Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 178
Văn bản gốc(Tây Tạng)
Trang 20 / 21 (50.000 ký tự/trang)
ཏོ། །འདི་ལྟར། དོན་དང་བདེ་སོགས་རང་བཞིན་ལ། །འདི་ཞེས་བྱ་བས་འཇུག་པ་གང་། །རང་བཞིན་དངོས་སུ་འཛིན་པ་ན། །དེ་ཀུན་ཡིད་དུ་འདོད་པ་ཡིན། །དེ་ལ་ཡང་རྟོག་པའི་གོ་སྐབས་ནི་ཇི་ལྟར་ཡང་ཡོད་པ་མ་ཡིན་ཏེ། དེས་ན་རྟོག་པ་མེད་པའི་ ཕྱིར་དེ་ནི་མངོན་སུམ་ཉིད་དོ། །གང་གི་ཚེ་རང་རིག་པ་དང་ཡིད་ཀྱི་མངོན་སུམ་གཉི་ག་ཡང་རིག་པ་འགྱུར་བ་དེའི་ཚེ། ཕན་ཚུན་མ་རེག་པའི་ཕྱིར་ཇི་ལྟར་རྣམ་པ་གཉིས་སུ་མ་རྟོགས་ཤེ་ན། འགྱུར་བ་ཉིད་དེ། རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་དམིགས་པའི་ཚུལ་དུ་རྣམ་པ་གཅིག་ཡིན་པར་ཞེན་པས་ན། དེ་ལྟར་ ཐ་སྙད་མི་བྱེད་པ་ཡིན་ནོ། །རང་གིས་རིག་པ་ཉིད་ཡིན་ན་ཇི་ལྟར་དེ་ལ་ཡང་དེ་ལྟར་ཐ་སྙད་མེད་པར་གྱུར་ཅེ་ན། དེ་ལྟར་རྗེས་སུ་དཔག་པ་འཇུག་པའི་ཕྱིར་རོ། །དེ་ལ་ནི་གཟུགས་དང་འབྲས་བུ་ཕྱིར་མཐོང་བས་དེ་གཅིག་ཉིད་དུ་རྗེས་སུ་དཔོག་གོ། །གཉིས་པ་མཐོང་བས་ནི་མ་ཡིན་པའི་ཕྱིར་དེ་གཅིག་ཉིད་དུ་ཐ་སྙད་བྱེད་ དོ། །འོ་ན་འདིར་གཉི་ག་ཡང་མཐོང་བའི་ཕྱིར་གཅིག་ཉིད་ཐ་སྙད་དུ་ཇི་ལྟར་འགྱུར། འདི་ལ་རྗེས་སུ་དཔག་པ་ཡང་མེད་དེ། རང་རིག་པ་ཉིད་ལ་ཡང་རྗེས་སུ་དཔག་པས་ཅི་ཞིག་བྱ། གལ་ཏེ་ཕན་ཚུན་རིག་པ་མེད་པའི་ཕྱིར་ཇི་ལྟར་གཉིས་རིག །སྐྱེས་བུ་གཅིག་ཡོད་པ་དེས་དེ་གཉིས་རིག་གོ་ཞེ་ན་མ་ཡིན་ཏེ། རང་རིག་པ་ ལས་ཐ་དད་པའི་སྐྱེས་བུ་མེད་པའི་ཕྱིར་རོ། །དེ་དག་གིས་ཀྱང་གཉིས་རིག་པ་མ་ཡིན་ནོ། །འོན་ཏེ་གཟུགས་དང་རོ་རིག་པ་བཞིན་དུ་གཉིས་རིག་གོ་ཞེ་ན། རང་རིག་པ་ཉིད་ན་དེར་ཡང་ཇི་ལྟར་ཞེས་བསྟན་པ་ཡིན་ཏེ། གཞན་གྱི་མྱོང་བ་ལ་ཡང་ཐལ་བའི་ཕྱིར་རོ། །དེའི་ཕྱིར་སྣ་ཚོགས་ཀྱི་རྣམ་པའི་རང་རིག་པ་གཅིག་ཉིད་ དོ་ཞེས་འདི་ནི་བསྟན་ཟིན་ཏོ། །འདི་ནི་ཕྱི་རོལ་གྱི་དོན་ལ་བརྟེན་ཏེ། གཟུང་བ་དང་འཛིན་པ་ཡང་ཁས་བླངས་ནས་བརྗོད་པ་ཡིན་ཏེ། དོན་དམ་པར་ནི་ཐམས་ཅད་རིག་པ་ཙམ་ཡིན་གྱི། དབང་པོ་ལ་སོགས་པའི་ཤེས་པའི་ཁྱད་པར་ནི་ཡོད་པ་མ་ཡིན་ནོ། །དབང་པོའི་བྱེད་པ་ཡང་དུས་མཚུངས་པ་ཉིད་དུ་རིག་པའི་ཕྱིར་ གཟུགས་ལ་སོགས་པ་བཞིན་ནོ། །འོན་ཏེ་མིག་ལ་སོགས་པ་ཐ་དད་དུ་རྒྱུ་མ་ཡིན་ནམ་ཞེ་ན། དེ་བཞིན་དུ་ཡིད་དང་རང་རིག་པ་དང་། ཡིད་དང་དབང་པོའི་ཤེས་པ་དག་ཐ་དད་དོ། །འདི་ལ་ཐ་སྙད་མེད་པ་ཡིན་ནམ། ཐ་དད་པའི་ཐ་སྙད་མེད་ཀྱང་། རྗེས་སུ་དཔག་པ་ཡང་ཐ་སྙད་ཉིད་ཡིན་པས་སྐྱོན་མེད་དོ། ། འོ་ན་བདག་ལ་སོགས་པ་ལ་ཡང་རྗེས་སུ་དཔག་པའི་ཐ་སྙད་ཡོད་པ་ཉིད་པས་སྐྱོན་མེད་དེ། དེ་ལྟར་ན་བདག་ལ་སོགས་པ་ལ་ཡང་རྗེས་སུ་དཔག་པའི་ཐ་སྙད་ཡོད་པས་བདག་ལ་སོགས་པ་ཡང་ཡོད་པར་ཐལ་བའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དེ་ལ་གནོད་པར་བྱེད་པའི་ཐ་སྙད་ཡོད་པའི་ཕྱིར་རོ། །དེའི་ཕྱིར་བདེ་ བ་ལ་སོགས་པའི་བདག་ཉིད་ཁྱད་པར་གྱི་རང་བཞིན་ལ་ནི་བརྡ་ནུས་པ་མ་ཡིན་ནོ་ཞེས་བྱ་བ་འདི་གནས་སོ། །གཞན་ཡང་རིག་བྱེད་མིན་དེ་དག །རང་གི་ངོ་བོ་ཅི་ལྟར་རིག །དོན་གཞན་ལ་བརྟེན་རྣམ་ཤེས་ཀྱིས། །རིག་བྱ་ཡིན་ཞེས་འགའ་ཞིག་ཟེར། །རེ་ཞིག་རྣམ་པར་ཤེས་པ་གཞན་རིག་པར་བྱེད་ པ་གང་ཡིན་པ་དེ་ལ་ཡང་རང་རིག་པ་ཡོད་པ་མ་ཡིན་ནོ། །ཅི་ཤེས་ལྡན་རིག་པ་མ་ཡིན་པའི་བདེ་བ་ལ་སོགས་པ་ལ་ཡོད་དམ། གལ་ཏེ་རིག་པར་བྱ་བ་ཡིན་པའི་ཕྱིར། །བདེ་བ་ལ་སོགས་པ་རང་རིག་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་རིག་པ་ཉིད་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རང་རིག་པ་མ་གྲུབ་པའི་ ཕྱིར་རོ། །གཞན་གྱིས་རིག་པ་ཡིན་ན། བུམ་པ་ལ་སོགས་པ་ལྟར་རང་རིག་པ་མ་ཡིན་ནོ། །དེ་ལྟ་ན་འོ་ན་ཐུན་མོང་དུ་རྟོགས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དོན་གཅིག་ལ་འདུ་བའི་ཤེས་པས་རིག་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་ནི་དོན་གཅིག་ལ་འདུ་བའི་ཤེས་པས་མ་ཡིན་ནོ། །དེས་ན་དེ་དག་གཟུང་བའི་ རང་བཞིན་ཡིན་པས་བཏང་སྙོམས་པ་ཉིད་དུ་རིག་པ་ཡིན་ནོ། །བདེ་བ་ལ་སོགས་པ་ཤེས་པ་ལས་ཐ་མི་དད་པ་ཉིད་དུ་རྟོགས་པ་ནི་རྣམ་པར་ཤེས་པའི་རང་བཞིན་ལྟ་བུར་འཛིན་པའི་རྣམ་པ་ཉིད་མ་གཏོགས་པར་དེ་ལ་ཞུགས་པས་རིག་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་ཐལ་བར་མི་འགྱུར་རོ་ཞེས་ཁ་ཅིག་ཟེར་ བ་དེ་དག་གི་ལྟར་ན། དེ་དང་དེ་མིན་རང་བཞིན་དངོས། །དེ་དང་དེ་མིན་དངོས་རྒྱུས་བསྐྱེད། །རྣམ་ཤེས་རྒྱུ་ལས་གཞན་མིན་སྐྱེས། །བདེ་སོགས་དེ་ཅི་ཤེས་མ་ཡིན། །རེ་ཞིག་ཁྱེད་ཀྱི་འདི་མངོན་སུམ་གྱིས་ནི་རྟོགས་པ་མ་ཡིན་ནོ། །རྗེས་སུ་དཔག་པས་རྟོགས་པ་ནི་རྟགས་མེད་པར་མི་འདོད་དོ། །བདེ་བ་ལ་ སོགས་པ་ནི་ཤེས་པ་ལས་ཐ་དད་པར་རྟོགས་པ་མ་ཡིན་ཏེ། དོན་གཅིག་ལ་འདུ་བའི་འགལ་བ་ཡོད་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་རྟགས་མེད་པར་འཇུག་པ་མ་ཡིན་ནོ། །གལ་ཏེ་རྒྱུ་ཐ་དད་པར་བསྟན་པར་ནུས་ན་ནི་འདི་ལ་རྟགས་སུ་འགྱུར་བ་ཡིན་ནོ། །མངོན་སུམ་མ་ཡིན་པའི་རྗེས་སུ་དཔག་པ་ མེད་པར་རྟོགས་པར་ནུས་པ་མ་ཡིན་ནོ། །རྒྱུ་ཐ་དད་པས་ནི་ཐ་དད་པར་མཐོང་བའི་ཕྱིར་རོ། །འབྲས་བུའི་ཐ་དད་པ་ནི་གདོན་མི་ཟ་བའི་ཕྱིར་ཚོགས་པ་ཐ་དད་ལས་ཡིན་ནོ། །འབྲས་བུ་ཐ་དད་པ་ནི་ཐ་དད་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཐལ་བ་དང་དུ་བ་བཞིན་དུ་རྒྱུ་གཅིག་ལས་ཀྱང་འབྲས་བུ་ ཐ་དད་པ་མཐོང་བའི་ཕྱིར་རོ། །བདེ་བ་ལ་སོགས་པའི་དང་ཤེས་པ་ཐ་དད་པའི་སྒྲུབ་པར་བྱེད་པའི་འབྲས་བུ་ཐ་དད་པ་ཡང་དེ་དམིགས་པ་མ་ཡིན་ཏེ། དེའི་ཕྱིར་རྒྱུ་ཐ་དད་པ་ཉིད་བསྟན་པར་བྱ་བ་ཡིན་ན་དེ་ཡང་མེད་དོ། །ཐ་མི་དད་པའི་རྒྱུ་ཅན་དང་ཐ་མི་དད་པའི་རང་བཞིན་དམིགས་པ་ན། ཅིའི་ཕྱིར་ཐ་དད་ཅེས་ཐ་ སྙད་བྱེད་དེ། འདི་ལ་ཚད་མ་ཅི་ཞིག་ཡོད་ཅེས་བྱ་བའི་ཚིག་གོ། །ཡང་ན་གལ་ཏེ་བདེ་བ་ལ་སོགས་པ་དག་ལས་ཤེས་པ་གཞན་ཡིན་ན་བདེ་བ་ལ་སོགས་པ་དང་རྣམ་པར་ཤེས་པའི་རྒྱུ་ཅི་ཡིན། མིག་དང་གཟུགས་དང་ཡིད་ལ་བྱེད་པ་དག་གོ། །དེས་ན་རྣམ་པར་ཤེས་པའི་རྒྱུ་མིག་ལ་སོགས་པ་ལས་བདེ་ བ་ལ་སོགས་པ་སྐྱེ་བ་ཡིན་ནོ། །དེ་ལྟར་ཡིན་དང་དེ་ཅིའི་ཕྱིར་ཤེས་པ་མ་ཡིན་ཏེ། ཅིའི་ཕྱིར་རྣམ་པར་ཤེས་པས་རིག་པ་མ་ཡིན། མེད་པ་ཉིད་དོ་ཞེ་ན་མ་ཡིན་ཏེ། རྣམ་པར་ཤེས་པའི་རྒྱུ་ཉིད་ལས་སྐྱེ་བའི་ཕྱིར་རོ། །འདི་ལྟར་རིག་པར་མི་འགྱུར་བ་ཉིད་ཡིན། ཁྱེད་ཀྱི་ཕྱོགས་ལ་ཡང་ཅིའི་ཕྱིར། དེ་ལྟ་མ་ ཡིན་ཞེ་ན་མ་ཡིན་ཏེ། བག་ཆགས་སད་པའི་ཁྱད་པར་རྒྱུ་ཡིན་པའི་ཕྱིར་རོ། །བག་ཆགས་སད་པའི་རྣམ་པར་དབྱེ་བའི་སྟོབས་ཀྱིས་རྣམ་པར་ཤེས་པ་རེས་འགའ་བདེ་བའི་རང་བཞིན་དང་སྡུག་བསྔལ་དང་རྣམ་པ་གཞན་དུ་མ་ཡིན་པའི་ཕྱིར་མི་འཐད་པ་མེད་དོ། །རྒྱུ་མཚུངས་པ་ཉིད་སྟོན་པ་ནི། དོན་ བཅས་དབང་པོ་རུང་བ་དང་། །བདག་ཉིད་ཅི་ལྟར་སེམས་ཡོད་ན། །བདེ་བ་ལ་སོགས་སྐྱེ་བར་མཐོང་། །ཡིད་ཀྱང་དེ་དང་མཚུངས་པ་ཡིན། །མིག་མེད་པར་ནི་གཟུགས་མཐོང་བའི་བདེ་བ་ཡོད་པ་མ་ཡིན་ལ་ཡིད་འཕྲོག་པའི་གཟུགས་མེད་དམ། མྱ་ངན་ལ་སོགས་པའི་ཡིད་ཉམས་ན་ཡང་མ་ཡིན་ནོ། ། རྣམ་པར་ཤེས་པ་སྐྱེ་བའི་ཚོགས་པ་ཡང་འདི་ཉིད་ཡིན་ཏེ། དེའི་ཕྱིར་ཐ་དད་པ་རྟོགས་པར་བྱེད་པའི་རྒྱུ་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ། །བདག་དང་ཡིད་ཕྲད་པ་རྒྱུ་ཡིན་ལ། གཟུགས་ལ་སོགས་པའི་ཚོགས་པ་ལས་སྐྱེ་བའི་བདེ་བ་ནི་མི་ཤེས་པར་མི་རིགས་སོ། །འོན་ཏེ་དེའི་ཚེ་བདེ་བ་ལ་སོགས་པ་མ་ སྐྱེས་པ་དེས་ན། གདོན་མི་ཟ་བར་མེད་པ་ཤེས་པ་མ་ཡིན་ཏེ། མེད་པ་ནི་གཟུང་བར་མི་ནུས་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། དེ་དག་ཡོད་དང་མེད་པ་ན། །འགའ་ལ་བདེ་ལ་སོགས་དང་བློ། །སྐྱེ་དང་མི་སྐྱེ་མཐོང་དེའི་ཕྱིར། །དེ་ལས་དེ་སྐྱེ་གཞན་ལས་མིན། །གང་གིས་བདེ་བ་ལ་སོགས་པ་རྣམ་པར་ ཤེས་པ་ལས་རྒྱུ་གཞན་ཡིན་པར་རྟོགས་པ། མིག་དང་། གཟུགས་དང་། སྣང་བ་དང་། ཡིད་ལ་བྱེད་པ་མེད་པར་བདེ་བ་ལ་སོགས་པ་སྐྱེ་བ་ལ་བརྟེན་པ་ནི་མ་ཡིན་ནོ། །དེས་ན་རྣམ་པར་ཤེས་པའི་རྒྱུ་ཉིད་བདེ་བ་ལ་སོགས་པའི་རྒྱུ་ཡིན་ནོ། །འོན་ཏེ་ཆོས་ལ་སོགས་པ་དང་དེ་མ་ཡིན་པའམ། ཆོས་ལ་སོགས་ པ་དེ་ཉིད་བདེ་བ་ལ་སོགས་པའི་རྒྱུ་ཡིན་ནོ་ཞེ་ན་དེ་ཡང་མ་ཡིན་ཏེ། འདི་ལྟར་གང་གི་འབྲས་བུ་ལྡོག་པ་ལས་རྒྱུ་གཞན་རྟོག་པའི་གོ་སྐབས་སུ་འགྱུར་བ། མིག་ལ་སོགས་པ་ཡོད་པ་ན་མི་སྐྱེ་བར་མ་མཐོང་ངོ་། །འོན་ཏེ་ལྡོག་པ་མེད་ཀྱང་ཆོས་ལ་སོགས་པ་རྒྱུ་ཉིད་དོ། །བདེ་བ་ནི་འདོད་པ་ཡིན་ལ། སྡུག་ བསྔལ་ནི་མི་འདོད་པ་ཡིན་ཏེ། དེ་ལ་ཆོས་དང་ཆོས་མ་ཡིན་པ་དག་ནི་གདོན་མི་ཟ་བར་རྒྱུ་ཡིན་ནོ། །འདི་ནི་ཚུ་རོལ་མཛེས་པ་མ་གཏོགས་པའི་རབ་ཏུ་སྨྲ་བ་ཐམས་ཅད་ལ་རབ་ཏུ་གྲུབ་པ་ཉིད་དོ་ཞེ་ན་དེ་ཡང་མི་བདེན་ཏེ། ལྡོག་པ་མེད་ཕྱིར་ཆོས་སོགས་ཀྱི། །ནུས་པ་གྲུབ་པ་མེད་པ་ཉིད། །བདེ་བ་ ཙམ་ལ་ཆོས་སོགས་ནི། །ནུས་དང་འདོད་པ་གྲུབ་མ་ཡིན། །ཆོས་ལ་སོགས་པ་ནི་བདེ་བ་ལ་སོགས་པའི་སྒྲུབ་པར་བྱེད་པའི་ཚོགས་པར་བྱེད་པ་ཡིན་གྱི། བདེ་བ་ལ་སོགས་པ་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་དེའི་སྒྲུབ་པར་བྱེད་པ་མེད་ཀྱང་བདེ་བ་ལ་སོགས་པར་ཐལ་བར་འགྱུར་རོ། ། ཅི་སྟེ་ཡང་བདེ་བ་སྒྲུབ་པར་བྱེད་པའི་གཟུགས་ལ་སོགས་པ་ཡོད་ཀྱང་། མྱ་ངན་ལ་སོགས་པས་ནང་གི་བྱད་པའི་ནུས་པ་ཉམས་ན་བདེ་བ་མི་སྐྱེ་སྟེ། དེས་ན་ཆོས་ཉིད་རྒྱུ་ཡིན་གྱི། གཟུགས་ལ་སོགས་པ་ནི་མ་ཡིན་པར་རྟོགས་སོ་ཞེ་ན། དེ་ནི་རིགས་པ་དང་ལྡན་པ་མ་ཡིན་ཏེ་འདི་ལྟར། ཆོས་མིན་ཉིད་ ཀྱིས་མྱ་ངན་ལ་སོགས་པའི་ཚོགས་པ་བསྒྲུབ་པ་ན། དེ་ལས་སྡུག་བསྔལ་སྐྱེ་འགྱུར་གྱི། །ཆོས་མིན་ལས་ནི་སྡུག་བསྔལ་མིན། །ཆོས་མ་ཡིན་པས་ནི་མྱ་ངན་ལ་སོགས་པའི་ཚོགས་པ་ཉིད་སྒྲུབ་པར་བྱེད་ཀྱི་སྡུག་བསྔལ་ནི་མ་ཡིན་ཏེ། དེ་ཡོད་ན་སྡུག་བསྔལ་རང་ཉིད་སྐྱེ་བར་འགྱུར་རོ། །ཡང་ ན་ཆོས་ནི་ཆོས་ལས་བདེ་བ་ཉིད་དང་གཞན་ལས་སྡུག་བསྔལ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་དེས་རིག་པ་ལས་ཐ་དད་དུ་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ག་ལས་ཡིན། ཆོས་ཀྱི་རིག་པ་ལས་ཐ་མི་དད་པའི་བདེ་བ་སྐྱེད་ཀྱང་ཁྱེད་ལ་ནི་ཅུང་ཟད་ཀྱང་གནོད་པ་བྱས་པར་མི་འགྱུར་རོ། །བདེ་བ་ལ་སོགས་ པས་ཁྱེད་ལ་དགོས་པ་ཡིན་ནོ། །དེ་ནི་ཤེས་པ་ལས་ཐ་དད་པ་མ་ཡིན་ཡང་ཁྱེད་ལ་ཚ་བར་ཡང་མི་འགྱུར་རོ། །འོན་ཏེ་རྒྱུ་ཐ་དད་པའི་ཕྱིར་ཐ་དད་དོ་ཞེ་ན། དེ་ཡང་འདོད་པ་ཡིན་ཏེ། གང་གི་ཕྱིར། རྣམ་ཤེས་རྐྱང་པ་ཉིད་ལས་ནི། །བདེ་བའི་རྣམ་ཤེས་ཐ་དད་ཉིད། །གཅིག་ཏུ་ངེས་པར་ཐ་དད་གང་། །དེ་ ནི་རེ་ཞིག་གྲུབ་མ་ཡིན། །ཆོས་དང་ལྷན་ཅིག་པའི་ཚོགས་པ་ནི་དེ་ཉིད་ཀྱི་ཁྱད་པར་ཅན་གྱི་འབྲས་བུ་སྐྱེད་པར་བྱེད་ཀྱི། ཤིན་ཏུ་ཐ་དད་པ་ཉིད་ནི་མ་ཡིན་ཏེ། ཕན་འདོགས་པ་ལྷག་པས་ནི་དེ་ཉིད་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །བུད་ཤིང་རླན་དང་བཅས་པ་ཉིད་ན་དུ་བ་ཐལ་བ་ལས་ཤིན་ཏུ་ཐ་དད་པ་ནི་མ་ཡིན་ ནོ། །དུ་བ་ནི་ཐལ་བ་ལས་ཤིན་ཏུ་ཐ་དད་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པའི་དྲི་མ་ཅན་དུ་བྱེད་པ་ནི། དེ་ལ་ཡང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ལ་སོགས་པ་ལ་ཤིན་ཏུ་ཐ་དད་པར་སྐྱེད་པའི་ནུས་པ་ནི་ཡོད་པ་མ་ཡིན་པའི་ངེས་པར་གཟུང་ངོ་། །དེ་ཉིད་ཀྱི་ཕྱིར་བཤད་པ། དེ་དག་ཉིད་ཀྱི་ཁྱད་པར་ལས། ། བདེ་སྡུག་ལ་སོགས་ཐ་དད་ཡིན། །དཔེར་ན་བློ་དེ་ཉིད་ཀྱི་ནི། །གསལ་དང་མི་གསལ་ཐེ་ཚོམ་བཞིན། །གལ་ཏེ་ཤས་པ་དང་བདེ་བ་ལ་སོགས་པ་རྒྱུ་མཚུངས་པ་ཉིད་ཡིན་ན། རྣམ་པར་ཤེས་པ་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ཙམ་ཉིད་དུ་འགྱུར་གྱི། བདེ་བ་ལ་སོགས་པ་ཐ་དད་པར་གོ་ཅི་ལྟར་འགྱུར་ཞེ་ན། ཚོགས་པ་དེ་ཉིད་ཀྱི་ཁྱད་པར་ལས་ཏེ། འོ་མ་ལ་སོགས་པས་བཅུས་པའི་སྐྱུ་རུ་རའི་འབྲས་བུའི་ས་བོན་ལ་སོགས་པའི་ཚོགས་པ་བཞིན་ནོ། །འོ་མས་བཅུ་བ་ལ་སོགས་པ་ལྷག་པ་ཡོད་ཀྱང་སྐྱུ་རུ་རའི་ས་བོན་སྐྱུ་རུ་ར་དང་མི་མཐུན་པའི་འབྲས་བུ་སྐྱེད་པར་ནི་མི་བྱེད་ཀྱི་འོན་ཀྱང་རང་བཞིན་དེ་ལས་མ་འདས་པའི་ ཁྱད་པར་གཞན་གནས་པར་བྱེད་པ་ཡིན་ནོ། །འོན་ཏེ་ཐ་དད་པ་ཡང་ཅིའི་ཕྱིར་མི་སྐྱེད་ཅེ་ན། ཐ་དད་པ་ཉིད་སྐྱེད་པར་བྱེད་དོ་ཞེས་དེ་སྐད་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །གལ་ཏེ་འབྲས་བུ་སྐྱེད་པར་བྱེད་པའི་ཚོགས་པ་ཐ་དད་པ་ཞེས་བྱ་བར་གྲུབ་ན། དེ་ལྟ་ན་རྒྱུ་ཐ་དད་པར་བསྟན་པར་འགྱུར་རོ། །གཞན་ཡང་ ཤེས་རབ་ལ་སོགས་པ་ཡང་ཆོས་ལ་སོགས་པ་ལས་སྐྱེས་པ་ཡིན་ཏེ། དེས་ན་དེ་དག་ཀྱང་བློ་ལས་ཐ་དད་པར་ཐལ་ལོ། །འོན་ཏེ་ཤེས་རབ་ལ་སོགས་པ་ནི་གོམས་པ་ལ་སོགས་པ་ལས་ཡིན་གྱི། ཆོས་ལ་སོགས་པ་ལས་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་བདེ་བ་ལ་སོགས་པ་ཡང་འདོད་པ་དང་མི་འདོད་པ་ལ་སོགས་ པ་གོམས་པ་ལས་ཡིན་པའི་ཕྱིར་ཆོས་ལ་སོགས་པ་དེ་དག་གི་རྒྱུ་ཉིད་དུ་མི་འགྱུར་རོ། །འདོད་པ་ལ་སོགས་པ་ཉེ་བ་ཉིད་ཆོས་ལས་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་བདེ་བ་ལ་སོགས་པ་ཆོས་ལས་སྐྱེད་པར་མི་འགྱུར་ཏེ། འོན་ཀྱང་ནུས་པ་དང་ལྡན་པའི་ཡིད་ལ་བྱེད་པ་ལ་སོགས་པ་ཉིད་ལས་ཡིན་ནོ། །ནུས་པ་མ་ ཉམས་པའི་ཡིད་ལ་བྱེད་པ་དེ་ནི་ཤེས་པ་ལ་ཡང་རྒྱུ་ཡིན་པའི་ཕྱིར་བདེ་བ་ལ་སོགས་པ་ཚོགས་པ་ཐ་དད་པས་བསྐྱེད་པར་བྱ་བ་མ་ཡིན་ནོ། །ཅི་སྟེ་ཡང་ཤེས་རབ་ལ་སོགས་པ་བདེ་བ་ལ་སོགས་པའི་རྒྱུ་ཆོས་ལ་སོགས་པའི་རྒྱུ་ཅན་ནི་མ་ཡིན་ཏེ། ཤེས་རབ་ཡོད་པར་གྱུར་པ་ལས་བདེ་བ་གང་ཡིན་པ་དེ་ཉིད་ཆོས་ ལ་སོགས་པའི་རྒྱུ་ཅན་ཡིན་ནོ། །དེས་ན་བདེ་བ་ལ་སོགས་པ་རྒྱུ་མཚུངས་པ་ཅན་དུ་མ་གྲུབ་བོ་ཞེ་ན། དེ་ཡང་ལེགས་པར་བརྗོད་པ་མ་ཡིན་ཏེ། འདི་ལྟར། ཤེས་རབ་ལ་སོགས་ཆོས་སོགས་ལས། །མ་ཡིན་བདེ་སོགས་དེ་དག་ཅེས། །ཚད་མ་གང་ལས་ཁྱེད་ཅག་གི། །དེ་ནི་འགྲུབ་པར་འགྱུར་བ་ ཡིན། །ཚད་མས་མ་གྲུབ་པའི་རང་གི་ལུགས་ཀྱི་སྤྲོས་པ་བསྟན་པ་ཙམ་ནི་ཕ་རོལ་པོ་དག་དགའ་བར་བྱེད་པ་མ་ཡིན་ནོ། །ཤེས་རབ་ལ་སོགས་པ་ནི་ཆོས་ལས་གཞན་ལས་མི་འགྱུར་རོ། །ཆོས་མེད་ཀྱང་གོམས་པ་ལས་མཐོང་ངོ་ཞེ་ན་མ་ཡིན་ཏེ་ཆོས་མེད་ན་གོམས་པ་དེ་ཉིད་འབྲས་བུ་དང་བཅས་ པར་མི་འཐད་པའི་ཕྱིར་རོ། །བླུན་པའི་ཕྱིར་འབྲས་བུ་མེད་དོ་ཞེ་ན། འོ་ན་ནི་བདེ་བ་ལ་སོགས་པ་ཡང་རྒྱུན་གྱི་ཁྱད་པར་ཉིད་ལས་སྐྱེས་པ་ཡིན་ནོ། །འདི་ལྟར། ངོ་བོ་ཉིད་ཀྱིས་མ་ཡིན་ལ། །ཕོངས་རྒྱུ་ཐམས་ཅད་ཡོད་ན་ཡང་། །སྔོན་གོམས་ལས་ཞུགས་རྒྱུད་ཀྱི་ནི། །ཁྱད་པར་ཉིད་ལས་བདེ་བ་ཡིན། ། བདེ་བ་ནི་ངོ་བོ་ཉིད་ཀྱི་ཁྱད་པར་གྱིས་གོམས་པ་ལས་ཡིན་ཏེ། དམ་པ་མ་ཡིན་པ་ཉེས་པར་སྤྱོད་པ་རྣམས་ལ་ཡང་མཐོང་བའི་ཕྱིར་དང་ཆོས་ཡོད་ཀྱང་མཉམ་པ་ཉིད་མཐོང་བ་ལ་མེད་པའི་ཕྱིར་རོ། །མཉམ་པ་ཉིད་གོམས་པ་ལས་ཕྱིན་ཅི་ལོག་དང་ལྷན་ཅིག་པའི་ཆོས་ཉིད་ལས་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ འོ་ན་ཆོས་ནུས་པ་མེད་དོ། །གོམས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དང་ཤེས་རབ་ལ་སོགས་པ་བཞིན་དུ་བདེ་བ་ལ་སོགས་པ་བློའི་རང་བཞིན་ཉིད་ཡིན་ནོ། །གལ་ཏེ་བདེ་བ་ལ་སོགས་པ་ནི་ཡིད་ལ་སོགས་པ་ལས་སྐྱེ་བ་ཡིན་ལ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རྒྱུ་ཅན་ གོམས་པ་ཞེས་བྱ་བའི་འདུ་བྱེད་ལས་སྐྱེས་པ་མ་ཡིན་ནམ། དེས་རྒྱུ་ཐ་དད་དོ་འདི་ལྟར། །བདག་གིས་མཐོང་བ་གང་ཡིན་ཏེ། །འདི་ཞེས་རང་བཞིན་རྣམ་ཤེས་ནི། །སྔོན་གྱི་འདུ་བྱེད་ལས་བྱུང་ཕྱིར། །བདེ་སོགས་ལ་འདི་ཡོད་དམ་ཅི། །དེ་ནི་མ་ཡིན་ཏེ། བདེ་བ་ལ་སོགས་པ་ལ་ཡང་འདི་རྒྱུ་ཡིན་ པའི་ཕྱིར་རོ། །འདི་ལྟར་བདེ་བ་ལ་སོགས་པ་ལ་ཡང་གོམས་པའི་སྟོབས་ཉིད་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །ཅི་སྟེ་ཡང་ཡིད་ཀྱི་བདེ་བ་ལ་སོགས་པ་ཉིད་འདུ་བྱེད་ལས་འབྱུང་གི་དབང་པོ་ལས་སྐྱེས་པ་ནི་མ་ཡིན་ནོ་སྙམ་ན། དེ་ལྟ་ན་ནི་འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་ ཉིད་འདུ་བྱེད་ལས་ཡིན་པའི་ཕྱིར་འདི་མཚུངས་སོ། །འོན་ཏེ་དབང་པོ་ལས་སྐྱེས་པའི་རྣམ་པར་ཤེས་པ་ལ་ཡང་གསལ་བ་ལ་སོགས་པའི་ཁྱད་པར་གོམས་པ་ལས་ཡིན་ནོ་ཞེ་ན། འོ་ན་ནི་བདེ་བ་ལ་སོགས་པ་དབང་པོ་ལས་སྐྱེས་པ་རྣམས་ཀྱི་གསལ་བ་ལ་སོགས་པ་ཡང་དེ་ཉིད་ལས་ཡིན་པའི་ཕྱིར་ མཚུངས་སོ། །གཞན་ཡང་བདེ་བ་ལ་སོགས་པ་ནི་ཐམས་ཅད་ཡིད་ཉིད་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གལ་ཏེ་དངོས་པོ་འགའ་ཞིག་གཟུང་བ་ལ་ཡང་དེ་ཉིད་ལ་ཤེས་པ་ཡང་ནས་ཡང་དུ་སྐྱེ་བའི་མཚན་ཉིད་གོམས་པའི་སྟོབས་ལས་རྣམ་པར་ཤེས་པ་གསལ་བར་རིག་པ་ཡིན་ནོ། །གལ་ཏེ་བདེ་ བ་ལ་སོགས་པ་རྣམས་ཀྱང་ཤེས་པ་གཞན་གྱིས་འཛིན་ན་དེའི་ཚེ། དེ་འཛིན་པ་གསལ་བར་འགྱུར་བ་རིག་པ་ཡིན་ན། རང་རིག་པའི་ཕྱོགས་ལའོ། །གོམས་པར་བྱེད་པ་ཅི་འདྲ་བ་ཞིག་ཡིན། འདི་ལྟར། གལ་ཏེ་རིག་པ་སྐྱེ་ན་ནི། །དེ་ལ་བསྒོམ་པ་ཅི་འདྲ་ཞིག །རིག་པ་མ་སྐྱེས་ཤེ་ན་ཡང་། །དེ་ལ་བསྒོམ་པ་ཅི་ འདྲ་ཞིག །གཞན་དང་གཞན་པའི་བདེ་བ་རིག་པ་སྐྱེ་བའི་ཕྱིར་གོམས་པར་རིག་པ་མ་ཡིན་ནོ། །གལ་ཏེ་ཡང་དང་ཡང་དུ་དེ་ཉིད་དམིགས་པ་དེའི་ཚེ། གོམས་པར་ཐ་སྙད་བྱེད་པ་ཡིན་ནོ། །དོན་གཅིག་ཉིད་ཡིན་པས་དེ་ལ་རྣམ་པར་ཤེས་པ་གཞན་དང་གཞན་གྱིས་མྱོང་བ་ན་གོམས་པར་རིག་པ་ ཡིན་ནོ་ཞེ་ན་གལ་ཏེ་བདེ་བ་ཡང་ཅིའི་ཕྱིར་གཅིག་མ་ཡིན་ལ། ཡང་ནས་ཡང་གི་དོན་ཅི་ཡིན། །དོན་ནི་གཅིག་ཡིན་ཡང་། ཡང་ནས་ཡང་གི་དོན་ཉམས་སུ་མྱོང་བ་འཇུག་པས་བྱས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་ཤེས་པ་ཐ་དད་ན། །ཡུལ་གཅིག་ཡིན་པ་ག་ལ་རྟོག །གལ་ཏེ་ངོ་ཤེས་ ལས་ཤེ་ན། །བདེ་སོགས་ལ་འདི་མེད་དམ་ཅི། །གལ་ཏེ་བདེ་བ་གཅིག་མ་ཡིན་པས་དེ་ལྟར་ངོ་ཤེས་པར་འགྱུར། ཡུལ་ལ་ནི་ཤེས་པ་ཐ་དད་ཀྱང་དེ་གཅིག་པའི་ཕྱིར་རིག་པ་ཡིན་ནོ་ཞེ་ན། ངོ་ཤེས་པ་ནི་ཡུལ་ལས་བྱུང་བ་ཅན་མ་ཡིན་ཏེ། འོན་ཀྱང་དམིགས་པ་ལས་བྱུང་བ་ཅན་ཡིན་ནོ། །ཤེས་ པ་ཐ་དད་པ་ལ་ནི་གཅིག་པའི་དམིགས་པ་མ་ཡིན་ནོ། །ཤེས་པ་ལ་ཡང་ངོ་ཤེས་པར་ཅི་ལྟར་འགྱུར། །དེ་ལ་དོན་དམ་པར་ནི་ངོ་ཤེས་པ་མེད་དོ། །དོན་གཅིག་པས་ན་དེ་གཅིག་ཏུ་སྒྲོ་བཏགས་ནས་ཤེས་པ་གཅིག་པ་ཞེས་ཐ་སྙད་དུ་བྱེད་དོ་ཞེ་ན། འདིར་དཔྱད་པར་བྱ་སྟེ། ཅི་འདི་ཤེས་པ་རང་རིག་པ་ཞེས་བྱ་ བའི་ཕྱོགས་བརྗོད་དམ། འོན་ཏེ་ཤེས་པ་གཞན་གྱིས་རིག་པར་བྱ་བའམ། འོན་ཏེ་དོན་གྱིས་གོ་བས་རིག་པར་བྱ་བ་ཡིན། དེ་ལས་ཅིར་འགྱུར། གལ་ཏེ་རང་རིག་ལ་བརྟེན་ནས། །ཅི་ལྟར་ངོ་ཤེས་འགྱུར་བ་ཡིན། །ཐ་དད་མཐོང་ལ་དེ་ཉིད་ཀྱི་ཚེ་ན་གཅིག་ཏུ་འཁྲུལ་པ་མ་ཡིན། རང་རིག་པའི་ཕྱོགས་ ཡོངས་སུ་གསལ་བར་ཐ་དད་པར་རིག་པ་ལ། ཅི་ལྟར་ཡུལ་ཐ་དད་པ་དག་ཀྱང་དེ་ཉིད་ཀྱི་ཚེ། དེས་བྱས་པའི་རྣམ་པ་འཁྲུལ་པར་འགྱུར། ཤེས་པ་གཞན་གྱིས་རིག་པ་ལ་ཡང་འདི་མཚུངས་སོ། །དོན་གྱིས་གོ་བས་རིག་པ་ལ་ནི་དོན་དང་རྗེས་སུ་མཐུན་པར་ཤེས་པ་རྟོག་པ་ཡིན་ཏེ། དེས་ན་ཤེས་པ་ཡང་ཐ་ དད་པ་མེད་པ་ཉིད་དུ་བརྟག་པར་བྱ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་མི་འཐད་པའི་ཕྱིར་དོན་གྱིས་གོ་བ་ཡིན་ནོ། །དོན་གྱི་རིག་པ་ཙམ་ཉིད་ནི། །རིག་པ་ཙམ་དུ་འཇོག་པ་ཡིན། །དོན་གཅིག་ཉིད་ནི་དུ་མ་ཡིས། །གཟུང་བ་མིན་ཕྱིར་གཅིག་ཏུ་བརྟག །དུས་གཞན་དང་གཞན་དུ་འབྱུང་བའི་རྣམ་པར་ཤེས་པ་དུ་མ་རང་ གི་དུས་ཀྱི་དོན་ཡོངས་སུ་གཅོད་པས་ནི་སྔ་མ་དང་ཕྱི་མར་འབྱུང་བའི་དོན་གཅིག་ཡིན་ནོ་ཞེས་རྟོགས་པར་ནུས་པ་མ་ཡིན་ཏེ། གཅིག་གིས་བྱེད་པ་མེད་པའི་ཕྱིར་དང་། ཚོགས་པ་ཡང་མེད་པའི་ཕྱིར་རོ། །བདག་གཅིག་དེ་ནི་མཚམས་སྦྱོར་ཅན། །དེ་ལ་དྲན་པ་ཡོད་ཕྱིར་ཏེ། །འདི་ཡི་ནུས་པ་དྲན་པ་དང་། ། མཚམས་སྦྱོར་བ་ལའང་ཡོད་པ་ཡིན། །དེ་ནི་དེ་ལྟ་མ་ཡིན་ཏེ། །བདག་ནི་རྟོག་པའི་རང་བཞིན་ལ། །འདི་ནི་རིགས་ལྡན་མིན་པར་མཐོང་། །གཅིག་པུ་ཡི་ནི་རང་བཞིན་འདི། །ཟློས་པ་ཚད་ལྡན་ཅི་ལྟར་ཡིན། །བདག་ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་ལ་སྐྱོན་འདི་མེད་དོ་ཞེ་ན། རང་ བཞིན་གང་གིས་ཐ་མི་དད་པའི་རང་བཞིན་དེས་ནི་ངོ་ཤེས་པ་མ་ཡིན་ནོ། །སྣ་ཚོགས་ཀྱི་དབྱེ་བས་ཐ་དད་པའི་ཕྱིར་ཤེས་པ་ཐ་དད་པ་ནི་དེ་དང་ཐ་མི་དད་པའི་ཐ་དད་པ་ཉིད་དོ། །རང་བཞིན་གང་གིས་ཤེས་པ་ལས་ཐ་དད་པའི་རང་བཞིན་དེས་ནི་གཅིག་ཉིད་ཡིན་ཏེ། དེས་ན་ཟློས་པ་ཡོད་པ་མ་ཡིན་ནོ། །འོན་ ཏེ་བདག་རྟོགས་པ་མ་ཡིན་པའི་རང་བཞིན་ཡིན་ན། དེའི་ཚེ་དེ་ཤེས་པས་རྟོགས་པར་བྱེད་པ་ཡིན་ལ། དེའང་ཐ་དད་པའི་ཕྱིར་ཅི་ལྟར་དེས་ཐ་མི་དད་པ་འཛིན་པ་ཡིན་ན། དེའི་ཕྱིར་ཤེས་པ་ཐ་དད་ན་གཅིག་ཉིད་འཛིན་པར་མི་འཐད་པའི་ཕྱིར། དོན་གྱིས་གོ་བས་ཤེས་པ་གཅིག་ཉིད་དུ་བརྟག་པར་བྱའོ། ། འོ་ན་དོན་གྱིས་གོ་བས་ཤེས་པ་ཐ་དད་པ་འཛིན་པ་དེ་ལྟ་ན་ཡང་ཤེས་པ་གཅིག་ཏུ་མི་རྟོགས་པ་དེས་ན་ཅི་ལྟར་ངོ་ཤེས་པ་ཡིན། འོན་ཏེ་དུ་མ་འཕྲིགས་པ་ངོ་ཤེས་པ་ཡིན་ན། དེ་ལྟ་ཡིན་ན་བདེ་བ་ལ་སོགས་པ་ཡང་ཡིན་པས་དེའི་ཕྱིར་གཅིག་ཉིད་ཀུན་རྫོབ་ཏུ་ཡོད་པའི་ཕྱིར། དེ་ཉིད་ལ་ཡང་ནས་ཡང་ དུ་གོམས་པར་བྱེད་པས་བདེ་བ་ལ་སོགས་པའི་གསལ་བ་ལ་སོགས་པའི་ཁྱད་པར་ནི་གོམས་པ་ལས་འགྱུར་བ་ཡིན་ནོ། །གོམས་པ་ལས་སྐྱེས་པའི་བདེ་བ་ལ་སོགས་པ་ཡང་རྟོགས་པའི་རང་བཞིན་བདག་ཉིད་དོ། །གོམས་པ་ལས་འགྲོ་བ་ལ་སོགས་པ་ཡང་བསྒྱིངས་པ་ལ་སོགས་པའི་རང་བཞིན་དུ་འགྱུར་བ་མ་ ཡིན་ནམ། དེ་དག་ནི་བློའི་རང་བཞིན་ཡང་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། རྟོགས་མིན་རང་བཞིན་གོམས་པ་ལས། །རྟོགས་པ་མ་ཡིན་ཉིད་འབྱུང་འགྱུར། །དེ་བཞིན་རྟོགས་པའི་རང་བཞིན་ནི། །གོམས་པས་ཅིའི་ཕྱིར་རྟོགས་དངོས་མིན། །ཤེས་རབ་ལ་སོགས་པ་ཡིན་ནོ། །ཅི་སྟེ་ཡང་རྟོགས་ པའི་རང་བཞིན་གོམས་པ་ཞེས་བྱ་བ་ཅི་རང་རིག་གོམས་པ་ཡིན་ནམ། འོན་ཏེ་རྟོགས་པའི་རང་བཞིན་གྱིས་བཟུང་བའི་དོན་གོམས་པ་ཡིན། གལ་ཏེ་རང་རིག་གོམས་པ་ཡིན་ན་རང་རིག་དེ་ནི་མ་གྲུབ་བོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན། དེ་མ་ངེས་པ་ཉིད་སྲིད་པས་མི་འཐད་པ་ཉིད་དེ། རྟོགས་ པའི་རང་བཞིན་གྱིས་བཟུང་བའི་འགྲོ་བ་ལ་སོགས་པ་གོམས་ཀྱང་འགྲོ་བ་ལ་སོགས་པ་རྟོགས་པའི་རང་བཞིན་ཉིད་དུ་དམིགས་པ་མེད་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། གང་ཞིག་ཅི་འདྲ་གོམས་འགྱུར་བ། །དེ་ནི་དེ་བཞིན་ཉིད་འགྱུར་ཏེ། །བདེ་སོགས་ནང་གི་མྱོང་བ་ནི། །གོམས་པའི་འབྲས་བུ་དེ་བཞིན་ ཉིད། །བདེ་བ་ལ་སོགས་པ་ནི་ནང་གི་མྱོང་བའི་རང་བཞིན་དུ་དམིགས་སོ། །བེམས་པོའི་རང་བཞིན་ཡིན་ཡང་དོན་གཅིག་ལ་འདུ་བས་དེ་ལྟར་དམིགས་སོ་ཞེས་བྱ་བ་འདི་ཡང་རིགས་པ་ལ་བརྟེན་པའི་དགའ་བ་ཐོབ་པ་མ་ཡིན་ནོ། །དེས་ན་རང་རིག་པ་ཉིད་གོམས་པར་བྱས་པ་དེའི་ཕྱིར། གོམས་པ་ རབ་ཏུ་གྱུར་པ་ནི་དེ་ལྟ་བུར་གྱུར་པ་ཉིད་སྐྱེའོ། །འོ་ན་དང་པོ་ནི་རང་རིག་པ་མེད་པར་འགྱུར་རོ་ཞེ་ན། རིགས་གང་ག་ལས་ཞེས་བྱ་བས་དེ་ཡང་དེ་ལྟ་བུ་ཡིན་པའི་ཕྱིར་རོ། །དེའི་བསྒོམས་པའི་སྟོབས་ལས་སྐྱེས་པ་ནི་ཤེས་རབ་ལ་སོགས་པ་བཞིན་དུ་མྱོང་བའི་ངོ་བོ་ཉིད་དོ་ཞེས་གནས་སོ། །འདིས་ནི། དེ་དང་ དེ་མིན་རང་བཞིན་དངོས། །དེ་དང་དེ་མིན་དངོས་རྒྱུས་བསྐྱེད། །རྣམ་ཤེས་རྒྱུ་ལས་གཞན་མིན་སྐྱེས། །གཟུགས་སོགས་དེ་ཅིས་ཤེས་མ་ཡིན། །ཞེས་བྱ་བ་དེ་ཡང་སྤངས་པ་ཡིན་ནོ། །འདིའི་དོན་ནི་འདི་ཡིན་ཏེ། །མིག་དང་ཡིད་ལ་བྱེད་པ་དང་། །མདུན་ན་གནས་པའི་ཤིང་རྟ་ལ་སོགས་པའི་ཚོགས་ པ་མཚུངས་པ་ཅན་དག་ཕན་ཚུན་ལྷན་ཅིག་བྱེད་པ་ཉིད་ཀྱིས་སྐྱེད་པ་ན་ཐམས་ཅད་རྟོགས་པའི་རང་བཞིན་ནམ་རྟོག་པ་མ་ཡིན་པའི་རང་བཞིན་དུ་འགྱུར་རོ། །དེ་ལ་གཙོ་བོ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ། །རྟོགས་པ་དང་རྟོགས་པ་མ་ཡིན་པའི་རང་བཞིན་གྱི་འབྲས་ བུ་ལ་ནུས་པ་མཐོང་བ་ཅན་གྱི་གཟུགས་ལ་སོགས་པའི་ཚོགས་པ་དེ་ནི་གཞན་དུ་བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་ཀྱིས་མ་ངེས་སོ་ཞེ་ན་མ་ཡིན་ཏེ། གཏན་ཚིགས་ཀྱི་དོན་གཞན་དུ་བརྗོད་པར་འདོད་པའི་ཕྱིར་རོ། །ཅི་ལྟར་བསྒོམ་པ་འཕེལ་བ་ལས། །སྐྱེས་པའི་ཤེས་རབ་ལ་ སོགས་བཞིན། །བདེ་བ་ལ་སོགས་རྒྱུ་དེ་ལས། །དེ་ལྟར་རང་རིག་ཅིས་མ་ཡིན། །གང་ཅི་ལྟར་གོམས་པ་དེ་ལྟ་བུ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ཚད་མའི་དོན་ཏོ། །གཟུགས་ལ་སོགས་པ་དག་ནི་རང་གི་རང་བཞིན་དུ་གོམས་པར་མི་སྲིད་དོ། །རེ་ཞིག་ཤེས་རབ་ལ་སོགས་པའི་ཁྱད་པར་དོན་གྱིས་གོ་ བས་རྟོགས་པར་བྱ་བ་ཡིན་པ་དེས་དེ་བདག་དང་འདུ་བ་ཡིན་ནོ་ཞེས་ཅི་ལྟར་རྟོགས་པར་བྱ། དོན་གྱིས་གོ་བས་ནི་གང་མེད་པར་གང་མི་འཐད་པ་དེ་རྟོགས་པ་འབའ་ཞིག་ཏུ་ཟད་དོ། །བདག་དང་འདུ་བ་ཅན་དང་། རྟོགས་པའི་རང་བཞིན་མེད་པའི་ཕྱིར་མི་འཐད་པ་ཅུང་ཟད་ཀྱང་ མེད་དོ། །འོན་ཀྱང་གང་གི་ཕྱིར་དོན་ལྐོག་ཏུ་གྱུར་པ་མ་ཡིན་པར་འགྱུར་བ་གཞན་འགའ་ཞིག་ཀྱང་ཡོད་དགོས་སོ་ཞེས་བྱ་བ་ཙམ་དུ་འགྱུར་རོ། །དེས་ན་ཅི་ལྟར་བདག་དང་འདུ་བ་ཅན་ལ་སོགས་པར་རྟོགས། དེའི་ཕྱིར་གང་གིས་ནང་ཉིད་དུ་རྟོགས་པར་འགྱུར་བ་བདག་གིས་འདི་ལྟར་རྟོགས་སོ་ ཞེས་སྐྱེ་བོས་རྟོགས་པ་ནང་ཉིད་དུ་གོམས་པར་བྱས་པ་ཡིན་ནོ་ཞེས་བྱ་བ་ལན་ཡིན་ནོ། །གང་དག་བློ་བློ་གཞན་གྱི་མངོན་སུམ་ཡིན་པར་སྨྲ་བ་དེ་དག་གི་ལྟར་ན་ཡང་། དེ་བདག་དང་འདུ་བ་ཅན་དང་རྟོགས་པའི་རང་བཞིན་དུ་སྣང་ངོ་ཞེས་གདོན་མི་ཟ་བར་ཁས་བླངས་ཏེ། དེ་ལྟ་མ་ཡིན་ན་དོན་གཞན་ཙམ་ཁོ་ ནར་འགྱུར་གྱི་འཛིན་པར་བྱེད་པ་ཉིད་དུ་ནི་མི་འགྲུབ་པ་ཁོ་ནའོ། །དེའི་ཕྱིར་འདི་མངོན་སུམ་གཞན་ལ་དེ་ལ་གནས་པ་འཛིན་པའི་རང་བཞིན་དུ་སྣང་བའི་ཡིན་ནོ། །དེ་ལྟ་ཡིན་དང་དེ་ལ་ཡང་དོན་དེ་སྣང་བར་འགྱུར་ན། ཞིག་པ་ཅི་སྣང་བར་འགྱུར། བློ་འབའ་ཞིག་སྣང་ན་འཛིན་པར་བྱེད་པ་པོར་ཅི་ལྟར་སྣང་། བདག་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་བཤད་པ་ན། བདག་དང་འདུ་བ་ཉིད་དམ། དེའི་བདག་ཉིད་སྒྲོ་འདོགས་པ་ཐོག་མ་མེད་པའི་དུས་ཅན་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ལན་དུ་འགྱུར་རོ། །དེ་ལྟ་ཡིན་དང་དུས་དེ་ལྟ་བུ་ཉིད་དུ་གོམས་པའི་སྟོབས་ལས་སྐྱེས་པའི་ཤེས་རབ་ལ་སོགས་པའམ་བདེ་བ་ ལ་སོགས་པའི་ཡང་རྟོགས་པའི་རང་བཞིན་ཁོ་ནའོ། །གལ་ཏེ་དེ་ལྟ་ནའང་གཞན་དག་བློ་ལ་སོགས་པ་མྱོང་བའི་རང་བཞིན་དུ་ཁས་མི་ལེན་པ་མ་ཡིན་ནམ་ཞེ་ན། གལ་ཏེ་མྱོང་བ་མ་ཡིན་ན་མངོན་སུམ་ཉིད་དང་ནང་ཉིད་དུ་མི་འགྱུར་རོ་ཞེས་བསྟན་ཟིན་ཏོ། །རང་རིག་པ་ཡིན་ན་ནི་དེ་ལྟ་བུར་གྱུར་པའི་ བདག་ཉིད་དང་། དོན་ཡང་གསལ་བར་བྱེད་པའི་གསལ་བ་དེ་ཡོང་པ་ཡིན་པས་འདི་ཉིད་རིགས་པ་ཡིན་ནོ། །ཅི་སྟེ་བདེ་བ་ལ་སོགས་པ་གོམས་པའི་སྟོབས་ལས་སྐྱེ་བ་ཅན་ཡིན་ཡང་བདག་དང་འདུ་བ་ཅན་ཁོ་ན་ཡིན་པས་དོན་གཅིག་ལ་འདུ་བ་ཅན་གྱི་རྣམ་པར་ཤེས་པས་གཟུང་བ་ཡིན་ནོ། །དེས་ན་ རྟོགས་པ་དང་འདྲེས་པ་ཉིད་ཀྱིས་རྟོགས་པའི་རང་བཞིན་དུ་སྣང་གི་རྟོགས་པའི་ངོ་བོ་ཉིད་ཡིན་པས་ནི་མ་ཡིན་ནོ་ཞེས་དེ་ལྟར་ཅི་སྟེ་མི་རྟག་ཅེ་ན། འདི་ལ་བརྗོད་པ། ཐོག་མེད་གོམས་པའི་ངོ་བོ་ལས། །འདི་ནི་དེ་ལྟར་ཡིན་ཞེས་གནས། །དེ་ལས་ཚུལ་གཞན་རྣམ་རྟོག་ནི། །འཇིག་རྟེན་གྱིས་ནི་ངེས་པ་མེད། ། བསྒོམས་པའི་སྟོབས་ལས་དེ་ལྟར་སྐྱེས་སོ་ཞེས་རྟོགས་པའི་གང་ཡིན་པ་དེ་ལ་འདི་ནི་འདི་དང་འདི་ལྟ་བུ་ཡིན་ནོ་ཞེས་ལུགས་གཞན་འཇིག་རྟེན་ལ་སྐྱེ་བ་འདི་མི་ཐོབ་བོ། །འོན་ཀྱང་འདི་ཅི་ལྟར་བསྒོམས་པའི་སྟོབས་ལས་མཐོང་བ་དེ་ནི་དེ་ཁོ་ན་ལྟར་ཡིན་ནོ་ཞེས་ཐ་སྙད་དུ་བྱེད་དོ། །དོན་གཅིག་ལ་འདུ་བར་ བརྟགས་པ་ལ་དགོས་པ་ཡང་ཅི་ཞིག་ཡོད། གལ་ཏེ་བདག་ལ་འདུ་བར་མི་འདོད་ན། འོ་ན་བདེ་བ་དེ་སུའི་ཡིན་ཞེ་ན། དེ་ལྟ་ན་འོ་ན་གལ་ཏེ་དེ་གཞན་དུ་འདུ་བར་མི་འདོད་ན་བདག་དེ་སུའི་ཡིན། བདག་ནི་རང་དབང་རྟག་པའི་ཕྱིར། །གཞན་ལ་ཅི་ལྟར་དེར་རག་ལས། །བདེ་སོགས་རྣམས་ནི་མི་ རྟག་པས། །གཞན་ལ་རག་ལས་ཡིན་པར་རྟོག །བདག་ནི་རྟག་པས་ན་རང་དབང་ཡིན་པའི་ཕྱིར། མི་བརྟེན་པར་འཐད་པས་དེ་ལྟར་འཐད་ཀྱི་བདེ་བ་ལ་སོགས་པ་ནི་ཡོན་ཏན་དང་མི་རྟག་པ་ཡིན་ཏེ། དེའི་ཕྱིར་དེ་དག་ནི། གདོན་མི་ཟ་བར་བརྟེན་པ་ཉིད་དུ་འགྱུར་དགོས་སོ་ཞེ་ན་དེ་ནི་མི་བཟང་སྟེ། འདི་ལྟར། རྟེན་ཡོད་ན་ནི་ཡོན་ཏན་ཡིན། །ཡོན་ཏན་ཡོད་ནའང་རྟེན་གནས་ཏེ། །དེ་ལྟར་ཕན་ཚུན་བརྟེན་པའི་ཕྱིར། །གཅིག་ཀྱང་རྣམ་པར་གནས་མི་འགྱུར། །གལ་ཏེ་དང་པོ་ཡོན་ཏན་ཉིད། །གྲུབ་ན་དེའི་ཚེ་ཡོན་ཏན་བརྟེན་པ་ཡིན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་རྟོག་པ་འཇུག་པ་ཞིག་ན། དེ་ནི་མ་གྲུབ་སྟེ། གྲུབ་ པ་ནི་གཞན་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །རྟེན་དང་བརྟེན་པའི་དངོས་པོ་ནི་འགའ་ཡང་མེད་དོ་ཞེས་འདི་ནི་བསྟན་ཟིན་ཏོ། །གཞན་ཡང་བདག་ནི་རང་དབང་ཡིན་ཏེ། རྟག་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ནི་མ་ཡིན་ཏེ། བཟློག་པའི་ཕྱིར་རོ་ཞེས་བརྗོད་པ། མི་རྟག་ན་ཡང་རྒྱུ་ལས་ནི། །སྐྱེས་པའི་ཕྱིར་ ན་ལྟོས་པ་མེད། །དེ་ལ་བྱ་རྒྱུ་མེད་པའི་ཕྱིར། །གཞན་ལ་ཇི་ལྟར་རག་ལས་འགྱུར། །གལ་ཏེ་མ་སྐྱེས་པ་ཉིད་ཡིན་ན་དེ་ཅི་ལྟར་གཞན་ལ་རག་ལས། འོན་ཏེ་རྒྱུ་འགའ་ཞིག་ལས་སྐྱེས་ན་དེ་ལྟ་ན་ཡང་དེ་གཞན་ལ་རག་ལས་པ་ཅི་ཡོད། རང་གི་འབྲས་བུ་སྐྱེད་པ་ལ་གཞན་ལ་རག་ལས་སོ་ཞེ་ན་དེའི་རང་གི་ འབྲས་བུ་བསྐྱེད་པ་ནི་རང་གི་རྒྱུ་ཉིད་ལས་ཡིན་པའི་ཕྱིར་གཞན་ལ་རག་ལས་པ་ཉིད་དུ་མི་འཐད་དེ། སྤྲོས་པས་ཆོག་གོ། །དེའི་ཕྱིར་བདེ་བ་ལ་སོགས་པ་ཉིད་རང་དབང་ཡིན་ལ་རག་མོད། རྟེན་བདག་བརྟགས་པས་ཅི་ཞིག་བྱ། བདེ་བ་ལ་སོགས་པ་རང་རིག་པ་མ་ཡིན་ན། ཕན་འདོགས་པར་བྱེད་པ་ཉིད་དུ་ཡང་ཅི་ལྟར་འགྱུར། དོན་གཅིག་ལ་འདུ་བ་ཅན་གྱི་རྣམ་པར་ཤེས་པས་མྱོང་བར་འགྱུར་རོ་ཞེ་ན་འདིར་སྨྲས་པ། ཅི་དོན་གཅིག་ལ་འདུ་བ་ཅན་གྱི་དབང་པོ་ལས་སྐྱེས་པའི་རྣམ་པར་ཤེས་པ་རིག་གམ། འོན་ཏེ་གཞན་གྱིས། རེ་ཞིག་དབང་པོའི་རྣམ་པར་ཤེས་པས་ནི་མ་ ཡིན་ཏེ། འདི་ལྟར། དོན་གང་ཉེ་བས་བློ་དང་ནི། །བདེ་སོགས་དེ་དག་སྐྱེས་གྱུར་པ། །དེ་བོར་ནས་ནི་བདེ་སོགས་ཉིད། །དེས་ནི་ཇི་ལྟར་རྟོགས་པར་འགྱུར། །མིག་ལ་སོགས་པས་གཟུགས་ལ་སོགས་པ་ལ་སྦྱར་བ། གཟུགས་ལ་སོགས་པ་ལ་མངོན་པར་ཕྱོགས་པ་དབང་པོའི་བློ་གང་ཡིན་པ་དེ་ཉིད་ཅི་ ལྟར་བདེ་བ་ལ་སོགས་པ་ཁོ་ནར་རྟོགས་པ་ཡིན། བདག་གི་མིག་བདེ་བ་ལ་ཞུགས་སོ་སྙམ་པའི་བློ་ནི་མེད་དོ། །འོན་ཏེ་བདེ་བ་འཛིན་པའི་རྣམ་པར་ཤེས་པ་གཟུགས་ཉིད་ལ་ཞུགས་པས་འཇུག་པར་འགྱུར་ན། དེ་ལྟ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བསྟན་པ་ཡིན་ཏེ། རྗེས་སུ་དཔག་པ་ཡང་ མིག་ལ་བརྟེན་པ་ལ་སོགས་པར་ཐལ་བར་འགྱུར་རོ། །འོན་ཏེ་དབང་པོའི་རྣམ་པར་ཤེས་པ་ལས་འཛིན་པར་བྱེད་པའི་རྣམ་པ་གཞན་མ་དམིགས་པ་དེས་ན་དེ་ཉིད་ཀྱིས་ཡིན་པར་བརྗོད་དོ་ཞེ་ན། འོ་ན་རྣམ་པར་བརྟག་པར་བྱ་བ་ཡང་དུས་མཚུངས་པའི་དབང་པོའི་ཤེས་པས་གཟུང་བ་ཡིན་པར་འགྱུར་རོ། ། རྗེས་སུ་དཔག་པར་བྱ་བ་ལ་ཡང་ཐལ་བར་འགྱུར་རོ་ཞེས་ཀྱང་བརྗོད་པ་ཡིན་ཏེ། དེར་འཛིན་པའི་རྣམ་པ་གཞན་དམིགས་པ་ནི་མེད་དོ། །འོན་ཏེ་གཟུང་བའི་རྣམ་པ་ལས་དེ་ལྟ་བུའི་འཛིན་པ་རྟོག་པ་ཡིན་ན་རྣམ་པར་བརྟག་པར་བྱ་བའི་སྒྲ་ལ་ཡང་འདི་མཚུངས་སོ། །བདེ་བ་ལ་སོགས་པ་ལ་ཡང་འཛིན་པའི་ རྣམ་པ་ཅི་སྟེ་མི་རྟག་ཅེ་ན། གཟུང་བར་བྱ་བ་ཉིད་དུ་མྱོང་བ་མེད་པའི་ཕྱིར་རོ། །དོན་གཅིག་ལ་འདུ་བ་ཅན་ཡིན་ཡང་འཛིན་པར་བྱེད་པ་གཞན་གྱིས་གཟུང་བའི་ཕྱིར་གཟུང་བ་ཉིད་མེད་པ་ཡིན་ནོ་ཞེས་བརྗོད་པར་ནི་མི་ནུས་སོ། །གཅིག་ཏུ་འདྲེས་པ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེ་ན། འོ་ན་ནི་དེ་བདག་གམ། བདེ་བའམ། བློ་འགའ་ཡང་མ་ཡིན་ཏེ། གཅིག་གི་ཡང་རང་གི་ངོ་བོ་མ་བཟུང་བའི་ཕྱིར་རོ། །བདེ་བའི་རྣམ་པ་ཉིད་འབའ་ཞིག་མྱོང་བ་ཡིན་ནོ། །མྱོང་བ་མ་ཡིན་པའི་བདེ་བ་གཞན་ཡང་ཡོད་དོ་ཞེ་ན་མ་ཡིན་ཏེ། ཉེ་བར་འཇོག་པ་གཞན་མ་དམིགས་པའི་ཕྱིར་ཏེ། ཤིང་ལ་གོང་བུའི་རྣམ་པར་རྟོག་པ་ བཞིན་ནོ། །འོན་ཏེ་ཉེ་བར་འཇོག་པ་གཞན་རྗེས་སུ་དཔག་པས་བསྒྲུབ་པ་ཡིན་ཏེ། གང་ཞིག་རྟོགས་པ་དེ་ནི་གཞན་གྱིས་ཉེ་བར་གཞག་པ་ཡིན་ཏེ། གོང་བུ་བཞིན་ནོ་ཞེ་ན་མ་ཡིན་ཏེ། ཕྱི་རོལ་གྱི་དོན་མེད་པར་ཐལ་བའི་ཕྱིར་ཏེ། ཉེ་བར་འཇོག་པ་བག་ཆགས་སྲིད་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་ ཅི་ལྟར་རྟོགས་པ་དེ་ནི་དེ་ཁོ་ན་ལྟར་ཁོང་དུ་ཆུད་པར་བྱ་བ་ཡིན་གྱི་དེ་རྗེས་སུ་དཔག་པས་གཞན་དུ་གཞག་པར་བྱ་བ་ནི་མ་ཡིན་ནོ། །དེས་ན་ཕྱི་རོལ་གྱི་དོན་རང་གི་ངོ་བོས་གཟུང་བར་བྱ་བ་ཉིད་དུ་རྟོགས་པ་ནི་དེ་བཞིན་དུ་རྣམ་པར་གཞག་པ་ཡིན་ཏེ། རྣམ་པར་འཇོག་པ་ནི་རྟོགས་པ་ཙམ་ལ་རག་ལས་པ་ཡིན་པའི་ཕྱིར་ རོ། །བདེ་བ་ལ་སོགས་པ་ནི་གཟུང་བར་བྱ་བ་ཉིད་དུ་མ་དམིགས་ཏེ། དེས་ན་རང་རིག་པ་ཡིན་ནོ། །འོན་ཏེ་བདག་དང་ཡིད་འབྲེལ་པ་ཙམ་ལས་སྐྱེས་པའི་ཤེས་པ་བདེ་བ་ལ་སོགས་པའི་འཛིན་པར་བྱེད་པ་ཡིན་གྱི། དབང་པོ་ལས་སྐྱེས་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཤེས་པ་དུས་གཅིག་ཏུ་ མི་སྐྱེ་བའི་ཕྱིར་རིམ་གྱིས་འཛིན་པར་འགྱུར་རོ། །དེའི་ཕྱིར། རིམ་གྱིས་འཛིན་ན་དེ་མྱོང་བ། །རྣམ་ཆད་མེད་པར་སྣང་མི་འགྱུར། །རིམ་གྱིས་འཛིན་པར་ཁས་ལེན་ན་བདེ་བ་ལ་སོགས་པའི་བློ་རྣམ་པར་ཆད་པ་མེད་པར་སྣང་བར་མི་འགྱུར་རོ། །རིམ་པ་ནི་འདི་ཉིད་དེ་ལྷན་ཅིག་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་གང་ ཡིན་པའོ། །བདེ་བ་ལ་སོགས་པ་འཛིན་པ་ནི་གཟུགས་ལ་སོགས་པ་འཛིན་པ་དང་ལྷན་ཅིག་ཏུ་དམིགས་སོ། །དེ་ལ་ལྷན་ཅིག་ཏུ་འཛིན་པ་དང་། ལྷན་ཅིག་ཏུ་མི་འཛིན་པ་ཞེས་བྱ་བ་ནི་འགལ་ལོ། །འགལ་བ་དག་ནི་གཅིག་ལ་སྲིད་པ་ཡང་མ་ཡིན་ནོ། །མགྱོགས་ཕྱིར་ཞེ་ན་དེ་མཚུངས་ཕྱིར། །མྱོང་བ་ མེད་པ་ཅིས་མ་ཡིན། །གལ་ཏེ་བདེ་བ་འཛིན་པ་མགྱོགས་པར་འཇུག་པའི་ཕྱིར་རྣམ་པར་མ་ཆད་པར་རྟོགས་པ་ཡིན་ནོ། །རྟོགས་པ་ཁོ་ན་སྟེ་བར་མ་གཏོགས་པ་ཡིན་ནོ་ཞེ་ན་མྱུར་བ་དེ་ནི་བདེ་བ་ལ་སོགས་པ་མི་འཛིན་པ་ལ་ཡང་མཚུངས་པའི་ཕྱིར་བདེ་བ་ལ་སོགས་པ་དང་གཟུགས་མི་འཛིན་པ་ཉིད་རྣམ་པར་ མ་ཆད་པར་ཐལ་ལོ། །འོན་ཏེ་མི་འཛིན་པ་ཡང་རྣམ་པར་མ་ཆད་པར་སྣང་བ་ཉིད་དེ། འདི་ལྟར་བདེ་བ་མི་འཛིན་པ་ཉིད་ནི། གཟུགས་འཛིན་པ་ལས་གཞན་མ་ཡིན། གཟུགས་མི་འཛིན་པའང་བདེ་བ་འཛིན་པ་ལས་གཞན་ཡོད་པ་མ་ཡིན་ན། དེས་ན་བདེ་བ་མི་འཛིན་པ་ རྣམ་པར་ཆད་པ་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་འདིར་འགྱུར་ཏེ། གཟུགས་ལ་སོགས་པ་འཛིན་པ་རྣམ་པར་མ་ཆད་པར་འགྱུར་རོ་ཞེས་བྱ་བ་ཡིན་ན་དེ་ནི་ཡིན་པ་ཉིད་དོ། །དེ་བཞིན་དུ་བཟློག་པ་ལ་ཡང་བརྗོད་དོ། །དེའི་ཕྱིར་འཛིན་པ་མེད་པ་རྣམ་པར་མ་ཆད་པར་འགྱུར་རོ་ཞེས་བྱ་བ་འདི་ནི་གྲུབ་པ་ལ་སྒྲུབ་ པ་ཡིན་ནོ་ཞེ་ན། འདིར་བརྗོད་པ། གཅིག་གི་དངོས་པོ་གང་ཡིན་པ། །གཞན་དག་མེད་པ་ཡིན་པར་བརྗོད། །དེ་ནི་དེ་ཡིས་དབེན་པས་ན། །དེ་མེད་པར་ནི་རིག་ཕྱིར་རོ། །འདི་རང་གི་ངོ་བོས་ནི་གང་ཡང་མེད་པ་མ་ཡིན་གྱི། འོན་ཀྱང་དེས་དབེན་པས་ཡིན་ནོ། །དེས་ན་གཟུགས་འཛིན་པ་བདེ་བ་ འཛིན་པས་དབེན་པར་དམིགས་པ་ཡིན་ནོ་ཞེས་ཁས་ལེན་པ་ན་དེས་དབེན་པར་འཛིན་པ་དེ་མྱུར་བ་ཡིན་པའི་ཕྱིར་དེ་རྣམ་པར་མ་ཆད་པར་ཡོད་པས་ཇི་ལྟར་བདེ་བ་རིག་པ་ཡིན། བདེ་བ་འཛིན་པ་ལ་ཡང་ཚུལ་འདི་ཉིད་ཡིན་པའི་ཕྱིར་གཉི་ག་མི་འཛིན་པས་ན། འཛིན་པ་མེད་པ་ཉིད་དུ་ཅི་སྟེ་མ་ཡིན་ཞེས་ བྱ་བ་ལེགས་པར་བརྗོད་པ་ཡིན་ནོ། །གཞན་དུ་གཞན་དམིགས་ན་ཡང་དེས་དབེན་པ་འཛིན་པ་མ་ཡིན་ནོ། །དེའི་རང་བཞིན་དེར་ཞུགས་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། ཕན་ཚུན་རང་བཞིན་རྗེས་སུ་ཞུགས་པ་འཛིན་ན། རིམ་གྱིས་འཛིན་པ་མ་ཡིན་ཏེ། དུས་གཞན་མཉམ་པར་འཛིན་པ་ལ་ཡང་ ཡོད་པའི་ཕྱིར་ཏེ། ཡན་ལག་དང་ཡན་ལག་ཅན་དག་དུས་མཚུངས་པར་འཛིན་པར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་ཐག་རིང་པོ་ནས་བར་དང་བཅས་པའི་སྒྲ་དུ་མ་འཛིན་པ་ན་བར་འཛིན་པ་མེད་ཀྱང་སྒྲའི་རང་བཞིན་གཟུང་བ་ཉིད་དོ། །དེ་ལ་ཅི་ལྟར་སྒྲའི་རང་བཞིན་བར་མེད་པར་འཛིན་པས་དེའི་ ཕྱིར་མི་འཛིན་པ་ལ་གནོད་ཀྱི། དེ་བཞིན་དུ་བར་འཛིན་པ་མེད་པས་ནི་སྒྲ་འཛིན་པ་ལ་མི་གནོད་པ་དེ་བཞིན་དུ་འདིར་ཡང་བར་མི་འཛིན་པའི་གནོད་པར་བྱེད་པ་མ་ཡིན་ནོ་ཞེ་ན་འདིར་བརྗོད་པ། དེ་ལ་བར་ཆད་འཛིན་པ་ནི། །ཡོད་མིན་ཅི་ལྟར་གནོད་བྱེད་ཡིན། །མེད་པར་གནོད་པར་བྱ་མིན་ལ། །འདོད་ མིན་འཇིག་རྟེན་འདོད་པར་ཟད། །ཅིའི་ཕྱིར་བར་ཆད་འཛིན་པ་མེད་ཅེ་ན། འདི་ནི་དངོས་པོ་རྣམས་ཀྱི་ནུས་པ་ཡིན་ཏེ། ཅི་ཞིག་བརྒལ་ཞིང་བརྟག །དེས་ན་བར་ཆད་འཛིན་པ་མ་སྐྱེས་པ་ནི་གནོད་པར་བྱེད་པ་མ་ཡིན་ཞིང་། གནོད་པར་བྱ་བ་ཡང་མ་ཡིན་གྱི་འོན་ཀྱང་འདི་ནི་རྣམ་པ་ཅི་ཞིག་ལྟར་འཇིག་ རྟེན་གྱི་གྲགས་པ་ལས་འོངས་པའི་ཐ་སྙད་ཙམ་དུ་ཟད་དོ། །དེར་ནི་བདེ་བ་དང་གཟུགས་ལ་སོགས་པ་འཛིན་པའི་མ་སྐྱེས་བ་མ་ཡིན་པའི་ཕྱིར་མི་འཐད་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་ཡིན་ན་རིམ་གྱིས་འཛིན་པ་མི་སྲིད་པར་འགྱུར་རོ། །འཛིན་པ་ནི་ཡོད་པ་ཁོ་ན་སྟེ། དེ་ལ་འཛིན་པ་གཞན་མ་སྐྱེས་ པ་ཡིན་ནོ་ཞེ་ན་དེ་ནི་མེད་དེ། འཛིན་ལ་འཛིན་བྱེད་གཞན་ཡོད་མིན། །འཛིན་པ་པོ་ལ་འཛིན་པོ་གཞན། །དེ་ལྟར་གཞན་གྱིས་ཀྱང་འདོད་བྱ། །དེ་ལྟ་མིན་ན་ཅལ་ཅོལ་ཉིད། །འཛིན་པར་བྱེད་པ་ནི་རང་གསལ་བའི་བདག་ཉིད་དུ་འགྱུར་དགོས་ལ། འཛིན་པར་བྱེད་པ་པོ་བྱེད་པའི་བདག་ཉིད་དམ། བྱེད་ པ་པོ་ལ་ནི་འཛིན་པར་བྱེད་པ་གཞན་འདོད་པ་ཡིན་ནོ། །འཛིན་པར་བྱེད་པ་གསལ་བ་མ་ཡིན་པ་ནི་དོན་ཐམས་ཅད་མི་གསལ་བར་འགྱུར་རོ། །གལ་ཏེ་དབང་པོའམ་གཞན་ལས་འཛིན་པར་བྱེད་པ་རང་གསལ་བ་ཡིན་ན། ད་ནི་འཛིན་པ་པོ་གཞན་གྱིས་ཅི་བྱ་ཞེ་ན། སྐྱོན་གཞན་འདི་ནི་ཡོད་པ་ ཉིད་ན་རང་ཉིད་གསལ་བ་མེད་པར་འཛིན་པ་ཞེས་བྱ་བ་ནི་མེད་དོ། །དེ་གཞན་གྱིས་གསལ་བར་ཡིན་ནོ་ཞེ་ན། གསལ་བར་བྱེད་པ་གཞན་ཡང་ལྐོག་ཏུ་གྱུར་པ་ཉིད་པས་དེ་གཞན་གྱིས་ཡིན་པའི་ཕྱིར། འགྲོ་བ་མཐའ་དག་ལོང་བ་ཉིད་དུ་འགྱུར་རོ་ཞེས་སྟོན་པར་འགྱུར་རོ། །ཕན་ཚུན་དུས་ཐ་དད་ པར་སྐྱེས་པ་སྣང་བར་འགྱུར་བ་དེ་དག་ཅི་ལྟར་ཕན་ཚུན་གནོད་པར་བྱེད་པ་མ་ཡིན་ཏེ་དེའི་ཕྱིར་འདི་ནི་གྱི་ནའོ། །འོན་ཏེ་བདེ་བ་འཛིན་པ་ལ་ནི་གནོད་པར་འགྱུར་བ་ཉིད་དེ། རེས་འགའ་གཟུགས་ལ་སོགས་པ་འབའ་ཞིག་འཛིན་པའི་ཕྱིར་རོ། །འདི་ལྟར་རེས་འགའ་ཡིད་འཕྲོག་པའི་གཟུགས་མཐོང་ཡང་ བདེ་བ་མྱོང་བ་མེད་པ་ཡིན་ནོ། །དེས་ན་སྐྲའི་འཛིན་པ་ལྟར་བདེ་བ་འཛིན་པ་ཡང་མ་སྐྱེས་པའི་ཕྱིར་གནོད་པར་རྣམ་པར་གཞག་གོ་ཞེ་ན་འདི་ཡང་བཟང་པོ་མ་ཡིན་ཏེ། འདི་ལྟར། ཅི་ལྟར་སྐྲའི་བར་འཛིན་པ་ལྟར། །ཀུན་ཚེ་ཅི་ཕྱིར་གནོད་མ་གྱུར། །དེ་ཚེ་བདེ་བ་ལ་སོགས་པ། །བར་དུ་སྐྱེ་བར་འཇིག་རྟེན་ འདོད། །ཅི་ལྟར་སྐྲ་འཛིན་པས་བར་འཛིན་པར་ཐམས་ཅད་ཀྱི་ཚེ། གནོད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་འཛིན་པས་ཀྱང་བདེ་བ་ལ་སོགས་པ་འཛིན་པ་ལ་འགྱུར་རོ། །དོན་དམ་པར་ན་ནི་དེ་སྐྲ་འཛིན་པ་ཡང་མ་ཡིན་ཏེ། སྐྲའི་རང་བཞིན་རྟོགས་པ་མ་ཡིན་པའི་ཕྱིར་རོ། ། གང་གི་ཚེ་བདེ་བ་མ་རྟོགས་པར་གཟུགས་ལ་སོགས་པ་འབའ་ཞིག་འཛིན་པ་དེའི་ཚེ་ནི་བདེ་བ་མ་སྐྱེས་པ་ཉིད་ཡིན་གྱི། སྐྱེས་པ་མ་བཟུང་བས་འབའ་ཞིག་པ་ཞེས་རྣམ་པར་འཇོག་པ་ནི་མ་ཡིན་ནོ། །མ་དམིགས་པའི་ཕྱིར་མ་སྐྱེས་པར་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། ད་ནི་སྐྱེས་པ་ལ་མ་སྐྱེས་པར་ཐ་སྙད་ དུ་འགྱུར་ཏེ། དེས་ན་མ་དམིགས་པ་ཡང་མ་ཡིན་ནོ། །དེས་ན་གང་གི་ཚེ་བདེ་བ་ལ་སོགས་པ་འཛིན་པའི་སྐྱེས་པ་དེ་ཉིད་ཀྱི་ཚེ་བདེ་བ་ལ་སོགས་པ་སྐྱེས་པ་ཡིན་པས་དེའི་ཚེ་ནི་གཟུགས་ལ་སོགས་པ་འཛིན་པས་ཟིལ་གྱིས་ནོན་པ་མ་ཡིན་ནོ། །ཁྱེད་ཀྱི་གཞུང་ལྟར་ན་ནི་སྐྲའི་བར་འཛིན་པ་ལྟར་འགྱུར་ རོ། །འོན་ཏེ་དབང་པོའི་བློ་གཅིག་ཉིད་དོན་དང་བདེ་བ་ལ་སོགས་པ་འཛིན་པ་ལ་འཇུག་པ་ཡིན་ཏེ། དེས་ན་རིམ་གྱིས་འཛིན་པའི་ཉེས་པ་ནི་མི་འགྱུར་རོ་ཞེ་ན། དེ་ནི་མི་རུང་ངོ་ཞེས་འཆད་པ་ནི། གཅིག་གིས་གཉིས་ཤེས་མ་ཡིན་ཏེ། །དབང་པོའི་སེམས་ནི་ངེས་ཕྱིར་དང་། །བདེ་སོགས་མེད་ཀྱང་ དོན་དག་ལས། །སྐྱེས་ཕྱིར་དེ་ནུས་གྲུབ་མིན་ཕྱིར། །གལ་ཏེ་དབང་པོའི་བློ་གཅིག་ཉིད་ཀྱིས་དོན་དང་བདེ་བ་ལ་སོགས་པ་འཛིན་ན་རིགས་པ་ཞིག་ན། དེ་ལྟར་ཡང་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། བདེ་བ་ལ་སོགས་པ་ནི་བདག་དང་ཡིད་འབྲེལ་པ་ཙམ་ལས་སྐྱེས་པ་དབང་པོ་ལས་སྐྱེས་པ་མ་ཡིན་པའི་ ཤེས་པས་འཛིན་པར་ཁས་བླངས་པའི་ཕྱིར་རོ། །འོན་ཏེ་འགའ་ཞིག་དེ་ལྟར་ཁས་མི་ལེན་ནོ་ཞེ་ན་དེ་ཡང་ནུས་པ་མ་ཡིན་ཏེ། དབང་པོའི་བློ་ནི་བདེ་བ་ལ་སོགས་པ་མེད་ཀྱང་དོན་འབའ་ཞིག་ཉིད་ལས་སྐྱེ་བའི་ཕྱིར། བདེ་བ་ལ་སོགས་པའི་རྒྱུར་ངེས་པར་མི་འཛིན་པའི་ཕྱིར་རོ། །གང་ཞིག་ནུས་པ་ གཞན་ཡོད་ཀྱང་གང་ཞེ་ན། མི་འབྱུང་བ་དེ་ནི་དེའི་རྒྱུ་ཉིད་དུ་ངེས་པར་འཛིན་པ་ཡིན་ནོ། །དབང་པོའི་སེམས་ནི་གཟུགས་ལ་སོགས་པའི་ཚོགས་པ་ཡོད་ཀྱང་བདེ་བ་ལ་སོགས་པ་མེད་ན་མི་སྐྱེ་བ་ཉིད་མ་ཡིན་ནོ། །ཅི་སྟེ་གང་གི་ཚེ་སྔོན་པོ་སེར་པོ་དང་ལྷན་ཅིག་དབང་པོའི་རིག་པ་ལས་སྣང་བའི་ ཚེ། དེའི་ཚེ་དེ་ལ་ནུས་པ་མེད་པར་འགྱུར་ཏེ། སྔོན་པོ་མེད་ཀྱང་དེ་སྐྱེ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དེ་ནི་དེ་ལ་ནུས་པ་ཡིན་ནོ། །འོན་ཏེ་སྔོན་པོ་དང་སེར་པོར་སྣང་བའི་དབང་པོའི་ཤེས་པ་སེར་པོ་འབའ་ཞིག་ལས་མི་སྐྱེའོ་ཞེ་ན། དེ་ལྟ་ན་ནི་འོ་ན་བདེ་བ་དང་གཟུགས་སུ་སྣང་བ་ཡང་གཟུགས་འབའ་ཞིག་ལས་ མ་ཡིན་པས་རིགས་པ་མཚུངས་སོ་ཞེ་ན། འདི་ལ་ནི་སྙིང་པོ་མེད་དེ། སྔོན་པོ་དབང་པོའི་རྣམ་ཤེས་ལ། །ནུས་པ་སོ་སོར་མཐོང་བའི་ཕྱིར། །ཚོགས་ལའང་ནུས་གྲུབ་དེ་ལ་ནི། །དེ་ལྟར་རྟོགས་པ་ཡོད་མ་ཡིན། །ཁས་བླངས་ན་ཡང་། གཉིས་ཀྱི་སོ་སོ་སོ་སོར་ཡང་། །ནུས་ པ་ཡིན་ན་སྔོ་སོགས་བཞིན། །བདེ་སོགས་འབའ་ཞིག་འཛིན་པར་འགྱུར། །དེ་རྒྱུའི་དོན་ནི་མ་བཟུང་བར། །དེ་མྱོང་བར་ནི་མི་རིགས་སོ། །བདེ་བ་ལ་སོགས་པ་དང་བྲལ་བའི་གཟུགས་ལ་སོགས་པ་འབའ་ཞིག་ལས་དབང་པོའི་རྣམ་པར་ཤེས་པ་དེ་སྐྱེ་བ་མཐོང་བ་དང་། འགའ་ཞིག་འདོད་པ་ཡང་ཡིན་ནོ། །རྣམ་ པར་ཤེས་པའི་སྔོན་རོལ་དུ་ནི་གཟུགས་ལ་སོགས་པ་ལྟར་བདེ་བ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་ཉིད་དུ་གཟུགས་ལ་སོགས་པ་དེ་ཉིད་ལས་སྐྱེ་བའི་ཕྱིར་རོ། །འོན་ཏེ་དུས་མཚུངས་པར་འབྱུང་བ་ཡིན་ཡང་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་ཉིད་དུ་འདོད་དོ་ཞེ་ན། དེ་ནི་མི་རུང་སྟེ་ ལྷན་ཅིག་འབྱུང་བའི་འབྲས་བུ་ནི་ཕན་ཚུན་འབྲེལ་བར་འགྱུར་གྱི། རིག་བྱ་རིག་བྱེད་ཀྱི་དངོས་པོར་ནི་མ་ཡིན་ནོ། །རིག་པའི་རང་བཞིན་མིན་པ་ནི། །ཕན་ཚུན་འཛིན་པར་བྱེད་པ་མིན། །རང་རིག་པ་ཡི་རང་བཞིན་ཡང་། །ཕན་ཚུན་འཛིན་པར་བྱེད་པ་མིན། །རང་གི་རྒྱུ་ལས་མངོན་ཕྱོགས་པས། །དུས་མཚུངས་ པ་ཉིད་ཡིན་ན་ཡང་། །གཞན་ཤིག་པ་ཡི་བདག་ཉིད་ཀྱིས། །གལ་ཏེ་འཛིན་པ་ཡིན་འདོད་ན། །བདེ་བ་ལ་ནི་མངོན་ཕྱོགས་དེ། །ཅི་ལྟར་དབང་པོ་ལས་སྐྱེས་འདོད། །དེ་ལ་དབང་པོའི་བྱེད་པ་ནི། །རིག་བྱེད་དེ་ནི་སྔར་བཤད་ཟིན། །གཞན་ཡང་སོ་སོར་ནུས་པ་ཡིན་ན། བདེ་བ་ལ་སོགས་པ་འབའ་ཞིག་འཛིན་ པར་འགྱུར་ཏེ། སྔོན་པོ་ཉིད་བཞིན་ནོ། །འཛིན་པ་ཡང་ཁོ་ནའོ་ཞེ་ན་དེ་ནི་མ་ཡིན་ཏེ། གཟུགས་ལ་སོགས་པ་བདེ་བའི་རྒྱུ་མ་བཟུང་བར་ནི་བདེ་བ་འཛིན་པར་མི་རིགས་སོ། །རིག་པར་བྱ་བ་ཉིད་ཀྱང་འཐད་པ་མ་ཡིན་པ་ཁོ་ནའོ། །ན་ཆུང་སྒེག་མོ་རྟོགས་པ་མེད་པའི་བདེ་བ་ནི་འགའ་ཡང་དོན་དུ་གཉེར་བ་མ་ཡིན་ཏེ། འདོད་པ་ཅན་གྱི་སྐྱེ་བོ་མཐའ་དག་ནི་དེ་ཉིད་ཀྱིས་བདེ་བ་འདོད་པ་ཡིན་ནོ། །དེ་ལྟར་ཡང་མ་དམིགས་སོ། །འོན་ཏེ་ལྷན་ཅིག་པ་ཉིད་ནུས་པ་ཡིན་ནོ་ཞེ་ན། དེ་ལྟར་ན་འོན་ཀྱང་ཟླ་བ་གཉིས་པར་ཡང་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཤད་པ་ནི། དོན་དང་ལྷན་ཅིག་ཉིད་འཛིན་ན། ། བདེ་སོགས་ཀྱི་ནི་ནུས་པ་ཅི། །གང་ཕྱིར་དེ་ཕྱིར་བློ་མི་འདོད། །རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པར་ནི་ནུས་པ་མི་འགྲུབ་བོ། །འདོད་པ་ཡང་མ་ཡིན་ཏེ། མིག་ལ་སོགས་པའི་བློ་ནི་དེ་ལས་སྐྱེས་པ་ཕ་རོལ་པོ་དག་མི་འདོད་དོ། །གཞན་ཡང་། དོན་མེད་པར་ནི་བདེ་ལ་སོགས། །མིག་སོགས་རྣམས་ཀྱིས་ མྱོང་ན་ནི། །གཟུགས་སོགས་བུད་མེད་སོགས་ཁྱད་པར། །ནམ་ཡང་མིག་གིས་འཛིན་མི་འགྱུར། །འབའ་ཞིག་གིས་ནི་གཟུགས་ལ་སོགས་པ་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྒྱུ་ཉིད་དང་བུད་མེད་ལ་སོགས་པའི་མཐུན་པ་དང་མི་མཐུན་པ་ཉིད་དུ་འཛིན་པར་མི་འགྱུར་གྱི། རྒྱུ་འགའ་ཞིག་ ཡོད་དོ་ཞེས་རྟོགས་པར་འགྱུར་རོ། །ལྷན་ཅིག་བཟུང་ན་རྒྱུ་ཉིད་དུ་རྟོགས་སོ་ཞེ་ན། འོ་ན་ནི་སྔོན་པོ་ལ་སོགས་པ་ཡང་ཕན་ཚུན་རྒྱུ་ཉིད་དུ་རྟོགས་པར་འགྱུར་རོ། །འགྱུར་བ་ཡང་མ་ཡིན་ཏེ། དེའི་ཕྱིར་འདི་ནི་འཐད་པ་མ་ཡིན་ནོ། །གལ་ཏེ་བདེ་བ་འབའ་ཞིག་མིག་ལ་སོགས་པས་འཛིན་པར་ནུས་པ་ ཡིན་ན་ནི། དེའི་ཚེ་གཟུགས་ལ་སོགས་པ་མཐོང་བ་མི་སྐྱེ་བ་ཉིད་དུ་འགྱུར་རོ། །འདི་ལྟར། ནང་གི་ཡན་ལག་ནུས་པའི་དོན། །ཡོད་ན་ཕྱི་རོལ་མཐོང་མི་འགྱུར། །གལ་ཏེ་ཕྱི་རོལ་དུ་བུད་མེད་ལ་སོགས་པ་མ་མཐོང་བར་བདེ་བ་མྱོང་བ་ཉིད་འགྱུར་བ་ཡིན་ན་ནི་དེའི་ཚེ་ཕྱི་རོལ་མི་མཐོང་བར་འགྱུར་ཏེ། བདེ་བ་ མྱོང་བ་བར་དུ་གཅོད་པ་ཡིན་པའི་ཕྱིར་རོ། །དོན་འཛིན་པ་ཡང་འདོད་པ་ཉིད་དོ་ཞེས་ཁས་ལེན་ན་དེའི་ཚེ་ཉེས་པ་གཞན། དོན་འཛིན་ན་ནི་དེ་ལས་སྐྱེས། །བདེ་བ་ལ་སོགས་མྱོང་མི་འགྱུར། །འདི་ལྟར་དོན་འཛིན་པའི་དུས་ན་གལ་ཏེ་བདེ་བ་སྐྱེ་བ་ཡིན་པ་དེ་ལྟ་ན་ཡང་དེ་འཛིན་པའི་ཚོགས་པ་མེད་དེ། དབང་ པོ་དང་དོན་དང་ཡིད་ཕྲད་པ་ལས་བྱུང་བའི་ཡིད་ཀྱིས་ནི་གཟུགས་ལ་སོགས་པའི་དོན་འཛིན་ལ་ཡིད་གཞན་ཡང་ཡོད་པ་མ་ཡིན་ཏེ། ཤེས་པ་དུས་གཅིག་ཏུ་སྐྱེ་བར་ཁས་མི་ལེན་པའི་ཕྱིར་རོ། །དེས་ན་དེ་ལས་སྐྱེས་པའི་བདེ་བ་ལ་སོགས་པ་མི་འཛིན་པར་འགྱུར་རོ། །འོན་ཏེ་རྣམ་པར་ཤེས་པ་ཅིག་ ཅར་སྐྱེ་བར་འདོད་ན་དེའི་ཚེ་ཡང་ཉེས་པ་གཞན་ཡོད་དོ་ཞེས་བཤད་པ་ནི། ཡུལ་དེ་དང་ནི་དེ་ཡོད་ལས། །བློ་ནི་ཅིག་ཅར་སྐྱེ་བ་ནི། །ཅིག་ཅར་དོན་ནི་ཡོད་པ་ན། །བདེ་སྡུག་དག་ནི་རིག་པར་འགྱུར། །འདོད་པ་དང་མི་འདོད་པའི་དོན་ཡོད་ན། བདེ་བ་དང་སྡུག་བསྔལ་རིག་པ་དག་ཅིག་ཅར་འགྱུར་བ་ བཟློག་པར་མི་ནུས་སོ། །འདི་ནི་མཐོང་བ་ཉིད་མ་ཡིན་ནམ་འདི་ལྟར་གྲང་བའི་དུས་ན་གྲང་བ་དང་། དྲོ་བའི་རེག་པ་མྱོང་བ་ལས་སྐྱེས་པའི་བདེ་བ་དང་སྡུག་བསྔལ་རིག་པ་ཉིད་དོ་ཞེ་ན། དེ་ཡང་མི་བདེན་ཏེ། འདི་ལྟར་རྟག་ཏུ་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡུལ་གྱི་རོས་ཡིད་འཕྲོགས་པ་ རྗེ་བོའི་གླའི་ཡོ་བྱད་བྱིན་པའི་གཞན་གྱི་དབང་དུ་གྱུར་པ། བདག་ཉིད་འབྲས་བུ་དང་བཅས་པར་འདོད་པ་ནི་མཚོན་གྱིས་རེག་པའི་སྡུག་བསྔལ་རེག་པ་མ་ཡིན་ནོ། །སྡུག་བསྔལ་གྱི་རྒྱུ་ཉེ་བ་ན་དེ་གདོན་མི་ཟ་བར་སྐྱེ་བ་ཡང་ཡིན་ཏེ། དེས་ན་བདེ་བ་དང་སྡུག་བསྔལ་ལྷན་ཅིག་རིག་པར་ཐལ་ ལོ། །འོན་ཏེ་གཞན་གྱིས་ཟིལ་གྱིས་གནོན་པའི་ཕྱིར་གཞན་རིག་པ་མ་ཡིན་ན། དེ་ནི་མི་འཐད་དེ་ཟིལ་གྱིས་ནོན་པ་མི་སྲིད་པའི་ཕྱིར་རོ། །ཆེན་པོ་ཉིད་ལ་སོགས་པ་ཟིལ་གྱིས་གནོན་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཏེ། གླང་པོ་དང་སྦྲང་བུ་དག་གཅིག་རྟོགས་པ་མེད་པར་ཐལ་བའི་ཕྱིར་ རོ། །འདོད་པ་ཉིད་ཀྱིས་ཞེས་བྱ་བ་ལ་ཡང་དག་པ་མ་ཡིན་ཏེ། གཉི་ག་ཡང་ལྷན་ཅིག་མཐོང་བའི་ཕྱིར་ཏེ། བདེ་བ་དང་སྡུག་བསྔལ་དག་ཅིག་ཅར་མྱོང་བར་བསྒྲུབ་པའི་ཕྱིར་རོ། །འདུ་བྱེད་པ་གསལ་བ་ལས་ལ་ལར་ཡང་འགྱུར་རོ་ཞེ་ན་མ་ཡིན་ཏེ། གོམས་པ་ལས་མ་གཏོགས་པའི་འདུ་བྱེད་ པ་གཞན་མ་མཐོང་བའི་ཕྱིར་རོ། །བསྒོམས་པའི་སྟོབས་ལས་བདེ་བ་ལ་སོགས་པ་སྐྱེ་བ་ཡིན་ན་ནི། དེའི་ཚེ་རྟོགས་པའི་རང་བཞིན་ཉིད་དོ་ཞེས་བསྟན་ཟིན་ཏོ། །འོན་ཏེ་ཡང་ཤེས་པ་ནི་བདེ་བ་ལ་སོགས་པ་ལ་གོམས་པའི་སྟོབས་ཀྱིས་འཇུག་པ་ཡིན་ལ་བདེ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་ རྒྱུ་ཉིད་ལས་འབྱུང་བ་ཡིན་ནོ་ཞེ་ན་འདི་ཡང་རུང་བ་མ་ཡིན་ཏེ། འདི་ལྟར། དངོས་པོའི་སྟོབས་ལས་སྐྱེ་བ་ཡི། །ཤེས་པ་གང་ཡིན་དེ་ལ་ནི། །མཁས་རྣམས་གོམས་པ་ཁས་ལེན་མིན། །དེ་ལྟ་ཞེ་ན་མ་འབྲེལ་འགྱུར། །གལ་ཏེ་བདེ་བ་ལ་སོགས་པ་དག་ཉེ་བར་གནས་པ་ཉིད་ཡིན་ན་ནི་དེ་གོམས་པ་ མེད་པར་ཡང་མཐོང་བ་ཁོ་ནའོ། །སྔར་མ་བསམས་པའམ། མ་མྱོང་བ་གཅིག་ཉིད་ཀྱི་ཚེ། དམིགས་པའི་ཡུལ་དུ་མི་འགྱུར་བ་མ་ཡིན་ནོ། །དེ་ལ་ཡང་བར་དུ་གཅོད་པའི་གོམས་པ་ཡོད་པ་ཉིད་དོ་ཞེ་ན། འདི་ལ་ཚད་མ་ཅི་ཡོད། གཞན་ཡང་དོན་གྱི་རྣམ་པ་གོམས་པ་མེད་པར་ ནི་ཤེས་པ་གོམས་པར་འགྱུར་བ་མ་ཡིན་ཏེ། འབའ་ཞིག་གོམས་པར་བྱ་བ་མི་ནུས་པའི་ཕྱིར་རོ། །གལ་ཏེ་ཤེས་པ་གོམས་པའི་སྟོབས་ཀྱིས་སྐྱེ་བ་ཡིན་ན་དོན་ལ་སོགས་པ་ལ་ལྟོས་པ་ནི་ཡོད། འོན་ཏེ་དོན་དང་ལྷན་ཅིག་པའི་གོམས་པ་ལས་ཡིན་ནོ། །དེ་ལྟ་ཡིན་ན་དོན་གྱི་རྣམ་པ་ཡང་གོམས་པའི་སྟོབས་ ཉིད་ལས་སྐྱེས་པར་འགྱུར་རོ། །དེ་ལྟར་གྱུར་ན་རྨི་ལམ་ལ་སོགས་པ་བཞིན་དུ་ཤེས་པ་དོན་དང་བྲལ་བ་ཉིད་དུ་འགྱུར་བས་བདེ་བ་ལ་སོགས་པ་རྣམ་པར་ཤེས་པ་ལས་ཕྱི་རོལ་པར་བསྒྲུབ་ཏུ་ཆས་པ་དོན་ཡང་ཕྱི་རོལ་གྱི་རང་བཞིན་མ་ཡིན་པར་བསྒྲུབ་པའི་ཕྱིར། གཞན་དག་གཞན་སུན་འབྱིན་པ་ལ་ཆེར་གཟོའོ། ། བདེ་བ་དང་སྡུག་བསྔལ་ཅིག་ཅར་འབྱུང་བ་མ་ཡིན་པར་འདོད་དེ། འདི་ལྟར། ནང་གི་ཉེར་ལེན་ཤེས་པ་ཡང་། །ཡོད་ན་སྡུག་བསྔལ་ལ་སོགས་འབྱུང་། །གཅིག་པོ་དེ་ནི་འགལ་བ་ཡི། །ཉེར་ལེན་མིན་པར་འདོད་ཅེ་ན། །གང་གིས་རྣམ་པར་ཤེས་པ་ནི། །མི་ཤེས་པ་ཡི་ཉེར་ལན་རྒྱུ། །བདག་པོ་ཉིད་དུ་འགྱུར་ ཡིན་ན། །དེ་ནི་འགལ་བདག་ལའང་མཐོང་། །དཔེར་ན་སྣ་གཅིག་མཚན་རྒྱུ་དང་། །དེ་ལས་གཞན་པའི་དབང་པོ་དག །གཟུགས་མཐོང་བ་དང་མི་མཐུན་དང་། །མཐུན་པ་ཅིག་ཅར་བྱེད་པ་བཞིན། །གལ་ཏེ་བདེ་བ་ལ་སོགས་པ་ཤེས་པ་སྔ་མའི་ཉེ་བར་ལེན་པ་ལ་ལྟོས་ནས་བྱུང་བ་ཡིན་ན་དེའི་ཚེ། འགལ་བ་གཉིས་ཀྱི་ཉེ་བར་ལེན་པ་གཅིག་ཡིན་པར་མི་རིགས་པ་ཞིག་ན། །འོན་ཀྱང་དེ་ཉིད་རིགས་པ་ཡིན་ཏེ། བདེ་བ་ལ་སོགས་པ་འགལ་བ་ལ་ཡང་ཤེས་པ་མཐོང་ངོ་། །འོན་ཏེ་འགལ་བའི་ཉེ་བར་ལེན་པ་མ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་ན་རྣམ་པར་ཤེས་པ་རྣམ་པར་ཤེས་པ་མ་ཡིན་པའི་ཉེ་བར་ལེན་པར་ཅི་ ལྟར་འགྱུར། ཉེ་བར་ལེན་པའི་དངོས་པོ་ཞེས་བྱ་བ་མ་ཡིན་གྱི། རྒྱུ་རྣམས་ལ་འབྲས་བུའི་བདག་པོ་ཉིད་ཡིན་པ་འབའ་ཞིག་ཏུ་ཟད་ལ་དེ་ནི་འགལ་བ་ལ་ཡང་ཡོད་པ་ཉིད་དོ། །དཔེར་ན་སྣང་བ་གཅིག་ལས་འུག་པ་དང་གཞན་དག་གི་མིག་ལ་གནོད་པ་དང་། ཅིག་ཤོས་སུ་འགྱུར་བ་བཞིན་ནོ། །དེའི་ཕྱིར་བདེ་ སོགས་རང་ཉིད་ལ། །འཕོས་པའི་དོན་ནི་སྣང་བ་དང་། །རང་བདག་རིག་བྱེད་འདི་དག་གི །དོན་ལས་སྐྱེས་པ་ཙམ་དུ་ཟད། །གལ་ཏེ་བདེ་བ་ལ་སོགས་པའི་རྟོགས་པའི་བདག་ཉིད་མ་ཡིན་ན། གཟུགས་ལ་སོགས་པ་ལས་རྣམ་པར་ཤེས་པ་དང་དུས་མཚུངས་པར་སྐྱེ་བ་ཡིན་ན། དེའི་ཚེ་རྟག་ཏུ་འདོད་པ་དང་ མི་འདོད་པའི་ཡུལ་མངོན་དུ་གྱུར་པས་བདེ་བ་དང་སྡུག་བསྔལ་ཅིག་ཅར་རིག་པར་འགྱུར་རོ། །ཁྱེད་ཀྱི་ལྟར་ན་ཡང་ཅི་སྟེ་དེ་ལྟར་མི་འགྱུར་ཞེ་ན། མ་ཡིན་ཏེ། བག་ཆགས་སད་པ་དེ་དང་འདྲ་བ་མེད་པའི་ཕྱིར་རོ། །གཟུགས་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་ཏེ། འགའ་ཞིག་གི་ཚེ་ཉིད་འགའ་ཞིག་ བག་ཆགས་སད་པའི་རྒྱུ་ཡིན་ནོ། །ངེད་ལ་ཡང་དེ་ལྟར་ཡིན་ནོ་ཞེ་ན་མ་ཡིན་ཏེ་འདི་ལྟར། བག་ཆགས་སྟོབས་ལས་བྱུང་ན་ནི། །རྟོག་པ་ཉིད་དུ་ཐལ་བར་འགྱུར། །བག་ཆགས་དྲན་དང་ངོ་ཤེས་པ། །ཉིད་ཀྱི་རྒྱུ་ནི་ཡིན་པར་མཐོང་། །གལ་ཏེ་དྲན་པ་ལ་སོགས་པ་ཡང་རང་གི་ངོ་བོས་རིག་པ་མེད་པ་ཉིད་མ་ཡིན་ ནམ། དེ་ལ་ཡང་དོན་ཉིད་སྣང་བའི་ཕྱིར་རོ། །དེ་ལ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དོན་གྱི་རང་བཞིན་ཉིད་སྣང་གི །དེར་ཡང་ཤེས་པའི་རང་བཞིན་གཞན་ནི་རིག་པའི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་བློ་མཐའ་དག་ནི་ལྐོག་ཏུ་གྱུར་པ་འབའ་ཞིག་གོ་ཞེ་ན། གལ་ཏེ་དེར་ནི་ཡོད་པ་ཡི། ། དོན་ཉིད་སྣང་བའི་སྤྱོད་ཡུལ་ན། །དོན་དེ་མངོན་སུམ་བཞིན་དུ་ནི། །འཛིན་པ་དང་ནི་འབྲེལ་པར་འགྱུར། །རང་གི་ངོ་བོས་སྣང་བའི་དོན་ནི་མངོན་སུམ་མ་ཡིན་པར་འོས་པ་མ་ཡིན་ཏེ། རང་གི་ངོ་བོས་སྣང་བ་ཉིད་མངོན་སུམ་ཡིན་པའི་ཕྱིར་རོ། །མངོན་སུམ་གྱི་མཚན་ཉིད་གཞན་མེད་པའི་ཕྱིར་རོ། །དེ་ལྟར་གྱུར་ ན་མངོན་སུམ་དང་དྲན་པ་དག་ཁྱད་པར་མེད་པར་འགྱུར་རོ། །འོན་ཏེ་སྔ་མ་ཉིད་དང་ལྐོག་ཏུ་གྱུར་པ་ཉིད་དུ་སྣང་བ་དེས་ན་ཉེན་པ་འདི་མེད་དོ་ཞེ་ན། ལྐོག་ཏུ་གྱུར་པ་ཞེས་བྱ་བ་འདི་ཅི་ཞིག །དེ་མངོན་སུམ་གྱིས་ནི་དམིགས་པ་མ་ཡིན་ནོ། །མངོན་སུམ་གྱིས་ནི་དམིགས་འགྱུར་བ། །དྲན་པ་ཉིད་ལ་འཇུག་པ་ཡིན། གཞན་པ་སྔར་མེད་རང་བཞིན་ནི། །འཛིན་ན་ཇི་ལྟར་དྲན་པ་ཡིན། །དྲན་པ་ནི་མངོན་སུམ་གྱིས་དམིགས་པ་ལ་འཇུག་པ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ། སྔ་ན་མེད་པ་གཟུང་བ་ཡིན་ན་ཅི་ལྟར་དྲན་པ་ཡིན། སྔོན་མེད་པའི་ཡུལ་ཅན་ནི་དྲན་པ་མ་ཡིན་ནོ། །འོན་ཏེ་གཟུང་བའི་དོན་ཉིད་ལ་ལྐོག་ཏུ་གྱུར་པར་འཛིན་ པའི་ཕྱིར་དེ་དྲན་པ་ཡིན་པར་འདོད་ན་དེ་ཡང་མི་རུང་སྟེ། ལྐོག་ཉིད་དོན་གྱི་ངོ་བོའམ་ཅི། །ཅི་ག་ཤེས་པའི་ངོ་བོ་ཡིན། །དོན་གྱི་རང་བཞིན་ཉིད་ཅེ་ན། །མངོན་སུམ་ལ་ནི་དེ་སྣང་འགྱུར། །དོན་གྱི་རང་བཞིན་གང་ཡིན་པ་དེ་ནི་མངོན་སུམ་ལ་སྣང་བར་འགྱུར་ཏེ། དཔེར་ན་སྔོན་པོ་ ཉིད་ལ་སོགས་པ་བཞིན་ནོ། །གལ་ཏེ་ནུས་པ་ངེས་པའི་ཕྱིར་དྲན་པ་ཉིད་ལ་སྣང་བ་ཡིན་ཏེ། དཔེར་ན་དངོས་པོ་ཡོད་པ་དང་མེད་པའི་བདག་ཉིད་ལ་ཡོད་པའི་རང་བཞིན་ནི་མངོན་སུམ་འཛིན་ཅིང་དངོས་པོ་མེད་པའི་རང་བཞིན་ནི་རང་བཞིན་གཞན་གྱི་དངོས་པོ་མེད་པའི་ཚད་མའི་སྤྱོད་ཡུལ་དུ་འགྱུར་བ་བཞིན་ནོ་ ཞེ་ན། དེ་ཡང་རང་གི་ཕྱོགས་སུ་ལྟུང་བ་ཡིན་ཏེ་འདི། དངོས་མེད་དངོས་པོ་ཡིན་ན་ནི། །ཅི་ལྟར་མངོན་སུམ་གྱིས་མི་འཛིན། །དེ་ལས་དེ་ནི་ཐ་དད་ན། །དངོས་པོ་གཉི་གར་ཅི་ལྟར་འགྱུར། །དངོས་པོ་ཐ་དད་པའི་མཚན་ཉིད་ནི་རྣམ་པ་ཐ་དད་པ་ཡིན་པའི་ཕྱིར་རོ། །རྣམ་པ་ཐ་དད་ཀྱང་ཐ་དད་པ་མེད་པ་ ཡིན་ན་ནི། རིལ་རང་བཞིན་གཅིག་ཏུ་འགྱུར་རོ། །འོན་ཏེ་དངོས་པོ་དག་གི་རྣམ་པ་ཐ་དད་པས་དུ་མར་འགྱུར་གྱི་དངོས་པོ་དང་དངོས་པོ་མེད་པ་དག་ནི་མ་ཡིན་ནོ། །དངོས་པོ་དག་ནི་དངོས་པོ་མེད་པ་ལས་ཐ་དད་པའི་ཕྱིར་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་ལ་ནི་དངོས་པོ་མེད་པ་གཞན་མེད་དོ། ། དེ་ལྟ་མ་ཡིན་ན་ནི་ཐུག་པ་མེད་པར་འགྱུར་རོ་ཞེ་ན། གལ་ཏེ་དངོས་མེད་དངོས་པོ་ལས། །གཞན་མིན་གཞན་འཛིན་ཅི་ལྟར་ཡིན། །ཚད་མ་ཐ་དད་ཕྱིར་ཞེ་ན། །ཐ་དད་མེད་པར་ག་ལས་འཛིན། །གལ་ཏེ་དངོས་པོའི་ཆ་ནི་མངོན་སུམ་གྱིས་འཛིན་ལ། དངོས་པོ་མེད་པའི་ཆ་ནི་ཚད་མ་གཞན་གྱིས་ཡིན་ན། དེ་ལྟ་ཡིན་ན་ཕན་ཚུན་མ་འདྲེས་པར་རྟོགས་པའི་ཕྱིར་ཅི་ལྟར་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་གཅིག་ཡིན་ཞེས་བྱ་བར་རྟོགས། གལ་ཏེ་མིག་གི་རྣམ་ཤེས་ཀྱིས་གཟུགས་རྟོགས་ལ། གཞན་གྱིས་སྒྲ་ལ་སོགས་པ་ཡིན་ན་བདག་ཉིད་ཀྱིས་གཉི་ག་རྟོགས་སོ་ཞེས་བྱེད་པ་པོ་གཅིག་ཉིད་དུ་ཅི་ལྟར་ རྟོགས་ཤེ་ན། འདི་ཐོག་མ་མེད་པའི་བག་ཆགས་ལས་རྟོགས་པ་ཡིན་གྱི་དེ་ཁོ་ན་ཉིད་མ་ཡིན་པའི་ཕྱིར། འདི་ལ་ཀླན་ཀ་ཅི་ཡོད། འདིར་ཡང་དེ་བཞིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ཉིད་ལས་དངོས་པོ་མེད་པའི་ཐ་དད་པར་རྟོགས་པ་ཡང་ཡིན་པར་འགྱུར་ན། དོན་གཞན་ བརྟགས་པས་ཅི་བྱ། དངོས་པོ་མེད་པ་ཞེས་བྱ་བ་ནི་ཚད་མ་དེ་ཡང་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །དེས་ན་མི་འདྲ་བ་ཉིད་ཀྱིས་དེ་ལས་ལྡོག་པས་ན། དངོས་པོ་མེད་པས་ཅི་བྱ་མི་འདྲ་བ་ཡང་མངོན་སུམ་ཉིད་ལ་སྣང་བ་ཡིན་ནོ། །དེས་ན་འདི་ན་མེད་དོ་ཞེས་བྱ་བའི་ དུས་སུ་ཕྱིས་འབྱུང་བ་ཅན་དེའི་སྟོབས་ལས་བྱུང་བ་ནི། གཟུང་བ་འཛིན་པའི་ཕྱིར་ཚད་མ་མ་ཡིན་ནོ། །དངོས་པོ་མེད་པ་ཞེས་བྱ་བའི་ཚད་མ་གཞན་ནི་མེད་དོ། །དངོས་པོ་མེད་པའི་ཚད་མས་བདག་གིས་དངོས་པོ་མེད་པར་རྟོགས་སོ་ཞེས་བྱ་བ་འདི་ནི་སོ་སོ་རང་གི་ཐ་སྙད་ཡིན་གྱི། འཇིག་རྟེན་ནི་གང་ གི་ཕྱིར་བལྟར་རུང་བ་བདག་གིས་མ་དམིགས་པ་དེས་ན་འདི་ནི་མེད་དོ་ཞེ་འམ། དེ་འདིར་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་མཚུངས་པར་དོན་གྱི་ཐ་སྙད་བྱེད་དོ། །མ་དམིགས་པ་དེ་ཡང་མངོན་སུམ་ཁོ་ན་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དོན་དམ་པར་ནི་དངོས་པོ་མེད་པ་ཞེས་བྱ་བ་ཚད་མ་མ་ཡིན་ལ། གཞལ་བྱ་ ཡང་མ་ཡིན་པའི་ཕྱིར། དེའི་བདག་ཉིད་ཅན་ཡིན་ཡང་ནུས་པ་ངེས་པའི་དཔེ་མ་གྲུབ་བོ། །གཞན་ཡང་། ཅི་སྟེ་དངོས་པོ་མེད་པ་ཚད་མ་གཞན་ཡིན་ནོ་དེ་བཞིན་དུ་དྲན་པ་ཡང་འགྱུར་རོ། །ལྐོག་ཏུ་གྱུར་པ་ཉིད་ལ་དྲན་པ་ཚད་མ་ཁོ་ནའོ་ཞེ་ན་མ་ཡིན་ཏེ། ཚད་མའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །ལྐོག་གྱུར་ ཉིད་ནི་བཟུང་ན་ཡང་། །དོན་ནི་ཅི་ཞིག་འགྲུབ་པར་འགྱུར། །རྗེས་དཔག་ཆོས་ཅན་འབྲེལ་པ་དག །གཟུང་བ་ལས་ནི་འཇུག་པ་ཉིད། །འདི་སྙམ་དུ་ལྐོག་ཏུ་གྱུར་པ་ཉིད་ཤེས་པར་གྱུར་ན་འདི་ལ་ད་ལྟར་མངོན་སུམ་དུ་མི་འཇུག་གོ་ཞེས་རྟོག་པ་དང་ལྡན་པ་རྗེས་སུ་དཔག་པ་འཇུག་པར་བྱེད་དོ། །དེས་ན་འདི་ ལྐོག་ཏུ་གྱུར་པ་ཉིད་དུ་རིག་པའི་དགོས་པ་ཡིན་པས་ན། དྲན་པ་ཚད་མ་ཡིན་ནོ་ཞེ་ན། དེ་ལྟར་ནི་མ་ཡིན་ནོ། །འདི་ལྟར་འབྲེལ་པ་བཟུང་བ་དང་ཕྱོགས་ཀྱི་ཆོས་ལ་བརྟེན་པ་འདི་ལས་རྗེས་སུ་དཔག་པ་འཇུག་པའི་ཕྱིར་རོ། །དུ་བ་ལ་སོགས་པའི་འབྲས་བུ་མཐོང་བའི་དེ་མ་ཐག་ཏུ་སྐྱེ་བའི་རྗེས་སུ་དཔག་པས་མེ་ འཛིན་པ་ན་དེའི་སྔར་ལྐོག་ཏུ་གྱུར་པ་དག་ཉིད་ངེས་པར་འཛིན་པར་བྱེད་པ་ནི་སུ་ཡང་མེད་དོ། །ངེས་པར་འཛིན་པ་ན་ཡང་དགོས་པ་མེད་དོ། །འོ་ན་རེས་འགའ་ཞིག་ངེས་པར་འཛིན་པར་བྱེད་པ་ཉིད་དོ་ཞེ་ན། དེ་ལ་ཡང་འོལ་མེད་དོ། །འདི་ལྟར། སྦྱོར་བར་བྱེད་པའི་ཆ་འགའ་ཞིག །རེས་འགའ་བར་ནི་ མཐོང་ངམ་ཅི། །ཅི་ག་སྦྱོར་བར་བྱེད་པའི་དོན། །རྒྱུ་ཉིད་ལས་ནི་ལྡོག་འགྱུར་རམ། །སྦྱོར་བར་བྱེད་པ་ནི་རྒྱུ་ཁོ་ནའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ལས་འདས་པ་ནི་རྒྱུ་ཉིད་ནི་མ་ཡིན་ཏེ། རྒྱུ་ཉིད་ཀྱི་མཚན་ཉིད་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །གཞན་ཡང་། དྲན་པས་ལྐོག་གྱུར་ ཉིད་དུ་ནི། །དངོས་པོ་གང་ཞིག་ཤེས་པར་འགྱུར། །རྗེས་སུ་དཔག་པས་རྟོག་པ་གང་། །དེ་ནི་དྲན་པའི་སྤྱོད་ཡུལ་མིན། །རྗེས་སུ་དཔག་པའི་ཡུལ་དུ་གྱུར་པའི་དོན་གང་ཡིན་པ་དེ་ནི་དྲན་པའི་ཡུལ་མ་ཡིན་ཏེ། དེ་ལྟ་ཡིན་ན་ཤུགས་ཀྱིས་རྗེས་སུ་དཔག་པ་དོན་མེད་པར་འགྱུར་ཏེ། ལྐོག་ཏུ་གྱུར་པ་ཉིད་ནི་ དྲན་པ་ཉིད་ཀྱིས་བཟུང་བའི་ཕྱིར་རོ། །དྲན་པས་ནི་དེ་ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་ཀྱི་དེའི་ཚེ་ཡོད་པ་ཉིད་དུ་ནི་མ་ཡིན་ནོ་ཞེ་ན། འོ་ན་ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་པ་དེ་གང་ཞིག་ཡིན། སྔོན་མཐོང་བའོ་ཞེ་ན་འོ་ན་དུས་དེའི་མཐར་ཐུག་པའི་དངོས་པོ་ཉིད་དྲན་པས་ལྐོག་ཏུ་གྱུར་པ་ཉིད་དུ་རིག་པ་ཡིན་གྱི། གཞན་ནི་མ་ཡིན་པས་ན་དྲན་པ་དོན་མེད་པ་ཉིད་དོ། །དྲན་ནས་ལྐོག་ཏུ་གྱུར་པ་ལ་འཇུག་པ་དེས་ན་དྲན་པ་ཚད་མ་ཡིན་གྱི་རྗེས་སུ་དཔག་པ་འཇུག་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། དྲན་ནས་འཇུག་གོ་ཞེས་བྱ་བ་འདིས་ནི་རྣམ་པར་དཔྱད་པར་བྱ་བ་ཡིན་ནོ། །ཅི་དེའི་དུས་ལ་འཇུག་པར་བྱེད་དམ། འོན་ཏེ་ དེ་ལྟ་མ་ཡིན། གལ་ཏེ་དེ་ཡི་དུས་ལ་ནི། །འཇུག་ན་དེའི་ཐོབ་མི་ནུས་སོ། །རྟོག་ལྡན་ཐོབ་བྱའི་དོན་ལ་ནི། །འཇུག་པར་འགྱུར་གྱི་གཞན་དུ་མིན། །ད་ལྟར་བའི་དུས་ལ་ནི་དྲན་པར་རྟོགས་པ་མ་ཡིན་ཏེ། དེས་ན་ཅི་ལྟར་ཚད་མ་ཡིན། །སྔར་ནི་དུས་ཀྱི་དོན་ལ་ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་པ་ཡིན་ན་དེ་ནི་ཐོབ་ པར་མི་ནུས་སོ། །ཡང་ན་ལྐོག་ཏུ་གྱུར་པ་ཉིད་ནི་མངོན་སུམ་ཉིད་ཀྱིས་འཛིན་པ་ཡིན་ཏེ། མངོན་སུམ་གྱིས་དེའི་དུས་ཀྱི་མཐར་ཐུག་པར་གཟུང་བ་གང་ཡིན་པ་དེ་ཉིད་དུས་ཕྱིས་ལ་ལྟོས་ཏེ། ལྐོག་ཏུ་གྱུར་པ་ཉིད་དོ། དེའི་རྣམ་པ་ཉིད་ནི་བག་ཆགས་ཀྱི་སྟོབས་ལས་དྲན་པ་འདིའི་བདག་ཉིད་དུ་གྱུར་པ་ ཁོ་ནའོ། །དེ་ནི་དེ་ལྟ་བུར་གྱུར་པའི། །དོན་ཉིད་ཅེ་ན་དོན་མོས་མེད། །མོས་པ་ཡི་ནི་དབང་ཉིད་ལས། །དེ་ཉིད་དེ་ཉིད་མིན་པར་གནས། །རང་རིག་པས་རྟོགས་པའི་རང་གི་ངོ་བོ་ཉིད་ནི་དོན་ཅེའམ། དོན་མ་ཡིན་ནོ་ཞེས་རྣམ་པར་གནས་པར་འགྱུར་བ་མ་ཡིན་གྱི། དེའི་འོག་ཏུ་བྱུང་བའི་མོས་པས་རྣམ་པར་འཇོག་ པ་ཡིན་ནོ། །དྲན་པའི་རྣམ་པ་ལ་ནི་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་རྟོགས་པ་དང་ལྡན་པ་དག་དོན་གང་ཡིན་པ་དེ་ནི་སྔོན་མཐོང་བ་ཡིན་ལ་རྣམ་པ་འདི་ནི་དེ་ལྟར་གོམས་པའི་སྟོབས་ལས་སྐྱེ་བ་ཅན་ཡིན་ནོ་ཞེས་རྟོགས་པར་བྱེད་དོ། །དེའི་ཕྱིར་བདེ་སོགས་རང་ཉིད་ལ། །འཕོས་པའི་དོན་ནི་སྣང་བ་དང་། ། རང་བདག་རིག་བྱེད་འདི་དག་ནི། །དོན་ལས་སྐྱེ་བ་ཙམ་དུ་ཟད། །ཅི་ལྟར་མྱོང་བའི་འདུ་བྱེད་ལས་སྐྱེས་པའི་དྲན་པ་རང་ལ་འཕོས་པའི་དོན་གྱི་རྣམ་པ་རིག་པར་བྱེད་པ་ཡིན་པ་དེ་བཞིན་དུ་བདེ་བ་ལ་སོགས་པ་ཡང་ཡིན་ཏེ། འདི་ལྟར་དེ་དག་ཀྱང་གོམས་པའི་འདུ་བྱེད་ལས་བྱུང་བ་ནང་གི་རིག་པའི་ཁྱད་པར་ བདག་ཉིད་དུ་གྱུར་པ་ཁོ་ནའི་རིག་པར་བྱེད་པ་ཡིན་ནོ། །འོ་ན་ཇི་ལྟར་གཟུགས་ལ་སོགས་པའི་དོན་ལ་ལྟོས་ཤེ་ན། དེའི་སྒོ་ནས་དེ་དང་རྗེས་སུ་མཐུན་པའི་བག་ཆགས་སད་པའི་ཕྱིར་རོ། །རེག་པ་འབྲེལ་པ་ལས་བྱུང་བའི། །བདེ་བའི་རྣམ་པར་མྱོང་བ་ལས། །སྐྱེ་བར་གྱུར་པའི་འདུ་བྱེད་དེ། ། དེ་མཐོང་བ་ལས་སད་པར་འགྱུར། །འཁྱུད་པའི་བདེ་བ་མྱོང་བ་ལས་ཤིན་ཏུ་བརྟེན་པར་སྐྱེས་པའི་བག་ཆགས་ནི་ཕྱིས་དེ་འདྲ་བའི་གཟུགས་མཐོང་བས་སད་པར་གྱུར་པ་ན་དེ་ལྟ་བུར་གྱུར་པ་ཉིད་ཀྱིས་ནང་གི་རིག་པའི་བདེ་བ་སྐྱེད་པར་བྱེད་དོ། །འདི་ཉིད་སྟོན་པར་བྱེད་པ་ནི། །དོན་གྱི་བདག་ཉིད་དེ་དག་ གི། །རང་གི་བདག་གྱུར་དེས་མྱོང་ཡིན། །དེས་ན་དོན་སྣང་བ་བཤད་དེ། །དམིགས་པ་ཉིད་ནི་དེར་སྣང་བའོ། །ནང་གི་རིག་པའི་ཁྱད་པར་རུང་གི་བདག་ཉིད་དུ་གྱུར་པ་ཉིད་བདེ་བ་ལ་སོགས་པས་མྱོང་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་མྱོང་བར་བརྗོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ་གཞན་དུ་གྱུར་པ་མྱོང་བ་ ཡིན་ན་དེས་ཞེས་འབྲེལ་པར་མི་འགྱུར་རོ། །འདི་ལྟར། གང་ཕྱིར་ངོ་བོའི་རྒྱུ་ལས་ནི། །རང་གི་ངོ་བོ་མྱོང་བར་རིགས། །གཞན་གྱི་ངོ་བོ་མྱོང་བ་ནི། །ཅི་ལྟར་དེ་ཡི་ཐ་དད་ཕྱིར། །གཞན་ནི་གཞན་གྱི་ངོ་བོ་མིན། །ཅི་ལྟར་དེ་ལས་གསལ་བར་འགྱུར། །སྒྲོན་མ་ལས་ནི་བུམ་པ་ལ། །དེ་འདྲའི་གསལ་ བ་སྐྱེ་བ་ཡིན། །གསལ་བའི་རྣམ་པར་ཤེས་པ་ལས། །དོན་གསལ་བ་ནི་སྐྱེ་མིན་གྱི། །འབྲས་ཉིད་ཡིན་ན་ཤེས་པ་དེས། །དེ་ནི་ཅི་ལྟར་རྟོག་པར་འགྱུར། །གང་ཞིག་གི་འབྲས་བུ་གང་ཡིན་པའི་རྒྱུ་དེས་ནི་རྟོགས་པ་མ་ཡིན་ནོ་ཞེས་འཐད་དོ། །དེ་ལྟ་མ་ཡིན་ན་བློ་ལས་སྐྱེས་པའི་ལུས་ཀྱི་བྱ་བ་དེས་རིག་ པར་འགྱུར་རོ། །དེའི་ཕྱིར་རང་གི་ངོ་བོ་ཉིད་རིག་པར་འཐད་པ་ཡིན་ནོ། །འོན་ཏེ་མངོན་དུ་ཕྱོགས་པར་འགྱུར་བས་རིག་པ་ཡིན་གྱི་རང་རིག་པས་ནི་མ་ཡིན་ནོ་ཞེ་ན་དེ་ནི་མི་རིགས་ཏེ། རང་བཞིན་མངོན་དུ་ཕྱོགས་གྱུར་པས། །གལ་ཏེ་རང་རྒྱུ་ལས་སྐྱེ་ན། །གང་གིས་དེ་ནི་རིག་ འགྱུར་བ། །འདིར་ནི་དོན་ལ་ཅི་ཞིག་ཡོད། །འོན་ཏེ་དེ་ནི་དོན་ལས་ཀྱང་། །མངོན་ཕྱོགས་ཡིན་པས་དེ་སྐད་བརྗོད། །མིག་ལས་ཀྱང་ནི་མངོན་ཕྱོགས་འགྱུར། །དེ་ནི་ཅི་ལྟར་དེ་རིག་མིན། །དབང་པོ་དོན་ལ་ཕྱོགས་ཤེ་ན། །དོན་ལ་ཞེས་བྱར་ཅི་ལྟར་འདོད། །གལ་ཏེ་དོན་ནི་རིག་ན་འདི། །དོན་ལ་ ཕྱོགས་པར་རིག་པར་འགྱུར། །དོན་རང་གི་ངོ་བོས་མ་རྟོགས་པར་ནི་དེ་ལ་མངོན་དུ་ཕྱོགས་པ་ཉིད་རྟོགས་པ་མ་ཡིན་ནོ། །གལ་ཏེ་དོན་རང་ཉིད་རིག་གོ་ཞེ་ན། ད་ནི་རིག་པ་མངོན་སུམ་དུ་ཕྱོགས་པས་ཅི་ཞིག་བྱ། གྲུབ་པར་ཉེ་བར་གནས་པ་ལ་ནི་དེ་ཉེ་བར་མཁོ་བ་མ་ཡིན་ནོ། །དེ་མེད་པར་དོན་སྣང་བར་ མི་རྟོགས་སོ་ཞེ་ན་འོ་ན་དེ་དང་ལྷན་ཅིག་པ་ཉིད་དུ་རིག་པར་འགྱུར་བ་འབའ་ཞིག་ཏུ་ཟད་དེ་དེ་ལས་གཞན་ནི་མ་ཡིན་ནོ། །དེས་ན་དེ་འཛིན་ཏོ་ཞེས་བྱ་བ་འདི་ནི་གཡར་པོའི་རྒྱན་ནོ། །གཞན་ཡང་། འགའ་ཞིག་བདེ་སོགས་ཕྱི་རོལ་ན། །གནས་ཉིད་དང་ནི་སེམས་མེད་དང་། །གཟུང་བར་སྨྲ་སྟེ་དེ་ཡི་ཡང་། ། ཅིག་ཅར་གཉིས་འཛིན་མི་རིགས་སོ། །ངེས་པར་འཛིན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྔོན་པོ་ལ་སོགས་པ་བཞིན་དུ་རང་དབང་དུ་དམིགས་པ་ཡིན་ན་ངེས་པར་སྔོན་པོ་ལ་སོགས་པ་གཞན་དང་ལྷན་ཅིག་འཛིན་ཏེ་ཞེས་བྱ་བའི་རྒྱུ་ནི་མེད་དོ། །འོན་ཏེ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་འདི་དག་ནི་ བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རང་བཞིན་ཅན་གཙོ་བོའི་ཡོངས་སུ་གྱུར་པ་ཡིན་ཏེ་འདི་ལྟར། གཞུང་ལུགས་ནི་གཙོ་བོ་ལས་ནི་ཆེན་པོ། ཆེན་པོ་ལས་ང་རྒྱལ། ང་རྒྱལ་ལས་དེ་ཙམ་ལྔ་དང་། བློའི་དབང་པོ་ལྔ་དང་། ལས་ཀྱི་དབང་པོ་ལྔ་དང་། ཡིད་དོ། །དེ་ཙམ་ལྔ་ལས་ནི་འབྱུང་བ་ཆེན་པོ་ལྔ་སྟེ། དེ་ ལྟར་རྣམ་པར་འགྱུར་བའི་རིགས་མཐའ་དག་ནི་འདི་ཙམ་དུ་ཟད་དོ། །རྣམ་པར་འགྱུར་བ་ཡང་རང་བཞིན་གྱི་རྗེས་སུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་འཇིམ་པའི་རྣམ་པར་འགྱུར་བ་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །འདིར་བརྗོད་པ། སྔོ་སོགས་རང་བཞིན་བདེ་སོགས་དང་། །གཅིག་ཕྱིར་ ཅིག་ཅར་འཛིན་ཅེ་ན། །ཐ་དད་སྣང་ཅན་སེམས་ཀྱིས་ནི། །གཟུང་དེ་ཇི་ལྟར་ཐ་མི་དད། །བདེ་བ་ལ་སོགས་པ་ནི་བདེ་བ་ལ་སོགས་པའི་རང་བཞིན་ཅན་གཙོ་བོའི་ཡོངས་སུ་གྱུར་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན། དེའི་རང་བཞིན་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར་རོ། །འདི་ལྟར་འཛིན་པའི་རྣམ་པར་ འགྱུར་བ་ནི་དེའི་རྗེས་སུ་འགྲོ་བ་ཅན་དུ་མཐོང་ངོ་ཞེ་ན། འདི་ལྟར་མ་ངེས་པ་ཉིད་མ་ཡིན་ནམ། སྒྲ་རྔ་བོ་ཆེ་དང་དབྱིག་པའི་སྦྱོར་བ་ལས་སྐྱེས་པ་ཡིན་ཡང་རྔ་བོ་ཆེ་དང་དབྱིག་པའི་རྗེས་སུ་འགྲོ་བ་ཅན་ནི་མ་ཡིན་ནོ། །གལ་ཏེ་ཡང་རླུང་ངམ་སྒྲའི་རྡུལ་ཕྲ་རབ་སྒྲ་ཉིད་དུ་གྱུར་པར་འདོད་པ། དེ་ལྟ་ན་ཡང་དེ་གྲུབ་པ་མ་ ཡིན་ནོ། །འོན་ཏེ་འཇིམ་པའི་འགྱུར་བ་བཞིན་དུ་འདིར་ཡང་རིགས་མཚུངས་པའི་རྒྱུ་བརྟག་པ་ཡིན་ན། དེ་ལྟ་ན་ནི་འོ་ན་དེའི་རང་བཞིན་ཅན་གྱི་འབྲས་བུ་གང་ཅི་སྙེད་པ་དེ་ཐམས་ཅད་རིགས་མི་མཐུན་པ་ལས་ཡིན་ཏེ། དཔེར་ན་སྒྲ་ལ་སོགས་པ་བཞིན་ནོ། །བུམ་པ་ལ་སོགས་པ་ཡང་འབྲས་བུ་ཡིན་པས། དེ་ཡང་ རིགས་མི་མཐུན་པ་ཉིད་ལས་ཡིན་ནོ། །རྫ་མཁན་ལ་སོགས་པ་ནི་རིགས་མི་མཐུན་པ་ཡིན་ཏེ། དེས་ན་ཐམས་ཅད་མཐུན་པ་ལས་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་ཁྱབ་པ་མེད་པའམ། རིགས་མི་མཐུན་པ་ལས་སྐྱེ་བ་ཡིན་པའི་ཕྱིར་བཟློག་པ་གྲུབ་བོ། ལྷན་ཅིག་པ་མ་ཡིན་པའི་རིགས་མཐུན་པའི་རྒྱུ་ནི་འགར་ ཡང་མཐོང་བ་མེད་དོ། །འོན་ཏེ་ཐམས་ཅད་བདེ་བ་ལ་སོགས་པ་རྗེས་སུ་འགྲོ་བ་ཅན་དུ་མཐོང་བ་དེས་ན་བདེ་བ་ལ་སོགས་པའི་རང་བཞིན་ཉིད་རྒྱུ་ཡིན་པར་འགྱུར་ཏེ། འཇི་བའི་རྣམ་པར་འགྱུར་བ་རྣམས་ཀྱིས་འཇིམ་གོང་བཞིན་ནོ་ཞེ་ན་འདི་ལ་བཤད་ཟིན་ཏོ། །ལྷན་ཅིག་པ་གཞན་ཡང་རྒྱུ་ཡིན་པའི་ཕྱིར་རོ། ། དེས་ན་རིགས་མཐུན་པ་དང་མི་མཐུན་པ་རྒྱུ་ཡིན་པར་ཐལ་བས་གཙོ་བོ་མི་འགྲུབ་བོ། །གཞན་ཡང་བདེ་བ་ལ་སོགས་པ་ཡང་གཟུང་བ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བས་བཟུང་བའི་གཙོ་བོ་གཞན་འགྲུབ་བོ། །དེས་ན་མཐར་བཟུང་བ་ཉིད་དང་དངོས་པོ་ཉིད་ལ་སོགས་པ་རྒྱུ་ཡིན་པར་འགྱུར་རོ། །འོན་ཏེ་དེ་ཡང་ བདེ་བ་ལ་སོགས་པའི་བདག་ཉིད་ཅན་ཡིན་ཏེ། དངོས་པོ་ཉིད་ལ་སོགས་པའི་རྗེས་སུ་འགྲོ་བ་ཅན་ནི་བདེ་བ་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན་བདེ་བ་ལ་སོགས་པ་བུམ་པ་ལ་སོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ན། གཙོ་བོ་བུམ་པ་ལ་སོགས་པའི་བདག་ཉིད་ཅན་ དུ་ཐལ་བར་འགྱུར་རོ། །འོན་ཏེ་དེ་ནི་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་འདོད་པ་ཉིད་དོ་ཞེ་ན། གལ་ཏེ་རྣམ་པར་འགྱུར་བའི་ཚོགས་མཐའ་དག་གཙོ་བོའི་བདག་ཉིད་ལ་རང་བཞིན་དེ་ཉིད་ཀྱིས་ཕན་ཚུན་ལྡོག་པར་ཡོད་པ་ཡིན་ན། འདི་ལ་རང་བཞིན་དང་རྣམ་པར་འགྱུར་བའི་དངོས་ པོ་ཅི་ཞིག་ཡོད། མངོན་པར་གསལ་བ་དང་མི་གསལ་བ་ཙམ་སྟེ། མངོན་པར་གསལ་བའི་རྣམ་པར་འགྱུར་བ་ཡིན་ལ་མི་གསལ་བའི་ནི་རང་བཞིན་ནོ་ཞེ་ན། མངོན་པར་གསལ་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ལ་མི་གསལ་བ་ཡང་ཅི་ཞིག་ཡིན། གསལ་བ་ནི་མངོན་པར་གསལ་བ་ཡིན་ལ། དེ་ མེད་པ་ནི་མི་གསལ་བ་ཡིན་ནོ་ཞེ་ན། གསལ་བ་འདི་ཅི་ཞིག་མཐོང་བའི་བདག་ཉིད་དོ། །དེ་མེད་པའི་མི་དམིགས་པ་ནི་མི་གསལ་བའོ། །ཚད་མས་རང་གི་ངོ་བོ་གྲུབ་པ་ན། དེ་དམིགས་ཞེས་བྱ་བར་ནུས་པ་ཡིན་གྱི་གྲུབ་ན་ནི་མེད་པ་ཉིད་མ་ཡིན་ནམ། དེས་ན་སྔ་ན་མེད་པ་ཡིན་པའི་ཕྱིར་གཙོ་བོ་མི་འགྲུབ་བོ། ། གལ་ཏེ་བུམ་པ་ལ་སོགས་པ་སྔར་དེ་ལྟར་ཡོད་པ་ཉིད་མ་དམིགས་པ་ཡིན་ན་ཡང་གཙོ་བོ་རྒྱུར་བརྟག་པས་ཅི་བྱ། དེ་དག་གི་བདེ་བ་ལ་སོགས་པའི་རང་བཞིན་ཉིད་གཙོ་བོ་ཡིན་ནོ་ཞེ་ན་མ་ཡིན་ཏེ། བདེ་བ་ལ་སོགས་པའི་རང་བཞིན་ལས་ཐ་དད་པར་གཟུང་བའི་ཕྱིར་རོ། །ཐ་དད་པར་སྣང་བ་ཅན་གྱི་གཟུང་ བ་ཐ་དད་པ་མ་ཡིན་པར་ཡང་ཅི་ལྟར་འགྱུར། གཞན་ཡང་། ཕྱི་དེ་ཁྱད་པར་ཡོད་ནི་ན་ཡང་། །གོམས་པ་ཡི་ནི་ཁྱད་པར་ལས། །བློ་ལ་དགའ་ཡང་ཡོངས་སུ་གདུང་། །ཁྱད་པར་དུ་ནི་མི་འགྱུར་རོ། །གལ་ཏེ་བདེ་བ་ལ་སོགས་པ་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་རང་བཞིན་ཉིད་ཡིན་ན། འོ་ན་ནི་སྔོན་པོ་ལ་སོགས་ པ་ཉིད་བཞིན་དུ་བསྒོམས་པའི་ཁྱད་པར་ལས་དགའ་བ་དང་གདུང་བ་ལ་སོགས་པ་ཁྱད་པར་དུ་མི་འགྱུར་རོ། །སྔོན་པོ་ལ་སོགས་པའི་རང་བཞིན་དུ་སྣང་བ་ནི། བསྒོམས་པའི་ཁྱད་པར་གྱིས་ཁྱད་པར་དུ་འགྱུར་བར་མ་དམིགས་སོ། །དེ་ལྟ་ཡིན་ནོ་ཞེ་ན་ནི་ནང་དང་ཕྱི་རོལ་མཐའ་དག་གོམས་པའི་རྗེས་སུ་འགྲོ་བ་ཅན་ ཡིན་པ་དེའི་ཕྱིར་འགྲོ་བ་མཐའ་དག་ནི་གོམས་པའི་སྟོབས་ལས་སྐྱེས་པས་དེ་ཁོ་ན་མ་ཡིན་པར་འགྱུར་རོ། །གལ་ཏེ་བདེ་བ་ལ་སོགས་པ་ཕྱི་རོལ་ཡིན་ན་ནི། ཕྱི་རོལ་གྱི་རང་བཞིན་དུ་སྣང་བར་འགྱུར་རོ། །དེ་ནི་འཁྲུལ་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། འཁྲུལ་པའི་རྒྱུ་མ་མཐོང་བའི་ཕྱིར་དང་། གནོད་པ་མེད་ པའི་ཕྱིར་རོ། །གལ་ཏེ་བློ་ཡང་བདེ་སོགས་ཀྱི། །བདག་ཉིད་ཡིན་པས་མི་འགལ་ན། །དེ་ནི་ཕྱི་དེ་བདེ་སོགས་ཀྱི། །བདག་ཉིད་ཡིན་ཞེས་ཅི་ལྟར་རྟོགས། །བསམ་པ་འདི་ཡིན་པར་འགྱུར་ཏེ་ཅི་ལྟར་སྒྲ་ལ་སོགས་པ་གཙོ་བོ་ཡོངས་སུ་གྱུར་པའི་རང་བཞིན་ཡིན་པ་དེ་བཞིན་དུ་བློ་ཡང་ཡིན་ནོ། །དེས་ན་བདག་གི་བློའི་ རང་བཞིན་གྱི་བདེ་བ་ལ་སོགས་པ་རིག་པ་ངེས་པ་ཁོ་ནར་ཕྱི་རོལ་མ་ཡིན་པའི་རང་བཞིན་དུ་རིག་པ་ཡིན་ལ། བསྒོམས་པའི་ཁྱད་པར་གྱིས་བློ་ཁྱད་པར་དུ་གྱུར་པ་ན། དེའི་བདག་ཉིད་ཅན་གྱི་བདེ་བ་ལ་སོགས་པ་ཡང་ཁྱད་པར་དུ་འགྱུར་རོ། །བསྒོམས་པ་ཞེས་བྱ་བ་ནི་ང་རྒྱལ་དང་ཡིད་ཀྱི་འཇུག་པ་ཡིན་ནོ། ། ང་རྒྱལ་དེ་ཡང་བློ་ལ་ངའོ་སྙམ་པ་ཡིན་ཞིང་ཡིད་ཀྱང་ཀུན་དུ་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡིད་ཀྱི་ཀུན་དུ་རྟོག་པ་ཡང་ནས་ཡང་དུ་གྱུར་པ་ཉིད་བསྒོམས་པ་ཡིན་ཏེ། དེས་ན་སྙིང་སྟོབས་ལས་བྱུང་བའི་བདག་ཉིད་ང་རྒྱལ་ལ་རག་ལས་པའི་བློ་བདེ་བའི་བདག་ཉིད་རྟོགས་པ་ནི་དེ་ ལྟར་གསལ་བར་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་བདེ་བ་ལ་སོགས་པའི་ཕྱི་རོལ་གྱི་ངོ་བོ་ཡིན་ནོ་ཞེས་ཇི་ལྟར་རྟོགས་པའི་ཕྱི་རོལ་སྒྲ་ལ་སོགས་པ་ཡང་གཙོ་བོ་ཡོངས་སུ་གྱུར་པའི་བདག་ཉིད་ཡིན་པའི་ཕྱི