཅིག་ན་སྣ་ཚོགས་མེད་འགྱུར་ཏེ། །དུ་མ་ཉིད་ལ་འདི་ཆེས་གསལ། །དེའི་ཕྱིར་དངོས་པོ་རྣམས་ཇི་ལྟ་ཇི་ལྟར་རྣམ་པར་བསམས་པ། དེ་ལྟ་དེ་ལྟར་རྣམ་པར་གཞིགས་ པར་འགྱུར་བའི་ཕྱིར་འདི་ལ་ཅི་ཞིག་བྱར་ཡོད། དེའི་ཕྱིར་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་ཞེས་གསུངས་པས་ན་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དོ་ཞེས་བྱ་བར་རིགས་སོ། །ཅི་སྟེ་གཅིག་དང་དུ་མའི་རྣམ་པར་རྟོག་པས་སྣང་བ་ཉིད་མེད་པར་ཇི་ལྟར་འགྱུར་ཏེ། དེ་ནི་རྣམ་པར་བརྟགས་ ཀྱང་སྣང་བ་ཁོ་ནའོ་ཞེ་ན། སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་ལྟར་མེད་ཀྱང་སྐྱོན་མེད་དོ། །དེ་དག་ཀྱང་མེད་པ་ཡིན་ན་ཇི་ལྟར་སྣང་། སྣང་ངོ་ཞེ་ན་ནི་ཇི་ལྟར་མེད་པ་ཉིད་ཡིན་ཞེ་ན། དོན་བྱ་བ་བྱེད་པ་མེད་པ་ཉིད་ཀྱི་ཕྱིར་ཏེ། ཡོད་པའི་མཚན་ཉིད་ནི་དོན་བྱེད་པ་ཡིན་པའི་ཕྱིར་རོ། །སྣང་བ་ཙམ་གྱིས་ཡོད་ པའི་ཐ་སྙད་དུ་འགྱུར་བ་ནི་མ་ཡིན་ཏེ། སྐྲ་ཤད་ལ་སོགས་པ་སྣང་བ་ཡིན་ཡང་མེད་པར་ངེས་ཕྱིར་རོ། །དོན་བྱེད་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན། ཅི་སྣང་བའི་རང་བཞིན་ལས་གཞན་ཡིན་ནམ། འོན་ཏེ་དེ་ཉིད་ཡིན། གཞན་ཡིན་ནོ་ཞེ་ན་ནི། དེ་ལ་ཡང་སྣང་བའི་རང་བཞིན་ལས་དོན་བྱེད་པ་གཞན་ ཁས་ལེན་པ་ན་ཐུག་པ་མེད་པས་མི་རྟོགས་པར་འགྱུར་རོ། །དེ་ཉིད་ན་ནི་སྣང་བ་ཐམས་ཅད་ཡོད་པར་ཐལ་བའི་ཕྱིར། །སྒྱུ་མ་ལ་སོགས་པ་མེད་པར་མི་འགྱུར་རོ། །འདི་ལ་བརྗོད་པ་འགའ་ཞིག་གི་ནི་ཐ་སྙད་དེ། །འགའ་ཞིག་གི་ནི་བཟློག་པས་ཡིན། །རྣམ་པར་དབྱེ་བས་གནས་པ་འདི། །དངོས་ པོ་རྣམས་ཀྱི་རང་བཞིན་ཡིན། །སྣང་བ་ཙམ་ཉིད་ཀྱིས་ནི་ཐམས་ཅད་དོན་བྱེད་པ་མ་ཡིན་ཏེ། གང་ཞིག་དོན་བྱེད་པ་ཉིད་དུ་སྣང་བ་དེ་ཁོ་ན་དོན་བྱེད་པའི་རང་བཞིན་ནི་མེད་པར་འགྱུར་བ་མ་ཡིན་ཏེ། ཐ་དད་པ་དང་ཐ་མི་དད་པས་ཡོད་པ་ཉིད་རྣམ་པར་གནས་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ནི་སྣང་བ་ཐམས་ཅད་མེད་པར་ མི་འགྱུར་ཏེ། འགའ་ཞིག་དོན་བྱེད་པ་དང་འབྲེལ་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། གཞན་གྱིས་ཁས་བླངས་པའི་སྒོ་ནས་ཐལ་བར་འགྱུར་བ་བྱེད་པའི་ཕྱིར་རོ། །ཡོད་པར་སྨྲ་བ་ནི་དོན་བྱེད་པས་ཡོད་པར་ཁས་ལེན་པར་བྱེད་དོ། །དེས་ན་དོན་བྱེད་པ་སྣང་བ་ལས་ཐ་དད་པ་ཡིན་ནོ། །སྔོན་པོ་ལ་སོགས་ པའི་རང་བཞིན་ལས་དོན་བྱེད་པ་གཞན་ན་སྣང་བ་མེད་དོ། །གང་ཞིག་གང་གིས་འདོད་པ་དེ་ཉིད་དོན་བྱེད་པ་ཡིན་ནོ་ཞེ་ན། དེ་ཉིད་ནི་གནས་པ་མེད་པ་ཁོ་ན་སྟེ། འགའ་ཞིག་ཁོ་ན་ཅུང་ཟད་ཅིག་གདོད་པ་ཡིན་ནོ། །གདུང་བ་བཟློག་པའི་ཚིམ་པའི་དོན་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། གདུང་བ་ དང་ཚིམ་པ་དག་གནས་པ་མེད་པའི་ཕྱིར་ཏེ། གོམས་པའི་སྟོབས་ཀྱིས་ཐམས་ཅད་ལ་སྐྱེས་པའི་ཕྱིར་རོ། །གོམས་པ་མེད་པའི་ནི་མེད་པའི་ཕྱིར། དོན་དམ་པ་ཉིད་དོ་ཞེས་རྣམ་པར་གནས་སོ། །གལ་ཏེ་དེ་ལྟར་ན་གོམས་པའི་སྟོབས་ཀྱིས་ཤེས་པ་ཉིད་དེ་ལྟར་གྱུར་པ་ཡིན་གྱི། མེད་པ་ནི་མ་ཡིན་ནོ་ ཞེ་ན་མ་རིག་པའི་སྟོབས་ཀྱིས་སྐྱེད་པ་ཉིད་མེད་པ་ཡིན་ཏེ། དེ་ལྟ་བུ་གནས་པའི་རང་བཞིན་མེད་པའི་ཕྱིར་རོ། །སྣང་བ་ཙམ་མ་བརྟགས་ན་ཉམས་དགའ་བར་ཡོད་པའི་ཕྱིར་ནི་ཀུན་རྫོབ་ཀྱི་བདེན་པ་ཉིད་ཡིན་ནོ། །དེའི་ཕྱིར་དོན་དང་ཤེས་པ་ལ། །རགས་སྣང་ཡོད་མིན་དེ་དག་ཉིད། །གཅིག་ལ་བཀག་ པ་ཉིད་ཕྱིར་དང་། །མང་པོ་ལ་ཡང་ཡོད་མ་ཡིན། །རྡུལ་ཕྲ་རབ་བམ་ཡན་ལག་ཅན་གྱི་དོན་ལ་ནི་རིགས་པར་སྣང་བ་ཡོད་པ་མ་ཡིན་ཏེ་གང་གི་ཕྱིར་རགས་པ་ཉིད་ནི་ཕྱོགས་ཀྱི་ཆ་ཐ་དད་པ་ཡིན་ལ། ཕྱོགས་ཀྱི་ཆ་རྣམས་ཀྱང་ཕན་ཚུན་ཡོངས་སུ་སྤངས་པས་གནས་པའི་ཕྱིར་གཅིག་མ་ཡིན་ནོ། །ཅི་སྟེ་ རགས་པར་སྣང་བ་ནི་མང་པོ་ལ་ཡོད་པ་ཡིན་ཏེ། འདི་ལྟར་རིགས་མཐུན་པ་མང་པོ་གཞན་གྱིས་མཆོད་པར་སྣང་བ་ན་རགས་པ་ཉིད་དུ་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན་དེ་ཡང་མི་འཐད་དེ། དེ་དག་ནི་མང་པོ་ཁོ་ན་ཡིན་ཏེ། རགས་པ་ཉིད་སོ་སོ་ལ་མེད་པའི་ཕྱིར་རོ། །ཚོགས་པ་ཡིན་པར་འགྱུར་རོ་ ཞེ་ན། དེ་དག་ལས་གཞན་པའི་ཚོགས་པ་གང་ཡིན་པར་རིགས་པའི་ཐ་སྙད་ནི་ལིངས་པོ་གཅིག་ཏུ་སྣང་བ་ལ་བརྟེན་པ་ཡིན་ན། ཕན་ཚུན་ཐ་དད་པར་སྣང་བ་ནི་ལིངས་པོ་གཅིག་ཏུ་སྣང་བ་ཡོད་པ་མ་ཡིན་ཏེ། བར་ཡང་སྣང་བའི་ཕྱིར་རོ། །འོན་ཏེ་མི་སྣང་ན། འོ་ན་ནི་དེ་དག་སྣང་ བར་མི་འགྱུར་རོ། །ཅི་སྟེ་རྡུལ་ཕྲ་རབ་དེངས་པ་ན་དེ་དག་ལྡན་པ་ལས་ཡན་ལག་ཅན་གཞན་ཉིད་སྐྱེ་བ་ཡིན་ཏེ། དེ་ལ་རྡུལ་ཕྲ་རབ་བམ་ཡན་ལག་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་སྙམ་ན་གལ་ཏེ་ཡན་ལག་ཅན་གཞན་ཉིད་སྐྱེས་པ་ཡིན་ན་དེ་ལྟ་ན་ནི། ས་བོན་ལས་མྱུ་གུ་བཞིན་རྡུལ་ཕྲ་རབ་ཞིག་ཅིང་། ཡན་ལག་ཅན་གཞན་སྐྱེས་པར་འགྱུར་རོ། །དེས་ན་ལྡན་པ་དང་ལྷན་ཅིག་པའི་རྡུལ་ཕྲ་རབ་ལ་སོགས་པས་རང་དང་ཕྲད་པས་འདུས་པའི་ཡན་ལག་ཅན་རྩོམ་པར་བྱེད་པའི་ཕྱིར་སྣལ་མ་ལ་སོགས་པ་འདུ་བ་ཅན་གྱི་རྒྱུ་ཡིན་ནོ་ཞེས་བྱ་བར་མི་འགྱུར་ཏེ། འབྲེལ་བ་ཉིད་ནི་གཉིས་ལ་གནས་པའི་ཕྱིར་རོ། ། འདི་ལའོ་སྙམ་པའི་བློ་ཡང་དམིགས་པ་མེད་པར་འགྱུར་ཏེ་དམིགས་པའི་དོན་མེད་པའི་ཕྱིར་རོ། །ཆ་མེད་པ་དེ་བཟུང་བ་ན་ཕ་རོལ་ལ་སོགས་པའི་ཆ་ཡང་བཟུང་བར་འགྱུར་རོ། །ཚུ་རོལ་གྱི་ཆ་བཟུང་ན་ཕ་རོལ་ཡང་མཐོང་བར་འགྱུར་ཏེ་དེ་ཡང་ཕ་རོལ་གྱི་ཆའི་ཡན་ལག་ཅན་ཡིན་པའི་ཕྱིར་རོ། ། དེས་ན་ཐམས་ཅད་ཐམས་ཅད་མཐོང་བར་འགྱུར་རོ། །འོན་ཏེ་ཕ་རོལ་གྱི་ཆ་ནི་མཐོང་བ་མ་ཡིན་ཏེ། ཕ་རོལ་གྱི་ཆ་ཉིད་མེད་པའི་ཕྱིར་རོ་ཞེ་ན། གཞན་གྱིས་ཇི་ལྟར་མཐོང་བ་ཡིན་པ་དེ་ནི་གཞན་ཉིད་དོ་ཞེ་ན། འོ་ན་ནི་འདི་ཡན་ལག་ཅན་ནམ་རགས་པར་ནི་མི་འགྱུར་རོ། །དེ་ནི་རྣམ་གྲངས་ཀྱིས་མཐོང་བ་ཡིན་ ནོ་ཞེ་ན་མ་ཡིན་ཏེ། གཅིག་ལ་རྣམ་གྲངས་མི་སྲིད་པའི་ཕྱིར་རོ། །དེ་ཉིད་ནི་འདི་ཡིན་ནོ་ཞེས་རྟོགས་པར་མི་ནུས་སོ། །མཐོང་བ་དང་རེག་པས་ཀྱང་རྟོགས་པའི་ཕྱིར་ཡན་ལག་ཅན་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །ཕན་ཚུན་སྤངས་པར་རྟོགས་པ་དག་ཇི་ལྟར་གཅིག་ཉིད་ཡིན། ཕན་ཚུན་གྱི་རྣམ་པར་དབྱེ་བ་འདི་ནི་འཛིན་པས་བྱས་པ་ཡིན་གྱི། གཟུང་བ་ནི་གཅིག་ཁོ་ནའོ་ཞེ་ན། འོ་ན་ནི་ཐ་དད་པ་མཐའ་དག་ཞིག་པ་ཉིད་ཀྱིས་གཉིས་མེད་པ་ཁོ་ནར་འགྱུར་རོ། །དེ་ཡང་དེ་ལས་ཐ་དད་པར་སྣང་བ་མེད་པས་ཆོས་ཐམས་ཅད་སྟོང་པ་ཡིན་ནོ། །མཐོང་བ་གང་ཡིན་པ་དེ་ཉིད་རེག་པ་ཡིན་ ནོ་ཞེས་བྱ་བ་ལ་ནི་ཚད་མ་ཡིན་ཏེ། དེའི་ཕྱིར་ན་སྣང་བའི་སྤྱོད་ཡུལ་དུ་གྱུར་པའི་ཡན་ལག་ཅན་ནམ། ཡན་ལག་ནི་ཡོད་པ་མ་ཡིན་པས་སྣང་བ་ཙམ་ཞེས་བྱ་བ་ཉིད་དུ་འགྱུར་རོ། །གལ་ཏེ་འདི་སྣང་བ་ཁོ་ནར་ཟད་པ་ཡིན་ན་འོ་ན་ནི་རྣམ་པར་ཤེས་པ་སྨྲ་བ་དེ་ཉིད་ཐལ་བར་འགྱུར་བས། ཇི་ལྟར་ཆོས་ཐམས་ ཅད་སྟོང་པ་ཉིད་ཡིན་ཞེ་ན། འདི་ལ་བརྗོད་པ་ནི། ཡོངས་གཅོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་ཡིན། །ཐ་དད་མེད་ཅན་ཤེས་པ་ཡི། །ཐ་དད་སྣང་བ་བསླད་པ་ཉིད། །གལ་ཏེ་འདི་རང་རིག་ཡིན་ན་ཤེས་པ་ཡིན་ཡང་ཐ་དད་པར་སྣང་བ་མི་རིགས་ཏེ། རང་གི་ངོ་བོའི་མཐར་ཐུག་ པའི་ཕྱིར་རོ། །རང་རིག་པ་ཡིན་ན་ནི། གཞན་རིག་པ་མ་ཡིན་པ་དེས་ན་ཐ་དད་པར་སྣང་བར་མི་འགྱུར་རོ། །ཅི་སྟེ་ཕན་ཚུན་རིག་པ་ཉིད་ཡིན་ཏེ། དེས་ན་ཐ་དད་པ་ཡིན་ནོ་ཞེ་ན། དེ་ལའང་སོ་སོར་རིག་པས་ན། །ཚད་མ་རྒྱུད་གཞན་ཉིད་དུ་འགྱུར། །དེ་བཞིན་བདག་གིས་ཡང་བཅད་ཅེས། །བྱ་བ་ རང་རིག་མིན་ལ་མེད། །གལ་ཏེ་དེ་དག་རིག་པ་ནི། །རང་དང་གཞན་ཡང་རིག་པ་ཡིན། །རང་དང་གཞན་རིག་ན་ནི་རང་ཉིད་ཀྱིས་རང་རིག་པར་འགྱུར་རོ། །རང་གི་ངོ་བོ་རིག་པ་ན། གཞན་རིག་པ་ལ་འཇུག་པ་མ་ཡིན་ནོ། །འོན་ཏེ་རང་རིག་པ་ནི་མེད་པ་ཉིད་དེ་ཕན་ཚུན་དུ་གཞན་ཉིད་རིག་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ལྷས་བྱིན་དང་མཆོད་སྦྱིན་གྱིས་ཡོངས་སུ་བཅད་པ་ལྟར་གཉིས་རིག་པ་ཞེས་བྱ་བར་མི་འགྱུར་རོ། །འདི་བདག་གིས་རིག་གོ་ཞེས་བྱ་བར་ཡང་མི་འགྱུར་ཏེ། བྱེད་པ་པོ་རང་རིག་པ་མ་ཡིན་པ་ཉིད་ཀྱིས་མི་སྣང་བའི་ཕྱིར་རོ། །དེའི་ཕྱིར་ན་དེ་དག་ཉིད་རང་རིག་པར་འགྱུར་རོ། །དེ་ལྟ་ཡིན་ན། རྒྱུད་ གཞན་གྱིས་རྟོགས་པ་བཞིན་དུ་གཉིས་སུ་རྟོགས་པར་མི་འགྱུར་རོ། །གཞན་ན་རེ་དེ་ཉིད་ཀྱི་ཕྱིར་བདག་གིས་གཉི་ག་རྟོགས་པར་འདོད་དེ། དེ་ལྟ་མ་ཡིན་ན་ཐལ་བ་འདིར་འགྱུར་བའི་ཕྱིར་རོ་ཞེས་ཟེར་རོ། །འདི་ལ་བཤད་པ། རང་རིག་དང་ནི་ཅིག་ཤོས་ལ། །སྔ་མའི་ཚུལ་ལས་མ་འདས་ཕྱིར། །དེ་ཡང་ བརྒལ་ཞིང་བརྟག་པ་ནི། །འདི་ཉིད་ལས་ནི་མཐར་མ་ཡིན། །གལ་ཏེ་བདག་རང་རིག་པའི་ངོ་བོ་ཡིན་ན་ནི། དེ་ལ་གཞན་རིག་པ་མ་ཡིན་ཏེ། རང་གི་བདག་ཉིད་ལ་གནས་པའི་ཕྱིར་རོ། །གཞན་ཡང་རིག་པ་ལ་འགལ་བ་ཅི་ཡོད་ཅེ་ན། རང་བཞིན་དེ་ཉིད་དམ་གཞན་ཉིད་ཀྱིས་གཞན་རིག་པ་ཡིན་ ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་ལས་གཅིག་ལ་གནས་པར་བྱའོ། །རང་གི་རང་བཞིན་གྱིས་རིག་པ་ཞེས་བྱ་བར་ནི་མི་འཐད་དེ། རང་གི་རང་བཞིན་ནི་རང་བདག་ཉིད་ལ་རྣམ་པར་གནས་པའི་ཕྱིར་རོ། །རང་བཞིན་གང་ཞིག་རང་གི་ངོ་བོ་ཉིད་ལ་གནས་པ་རང་ལ་མངོན་དུ་ ཕྱོགས་པ་དེས་ཇི་ལྟར་གཞན་རིག་པར་འགྱུར། གཞན་གྱི་སྒོ་ནས་སོ་ཞེ་ན། འོ་ན་ནི་དེར་རང་གི་བདག་ཉིད་རྟོགས་པ་མ་ཡིན་པ་དེས་ན་རྒྱུད་གཞན་གྱིས་རྟོགས་པ་བཞིན་དུ་གཉིས་རྟོགས་པར་མི་འགྱུར་རོ། །དེ་ལ་མངོན་དུ་ཕྱོགས་པ་གཉིས་པོ་དེ་ནི་གཅིག་ཉིད་ཡིན་ནོ་ཞེ་ན་འདི་ནི་གཉིས་སོ་ཞེས་རྟོག་པ་ དང་ལྡན་པ་དེ་སུ་ཡིན། དེ་ཉིད་དོ་ཞེ་ན། ཡང་མངོན་དུ་ཕྱོགས་པ་གཉིས་སུ་འགྱུར་དགོས་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ། །དེས་རང་རིག་པའི་རང་བཞིན་གསུམ་དུ་འགྱུར་རོ། །དེའི་ཕྱིར་དེ་རིག་པ་ལ་བདག་གཞན་ཁས་བླངས་དགོས་ལ། དེ་ལ་ཡང་གཞན་ཡིན་པའི་ཕྱིར་དོན་མེད་པར་ བརྒྱུད་པ་ཆེན་པོར་འགྱུར་རོ། །དེས་ན་མྱོང་བ་ལས་རིག་པ་གཅིག་ཉིད་ཡིན་ཏེ། དེས་ན་ཐ་དད་པ་མེད་པའི་ཤེས་པ་ལ་ཐ་དད་པར་སྣང་བ་ནི་བསླད་པ་ཡིན་པས་ན། ཤེས་པ་ཡང་རང་གི་ངོ་བོར་རྟོགས་པ་མེད་པས་མེད་པ་ཁོ་ན་ཡིན་པའི་ཕྱིར་སྟོང་པ་ཉིད་འབའ་ཞིག་ལུས་པར་འགྱུར་རོ། །འདི་ལྟར། དེ་ལ་གཅིག་ནི་མེད་པས་ཀྱང་། །གཉི་གའང་ཉམས་པར་འགྱུར་བ་ཡིན། །དེའི་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །འདི་སྙམ་དུ་གཅིག་སྤངས་ན་ཤེས་པ་ཙམ་དུ་འགྱུར་རོ་ཞེ་ན། སྣང་བ་སྤོང་བར་བྱེད་ན་ནི་གཉི་ག་དེ་ལྟར་འགྱུར་བའམ། ཡང་ན་ནི་འགའ་ཡང་མ་ ཡིན་ནོ་ཞེས་བྱ་བ་འདི་ནི་མཐའ་གཅིག་ཏུ་ངེས་པའོ། །གཉི་ག་ཡང་འགྱུར་ལ་རག་གོ་ཞེ་ན་མ་ཡིན་ཏེ། ལན་བཏབ་ཟིན་པའི་ཕྱིར་ཏེ། རང་རིག་པ་མེད་པ་དང་གཞན་རིག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེའི་ཕྱིར་སྟོང་པ་ཉིད་ཁོ་ན་ལེགས་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །ད་ནི་དབུ་མ་ པ་དང་རྣལ་འབྱོར་སྤྱོད་པ་པ་དང་། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་ལུགས་ཀྱིས་སྟོང་པ་ཉིད་ཀྱི་དོན་སྟོན་པར་བྱེད་དོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་རྣམས་ཀྱི་རྣམ་པར་གཞག་པ་ཡིན་ལ། དངོས་རྣམས་ཐ་ དད་གནས་པ་འདི། །དེ་ཐ་དད་ལ་བརྟེན་པ་ཡིན། །དེ་ནི་བསླད་པ་ཉིད་ཡིན་ན། །དེ་དག་ཐ་དད་ཀྱང་བསླད་འགྱུར། །རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པ་ཡིན་ནོ། །གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་ བཞིན་མེད་པར་རབ་ཏུ་བཤད། །ཕུང་པོ་ལ་སོགས་བྱེ་བྲག་གི། །མཚན་ཉིད་ཐམས་ཅད་བྱེད་པ་ཡི། །ཁྱད་པར་ཅན་དེའང་དེ་ཉིད་མིན། །དེས་ན་དེ་དག་མཚན་ཉིད་བྲལ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་དང་། དེ་ལས་ གཞན་དག་ཀྱང་བསྟན་པ་ཇི་ལྟར་བཤད་པར་བྱ་བ་ཡིན་ཞེ་ན། བཤད་པ། མ་རིག་གིས་བསླད་བདག་ཉིད་ལ། །ཇི་ལྟའི་རང་རྐྱེན་ལ་ལྟོས་ནས། །རྣམ་རིག་དེ་བཞིན་མིན་རྣམ་པ། །སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། །ཕ་རོལ་མཐོང་མིན་ཐམས་ཅད་ཀྱིས། །དེ་ཉིད་དེ་ནི་རིག་མ་ཡིན། །གཟུང་ དང་འཛིན་པའི་བསླད་པ་དག །མེད་ན་དེ་ནི་མེད་ཕྱིར་རོ། །དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། །ཕྱི་རོལ་དཔྱོད་ལ་འཇུག་པར་མཛད། །གལ་ཏེ་དོན་དམ་པར་ནི་ཐམས་ཅད་སྟོང་པ་ཡིན་ལ་བཅོམ་ ལྡན་འདས་ཀྱང་དེ་ཁོ་ན་གཟིགས་པ་ཡིན་ན། །དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཕྱི་རོལ་གྱི་དོན་བསྟན་པར་མཛད་དེ་དེ་ཁོ་ན་གཟིགས་པ་ནི་དེ་ཁོ་ན་ཉིད་མ་ཡིན་པ་སྟོན་པར་མི་འགྱུར་རོ། །སྟོན་ན་ཡང་ཇི་ལྟར་དེ་ཁོ་ན་གཟིགས་པ་ཡིན་ནོ་ཞེས་ཁོད་དུ་ཆུད་ཅེ་ན། འདི་ལ་སྨྲས་པ་ཕྱི་རོལ་སྒྲུབ་པའི་ ཕྱིར་བཅོམ་ལྡན་འདས་ཀྱིས་ཕྱི་རོལ་བསྟན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྗེས་སུ་དེ་བརྗོད་པའི་ཕྱིར་ཏེ། དེ་རྗེས་སུ་བརྗོད་པས་བདག་བཀག་པར་བརྗོད་པར་འདོད་པའི་ཕྱིར་རོ། །སྟོང་པ་ཉིད་མཐོང་བ་རྗེས་སུ་བརྗོད་པར་ཡང་ཇི་ལྟར་འགྱུར་ཏེ། དེ་སྣང་བ་མེད་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། འཇིག་ རྟེན་གྱི་ཐུགས་ཉིད་ཀྱིས་རྗེས་སུ་བརྗོད་པ་སྲིད་པའི་ཕྱིར་རོ། །འཇིག་རྟེན་གྱི་བློ་དེ་ལྟ་བུ་ཡང་ཐོག་མ་མེད་པ་ནས་མ་རིག་པ་གོམས་པ་ལས་ཡིན་ནོ། །གལ་ཏེ་བཅོམ་ལྡན་འདས་ལ་འཇིག་རྟེན་གྱི་བློ་མངའ་ན་ཇི་ལྟར་དེ་ཁོ་ན་མཐོང་བ་ཡིན་ཞེ་ན་མ་ཡིན་ཏེ། སྔོན་གྱི་ཤུགས་ཀྱིས་སྟོན་པ་སྲིད་པའི་ཕྱིར་ཏེ། འཁོར་ལོ་བསྐོར་བ་བཞིན་ནོ། །དེས་ན་འཇིག་རྟེན་གཞུག་པའི་དོན་དུ་དུ་མར་བསྟན་པ་འགལ་བ་མེད་དོ། །དེ་ལྟར་རེ་ཞིག་སྟོང་པ་ཉིད་དུ་ཁས་བླངས་ནས་མ་ངེས་པ་སྤངས་ནས། ད་ནི་སྣ་ཚོགས་པར་ཁས་བླངས་ཏེ་སྤོང་བར་བྱེད་དོ། །སྣ་ཚོགས་སུ་སྣང་བ་ཡང་བློ་ནི་གཅིག་ཉིད་དུ་ འགྱུར་ཏེ། ཕྱི་རོལ་གྱི་སྣ་ཚོགས་དང་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །རྣམ་པར་དབྱེ་བར་ནུས་པའི་སྣ་ཚོགས་ནི་དུ་མར་འགྱུར་བ་ཡིན་ན། བློའི་སྔོན་པོ་ལ་སོགས་པ་ནི་རྣམ་པར་དབྱེ་བར་ནུས་པ་མ་ཡིན་ནོ། །འདི་ལྟར། ཤེས་ལ་སྔོ་སོགས་སྣ་ཚོགས་པ། །ཤེས་པའི་ཁྱད་པར་གཞན་སྟེན་མེད། ། མཐོང་ནུས་མ་ཡིན་དེ་ཡི་ཚེ། །རྣམ་དབྱེ་དོན་ལ་འཇུག་པར་འགྱུར། །རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པའི་སྣ་ཚོགས་པའི་སྔོན་པོ་ལ་སོགས་པའི་གང་ཡིན་པ་ནི་ཡན་གར་དུ་མཐོང་བར་ནུས་པ་མ་ཡིན་ཏེ། དེས་ནི་རྣམ་པར་དབྱེ་བར་མི་ནུས་པའི་ཕྱིར་ན་བློ་ནི་སྣ་ཚོགས་པ་ཉིད་ཡིན་ཡང་གཅིག་ཉིད་དོ། ། གལ་ཏེ་སྣ་ཚོགས་ཀྱང་གཅིག་ཡིན་ན་འོ་ན་ནི་སྒྲ་ལ་སོགས་པར་སྣང་བ་ཡང་གཅིག་ཏུ་འགྱུར་རོ་ཞེ་ན། གལ་ཏེ་རྣམ་པར་དབྱེ་བར་མི་ནུས་པ་ཡིན་ན་འགྱུར་རོ། །འོན་ཏེ་རྣ་བ་བཀག་ཀྱང་གཟུགས་ལ་སོགས་པ་དམིགས་པ་དེས་ན་ཡང་ཡན་འགར་དུ་འཛིན་པའི་ཕྱིར་དུ་མ་ཉིད་དོ་ཞེ་ན། །དེ་ཡང་མ་ཡིན་ཏེ། དེའི་ཚེ་ཤེས་པ་རྣམ་པར་འབྱེད་པ་ནི་མ་ཡིན་ཏེ། མི་སྣང་བའི་ཕྱིར་དེའི་ཚེ་སྔར་གྱི་སྣང་བ་མེད་པའི་ཕྱིར་རོ། །མི་སྣང་ཡང་སྒྲ་ཡོད་པ་དེས་ན་ཐ་དད་མ་ཡིན་ནོ་ཞེ་ན། དེ་ནི་དེའི་ཚེ་ཤེས་པ་མ་ཡིན་ཏེ། ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ལྟར་རྣམ་པར་དབྱེ་བ་ནི་དོན་ལ་འབབ་པར་འགྱུར་བ་ཉིད་དོ། ། དོན་ནི་རིག་པ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ལྷན་ཅིག་ཏུ་སྣང་བའི་སྔར་གྱི་ཤེས་པའི་རྣམ་པ་ལས་ད་ལྟར་ཡན་འགར་བར་སྣང་བ་ནི་གཞན་ཡིན་ནོ་ཞེས་རྣམ་པར་འབྱེད་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། སྔ་མ་ཉིད་ལ་ནི། མངོན་སུམ་གྱི་ཤེས་པ་འཇུག་པ་མ་ཡིན་ཏེ། འོན་ཀྱང་། ཤེས་གང་ཅི་ ལྟར་སྣང་བ་དེ། །དེ་ལྟ་ཉིད་དུ་མྱོང་བ་ཡིན། །དེ་ལྟར་འགྱུར་རོ་མྱོང་བར་གྱུར་ཏོ། །ཞེས་བྱ་བ་ནི་དེ་མེད་དོ། །རང་རིག་པའི་མངོན་སུམ་ནི་ལྐོག་ཏུ་གྱུར་པ་ལས་འཇུག་པ་མ་ཡིན་ཏེ། ལྐོག་ཏུ་གྱུར་པ་ནི་རང་རིག་པ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དྲན་པས་ཤེས་པར་བྱེད་དོ་ཞེ་ན། དེ་ ནི་མི་འཐད་དེ། དྲན་པ་ཚད་མ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཉམས་སུ་མྱོང་བ་ལས་སྐྱེས་པའི་དྲན་པ་ནི། ཚད་མ་ཉིད་དོ་ཞེ་ན། ཉམས་སུ་མྱོང་བ་ལས་དྲན་པ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ནི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཉམས་སུ་མྱོང་བའི་དུས་ན་དྲན་པ་མེད་པའི་ཕྱིར་རོ། ། དྲན་པ་འདིས་ནི་བདག་ཉམས་སུ་མྱོང་བ་ལས་སྐྱེས་སོ་ཞེས་བྱ་བར་ཤེས་པ་ཡང་མེད་དེ། མྱོང་བ་ནི་དེ་ལ་མ་མཐོང་བའི་ཕྱིར་རོ། །ཉམས་སུ་མྱོང་བ་ཡིན་ན་ཡང་དྲན་པར་མི་འགྱུར་ཏེ། དེའི་ཚེ་ཉམས་སུ་མྱོང་བ་ཁོ་ནར་འགྱུར་རོ། །དེའི་ཕྱིར་རྣམ་པར་དབྱེ་བར་མི་ནུས་པའི་སྣ་ཚོགས་པ་ནི་གཅིག་ ཡིན་པས་སྐྱོན་མེད་དོ། །འོ་ན་ནི་ཕྱི་རོལ་ཡང་རྣམ་པར་དབྱེ་བར་མི་ནུས་པའི་ཕྱིར་ན་གཅིག་ཉིད་དོ་ཞེ་ན་མ་ཡིན་ཏེ། དེ་ཉིད་ཀྱི་ཚེ་གཞན་གྱིས་གཅིག་མཐོང་བའི་ཕྱིར་རོ། །འོན་ཏེ་ཕ་རོལ་གྱིས་མཐོང་བ་གང་ཡིན་པ་དེ་ནི་གཞན་ཁོ་ནའོ་ཞེ་ན། འོ་ན་ནི་ཤིན་ཏུ་ཡང་རྣམ་པར་ཕྱེ་བ་ཡིན་ནོ། །རང་གིས་ མཐོང་བ་ཉིད་གཅིག་ཡིན་ནོ་ཞེ་ན་མ་ཡིན་ཏེ། རང་རིག་པ་ལ་སྣང་བའི་ཕྱིར་དེ་ནི་ཤེས་པ་ཁོ་ནའོ། །དེ་ལྟར་སེམས་ཀྱི་རྣམ་པ་ནི། །སྣ་ཚོགས་གཅིག་གི་ངོ་བོར་འགྱུར། །ཤེས་པ་མ་རྟོགས་པ་ནི་རྣམ་པར་དབྱེར་མེད་པར་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ན་གཟུང་བ་དང་འཛིན་པ་སྔོན་པོ་ལ་ སོགས་པའི་རྣམ་པ་སྣ་ཚོགས་པ་ནི་བློ་གཅིག་ཉིད་ཡིན་པའི་ཕྱིར་རོ། །སྣ་ཚོགས་ནི་གཉིས་མེད་པ་ཡིན་པའམ། མ་ཡིན་ན་ཡང་སྣ་ཚོགས་པ་དེ་སྣ་ཚོགས་མ་ཡིན་པ་ལས་ཐ་དད་པར་གནས་པ་མེད་པའི་ཕྱིར་རོ། །དེས་ན་གཞན་མེད་པའི་ཕྱིར་མྱོང་བ་གཉིས་མེད་པ་ཉིད་འབའ་ཞིག་ཡིན་ནོ་ ཞེས་བྱ་བར་གནས་སོ། །དེ་ལྟ་ན་ནི་འོ་ན་དངོས་པོ་དང་དངོས་པོ་མེད་པ་དག་གིས་ཐ་དད་པ་སྲིད་པའི་ཕྱིར། ཇི་ལྟར་གཉིས་མེད་པ་ཡིན་ཏེ། འདི་ལྟར། ཐ་དད་མེད་ན་མེད་དེ་ལས། །ཐ་མི་དད་ཐ་དད་གནས་འགྱུར། །ཐ་དད་དངོས་པོ་མེད་རྟོགས་ན། །ཐ་མི་དད་ཉིད་ག་ལས་ཡིན། །གལ་ཏེ་ ཐ་དད་པ་ཡོད་ན་ཐ་དད་པ་ལས་གཞན་ཐ་མི་དད་པ་ཉིད་ཡོད་དོ་ཞེས་རྟོགས་པར་འགྱུར་ལ། དེ་ལྟ་ན་ཡང་དངོས་པོ་མེད་པ་དང་དངོས་པོ་ཡང་རྟོགས་པས་ན། དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་རྟོགས་པར་འགྱུར་ན། དེ་ཅི་ལྟར་གཉིས་མེད་པར་འགྱུར། འདི་ལྟར། བུམ་པ་འདི་ལ་ཀ་བ་ནི། ། མེད་ཅེས་སྨིན་པར་དགག་པ་ནི། །ཡོད་མིན་མེད་ན་མེད་པ་ཅན། །ཐ་དད་རིག་པ་ཉིད་འོངས་སོ། །དགག་པ་ཐམས་ཅད་ནི་ཐ་དད་མེད་ན་མི་འབྱུང་བ་ཅན་ཡིན་པས་དེ་ལ་དགག་པ་རྟོགས་ན་ཇི་ལྟར་ཐ་མི་དད་པར་རྟོགས་པར་འགྱུར། དགག་པ་མ་རྟོགས་ན་ནི་ཇི་ལྟ་བ་བཞིན་དུ་གནང་ བའི་ཕྱིར་ཅུང་ཟད་ཀྱང་རྟོགས་པར་མ་བྱས་པར་འགྱུར་རོ། །གཞན་རྟོགས་པར་བྱེད་པ་ལས་གཞན་ཁས་བླང་བར་བྱ་བ་ཡིན་པའི་ཕྱིར་ན་ཅི་ལྟར་གཉིས་མེད་པ་ཡིན། བདག་ཉིད་ཁོ་ན་རྟོགས་པར་བྱེད་པ་ནི་འགའ་ཡང་མེད་དོ། །འོན་ཏེ་གཞན་འགའ་ཡང་རྟོགས་པར་མི་བྱེད་ན། དེ་ལྟ་ན་ནི་བདག་ཉིད་ རྨོངས་པ་ཡིན་པས་ཇི་ལྟར་གཉིས་མེད་པར་རྟོགས་པར་བྱེད་པར་འགྱུར། རྨོངས་པ་བསལ་བ་ན་གཞན་ཉིད་སྐྱེས་པའི་ཕྱིར་གཉིས་མེད་པ་ཉིད་མ་ཡིན་ནོ། །སྔ་མ་དང་ཕྱི་མ་ཡང་ཇི་ལྟར་རྟོགས་པར་འགྱུར་ཏེ། དེས་ན་འདི་ནི་གྱི་ནའོ་ཞེ་ན། འདིར་སྨྲས་པ། གང་གིས་དེ་ལྟར་བསྒྲུབས་པས་ནི། །ཐ་དད་ཅེས་བྱ་ འདི་མཐོང་མེད། །དེ་ལ་དངོས་དང་དངོས་མེད་སོགས། །རྟོགས་པ་འདི་ནི་འབྲེལ་མེད་འགྱུར། །རེ་ཞིག་སྔ་མ་དང་ཕྱི་མ་ཐ་དད་པ་འདི་ནི་སྣང་བ་མ་ཡིན་ཏེ། སྔ་མ་དང་ཕྱི་མ་ལ་ཡང་མངོན་སུམ་མི་འཇུག་པའི་ཕྱིར་རོ། །གང་ལ་སྔ་མ་མངོན་སུམ་ཡིན་ན་དེ་ཉིད་ཀྱི་ཚེ་ན་སྔ་མ་ད་ལྟར་བ་ཉིད་དུ་འགྱུར་ཏེ། གཉིས་པ་བཞིན་ནོ། །དེའི་ད་ལྟར་བ་ཉིད་ནི་འདི་ཁོ་ན་ཡིན་ཏེ། གང་ཞིག་མངོན་སུམ་དུ་བྱེད་པའི་རང་བཞིན་གྱིས་མངོན་སུམ་ལ་སྣང་བའོ། །ཅི་སྟེ་རྣལ་འབྱོར་པ་རྣམས་ལ་མངོན་སུམ་དུ་བྱེད་པས་སྣང་བ་ཡང་ཇི་ལྟར་འདས་པ་ལ་སོགས་པ་ཡིན། འོན་ཏེ་མི་སྣང་ངོ་ཞེས་བརྗོད་ན། ཅི་ལྟར་ འདས་པ་ལ་སོགས་པ་རིག་པ་མ་ཡིན་ནོ་ཞེ་ན། རེ་ཞིག་སྐྱེ་བ་འདི་ལ་ནི། །འགའ་ཡང་དམིགས་པ་ཡོད་མ་ཡིན། །དེ་ཡི་གནས་སྐབས་ཐོབ་རྣམས་ལ། །ཇི་ལྟར་འགྱུར་བ་མི་ཤེས་སོ། །གང་དུ་མཐོང་བར་འདོད་པ་རྣམས་ཀྱང་བཀག་པ་དེར་མ་འོངས་པ་ལ་གུས་པར་ཇི་ལྟར་འགྱུར། རྨི་ ལམ་བདེན་པ་མཐོང་བས་འདི་ཉིད་དུ་ཡང་འདས་པ་ལ་སོགས་པ་རིག་པ་ཉིད་དོ་ཞེ་ན་མ་ཡིན་ཏེ། མི་དམིགས་པའི་གནས་སྐབས་ན་སད་པ་རྣམས། དེ་ལྟར་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །དེའི་ཕྱིར་འདས་པ་མངོན་སུམ་གྱིས་མི་མཐོང་ཞིང་མ་འོངས་པ་ཡང་མ་ཡིན་ནོ། །དེས་ན་ཇི་ལྟར་དེ་ ལས་ཐ་དད་པར་རྟོགས་པར་འགྱུར། འདས་པ་ལ་ནི་དྲན་པ་ཉིད་ཡིན་ན་དེ་ཡང་ཚད་མ་མ་ཡིན་ནོ། །འོན་ཏེ་བསྟན་པ་ལ་སོགས་པའམ། རྒྱུ་རྟོགས་པའི་ཕྱིར་རྗེས་སུ་དཔག་པས་ཡིན་ཏེ། དེས་ན་ཐ་དད་པར་རྟོགས་པར་འགྱུར་རོ་ཞེ་ན་ཡང་མ་ཡིན་ཏེ། གང་གི་ཕྱིར། དེ་དང་འབྲེལ་པ་རིག་པ་ ལས། །འབྱུང་བར་འགྱུར་དོན་རྗེས་སུ་དཔོག །རྒྱུ་དང་བརྟན་པ་ཉིད་དག་ལ། །མངོན་སུམ་གྱིས་ནི་རིག་པ་མེད། །གལ་ཏེ་འབྱུང་བར་འགྱུར་བའི་དོན་དང་བརྟན་པའམ་རྒྱུ་དག་འབྲེལ་པར་བཟུང་ན་ནི་དེའི་ཚེ། རྗེས་སུ་དཔག་པར་རིག་པ་ཡིན་ནོ། །འབྲེལ་པ་ལས་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ནི་ རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་སྨྲ་བའི་ཡིན་ནོ། །འོན་ཏེ་མཐོང་བའི་ཕྱིར་འབྲེལ་པ་གཟུང་བ་མེད་པ་ཁོ་ནར་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན། འོ་ན་ནི་ཧ་ཅང་ཐལ་བ་ཉིད་དུ་ཐལ་ལོ། །མ་མཐོང་བ་ཉིད་ཀྱི་ཕྱིར་མི་འགྱུར་རོ། །མཐོང་བ་ཉིད་དང་ཅིག་ཤོས་ནི་གཅིག་ཏུ་བྱ་བར་མི་ ནུས་སོ་ཞེ་ན། གལ་ཏེ་མཐོང་བའི་ཕྱིར་ཞེས་ལན་འདེབས་ན་མཐོང་བ་དེ་ཉིད་མངོན་སུམ་མམ། རྗེས་སུ་དཔག་པས་ཡིན་ཞེས་བསམ་པར་བྱའོ། །གལ་ཏེ་རྗེས་སུ་དཔག་པས་སོ་ཞེ་ན། རྗེས་སུ་དཔག་པར་དེ་ཉིད་བསམ་པར་བྱ་བ་ཡིན་པས་ཇི་ལྟར་དེས་ཡིན། འོན་ཏེ་མངོན་སུམ་གྱིས་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མངོན་སུམ་གྱིས་ནི་རྗེས་སུ་དཔག་པ་མཐོང་བར་མི་ནུས་སོ། །དེ་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་དང་། ལྐོག་ཏུ་གྱུར་པ་ལ་ཡང་མངོན་སུམ་མི་འཇུག་པའི་ཕྱིར། ཇི་ལྟར་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཉིད་ཀྱིས་རྗེས་སུ་དཔག་པ་བདག་གིར་བྱེད། ལྐོག་ཏུ་གྱུར་པའི་ཡུལ་དུ་ མི་བྱེད་པས་ནི་ཡུལ་དེའི་ཁྱད་པར་ཅན་གྱི་རྗེས་སུ་དཔོག་པ་རྟོགས་པར་ནུས་པ་མ་ཡིན་ནོ། །འོན་ཏེ་དེའི་ཡུལ་ཅན་ཉིད་དུ་མི་འཛིན་ནོ་ཞེ་ན། དེ་ལྟར་ཡིན་ན་ནི་རྗེས་སུ་དཔག་པ་མ་མཐོང་བ་ཁོ་ན་ཡིན་པས་ཇི་ལྟར་མཐོང་བའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཡིན། རང་གི་ངོ་བོ་རིག་པ་ཙམ་ཞིག་རྗེས་སུ་དཔག་པ་ ཡིན་པར་འགྱུར་ཏེ། རང་རིག་པའི་མངོན་སུམ་གྱིས་དེ་ལྟར་མཐོང་བའི་ཕྱིར་རོ། །འོན་ཏེ་དེ་ཁོ་ན་ལྟར་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་ཐ་སྙད་ཙམ་དུ་འགྱུར་བས་ཐ་དད་པ་ལ་མངོན་པར་ཞེན་པས་ཅི་བྱ། ཐ་དད་པར་མངོན་པར་ཞེན་པ་ཡང་མཐོང་བ་ཉིད་ཀྱི་ཕྱིར་རོ་ཞེ་ན་མཐོང་བ་སྤང་བར་མི་ ནུས་སམ་ཅི། དེ་ལྟར་རོ་ཞེ་ན། མཐོང་བ་ཉིད་ཀྱིས་རྨོངས་པ་ཐམས་ཅད་སྤང་བར་མི་ནུས་པའི་ཕྱིར། ཁྱེད་ཀྱི་ཉེ་བར་བསྟན་པ་ལ་བརྩོན་པ་ནི་དོན་མེད་པར་འགྱུར་རོ། །ཁྱེད་ཀྱི་ཡང་དོན་མེད་དོ་ཞེ་ན་མ་ཡིན་ཏེ། མ་མཐོང་བ་ལ་མཐོང་བར་རློམ་པ་སྲིད་པས་དེ་ལྟ་བུ་བརྗོད་པའི་ དོན་དུ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་། ཁྱེད་ཐ་དད་པར་མངོན་པར་མཐོང་བ་མེད་པར་ཐ་དད་པར་མངོན་པར་ཞེན་པར་རློམ་པའི་ཕྱིར་དེ་ནི་དོར་བ་ཁོ་ནར་རིགས་སོ། །འདི་ལྟར། ཆ་མེད་ད་ལྟར་སྣང་བ་ཡི། །ཐ་དད་པ་ལ་བརྟེན་མ་ཡིན། །སྔ་མ་ཕྱི་མའི་རྟོགས་པ་ཡང་། །སོ་སོར་ཐ་དད་འཛིན་པ་ མིན། །བུ་རམ་དོང་གྲའི་འབྲས་བུ་བཞིན། །འདུས་ལས་དེ་ལྟར་འགྱུར་ཞེ་ན། །དེར་ནི་འབྲས་བུ་གཅིག་པ་ཡི། །ཕྱིར་ན་འདུས་ནས་མེད་པ་ཉིད། །འདིར་ནི་སྔ་མ་ཕྱི་མ་ཉིད། །སེམས་ལ་འབྲས་བུ་ཅུང་ཟད་མེད། །དེ་ལས་གཞན་པའི་རྣམ་རིག་ནི། །དྲན་ཡིན་དེ་ནི་མྱོང་ལས་བྱུང་། །ཐ་དད་པ་ནི་ ཉམས་མྱོང་མེད། །ཉམས་མྱོང་མེད་པར་དྲན་པ་མེད། །དེ་དང་དུས་མཚུངས་པ་ཉིད་ནི། །རིག་ན་གཉིས་མེད་ཐོབ་པར་འགྱུར། །བུ་རམ་དང་ལི་དོང་གྲ་དག་གིས་ནི་དེས་བཟློག་པར་བྱ་བའི་ནད་ལོག་པ་དང་། བདེ་བར་གནས་པའི་འབྲས་བུ་བྱེད་པ་དེས་ན་ཚོགས་པར་ཐ་སྙད་བྱེད་པ་ཡིན་ནོ། །འདིར་ནི་རང་ གི་དོན་ཙམ་རྟོགས་པའི་རང་བཞིན་སྔ་མ་དང་ཕྱི་མའི་སེམས་དག་ལ་འབྲས་བུ་གཞན་ཅུང་ཟད་ཀྱང་མེད་དོ། །རྟོགས་པ་ནི་དེ་དག་གི་བདག་ཉིད་དུ་གྱུར་པ་ཡིན་པས་དེ་ཡང་ཐ་དད་པ་ན་གང་ལ་ལྟོས་ནས་ཚོགས་པར་འགྱུར་བའི་ཐ་དད་པ་མེད་པ་གཞན་ཅི་ཞིག་ཡོད། སྔ་མ་དང་ཕྱི་མ་འཛིན་པའི་རང་བཞིན་ གྱི་དྲན་པ་ནི་དེ་དག་གི་འབྲས་བུ་གཅིག་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལྟ་བུའི་རང་བཞིན་གྱི་རྗེས་སུ་བྱེད་པའི་དྲན་པ་ནི་ཉམས་སུ་མྱོང་བ་ལས་འབྱུང་བ་ཡིན་ན་གཉིས་འཛིན་པའི་ཉམས་སུ་མྱོང་བ་ནི་ཡོད་པ་ནི་མ་ཡིན་ཏེ། དེས་ན་དྲན་པ་ཡང་མེད་དོ། །འོ་ན་ཅི་ལྟར་དྲན་པའི་རྣམ་པར་རྟོག་པ་འདི་ནི་ གཟུགས་དང་རེག་པའི་རྗེས་སུ་བྱེད་པའི་ཡིན་ནོ་ཞེས་བཤད་ཅེ་ན། ཐ་དད་པ་འཛིན་པ་འདོད་པ་བྱས་ནས་དེ་སྐད་དུ་བཤད་པ་ཡིན་ཏེ། འདིར་ནི་དེ་ལྟ་བུའི་སྐབས་མ་ཡིན་ནོ། །གང་གིས་རང་དབང་དུ་འཛིན་པར་འགྱུར་བ་དྲན་པ་ནི་དོན་འཛིན་པ་ལ་འཇུག་པ་ཡང་མ་ཡིན་ནོ། །དུས་མཚུངས་པ་ གཉིས་དྲན་པས་འཛིན་ཏོ་ཞེ་ན་ནི་དེ་ཐ་དད་པར་རྣམ་པར་དབྱེ་བར་མི་ནུས་པས་ན་གཅིག་ཉིད་དོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་། ཐ་དད་འཛིན་པར་བྱེད་པ་ནི། །དྲན་པ་ཉིད་ཅེས་འདོད་ཡིན་གྱི། །ཉམས་མྱོང་མིན་ཕྱིར་ཐ་དད་དུ། །རིག་པ་འདི་ནི་ཀུན་རྫོབ་ཉིད། །འདི་ལྟར། བསྒྱུར་དང་མ་ བསྒྱུར་སྣང་བ་ལ། །སྣ་ཚོགས་རྟོགས་པ་གཅིག་ཏུ་འགྱུར། །བདག་གིས་ཐ་དད་མཐོང་འགྱུར་དང་། །མཐོང་བར་འགྱུར་ཞེས་དེ་བཞིན་དུའང་། །དེ་འབྲས་ཐ་དད་དེས་འགྱུར་ཏེ། །གཞན་དུ་འཇུག་པ་མེད་པར་འགྱུར། །དེ་ཕྱིར་དེ་ཉིད་དུ་ན་འགར། །ཐ་དད་འཛིན་པ་གྲུབ་པ་མེད། །སྣང་བ་ ཙམ་གྱིས་སྣ་ཚོགས་དང་། །སྣ་ཚོགས་མིན་ཉིད་རྣམ་འབྱེད་མིན། །དེས་ན་རྣམ་འབྱེད་འདི་དག་ཀུན། །སྔ་མའི་རྗེས་སུ་འབྲངས་པ་ཡིན། །འོ་ན་ནི་དྲན་པ་གོམས་པ་ལས་གསལ་བར་འགྱུར་བའི་མངོན་སུམ་གྱིས་ཐ་དད་པ་འཛིན་པ་ཡིན་ནོ་ཞེ་ན། གང་ཞིག་མངོན་སུམ་གྱིས་མ་གྲུབ། ། དེ་ནི་གོམས་ལས་ཇི་ལྟར་ཡིན། །གོམས་པ་ལས་ཀྱང་མཐོང་བ་དེ། །ཅིག་ཅར་དུ་ནི་སྣང་བ་ཡིན། །དེར་ཡང་རྣམ་པར་དབྱེ་བ་དེ། །དྲན་པ་ཉིད་ཀྱིས་བྱས་པར་འདོད། །དེ་ལྟར་ཉམས་མྱོང་ལ་སྣང་བ། །གང་དུའང་ཐ་དད་གྲུབ་པ་མེད། །གལ་ཏེ་དྲན་ལ་དྲན་པ་དང་། །ཉམས་མྱོང་ཡན་འགར་བ་ མྱོང་ན། །དུ་མའི་རང་བཞིན་དེ་ཡང་ནི། །ཕན་ཚུན་རྣམ་དབྱེ་ཡོད་མ་ཡིན། །རང་ངམ་གཞན་གྱིས་དེ་ཉིད་དུ། །རྣམ་དབྱེ་ནུས་པ་མིན་ཕྱིར་རོ། །ལོགས་སུ་གཅོད་པར་མི་ནུས་ཤིང་། །གཞན་དུ་ལྟ་བར་མི་ནུས་གང་། །བླང་དང་དོར་ཉིད་བྱས་ཉིད་ཕྱིར། །ཐ་དད་ན་ཡང་དེས་ ཅི་བྱ། །གལ་ཏེ་མངོན་སུམ་གྱིས་རྟོགས་པ་དང་། དུས་མཉམ་དུ་རྟོགས་པའི་དྲན་པ་ཡང་དེ་དང་ལྷན་ཅིག་གཅིག་ཉིད་དུ་བདག་གིར་བྱེད་ན། མངོན་སུམ་རྟོགས་པ་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ནམ། དེས་ན་མངོན་སུམ་རྟོགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་སྐབས་ཀྱི་ དོན་ཉམས་པ་ན། སྐབས་ལ་བབས་པར་བྱའོ་སྙམ་པ་དེ་འདམ་རྫབ་ཏུ་ལྟུང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ། ཐ་དད་སྨྲ་བ་བརྩམས་ནས་ནི། །དྲན་པ་གཞན་དུ་བརྗོད་པ་ཡིན། །ཐམས་ཅད་རྒྱུ་དང་ངོ་བོ་ཡིན། །དབྱེ་བས་ཐ་དད་པ་ཉིད་ཡིན། །ཐ་དད་པར་སྨྲ་བའི་ལྟར་ན་ནི་རྒྱུ་ཐ་དད་པས་རང་གི་ ངོ་བོ་ཐ་དད་པའི་ཕྱིར་ན། ཐམས་ཅད་ཐ་དད་པ་ཁོ་ནའོ། །དེ་ལ་དྲན་པ་ནི་བག་ཆགས་ཙམ་ལས་སྐྱེས་པ་ཡིན་ལ། དབང་པོའི་ཤེས་པ་ནི་དེ་ལྟ་མ་ཡིན་ནོ། །དྲན་པ་ནི་ལྐོག་ཏུ་གྱུར་བའི་ཡུལ་ཅན་ཡིན་གྱི་དབང་པོ་ལས་སྐྱེས་པའི་རིག་པ་ནི་མ་ཡིན་ཏེ། དེས་ན་འདི་དག་ནི་ཀ་བ་ལ་སོགས་ པའི་ལྟར་ཐ་དད་པའི་ཕྱིར་ན། ཕྱིའི་དོན་དུ་སྨྲ་བ་རང་གི་ཁས་ལེན་པས་རྟོགས་པར་བྱེད་པ་ཡིན་ནོ། །ཐ་དད་པ་མེད་པར་སྨྲ་བ་ལ་ནི་རྣམ་པར་དབྱེ་བ་འདི་ག་ལ་ཡོད་དེ་རྒྱུ་དང་ལྡན་པ་ཉིད་ནི་རིག་པར་མེད་དེ། མངོན་སུམ་གྱིས་དེ་མི་འཛིན་ཕྱིར། །རྗེས་སུ་དཔག་པའང་མངོན་སུམ་ནི། །མེད་ན་འཇུག་པར་ འགྱུར་བ་མིན། །མངོན་སུམ་གྱིས་ནི་སྔ་མ་དང་། །ཕྱི་མའི་དངོས་པོ་གཉིས་འཛིན་པ་མ་ཡིན་ནོ། །འབྲས་བུར་འདོད་པ་འཛིན་པའི་དུས་སུ་ནི། རྒྱུར་མངོན་པར་འདོད་པ་དྲན་པ་ཙམ་དུ་ཟད་ལ། གང་གི་ཚེ་གཟུང་བ་དེའི་ཚེ་ནི་རང་གི་ངོ་བོ་ཁོ་ནར་འཛིན་གྱི་འབྲས་བུར་ནི་མ་ཡིན་ནོ། །འབྲས་བུ་འཛིན་པའི་དུས་ན་ ཡང་འདས་པས་དྲན་པ་ཙམ་གྱི་སྤྱོད་ཡུལ་ཡིན་ནོ། །ཉམས་སུ་མ་མྱོང་བ་དྲན་པ་མ་ཡིན་ལ། རྒྱུ་ཉིད་ཉམས་སུ་མྱོང་བ་ཡང་མེད་པས་ཇི་ལྟར་དྲན་པར་འགྱུར། འོན་ཏེ་འབྲས་བུའི་དུས་སུ་ཡང་དེ་ཉམས་སུ་མྱོང་བ་མི་སྲིད་པའི་ཕྱིར་དུས་མཚུངས་པ་ཡིན་པས་རྣམ་པར་དབྱེ་བར་མི་ནུས་པའི་ཕྱིར་ཐ་མི་དད་པ་ ཉིད་ཡིན་ན། རྒྱུ་དང་འབྲས་བུའི་དངོས་པོར་ག་ལ་འགྱུར། འོན་ཏེ་འདི་ནི་སྔར་ཡང་ཡན་འགར་དུ་